༼མ༽༄༅། །རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།།
ན་མོ་ཝཱ་གི་ཤྭ་ར་ཡ། སུམ་རྩེན་དབང་པོའི་དཔག་བསམ་ལང་ཚོ་ལ། །ཉེ་བར་སིམ་པའི་འཆི་མེད་རོ་བརྒྱ་ཡིས། །ལྷ་གཞོན་དུས་ཀྱི་གཡང་ལས་བསྲུང་བརྩོན་པ། །བདུད་རྩིའི་སྒོ་བརྒྱ་འབྱེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་མིག་གཅིག་བློ་ལྡན་བཟང་པོ་ནི། །རྒྱལ་བས་ལུང་བསྟན་ཁ་བ་ཅན་ལྗོངས་སུ། །ལུང་དང་རིགས་པའི་བཤད་སྲོལ་སྔོན་མེད་མཛད། །བཀའ་དྲིན་མཉམ་མེད་དེ་ལ་ཕྱག་བགྱིའོ། །དེ་ཡང་འདི་ལྟར་ཐོས་ཏེ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་མུན་པའི་གླིང་འདིར། འཕགས་པ་འཇིག་རྟེན་དབང་ཕྱུག་བསམས་བཞིན་དུ་སྐྱེ་བ་བཞེས་པ་ནི། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། དེ་ཉིད་ས་མོ་གླང་ལ་འཁྲུངས་ནས། ལོ་ཉིས་བརྒྱ་དང༌། དྲུག་ཅུ་རེ་བདུན་པ། མེ་ཕོ་འབྲུག་ལ། མངའ་བདག་ཁྲི་རལ་པ་ཅན་གཤེགས་གླང་དར་མ་རྒྱལ་སར་བསྟོན་ནས། ས་མོ་ལུག་གི་བར་ལོ་བཞི་རྒྱལ་པོ་བྱས། ལྕགས་ཕོ་སྤྲེའུའི་ལོ་ལ་རབ་ཏུ་བྱུང་བའི་བསྟན་པ་བསྣུབས། དེ་ནས་ལོ་བདུན་ཅུ་རྩ་བརྒྱད་པ། མེ་མོ་གླང་གི་ལོ་ལ། དབུས་གཙང་གི་མི་བཅུས། ཁམས་ནས་སྡོམ་པ་བླངས། དེ་ནས་ལོ་དྲུག་ཅུ་རྩ་བཞི་སོང་བ། ཆུ་ཕོ་རྟའི་ལོ་ལ། ཇོ་བོ་ཆེན་པོ་རྗེ་བོད་དུ་འབྱོན་པའི་ཐོག་མ། སྐྱིད་གྲོང་དུ་ཕེབས། དེའི་ཚེ་ན། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས། ལོ་བརྒྱད་ཅུ་རྩ་ལྔ་བཞེས། རྗེ་མི་ལ་དང་བ་རི་ལོ་ཙཱ་བ་འཁྲུངས་ནས་ལོ་གསུམ་ལོན། ཁྱུང་པོ་རྣལ་འབྱོར་གྱིས་ལོ་ལྔ་བཅུ་རྩ་གསུམ་ལོན། མར་པ་ལོ་ཙཱས་ལོ་སུམ་ཅུ་རྩ་གཅིག་ལོན། འཁོན་དཀོན་མཆོག་རྒྱལ་པོས་ལོ་དགུ་ལོན། པུ་ཏོ་བས་ལོ་བཅུ་གཉིས་ལོན། བཤེས་གཉེན་སྣེའུ་ཟུར་པ་ཆེན་པོ་འཁྲུངས། དེའི་ཚེ་འབྲོམ་སྟོན་པས་ལོ་སུམ་ཅུ་སོ་བརྒྱད་ལོན། ཇོ་བོ་ཆུ་ཕོ་རྟ་ལ། མང་ཡུལ་དུ་ཕེབས་པ་དེ་ནས། ལོ་གསུམ་མངའ་རིས་སུ་བཞུགས། དབུས་སུ་ལོ་བརྒྱད། ལམ་བར་དུ་ལོ་གཅིག་སྟེ། བདུན་བཅུ་རྩ་གསུམ་པ། ཤིང་ཕོ་རྟའི་ལོ་ལ་དགའ་ལྡན་དུ་གཤེགས། དེའི་ཕྱི་ལོ་ཤིང་མོ་ལུགས་ལ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དགུ་བཅུ་གོ་བརྒྱད་པ་ལ་གཤེགས། ཇོ་བོ་གཤེགས་ནས། ལོ་དྲུག་པ་ས་མོ་ཕག་ལ། རྔོག་ལོ་ཙཱ་བ་ཆེན་པོ་འཁྲུངས། ལོ་དེ་ཉིད་ལ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུའི་ཐོག་བཏབ། དེ་ནས་ལོ་བཅོ་ལྔ་པ་ཆུ་མོ་གླང་ལ་དཔལ་ལྡན་ས་སྐྱ་བཏབ། ལོ་ཙཱ་བ་ཆེན་པོས། ལོ་བཅོ་བརྒྱད་ཀྱི་ངོ་མཐོང་བ་ན། ཁུ་བོའི་དྲུང་དུ་བསྙེན་པར་རྫོགས། ལོ་དེ་ཉིད་ལ་རྒྱ་གར་དུ་གཤེགས་ནས། འཕགས་ཡུལ་ཤར་ནུབ་གུང་གསུམ་དུ་ལོ་བཅུ་བདུན་སྦྱངས་པ་མཛད། པཎྜི་ཏ་ཆེན་པོ་གོ་མི་འཆི་མེད་དང༌། གཞན་ལ་ཕན་པའི་བཟང་པོ་དང༌། བྲམ་ཟེ་རིན་ཆེན་རྡོ་རྗེ་སོགས་ལ། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང༌། ཚད་མ་སྡེ་བདུན་དང༌། བྱམས་པའི་ཆོས་ཕྱི་མ་རྣམས་གསན། ཁ་ཆེ་སྐལ་ལྡན་རྒྱལ་པོ་ལ། ཚད་མའི་རྒྱན་གསན། ཇོ་བོ་འབུམ་ཕྲག་གསུམ་པ་བོད་དུ་སྤྱན་དྲངས་ནས། རང་ལོ་སུམ་ཅུ་རྩ་ལྔ་པ་ཆུ་ཕོ་སྤྲེའུ་ལ་བོད་དུ་ཕེབས་ཤིང༌། ལོ་བཅུ་བདུན་གྱི་བར་དུ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནས། ལྔ་བཅུ་རྩ་གཅིག་པ་ས་མོ་གླང་གི་ལོ་ལ་ཞི་བར་གཤེགས་སོ། །དེ་དག་གི་སྐབས་སུ་དམ་པའི་ཆོས་བསྒྱུར་བ་དང༌། བཤད་ཉན་མཛད་པའི་དུས་ཀྱི་སློབ་མའི་གྲངས་ནི། ཇི་སྐད་དུ། གྲོ་ལུང་པ་ཆེན་པོས་མཛད་པ་ལས། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང༌། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་གསུངས་པ་དང༌། ལྷ་ས་བསམ་ཡས་སྒང་ཐོག་དང༌། །ལྷ་མངས་ངན་ལམ་མྱུ་གུ་སྣར། །འཁོར་གྱི་གྲངས་ནི་རིམ་པ་བཞིན། །ཁྲི་དང་སུམ་སྟོང་བདུན་བརྒྱ་དང༌། །གཉིས་སུ་སྟོང་ཚོ་བཅུ་གསུམ་ཚོགས། །ཁྲི་ཚོ་གཉིས་དང་ཁྲི་ཚོ་གཅིག །རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས། །ཚོགས་སོ་ལུང་རིགས་སྨྲ་བ་ཡི། །ཞར་ཆོས་སྟོང་དང་བརྒྱད་བརྒྱ་དང༌། །བརྒྱད་བཅུ་རྩ་ལྔ་ཡོད་པ་ལ། །རྒྱན་དང་ཆོས་མཆོག་ལྔ་བཅུ་ལྔ། །རྣམ་ངེས་ཉིས་བརྒྱ་ལྔ་བཅུ་ལྔ། །ལུང་ཆོས་སྨྲ་བ་སྟོང་དང་ནི། །ལྔ་བརྒྱ་བདུན་བཅུ་རྩ་ལྔ་ཡོད། །ཅེས་གསུངས་སོ། །དེས་མཛད་པའི་བསྟན་བཅོས་ཀྱི་ཚོགས་ནི། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དོན་བསྡུས་དང༌། རྣམ་བཤད་དང༌། བརྒྱད་སྟོང་འགྲེལ་ཆེན་གྱི་བསྡུས་དོན་དང༌། ཤེར་སྙིང་འགྲེལ་པ་དང་བཅས་པའི་བསྡུས་དོན་དང༌། རྣམ་བཤད་དང༌། བྱམས་ཆོས་ཕྱི་མ་བཞི་པོ་ལ་བསྡུས་དོན་རེ་དང༌། རྣམ་བཤད་རེ་དང༌། དབུ་མ་རྩ་བ་དང༌། དེའི་འགྲེལ་པ་ཤེས་རབ་སྒྲོན་མ་གཉིས་ལ་བསྡུས་དོན་རེ་དང༌། ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་བསྡུས་དོན་དང༌། རྣམ་བཤད་དང༌། དབུ་མ་རྒྱན་དང་སྣང་བ་གཉིས་ལ་བསྡུས་དོན་རེ་དང༌། རྣམ་བཤད་དང༌། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་བསྡུས་དོན་རྣམ་བཤད་དང༌། བསླབ་པ་ཀུན་ལས་བཏུས་པའི་བསྡུས་དོན་དང༌། དབུ་མ་དེ་ཁོ་ན་ཉིད་ལ་འཇུག་པའི་བསྡུས་དོན་དང༌། ཇོ་བོའི་བདེན་གཉིས་དང་དབུ་མའི་མན་ངག་གཉིས་ཀྱི་བསྡུས་དོན་དང༌། རྣམ་འགྲེལ་རྒྱན་དང་བཅས་པའི་བསྡུས་དོན་དང༌། རྣམ་ངེས་ཆོས་མཆོག་དང་བཅས་པའི་བསྡུས་དོན་དང༌། རྣམ་བཤད་ཆེན་མོ་དང༌། རིགས་ཐིགས་རྒྱ་ཆེར་འགྲེལ་དང་བཅས་པའི་བསྡུས་དོན་དང༌། རྣམ་བཤད་དང༌། ཆོས་མཆོག་གི་ཚད་མ་བརྟག་པ་ཆུང་བ་དང༌། སེལ་བ་གྲུབ་པ་དང༌། སྐད་ཅིག་ཏུ་འཇིག་པ་གྲུབ་པ་རྣམས་ཀྱི་བསྡུས་དོན་རེ་དང༌། བྲམ་ཟེ་ཆེན་པོའི་སེལ་བ་གྲུབ་པ་དང༌། འབྲེལ་པ་གྲུབ་པའི་བསྡུས་དོན་རེ་དང༌། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཚིགས་སུ་བཅད་པ་དང༌། བཙོང་ཁ་རུ་གསུམ་གྱི་དགེ་འདུན་ལ་སྤྲིང་ཡིག་བདུད་རྩིའི་ཐིགས་པ་དང༌། གཞན་ཡང་སྤྲིང་ཡིག་དང༌། བསྟན་བཅོས་ཆུང་ངུ་མང་དུ་མཛད་དོ། །འདིས་བོད་དུ་ཉན་བཤད་མཛད་པའི་དུས་ནི། ཇོ་བོ་རྗེ་གཤེགས་རྗེས་ཀྱི་ལོ་བཞི་བཅུ་པ་ནས་ཡིན་ལ། དེའི་ཚེ། ཆོས་ཀྱི་གྲྭར་དཔེ་འགྲེམས་ཀྱི་གྲྭ་པ་ཁྲི་ཚོ་གཉིས་དང༌། སུམ་སྟོང་ལྷག་པ་བྱུང་ལ། ཆོས་ཉན་གྱི་སྡོད་ས་ལ་ཉོ་ཚོང་བྱེད་དགོས་ཤིང༌། འགོང་ཐང་ལ་བ་རེའི་རིན་ཚད་བཅལ་དགོས་པར་གྲགས་སོ། །འདི་ཉན་བཤད་མཛད་པའི་དུས་དེ་ཁོ་ན་བསྟན་པ་དར་ཞིང༌། བསྟན་འཛིན་གྱི་སྐྱེས་བུ་མང་བ་ཡིན་པར་སྣང་སྟེ། དེའི་ཚེ། འཁོན་དཀོན་མཆོག་རྒྱལ་པོ་བཞུགས་ཤིང༌། རྗེ་ས་ཆེན་ཀྱང་འཁྲུངས། བ་རི་ལོ་ཙཱ་བ་བསྟན་པའི་བྱ་བ་མཛད་ཅིང༌། རྗེ་བཙུན་མི་ལ་ཡང་སྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ། ཁྱུང་པོ་རྣལ་འབྱོར་ལ་གྲྭ་པ་མང་དུས་ཁྲི་ཚོ་བརྒྱད་བྱུང་ཞིང༌། སྲས་ཀྱི་གྲུབ་ཐོབ་དྲུག་བྱུང་བ་ལ། སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ། རྗེ་བཙུན་དམ་པ་རྒྱ་གར་བོད་དུ་ལན་བཞི་བྱོན་པའི་གསུམ་པ་འཕན་ཡུལ་དུ་འགྲོ་དོན་མཛད་པ་དང༌། བཞི་པ་དིང་རི་གླང་འཁོར་དུ་ལོ་ཉི་ཤུ་རྩ་གཅིག་བཞུགས་པ་རྣམས་ཀྱང༌། ཇོ་བོ་ཆེན་པོ་རྗེ་འདས་རྗེས་ལོ་ཉི་ཤུ་རྩ་དྲུག་ཙམ་ལོན་པའི་དུས་ཡིན་པས། ལོ་ཆེན་གཞན་དོན་མཛད་པ་དང་དུས་འགྲིག རྔོག་ཆོས་རྡོར་དང༌། ཞེ་སྡང་རྡོ་རྗེ་གཉིས་ཀ་བཞུགས། མཚུར་དབང་ངེ༌། མེས་ཚོན་པོ། དཔྱལ་སེ་ཚ། དཀྱུས་སྨོན་ལམ་གྲགས། རྭ་ལོ། བརྙན་ལོ། ཟངས་དཀར་ལོ་ཙཱ་བ་སྐུ་མཆེད། འགོས་ལོ་ཙཱ་བ་དཔོན་སློབ། མར་པ་དོ་པ་རྣམས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཟུར་ཆུང་པའི་སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ལ་རྙིང་མའི་རྒྱུད་གསང་བ་སྙིང་པོའི་དཔེ་འགྲེམས་སྟོང་དང་ལྔ་བརྒྱ་ཙམ་བྱུང་བར་གྲགས་ཤིང༌། དེའི་ཚེ། བྲང་ཏི་དར་མ་སྙིང་པོ་ལ་ཡང༌། ལོ་ཙཱ་བ་ཆེན་པོ་པ་ལ་འགྲན་བཟོད་པའི་ཕྲིན་ལས་བྱུང་བར་གྲགས་སོ། །དུས་དེར་རྒྱ་འདུལ་བ་འཛིན་པ་ཆེན་པོའི་ཀ་བ་བཞི། གདུང་མ་བཅུར་གྲགས་པ་རྣམས་ཀྱང་ཡོད། ཀ་བ་བཞི་ནི་འདར་འདུལ་འཛིན་མཐའ་བཞི་བརྩོན་འགྲུས་འབར། ཇོ་གདན་ནག་པོ་དར་ཚུལ། རྨ་ཚོ་བྱང་ཆུབ་རྡོ་རྗེ་རྣམས་སོ། །རྨ་ཚོའི་སློབ་མ་བྱ་འདུལ་འཛིན་ཡིན་ལ། དེ་ནི་ལོ་ཆེན་བོད་དུ་བྱོན་པའི་ལོར་འཁྲུངས་པའོ། །བདག་ཉིད་ཆེན་པོ་འདི་རྒྱ་གར་དུ་ཌོཾ་བྷི་ཧེ་རུ་ཀ་དང་མཇལ། སྟག་གི་རྒྱབ་ཏུ་བསྐྱོན། མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་བརྩམས་པ་ལ། མཁའ་དབྱིངས་མཐོན་པོ་ནས། བོད་མུན་པའི་གླིང་ལ་གཟིགས་པས་སྙིང་རྗེ་སྐྱེས་ནས། སྟག་ལས་བབས། བོད་དུ་ཆོས་འཁོར་བསྐོར་བའི་ཐོག་མ་ནི་ཉང་སྟོད་འདུལ་ཆུང༌། དེ་ནས་བོ་དོང༌། དེ་ནས་ཕྱིར་རིམ་གྱིས་གཤེགས་ཏེ། ལྷ་ས་ལ་སོགས་པ་དབུ་རུ་དང༌། གཡོན་རུའི་ས་ཕྱོགས་སུ་རེ་མོས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །བདག་ཉིད་ཆེན་པོ་འདི་འཇམ་དཔལ་རྩ་བའི་རྒྱུད་ལས་ལུང་བསྟན་པ་ནི། འདི་ནས་བྱང་ཕྱོགས་གངས་འགྲམ་དུ། །བློ་ལྡན་གང་ཞིག་འབྱུང་འགྱུར་བ། །ང་ཡི་བསྟན་པར་འཛིན་བརྩོན་ཕྱིར། །ཡི་གེའི་སྒྲ་དང་བཤད་བྱ་ལ། །བློ་གྲོས་ཐོགས་པ་མེད་པ་འབྱུང༌། །ཞེས་གསུངས་ལ། མགོན་པོ་མངོན་པར་འབྱུང་བའི་རྒྱུད་ལས་ནི། ཤར་ཕྱོགས་རྒྱ་མཚོར་བསྟེན་ནས་ནི། །དེ་ནས་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་འགྲམ་པ། །དེ་མིང་ཤེས་རབ་མཐར་གནས་ཤིང༌། །བྱང་དུ་དེ་བཞིན་ཁ་བ་ཅན། །ཞེས་གསུངས་པར་གྲགས་སོ། །བཤེས་གཉེན་གྲོ་ལུང་པ་ནི། མདོ་སྡེའི་རྒྱན་ལས། བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་གསུངས་པ་འདིས། བདག་ཉིད་ཆེན་པོའི་མཚན་དོན་གཉིས་ཀ་ངོས་བཟུང་བ་ཡིན་ནོ། །ཞེས་འཆད་དོ། །འདིའི་གྲུབ་པའི་མཐའ་རགས་པ་ནི། བྱམས་པའི་ཆོས་དང་པོ་བཞི་དྲང་དོན་དང༌། རྒྱུད་བླ་མ་ངེས་དོན་དུ་འཆད། ཐོགས་མེད་སྐུ་མཆེད་ལ་ཚད་མར་འཇོག་ཅིང༌། བློ་བརྟན་དང༌། སེང་གེ་བཟང་པོ་ལ་མཐུན་པའི་སྐབས་རང་སོར་བཞག་ནས། མི་མཐུན་པའི་སྐབས་རྣམས་འགོག་པར་བྱེད། སྡེ་བདུན་མཛད་པའི་མཐར་ཐུག་གི་དགོངས་པ། ཀླུ་སྒྲུབ་དང་མཐུན་ཞིང༌། ངེས་དོན་གྱི་ངོས་འཛིན་ཡང༌། གཉིས་སྟོང་མེད་དགག་གི་ཆ་ལ་འཆད། ཆོས་མཆོག་དང༌། རྒྱན་མཁན་པོ་ལ། མི་མཐུན་པ་འགོག་ཅིང༌། མཐུན་པ་རྣམས་དེའི་ལུགས་བཞིན་དུ་འཆད་ཅིང༌། ཟླ་བ་གྲགས་པའི་གཞུང་རྣམས་ནི་དེའི་ཚེ་མ་དར་ཞིང༌། དབུ་མ་རྒྱན་སྣང་བདེན་གསུམ་གྱི་ལུགས་བཞིན་དུ་འཆད་ཅིང༌། དེ་དག་གི་མཁན་པོ་གསུམ་ལའང་དགག་པ་མི་མཛད། སངས་རྒྱས་ཀྱི་ཡེ་ཤེས་ལ། ཀུན་རྫོབ་ཀྱི་སྣང་བ་ཤར་བ་ཐམས་ཅད་ཀྱང༌། འཁྲུལ་པའི་སྣང་བར་འཆད་ཅིང༌། བློ་དེ་སྤངས་ཀྱང༌། དགོས་དུས་སུ་མངོན་དུ་བྱས་པར་བཞེད། དེ་ལ་སྲས་ཀྱི་ཐུ་བོ་བྱུང་བ་ནི་བཞི་སྟེ། སྐུའི་གདན་ས་འཛིན་པ་ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མ། གསུང་གི་བསྟན་པ་རྫོགས་པར་འཛིན་པ་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བཤད་སྲོལ་འཛིན་པ། འབྲེ་ཆེན་པོ་ཤེས་རབ་འབར། དབུ་ཚད་ཀྱི་བཤད་སྲོལ་འཛིན་པ། ཁྱུང་རིན་ཆེན་གྲགས་རྣམས་སོ། །དང་པོས་གསང་ཕུ་ནེའུ་ཐོག་གི་གདན་ས་ལོ་སུམ་ཅུ་རྩ་གཉིས་མཛད། དེ་རྗེས་མཉལ་པ་རི་ལུས་ལོ་གཉིས་མཛད། དེ་རྗེས་གནམ་འཕར་བས་ལོ་བརྒྱད། དེ་རྗེས་ཕྱྭ་པ་ཆོས་ཀྱི་སེང་གེས་གདན་ས་ལོ་བཅོ་བརྒྱད་མཛད། འདི་ལོ་ཆེན་གཤེགས་པའི་ལོ། ས་མོ་གླང་ལ་འཁྲུངས་ནས། རེ་གཅིག་པ་ས་མོ་གླང་ལ་གཤེགས། འདིས་དང་པོ་ཁྱུང་གི་སློབ་མ། རྒྱ་དམར་བ་བྱང་ཆུབ་གྲགས་ལ་དབུ་ཚད་གསན། ཕྱིས་གྲོ་ལུང་པ་ལ་ཕ་རོལ་དུ་ཕྱིན་པའི་མདོ་དང༌