རིགས་གཏེར་དཔྱིད་ཆོས་ཆེན་མོ་ལེགས་གྲུབ།

དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ་ཉིན་བཅོ་ལྔའི་རིང་ཚོགས་ཏེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་མཁས་དབང་རྣམ་པས་དབུ་མའི་སྐོར་ལ་བགྲོ་གླེང་སོགས་གནང་ཡོད་འདུག

ཁ་སང་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་ཉིན་གྲངས་ ༡༥ རིང་རྒྱ་གར་རྡེ་ར་ལྡུན་མངའ་ཁོངས་རཱ་ཇེ་པུར་ས་སྐྱ་མཐོ་སློབ་ཏུ་ཚོགས་པའི་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་དཔྱིད་ཆོས་ཆེན་མོའི་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་མཁས་དབང་རྣམ་པ་དང་། ད་ལྟའི་ཆར་བཙན་བྱོལ་དུ་དཔལ་ས་སྐྱ་པར་བཤད་གྲྭ་ཁག་བཅུ་ལྷག་ཡོད་པ་ནས་ས་སྐྱ་མཐོ་སློབ་དང་། རྫོང་སར་བཤད་གྲྭ། མ་དགོན་བཤད་གྲྭ། མོན་གྷོ་བརྩེ་ཆེན་མདོ་སྔགས་གླིང་གི་བཤད་གྲྭ། གསང་ཆེན་རྒྱུད་ཀྱི་བཤད་གྲྭ། གོང་དཀར་ཆོས་སྡེའི་བཤད་གྲྭ། པདྨ་ཚལ་གྱི་བཤད་གྲྭ། རིམ་སྦིག་བཤད་གྲྭ། རང་རིག་ཨེ་ཝྃ་བཤད་གྲྭ་བཅས་བཤད་གྲྭ་ཁག་དགུ་ནས་མཉམ་ཞུགས་གནང་སྟེ་དབུ་མའི་སྐོར་ལ་འཆད་རྩོད་རྩོམ་གསུམ་དང་བགྲོ་གླེང་སོགས་གནང་ཡོད་འདུག

ཕྱི་ལོ་༢༠༡༤ ལོར་དབུས་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་རྒྱུན་ལས་གསར་འཛུགས་བྱུང་རྗེས། ༸གོང་མ་ཁྲི་ཆེན་རིན་པོ་ཆེས་ས་སྐྱ་སྨོན་ལམ་ཚོགས་པ་འདི་ཉིད་ས་སྐྱ་སྤྱིའི་ཚོགས་པ་ཁོ་ན་དེ་ཡིན་སྟབས། དེར་མ་དངུལ་ཅུང་ཡོད་པ་དེས་སྨོན་ལམ་ཚོགས་རྒྱུ་ཙམ་མིན་པར་ཤེས་ཡོན་དང་འབྲེལ་བའི་ལས་དོན་བསྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་པའི་དགོངས་དོན་གཞིར་བཟུང་ཏེ། རིགས་གཏེར་དཔྱིད་ཆོས་ཆེན་མོ་འདིའི་དམིགས་ཡུལ་གཙོ་བོ་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ།། བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མ་འདྲིས་པའི་དོན་ལ་བརྩོན་པས་བསྒོམ།། དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན།། ཞེས་གསུངས་པ་ལྟར། དམ་པ་གོང་མའི་བཞེད་གཞུང་སྐྱོང་བའི་སྐྱེས་བུ་སྐྱེད་སྲིང་ཐུབ་པའི་ཆེད་དུ། བཤད་གྲྭ་ཁག་ཕན་ཚུན་རྣམ་དཔྱོད་བརྗེ་ལེན་དང་། ཚད་མ་རིག་པར་གོ་རྒྱ་བསྐྱེད་པར་འཆད་རྩོད་རྩོམ་གསུམ་ཆར་གྱིས་སྒོ་ནས་ཕན་ཚུན་གོ་བསྡུར་དང་རིག་རྩལ་འགྲན་པའི་སྡིང་ཆ་ཞིག་བསྐྲུན་པ་དང་། ཚད་མ་རིགས་གཏེར་འདི་ཉིད་སློབ་དཔོན་ཕྱོགས་གླང་དང་ཆོས་གྲོགས་ཡབ་སྲས་ཀྱི་ཚད་མའི་བཤད་སྲོལ་དྲི་མ་མེད་པ་ཞིག་ཡིན་པས་དེའི་འཕྲིན་ལས་དར་རྒྱས་ཡུན་དུ་གནས་པའི་ཆེད་དུ་ཡིན།དམ་པ་གོང་མའི་བཞེད་གཞུང་སྐྱོང་བའི་སྐྱེས་བུ་སྐྱེད་སྲིང་བྱེད་ཐུབ་པའི་ཆེད་དུ་བཤད་གྲྭ་ཁག་ཕན་ཚུན་བར་རྣམ་དཔྱོད་བརྗེ་ལེན་དང་། ཚད་མ་རིག་པའི་ཐོག་གོ་བ་རྒྱ་བསྐྱེད་ཡོང་ཆེད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཕན་ཚུན་གོ་བསྡུར་དང་རིག་རྩལ་འགྲན་པའི་སྡིངས་ཆར་བསྐྲུན་གནང་བ་ཞིག་ཡིན་ལ། ༸གོང་མ་ཁྲི་འཛིན་རིན་པོ་ཆེས་དབུ་ཁྲིད་པའི་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གིས་ཤེས་ཡོན་དང་འབྲེལ་བའི་དཔལ་ས་སྐྱའི་གཞི་རིམ་དང་། མཐོ་རིམ་ཤེས་ཡོན་ཡར་རྒྱས་སོགས་སུ་དམིགས་པའི་ལས་འཆར་དུ་མ་ཞིག་ཡོད་པ་ལས། རིགས་གཏེར་དཔྱིད་ཆོས་ཆེན་མོ་ནི་མཐོ་རིམ་ཤེས་ཡོན་ཡར་རྒྱས་འགྲོ་ཐབས་སུ་དམིགས་པ་ཞིག་ཡིན་འདུག

དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་ནི་གནའ་སྔ་མོ་ནས་བོད་དུ་དཔལ་ས་སྐྱའི་གདན་ས་ཆེན་པོ་སོགས་སུ་དབྱར་ཆོས་དང་། དགུན་ཆོས། དཔྱིད་ཆོས་ཞེས་ཚོགས་སྲོལ་ཡོད་པ་ལྟར། བཙན་བྱོལ་ནང་གཙོ་བོ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་། ༧གོང་མ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་འོག ལོ་ཤས་སྔོན་ནས་བཟུང་དཔལ་ས་སྐྱའི་བཤད་གྲྭ་ཁག་མཉམ་རུབ་ཀྱིས་རེས་མོས་གནང་སྟེ་འཚོགས་གནང་གི་ཡོད་པ་དང་། རིགས་གཏེར་དཔྱིད་ཆོས་ཆེན་མོའི་རིང་གཙོ་བོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་གྱི་གཞུང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཚད་མ་རིག་པའི་སྐོར་ལ་སློབ་སྦྱོང་གནང་གི་ཡོད་པ་དང་དེ་ཡང་ཉིན་ལྟར་ཞོགས་པ་མཁན་རིན་པོ་ཆེས་དཔེ་ཁྲིད་མཛད་པ་དང་། དེ་ནས་རང་སྦྱོང་དང་ནང་ཁུལ་དོགས་གཅོད་བགྲོ་གླེང་། ཕྱི་དྲོར་རྩོད་པ་དང་། མཚན་མོར་དམ་བཅའ་ཆེན་མོ་སོགས་ཚོགས་ཡོད་འདུག་ལ། ཐོག་མའི་ཉིན་གཅིག་ནས་གཉིས་བར་བཤད་གྲྭ་ནང་ཁུལ་གྱི་བགྲོ་གླེང་ཆེན་མོ་དང་། མཐའ་མའི་ཉིན་གཉིས་རིང་རིས་མེད་མཁས་པའི་བགྲོ་གླེང་བཅས་གོ་སྒྲིག་ཞུས་ཡོད་འདུག

དེ་སྔ་རིས་མེད་མཁས་པའི་བགྲོ་གླེང་དང་བཅས་པ་ཡོངས་རྫོགས་ཚད་མ་རིག་པའི་སྐོར་ཡིན་ཡང། འདི་ལོར་རིས་མེད་མཁས་པའི་བགྲོ་གླེང་དེ་དབུ་མའི་སྐོར་ལ་བགྲོ་གླེང་གནང་གཏན་འཁེལ་ཡོད་པ་དང་། བགྲོ་གླེང་ནང་༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་མཆོག་གི་དབུས་རྙིང་མ་དང་བཀའ་བརྒྱུད། དགེ་ལུགས་དང་གཡུང་དྲུང་བོན་བཅས་ཀྱི་མཁས་དབང་རྣམ་པ་དང་། དེ་བཞིན་ས་སྐྱའི་བཤད་གྲྭ་ཁག་གི་མཁན་རིན་པོ་ཆེ་རྣམ་དབུས་པའི་ས་སྐྱའི་བཤད་གྲྭ་ཁག་ལྔའི་མཁན་པོ་དང་སློབ་དཔོན་ལྔ་བཅས་མཉམ་ཞུགས་ཐོག ཁྱོན་མཁས་དབང་རྣམ་པ་དགུ་ཡིས་དབུ་མའི་སྐོར་ལ་སོ་སོའི་ལུགས་ཀྱི་དགོངས་བཞེད་དང་མཐུན་པའི་རྩོམ་ཡིག་སྒྲོག་སྦྱང་དང་། དྲི་བ་དྲིས་ལན་སོགས་ཀྱི་བགྲོ་གླེང་གནང་ཡོད་འདུག་ལ། མ་འོངས་པར་རིས་མེད་མཁས་པའི་བགྲོ་གླེང་སྐབས་གཞུང་ཆེན་གཞན་དག་རེས་མོས་ཀྱིས་གོ་སྒྲིག་ཞུ་འཆར་ཡོད་འདུག

རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ཉིད་སྲ་བརྟན་དང་རྒྱུན་གནས་ཡོང་སླད། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག གདན་ས་ཁག་དང་བཤད་གྲྭ་ཁག་གི་མཁན་པོ་རྣམ་པ་བསྐོང་ཚོགས་ཞུས་ཏེ། རིགས་གཏེར་དཔྱིད་ཆོས་ཆེན་མོ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཚོགས་དགོས་ཀྱི་ཡོད་པ་དང་། དེ་སྔ་རིགས་གཏེར་དཔྱིད་ཆོས་ཆེན་མོ་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་རྫོང་སར་བཤད་གྲྭ་དང་། མ་དགོན་བཤད་གྲྭ་གཉིས་སུ་གོ་སྒྲིག་ཞུས་མྱོང་ཡོད་འདུག་ལ། མ་འོངས་པར་དཔལ་ས་སྐྱ་པའི་བཤད་གྲྭ་ཁག་རེ་མོས་ཀྱིས་གོ་སྒྲིག་ཞུ་འཆར་ཡོད་པ་རེད།

དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཡིག་ཚང་ནས་གནས་ཚུལ་མཁོ་སྤྲོད་གནང་།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*