། རྒྱན་སོགས་གསུང་རབ་ཡོངས་སུ་རྫོགས་པར་གསན། བསྙེན་པར་རྫོགས་པ་བྱ་འདུལ་གྱི་དྲུང་དུ་མཛད་ནས་འདུལ་བ་གསན། དཔེ་འགྲེམས་ཀྱི་གྲྭ་པ་ལྔ་སྟོང་ཙམ་བྱུང་བར་གྲགས། དེའི་ནང་ནས་མཆོག་ཏུ་གྱུར་པ། གྲུབ་ཐོབ་མི་གསུམ། ཇོ་སྲས་མི་བཞི། ཤེས་རབ་ཅན་མི་གསུམ། སེང་ཆེན་བརྒྱད་རྣམས་སོ། །དང་པོ་ནི། རྗེ་དུས་གསུམ་མཁྱེན་པ། ཕག་མོ་གྲུབ་པ། གསལ་སྟོ་ཤོ་སྒོམ་རྣམས་སོ། །ལ་ལ་ཞང་འཚལ་པ་ཡིན་ཞེས་ཟེར། གཉིས་པ་ནི། ས་ཇོ་སྲས་བསོད་ནམས་རྩེ་མོ། མཉོས་ཇོ་སྲས་དཔལ་ལེ། ཁུ་ཇོ་སྲས་ནེ་ཙོ། རྔོག་ཇོ་སྲས་ར་མོ་རྣམས་སོ། །གསུམ་པ་ནི། རྐོང་པོ་འཇག་ཆུང༌། ལྷོ་པ་སྒོག་གཟན། པར་བུ་བ་བློ་གྲོས་སེང་གེ་རྣམས་སོ། །སྒོག་གཟན་ནི་ལྷོ་པ་ཐམས་ཅད་མཁྱེན་པར་གྲགས་པ་སྟེ། ལྷོ་པ་དྷར་སེང་ངོ༌། །བཞི་པ་ནི། ཕྱྭ་པའི་རྗེས་སུ་གདན་ས་ལོ་ལྔ་མཛད་པའི་བརྩེགས་དབང་ཕྱུག་སེང་གེ གཙང་ནག་པ་བརྩོན་འགྲུས་སེང་གེ རྨ་བྱ་རྩོད་པའི་སེང་གེ བྲུ་ཤ་བསོད་ནམས་སེང་གེ མྱང་བྲན་པ་ཆོས་ཀྱི་སེང་གེ དན་འབག་པ་སྨྲ་བའི་སེང་གེ འདམ་པ་དཀོན་མཆོག་སེང་གེ རྐྱང་དུར་བ་གཞོན་ནུ་སེང་གེ ལ་ལ་དག་འུ་ཡུག་པ་བསོད་ནམས་སེང་གེ ཞེས་ཟེར་ཡང་དུས་མི་འགྲིག འདིས་གཞུང་ལུགས་བཞི་བཅུ་ཙམ་གྱི་རྣམ་བཤད་མཛད་ཅིང༌། ཚད་བསྡུས་དང༌། དབུ་བསྡུས་ཀྱི་སྲོལ་ཐོག་མར་ཕྱེ། ཁྱད་པར་མཚོན་སྦྱོར་གྱི་རྣམ་གཞག་རྒྱས་པ་དེ་ནས་བྱུང༌། གྲུབ་མཐའི་དབྱིངས་ལོ་ཆེན་དང་མཐུན་ཀྱང༌། གནས་སྐབས་ཕྲན་ཚེགས་ལ་དགག་པ་མང་དུ་མཛད། སློབ་དཔོན་ཟླ་བ་གྲགས་པའི་ལུགས་དེ་དུས་སུ་རྒྱས་པར་དར་བས། ལུགས་དེ་ལ་ཉེས་ཆེན་བརྒྱད་ལ་སོགས་པའི་དགག་པ་མང་དུ་མཛད། སྟོང་ཉིད་བདེན་གྲུབ་ཏུ་ཞལ་གྱིས་བཞེས། དེ་ལ་གཙང་ནག་པ་སོགས་བོད་གཞན་དག་སྟོང་པ་ལ་མཚན་མར་ལྟ་བའི་དབུ་མ་པ་ཞེས་ཟེར། དུས་དེར་པ་ཚབ་ལོ་ཙཱ་བ་བཤད་ཉན་བྱེད་པས། རྨ་བྱ་དང༌། གཙང་ནག་པ་གཉིས་དེའི་སློབ་མར་ཡང་སོང༌། གྲོ་ལུང་པ་ནི། ལོ་ཆེན་ལ་དགག་པ་ཅུང་ཟད་ཀྱང་མི་མཛད་ཅིང༌། ཆོས་ཚན་མི་འདྲ་བ་བརྒྱ་དང་བརྒྱད་ཙམ་མཛད་པར་གྲགས་ཤིང༌། སྐུ་ཚེའི་སྟོད་ལ་ཕྲིན་ལས་མ་བྱུང༌། སྨད་ཀྱི་སློབ་མའི་མཆོག་ནི་ཕྱྭ་པའོ། །བརྩེགས་དབང་ཕྱུག་སེང་གེའི་རྗེས་ལ།། །།མཉལ་པ་དད་པ་བཟང་པོས་གདན་ས་ལོ་བདུན་བྱས། དེ་ལ་སློབ་མ་བཟད་རིང་ལ་སོགས་པ་ཕར་ཚད་གཉིས་ཀའི་ཊཱི་ཀ་བྱེད་པ་དགུ་བྱུང་བ་ལ་བུ་དགུ་ཟེར། ཇོ་བོ་ནམ་མཁའ་དཔལ་ལ་སོགས་པ་གང་རུང་རེ་རེའི་སློབ་མ་བྱེད་མཁན་དགུ་བྱུང་བ་ལ་བུ་མོ་དགུ་ཞེས་ཟེར། བཟད་རིང་གི་མཚན་ནི་དར་མ་ཚུལ་ཁྲིམས་ཏེ། དེས་ཁྲོ་ཕུར་ཕར་ཚད་ཀྱི་བཤད་གྲྭ་གཙུགས། དེ་ལས་བརྒྱུད་པ་ཚད་མའི་སྐྱེས་བུ་དང༌། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་སོ། །མཉལ་ཞིག་གི་བུ་དགུའི་སློབ་མ་རྒྱ་སྟོན་ཕྱིང་རུ་བས་གླིང་སྟོད་ཀྱི་གདན་ས་ལོ་བཅོ་བརྒྱད་བྱས་ཤིང༌། སྙེ་ཐང་བདེ་བ་ཅན་གྱི་ཆོས་གྲྭ་བཏབ། དེའི་གདན་ས་གཉག་གྲགས་ཚུལ་གྱིས་བྱས། རིན་པོ་ཆེ་བློ་བཟང་པའི་གྲྭ་ས་འདི་དང༌། འཚལ་ཆོས་འཁོར་གླིང་ཡིན་ཅིང༌། ཕྱིས་ས་སྐྱར་མཛད་པའོ། །མཉལ་ཞིག་གི་བུ་མོ་དགུའི་ནང་གི་ཇོ་ནམ་ལ། སློབ་མ་འཇམ་དབྱངས་འོད་ཟེར་མགོན་པོ་བྱུང༌། དེས་གླིང་སྨད་ཀྱི་གདན་ས་ལོ་སུམ་ཅུ་སོ་ལྔ་བྱས། དེ་ལ་སློབ་མ་འཇམ་དབྱངས་ཤཱཀྱ་གཞོན་ནུ་དང༌། ཁ་རག་པ་བྱང་ཆུབ་གཞོན་ནུ་གཉིས་བྱུང༌། དང་པོས་གླིང་སྨད་ཀྱི་གདན་ས་ལོ་ཉི་ཤུ་རྩ་བདུན་མཛད་ཅིང༌། འཚལ་ཆོས་འཁོར་གླིང་གི་བཤད་གྲྭ་གཙུགས། ཇོ་ནང་པ་ཕྱོགས་ལས་རྣམ་རྒྱལ་གྱི་གྲྭ་ས་འདི་ཡིན། ཤཱཀ་གཞོན་ལ་སློབ་མ་གསང་ཕུ་བ་བློ་གྲོས་མཚུངས་མེད། གཡག་སྡེ་པཎ་ཆེན། ཀ་བཞི་རྐང་གཅིག་རྣམས་བྱུང༌། དང་པོས་ཀརྨ་རང་བྱུང་རྡོ་རྗེའི་བླ་མ་བྱས། གཉིས་པས་གླིང་སྨད་ཀྱི་བླ་ཟུར་བྱས་ནས་ཨེ་ཝཾ་གི་དགོན་པ་བཏབ། གསུམ་པས་རབ་སྒང་གི་ཀ་བཞི་དགོན་བཏབ། མཉལ་ཞིག་གི་རྗེས་ལ། གཙང་པ་འཇམ་དཔལ་སེང་གེ་དང༌། ཛཾ་ཛ་ནེ་གཉིས་ཀྱི་གདན་ས་སོ་སོར་བཟུང་བས། གླིང་སྟོད་སྨད་གྱེས། ཛ་ནེས་གླིང་སྨད་ཀྱི་གདན་ས་ལོ་བདུན་བྱས་པའི་རྗེས་ལ། གཞུ་པ་ཁུ་དབོན་གྱིས་ལོ་སུམ་ཅུ། མཉལ་ཞིག་གི་སློབ་མ་ཇོ་ནམ་གྱིས་ལོ་བཅུ་ལྔ། དེའི་སློབ་མ་འོད་ཟེར་མགོན་པོས་ལོ་སོ་ལྔ། དེའི་སློབ་མ་ཤཱཀ་གཞོན་གྱིས། སློབ་དཔོན་གྱི་བགྲོས་ལ་བརྟེན་ཞིང༌། ཁ་རག་པས་བགྲོས་གསར་དུ་བརྩམས་པས། བགྲོས་གསར་རྙིང་སོ་སོར་གྱེས། གླིང་སྟོད་ཀྱི་གདན་ས་འཇམ་སེང་གེ་རྗེས་ལ་ཞུ་སྟོན་ཧྲལ་མོ་དང༌། བློ་གྲོས་འབར་གྱིས་ལོ་ལྔ་ལྔ། མཉལ་ཞིག་གི་སློབ་མ་རྒྱ་སྟོན་ཕྱིང་རུ་པས་ལོ་བཅོ་བརྒྱད་མཛད། མཉལ་ཞིག་གི་ཉིང་སློབ་རྒྱལ་སྲས་ཆུ་མིག་པས། གདན་ས་མ་མཛད་ཀྱང༌། གླིང་སྟོད་ཀྱི་ཟུར་ཆོས་པར་རིང་དུ་མཛད། ཕར་ཚད་གཉིས་ཀྱི་ཊཱི་ཀ་དང༌། བསྡུས་པ་བརྩམས། ཕྲིན་ལས་རྒྱ་ཆེ་བར་བྱུང༌། མཉལ་ཞིག་གི་དུས་སུ། ས་སྐྱ་པཎྜི་ཏ་ཇོ་སྲས་གཞོན་ནུ་མར་གྱུར་པས། གསང་ཕུར་བྱོན་ནས་རྣམ་ངེས་གསུངས་ཤིང༌། བཤད་ཚར་མཛད། བླ་མར་འོས་པ་ཤིག་འདུག་ཀྱང་བརྟེན་དཀའ་བ་ཅིག་འདུག་གསུང༌། མཉལ་ཞིག་ལ་མ་གསན། ཉང་སྟོད་དུ་བརྩེགས་དབང་ཕྱུག་སེང་གེ་དང༌། རྐྱང་དུར་བ་གཞོན་ནུ་སེང་གེ་ལ། དབུ་ཚད་དང༌། བསྡུས་པ་གསན། ཆུ་མིག་པའི་དུས་སུ། འཕགས་པས་གསང་ཕུར་བྱོན། ཐུགས་བསྐྱེད་གསུངས། རྣམ་གཞག་རྒྱ་ཆེན་པོ་མཛད། རྗེ་བཙུན་བསོད་ནམས་རྩེ་མོས་སུམ་ཅུ་སོ་དྲུག་བཞེས་པ། ས་མོ་གླང་གི་ལོ་ལ། སློབ་དཔོན་ཕྱྭ་པ་འདས། ཆོས་ཁྲིའི་སྟེང་དུ་སྐུ་འབུམ་བཞེངས་པ་ལ། རྗེ་བཙུན་རྩེ་མོས་གསེར་ཏོག་ཕུལ། ཕྱྭ་པའི་སྐུ་ཚད་དང་མཉམ་པའི་བྲིས་སྐུ་ཆེན་མོ། རྗེ་བཙུན་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པ། དེའི་བཤམ་ན། རྫས་ལྡོག་མ་འདྲེས་སོ་སོར་འབྱེད་པའི་མིག་རྩ་དམར་པོ་ཅན། ཞེས་སོགས་ཀྱི་ཚིག་རིང་པོ་མཛད་པའི་སྐུ་འདྲ་ངོ་མཚར་ཅན་ཕུལ། ཕྱྭ་པའི་སློབ་མ་བྲུ་ཤ་བསོད་ནམས་སེང་གེས། སྣར་ཐང་དུ་རྣམ་པར་ངེས་པའི་བཤད་སྲོལ་གཙུགས། དེར་ཕར་ཕྱིན་གྱི་བཤད་སྲོལ་ནི། ཁྲོ་ཕུ་ནས་བརྒྱུད་པ་ཡིན་པས་མཉལ་ཞིག་གི་བཤད་པའི་སྲོལ་ལོ། །ཞྭ་ལུའི་ཕར་ཕྱིན་དང་རྣམ་ངེས་ཀྱི་བཤད་པའི་སྲོལ་ཡང་ཁྲོ་ཕུ་ནས་བརྒྱུད་པ་ཡིན་པས། མཉལ་ཞིག་གི་བཤད་པའི་སྲོལ་ལོ། །དུས་ཕྱིས། གསང་ཕུ་སོགས་སུ་རྣམ་འགྲེལ་གྱི་བཤད་སྲོལ་བྱུང་བ་དེ་དག་ནི། ལོ་ཆེན་གྱི་བཤད་པའི་སྲོལ་མ་ཡིན་གྱི། ས་སྐྱར་ནོར་བཟང་དང༌། ཉ་དབོན་གྱི་བཤད་པ་ལས་འཕེལ་ལོ། །གསུམ་པ་འབྲེ་ཆེན་པོ་ཤེས་རབ་འབར་གྱིས་བོ་དོང་དུ་བཤེས་གཉེན་ཆེན་པོ་ལ་ཆོས་མངོན་པ་གསན་ཞིང༌། ལོ་ཆེན་ལ་ཕར་ཕྱིན་གསན་ནས། ལོ་ཆེན་གྱིས་ཟུར་ཆོས་པ་མཛད་པའི་སློབ་མའི་གཙོ་བོ་ནི་ཨར་བྱང་ཆུབ་ཡེ་ཤེས་ཡིན་ལ། ཕྱིས་གནས་རྙིང་གི་བཤད་གྲྭ་ཆེན་པོ་གཙུགས་པ་ཡིན་ནོ། །འདིས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང༌། ཉི་ཁྲི་སྣང་བ་དང༌། བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པའི་ཊཱིཀ་མཛད་དོ། །ཨར་བྱང་ཡེས་ཀྱིས་ཤར་ཕྱོགས་ཀྱི་རྣམ་བཤད་མང་དུ་མཛད་ཅིང༌། གནམ་རྩེ་ལྡེང་དང༌། གཞུ་ཀུན་དགའ་རྭ་བར་བཤད་པ་མཛད། ཕར་ཕྱིན་གྱི་དཔེ་འགྲེམས་སྟོང་རྭ་ཅན་ཙམ་བྱུང༌། མཁས་མགོ་བཙུན་གྱིས་སྟོན་པ་ཨར་ཞེས་ཟེར། དེའི་སློབ་མ་གཞོན་ནུ་ཚུལ་ཁྲིམས་ཡིན། དེའི་སློབ་མ་ནི། འཇམ་དཔལ་གཞོན་ནུ་བྱང་ཆུབ་ཡིན་ལ། འདིས་བོ་དོང་དུ་ཕར་ཕྱིན་གྱི་བཤད་པ་ཕྱིས་དར་བར་མཛད་པའང་ཨར་གྱི་སྲོལ་ལོ། །དེའི་སློབ་མ་བྱང་ཆུབ་འབུམ་ཡིན་ལ། དེའི་སློབ་མ་མཉལ་ཞིག་གོ །བྱ་འདུལ་བ་འཛིན་པ་ནི། འདྲེ་ཆེན་པོ་ཤེས་རབ་འབར་ལས་རབ་ཏུ་བྱུང་ཞིང༌། མཚན་བརྩོན་འགྲུས་འབར་དུ་བཏགས་སོ། །བཞི་པ་ཁྱུང་རིན་ཆེན་གྲགས་ཀྱིས་ནི། ལོ་ཆེན་གྱི་ཟུར་ཆོས་ཡུན་རིང་དུ་མཛད་ཅིང༌། ཕྱིས་ཉང་སྟོད་སྨོན་གྲོ་དང༌། སྟག་ཚལ་ལ་སོགས་པར་བཤད་ཉན་མཛད་པའི་སློབ་མའི་གཙོ་བོ་ནི། གངས་པ་ཤེའུ། གོང་བུ་རྭ་ཅན། མེས་ལྷང་ཚེར། རྔོག་སྐྱའོ་ལ་སོགས་པ་ཡིན་ལ། འདི་དག་གིས་གཞོན་ནུ་མའི་དུས་སུ་ལོ་ཆེན་ལ་ཐུག་ཅེས་ཀྱང་ཟེར་རོ། །རྗེ་ས་སྐྱ་པ་ཆེན་པོས་ཀྱང༌། ཁྱུང་ལ་ཕར་ཕྱིན་དང༌། དབུ་ཚད་གསན་ཞེས་བཤད་པའང་སྣང་ངོ༌། །མདོར་ན་ལོ་ཆེན་གྱི་བཤད་སྲོལ་ལ་རག་མ་ལས་པའི་བྱམས་ཆོས་ལྔ་དང༌། རང་རྒྱུད་ཤར་པའི་བསྟན་བཅོས་གསུམ་དང༌། ཚད་མ་རྣམ་པར་ངེས་པ་རྣམས་ཀྱི་བཤད་སྲོལ་གཞན་ནས་བརྒྱུད་པ་མེད་ཅིང༌། ལོ་ཆེན་མ་བྱོན་པའི་གོང་ན། འདུལ་བ་དང༌། ཆོས་མངོན་པའི་བཤད་ཉན་དར་པོ་ཡོད་ཀྱང༌། རིགས་པའི་ལམ་ནས་དྲངས་པའི་དགག་སྒྲུབ་ཀྱི་རྣམ་པར་བཞག་པ། ཆོས་ཀྱི་གྲགས་པའི་གཞུང་དང་མཐུན་པར་འཆད་ཤེས་པ་མ་བྱུང་ངོ༌། །ལོ་ཆེན་གྱི་རྗེས་སུ་འཇུག་པའི་བཤད་སྲོལ་ནི་གསུམ་སྟེ། གྲོ་ལུང་པ་ཆེན་པོ་ནས་བརྒྱུད་པ་དང༌། འདྲེ་ཨར་ནས་བརྒྱུད་པ་དང༌། ཁྱུང་རིན་ཆེན་གྲགས་ནས་བརྒྱུད་པ་རྣམས་སོ། །དིང་སང་གི་བར་དུ་ཡོད་པ་ནི། འདྲེ་ཨར་དང༌། ཁྱུང་ནས་བརྒྱུད་པ་དེ་ཡིན་ལ། གྲོ་ལུང་པ་ནས་བརྒྱུད་པའི་སྲོལ་ལམ་མ་ཉམས་པར་ཡོད་པ་མི་འདྲ་ཞིང༌། རིན་པོ་ཆེ་བློ་བཟང་པ་ཕྱོགས་དེའི་རྒྱུད་འཛིན་དུ་ཁས་ལེན་ཀྱང༌། གང་ནས་བརྒྱུད་མ་ཤེས་སོ། །དེ་ནས་ཞར་ལས་བྱུང་བ་འདི་བརྗོད་པར་བྱ་སྟེ། སློབ་དཔོན་ཕྱྭ་པ་འདས་ནས་ལོ་བཅུ་བཞི་སོང་བ། ཆུ་ཕོ་སྟག་གི་ལོ་ལ། ས་སྐྱ་པཎྜི་ཏ་འཁྲུངས། དེ་མྱ་ངན་ལས་འདས་ནས་ལོ་བཞི་བཅུ་པ་ལྕགས་ཕོ་སྟག་ལ། བུ་སྟོན་རིན་པོ་ཆེ་འཁྲུངས། དེས་ལོ་དྲུག་ཅུ་རེ་གཅིག་བཞེས་པ་ལྕགས་ཕོ་སྟག་ལ། རིན་པོ་ཆེ་གཡག་པ་འཁྲུངས། དེས་ལོ་བཅོ་བརྒྱད་བཞེས་པ་མེ་མོ་ལུག་གི་ལོ་ལ། རྗེ་ཐམས་ཅད་མཁྱེན་པ་རོང་སྟོན་ཆོས་རྗེ་འཁྲུངས། དེས་ལོ་བཅོ་ལྔ་བཞེས་པ་ལྕགས་མོ་བྱ་ལ། རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་འཁྲུངས། དོན་དྲུག་པ་མེ་ཕོ་བྱི་བའི་ལོ་ལ་གཤེགས། དེ་ནས་དེང་སང་ས་མོ་ཕག་གི་བར་ལ་ཉི་ཤུ་རྩ་བཞི་སོང་ངོ༌། །ཡང་རྔོག་ལོ་ནས་དེང་སང་གི་བར་དུ་ལོ་གྲངས་བརྩི་ཚུལ་གོ་བདེ་བ་འདི་ཡང་ཡོད་དེ། ལོ་ཆེན་ལྔ་བཅུ་ང་གཅིག་པ་ས་མོ་གླང་ལ་གཤེགས། དེའི་ཕྱི་ལོ་ལྕགས་ཕོ་སྟག་ལ་འགྲོ་མགོན་ཕག་མོ་གྲུ་པ་འཁྲུངས། དེས་རེ་གཅིག་ལོན་པའི་ལྕགས་ཕོ་སྟག་ལ། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་འཁྲུངས། དེས་དྲུག་ཅུ་རེ་གཅིག་ལོན་པའི་ལྕགས་ཕོ་སྟག་ལ། གྲུབ་ཐོབ་ཨུ་རྒྱན་པ་འཁྲུངས། དེས་རེ་གཅིག་ལོན་པའི་ལྕགས་སྟག་ལ། བུ་སྟོན་རིན་པོ་ཆེ་འཁྲུངས། དེས་རེ་གཅིག་བཞེས་པའི་ལྕགས་སྟག་ལ། རིན་པོ་ཆེ་གཡག་པ་འཁྲུངས། དེས་བཞི་བཅུ་ཞེ་དགུ་བཞེས་པ་ས་ཕོ་སྟག་ལ། མཁས་གྲུབ་དོན་ཡོད་དཔལ་འཁྲུངས། དེ་དེང་སང་བརྒྱད་ཅུ་གྱ་གཉིས་པའི་སྟེང་ན་བཞུགས་པ་ཡིན་ནོ།། །།འདི་ཙམ་ཁོ་ནས་སྔོན་བྱོན་པའི། །བསྟན་འཛིན་སྐྱེས་བུ་མང་པོ་ཡི། །རྣམ་ཐར་ངང་གིས་ཤེས་གྱུར་ནས། །ཡིད་རབ་དྭང་བ་རིམ་གྱིས་འདྲེན། །ཚིག་ཉུང་དོན་མང་བརྗོད་བདེ་ཞིང༌། །དཔྱོད་ལྡན་ཚོགས་པའི་གྲལ་དག་ཏུ། །མང་པོ་མགུ་ཞིང་ཡ་རབས་སུ། །མཚོན་བྱེད་གཙུག་ལག་འདི་བྱས་སོ། །ཞེས་རྔོག་ལོ་ཙཱ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པ་མདོ་ཙམ་དུ་བྱ་བ། ངོ་མཚར་གཏམ་གྱི་རོལ་མོ་ཞེས་བྱ་བ་འདི་ནི། ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོ་ནས། ཆོས་ཀྱི་རྗེ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཀྱི་གསུང་གི་རྔ་བོ་ཆེས། ཉེ་བར་བསྐུལ་བའི་ངོར་བགྱིས་ནས། ཡུལ་དབུས་ཀྱི་སྡེ་སྣོད་འཆད་པའི་སློབ་དཔོན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་ཁྱུང་ཚང་གསེར་མདོག་ཅན་གྱི་དབེན་གནས་དམ་པར་གྲུབ་པའི། ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།། །།སརྦ་མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply