ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་གཞག་ཇི་ལྟར་འགྲུབ་པའི་ཡི་གེ་གཟུ་བོར་གནས་པའི་མཛངས་པ་དགའ་བྱེད།

༼མ༽༄༅། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་གཞག་ཇི་ལྟར་གྲུབ་པའི་ཡི་གེ་གཟུ་བོར་གནས་པའི་མཛངས་པ་དགའ་བྱེད་ཅེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི་སིདྡྷཾ། གང་ཡང་འདི་ན་ཕན་དང་བདེ་བ་ཡི། །ལམ་སྲོལ་འབྱེད་ལ་འགྲུས་པ་མི་ལྷོད་པར། །ཉི་མའི་གཉེན་ཞེས་གྲགས་པའི་འོད་སྟོང་གིས། །སྲིད་གསུམ་ཉིན་མོར་མཛད་ལ་ཕྱག་འཚལ་ནས། །གཞན་འཕྲུལ་དབང་བྱེད་བདག་པོའི་མེ་ཏོག་མདའ། །དལ་བུར་ཞུགས་པའི་སྙིང་གི་ལང་ཚོ་མ། །རྨོངས་པའི་མུན་ཆེན་མཛའ་བོའི་དབང་གྱུར་ནས། །བསྟན་པའི་ཉིན་བྱེད་མུན་པའི་ལམ་དུ་གཤེགས། །དེ་ནས་རྣམ་དཔྱོད་ཡངས་པའི་ནམ་མཁའ་ལ། །ལུང་རིགས་ཉི་ཟླའི་འགྲོས་ཆེན་གཉིས་བཤམས་པས། །མདོ་སྔགས་བསྟན་པའི་པད་ཚལ་སྐྱོང་བ་དང༌། །ཐོས་བསམ་སྒོམ་པའི་ཀུ་མུད་རྒྱས་རྒྱུར་ཅིག །ཅེས་ཤིས་པ་སྔོན་དུ་བཏང་ནས། སྐབས་སུ་བབ་པ། སྤྱིར་བསྟན་པའི་ཉི་མ་ཤར་བ་ན་མི་ནུབ་པར་འཛིན་པ་དང༌། རེས་འགའ་ནུབ་པ་ན་མྱུར་དུ་འཆར་བའི་ཤེས་རབ་དང་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པ་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་པའི་ཐ་སྙད་མཛད་དོ། །དེ་ཡང་རང་རེའི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་དང་པོར་གདུལ་བྱ་ལམ་ལ་འཇུག་པ་དང༌། བར་དུ་སྨིན་པ་དང༌། མཐར་གྲོལ་བར་མཛད་པའི་གསུང་གི་སྒོ་དེ་དག་ལ་ནི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཞེས་བྱ་ལ། དེའི་འོག་ཏུ་དགྲ་བཅོམ་པ་ཆོས་ཀྱི་སྤྱན་ལྡན་མི་བརྗེད་པའི་གཟུངས་ཐོབ་པ་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་ཚིག་བློ་ལ་འདོན་པས་བཏོན་པ་དང༌། དེའི་འོག་ཏུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དྲི་མར་གྱུར་པ་སུན་ཕྱུང་བ་དང༌། དེའི་འོག་ཏུ་སྡེ་སྣོད་གསུམ་གླེགས་བམ་དུ་བྲིས་ཏེ་བཞུགས་སུ་གསོལ་བ་ལ་ནི་བཀའ་བསྡུ་བ་རིམ་པ་གསུམ་ཞེས་བྱ་བའི་ཐ་སྙད་དོ། །དེའི་འོག་ཏུ་བསྟན་པ་འཛིན་པ་དང་དྲང་ངེས་འབྱེད་པར་ལུང་བསྟན་པའི་སློབ་དཔོན་དག་དང༌། དེའི་སློབ་མ་དང་ཉིང་སློབ་ཏུ་གྱུར་པ་རྣམས་ཀྱིས་བཀའ་དང་ཡིད་ཆེས་ཀྱི་གནས་སུ་ཁྱད་པར་མེད་པའི་བསྟན་བཅོས་ཀྱི་ཚོགས་གསར་དུ་མཛད་པ་དང༌། རྒྱལ་བའི་བཀའ་ཉིད་ཀྱི་ཆད་པ་གསོ་བ་དང༌། མ་དག་པ་སུན་ཕྱུང་བའི་སྒོ་ནས་བསྟན་པ་རིན་པོ་ཆེ་དར་ཞིང་ཡུན་རིང་དུ་གནས་པར་མཛད་པ་ཡིན་ཏེ། དཔེར་ན་མགོན་པོ་ཀླུ་སྒྲུབ་ཞབས་ཀྱི་ཀླུའི་ཡུལ་ནས་ཡུམ་སྤྱན་དྲངས་ཏེ། སའི་སྟེང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས་པ་དང༌། ཐོགས་མེད་ཞབས་ཀྱིས་དགའ་ལྡན་ནས་བྱམས་པའི་ཆོས་ལྔ་སྤྱན་དྲངས། ས་སྡེ་ལྔ་ལ་སོགས་པའི་བསྟན་བཅོས་ཀྱིས་ཤིང་རྟའི་སྲོལ་ཕྱེ་བ་ལྟ་བུའོ། །སྤྱིར་འཕགས་ཡུལ་དུ་བསྟན་བཅོས་ཀྱི་ཚོགས་སྔ་ཤོས་ནི་རིག་བྱེད་ཀྱི་བསྟན་བཅོས་དག་སྟེ། དེའི་ནང་ནས་སྒྲ་དང་གསོ་བ་རིག་པ་དང༌། སྙན་དངགས་དང་སྡེབ་སྦྱོར་ལ་སོགས་པ་ནི་ཕྱི་ནང་གཉིས་ཀའི་ཐ་སྙད་བྱེད་པ་རྣམས་ཀྱིས་ཚད་མར་ཁས་ལེན་པས། ནང་པའི་བསྟན་བཅོས་མཛད་པ་དག་གིས་ཀྱང་སངས་རྒྱས་ཀྱི་བཀའི་དགོངས་པ་འགྲེལ་བའི་ཡན་ལག་ཏུ་མཛད་པ་ཤིན་ཏུ་མང་ངོ༌། །བསྟན་པ་འདི་ཉིད་ཀྱི་དབང་དུ་བྱས་ན་མངོན་པ་སྡེ་བདུན་དུ་གྲགས་པ་ནི་བསྟན་བཅོས་ཀྱི་སྲོལ་སྔ་ཤོས་ཡིན་པར་འཆད་ལ། ཐེག་པ་ཆེན་པོའི་ཚིག་གི་བསྟན་བཅོས་ཀྱི་ཐོག་མ་ནི། མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས་འཁོར་ལོ་གསུམ་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་སོ་སོར་མཛད་པ་རྣམས་དང༌། ཐོགས་མེད་ཞབས་ཀྱིས་འཁོར་ལོ་གསུམ་པ་གཙོ་བོར་གྱུར་པའི་དགོངས་འགྲེལ་མཛད་པ་རྣམས་ཡིན་ལ། རྩོད་པ་དང་བྲལ་བའི་བསྟན་བཅོས་མཛད་པ་པོ་རྣམས་ལ་ནི་འཛམ་གླིང་གི་རྒྱན་ཞེས་གྲགས་ཤིང༌། དེ་ལ་སོགས་པ་མཁས་པ་ཆེན་པོ་ཤནྟི་པ་དང༌། འཇིགས་མེད་འབྱུང་གནས་ཡན་ཆད་རྩོད་པ་དང་བྲལ་བའི་བསྟན་བཅོས་སྐར་མའི་ཚོགས་ཙམ་གྱིས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་མི་ནུབ་པར་མཛད་དོ། །དེ་ལྟ་ན་ཐོག་མར་སྟོན་པ་ཉིད་ཀྱིས་གསུངས་པ་དང༌། བསྡུ་བ་པོས་བསྡུས་པ་དང༌། བསྟན་བཅོས་མཁན་པོ་རྣམས་ཀྱིས་བརྩམས་པ་སྟེ་ཐུབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རིམ་པ་འཕགས་ཡུལ་དུ་བྱོན་པ་ནི་མདོར་བསྡུས་ན་གསུམ་པོ་དེ་ཙམ་མོ། །དེ་ལྟར་འཕགས་པའི་ཡུལ་སྡེ་སྣོད་གསུམ་གྱི་བསྟན་པ་ལོ་སྟོང་ཕྲག་གཉིས་སམ་གསུམ་ལ་ཁད་ཉེ་བ་ཙམ་དུ་གནས་ཟིན་པ་དེའི་ཚེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བོད་ཁ་བ་ཅན་གྱི་ལྗོངས་སུ་བསམ་བཞིན་སྐྱེ་བ་བཞེས་ནས། ཤཱཀྱ་མུ་ནེའི་སྐུ་སྟོན་པ་ཉིད་ཀྱིས་རབ་ཏུ་གནས་པ་མཛད་པ་དེ་སྤྱན་དྲངས། དེའི་བྱིན་རླབས་ཀྱི་མཐུ་ལས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བྱང་ཆུབ་སེམས་དཔའ་ཞི་བ་འཚོ་དང༌། སྤྲུལ་པའི་སྐུ་པདྨ་འབྱུང་གནས་སྤྱན་དྲངས། བཻ་རོ་ཙ་ན་དང༌། ཀ་ཅོག་ཞང་གསུམ་ལ་སོགས་པ་སྤྲུལ་པའི་ལོ་ཙཱ་རང་གི་ངང་གིས་བྱོན། སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་གསང་སྔགས་ཕྱི་ནང་གི་ཆོས་མང་དུ་བསྒྱུར། ཨཽ་ཏནྟ་པུ་རིའི་བཞེངས་ཚུལ་དང༌། ཐོས་བསམ་སྒོམ་གསུམ་གྱི་གྲྭ་ཆེན་པོ་ཇི་ལྟར་ཡོད་པའི་ཚུལ་དཔེར་བླངས་ནས། དབུས་སུ་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ཁང་ཆེན་པོའི་རི་རབ་དང་མཚུངས་པ། མཐའ་བསྐོར་དུ་གླིང་བཞི་གླིང་ཕྲན་བརྒྱད་དང་མཚུངས་པའི་གཙུག་ལག་ཁང་སོ་སོར། སྡོམ་པ་འབོགས་ལེན་གྱི་གྲྭ་དང༌། འདུལ་བའི་ཁྲིམས་ཀྱིས་བརྟུལ་ཞུགས་ལ་ཡང་དག་པར་གནས་པའི་གྲྭ་དང༌། ཆོས་བསྒྱུར་བ་དང༌། འཆད་པའི་གྲྭ་དང༌། གསང་སྔགས་ཀྱི་དབང་དང་ཉམས་སུ་ལེན་པའི་སྒོམ་སྒྲུབ་ཀྱི་གྲྭ་སོ་སོར་བཙུགས་ནས་བསྟན་པའི་སྒོ་མ་ལུས་པ་མཐའ་དག་ཉི་མ་ཤར་བ་ལྟ་བུར་མཛད་དོ། །དེའི་འོག་ཏུ་མངའ་བདག་ཁྲི་རལ་པ་ཅན་གྱིས་ཡབ་མེས་ཀྱིས་བསྒྱུར་བའི་ཆོས་ཇི་སྙེད་པ་སྐད་གསར་བཅད་ཀྱིས་གཏན་ལ་འབེབས་པ། མངའ་རིས་ཀྱི་རབ་བྱུང་ཇི་སྙེད་པ་བསྡུས་ནས་ཞབས་སྤྱི་བོ་ལེན་པ། ཆོས་ཀྱི་སྒོ་དུ་མ་ནས་བགྲོ་བ་དང་གླེང་བ་དང༌། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་འབུལ་བ། ཡབ་མེས་ཀྱི་ལྷ་ཁང་ལས་བཀོད་པ་ཁྱད་པར་དུ་འཕགས་པའི་གཙུག་ལག་ཁང་བཞེངས་པ་རྣམས་དུས་ཅིག་ཆར་དུ་མཛད་པར་གྲགས་པ་དང༌། དེ་ལྟར་ན་ཆོས་རྒྱལ་མེས་དབོན་རྣམ་པ་གསུམ་གྱིས་སྟོན་པའི་སྐུ་དང༌། བསྟན་པའི་གཞི་འཛུགས་པ། བར་དུ་རབ་ཏུ་བྱུང་བ་དང་བསྟན་པ་མ་ལུས་པའི་སྒོ་དར་ཞིང་རྒྱས་པར་མཛད། ཐ་མར་བསྟན་པ་དང་བསྟན་འཛིན་ལ་མཆོད་པ་དང་རི་མོར་བྱ་བ་སྟེ། ཁ་བ་ཅན་དུ་བསྟན་པ་སྔ་དར་གྱི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར། དེ་ནས་རྒྱལ་པོ་དར་མས་བསྟན་པ་བསྣུབས་པའི་རྐྱེན་གྱིས། དབུས་གཙང་དུ་སྡོམ་པའི་བཤད་བཀའ་མེད་པ་ལོ་གྲངས་བདུན་ཅུ་ལྷག་ཅིག་བྱུང་བར་གྲགས་པ་དེའི་ཚེ་ཡང་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་འོག་མའི་བཤད་བཀའ་ཆད་པར་གྱུར་ཀྱང༌། སྤྲུལ་པའི་སྐུ་པདྨ་འབྱུང་གནས་ཀྱིས་གསང་སྔགས་གང་ཟག་སྙན་བརྒྱུད་དང༌། རིག་འཛིན་བརྡ་ཡི་བརྒྱུད་པ་དང༌། རྒྱལ་བ་དགོངས་པའི་བརྒྱུད་ཁྱིམ་པའི་ཚུལ་གྱིས་ཉམས་སུ་ལེན་པ་དང༌། རྒྱ་གར་ལ་ཁུངས་བྱུང་བའི་བསྟན་བཅོས་རྩོམ་པ་དང༌། གདུག་པ་ཅན་ཚར་གཅོད་པར་ནུས་པའི་རིག་པ་འཛིན་པ་མང་པོ་དག་ནི་རྒྱུན་མ་ཆད་པར་བཞུགས་སོ། །དེ་ལྟ་ན་ཡང་སོ་སོར་ཐར་པའི་ཚུལ་ཁྲིམས་དང༌། དམ་པའི་ཆོས་ཀྱི་ཉན་བཤད་ཕྱིས་དར་བའི་ཐོག་མ་ནི། དབུས་གཙང་གི་མི་བཅུ་མདོ་ཁམས་སྨད་ནས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བླངས། དགེ་འདུན་གྱི་སྡེ་སོ་སོར་བཙུགས། དེ་ནས་སོ་སོར་འཆད་པའི་དགེ་འདུན་གྱི་སྡེ་ཤིན་ཏུ་མང་ཞིང༌། དམ་ཆོས་འདུལ་བའི་བཤད་ཉན་རྒྱས་བསྡུས་ཅི་རིགས་པར་བྱུང་བ་དེ་ནས་བཟུང་སྟེ། དེང་སང་གི་བར་དུ་ལོ་གྲངས་བརྒྱ་ཙམ་ཆོས་འདུལ་བའི་བསྟན་པ་ལ་བར་ཆད་མ་བྱུང་ངོ༌། །ཉན་བཤད་ཕྱི་དར་གྱི་ཐོག་མ་ནི། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་ཡུལ་ཁ་ཆེ་ལ་སོགས་པར་བསླབ་སྦྱངས་མཐར་ཕྱིན་པར་མཛད། སྔོན་མེད་པའི་ཆོས་མང་པོ་གསར་དུ་བསྒྱུར། ཡོད་པ་ལ་ཞུས་ཆེན་མཛད། གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༌། སྔགས་ལོག་སུན་འབྱིན་ཞེས་བྱ་བའི་བསྟན་བཅོས་མཛད། སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་བརྙེས། དུས་འདི་ནས་བོད་དུ་གསང་སྔགས་གསར་རྙིང་གི་ཐ་སྙད་བྱུང༌། བོད་ཀྱི་མཁན་པོས་བསྟན་བཅོས་མཛད་པའི་ཐོག་མ་ནི། ལོ་ཙཱ་བ་ཡེ་ཤེས་སྡེས་ལྟ་བའི་ཤན་འབྱེད་དང༌། ལོ་ཆེན་གྱི་སྔགས་ལོག་སུན་འབྱིན་འདི་ཡིན་པར་གྲགས་ལ། ཕྱིས་ནི་ཤིན་ཏུ་མང་ངོ༌། ལོ་ཆེན་གྱིས་རང་ལོ་བརྒྱད་ཅུ་རྩ་ལྔ་པ་ལ་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་ཨ་ཏི་ཤ་བོད་དུ་སྤྱན་དྲངས། བྱང་ཆུབ་ཀྱི་སེམས་སྦྱོང་བའི་རིམ་པ་དང༌། སྣོད་ལྡན་འགའ་ཞིག་ལ་རྡོ་རྗེ་ཐེག་པའི་ཆོས་གསུངས། ཐུགས་རྗེ་དང་སྨོན་ལམ་གྱི་ཤུགས་ཀྱིས་བསྟན་པར་སྒོ་རང་གི་ངང་གིས་ཕྱེ། དེ་ནས་བཤེས་གཉེན་པོ་ཏོ་བས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བཤད་ཉན་གྱི་སྒོ་རྒྱས་པར་ཕྱེ། དེ་ནས་བཟུང་སྟེ་དེང་སང་གི་བར་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཉན་བཤད་ལ་བར་ཆད་མེད་དོ། །ཨ་ཏི་ཤའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ནི་མདོ་སྨད་དུ་སྡོམ་པ་བླངས་པའི་དབུས་པ་མི་ལྔའི་འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་བ་ཡིན་ནོ། །ཇོ་བོས་ལུང་བསྟན་ནས་ནེའུ་ཐོག་གི་གཙུག་ལག་ཁང་བཞེངས། དེའི་དབོན་པོ་རྔོག་བློ་ལྡན་ཤེས་རབ་ནི། འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་བརྙེས། རྒྱ་གར་ཤར་ནུབ་ཏུ་བསླབ་སྦྱངས་མཐར་ཕྱིན། བོད་ཡུལ་དུ་བྱམས་པའི་ཆོས་དང་ཚད་མ་སྡེ་བདུན། དབུ་མ་རང་རྒྱུད་ཤར་གསུམ་ལ་སོགས་པའི་བཤད་ཉན་གྱི་དབུ་བཙུགས། བསྟན་བཅོས་དུ་མ་མཛད། དེ་ནས་ཟུང་སྟེ་དེང་སང་གི་བར་ལོ་བཞི་བརྒྱ་བཞི་ཅུ་ཙམ་ལུང་རིགས་ཀྱི་བཤད་ཉན་ལ་བར་ཆད་མེད་དོ། །དེ་ལྟར་སོ་ཐར་སྡོམ་པའི་བཤད་བཀའ་ཆད་པ་གསོ་བ་དང༌། སྡེ་སྣོད་དང་གསང་སྔགས་ཀྱི་ཆོས་གསར་དུ་བསྒྱུར་ཞིང༌། ཨ་ཏི་ཤ་སྤྱན་དྲངས་པ་དང༌། དེ་ནས་ལུང་རིགས་ཀྱི་བཤད་ཉན་རྒྱུན་མ་ཆད་པར་དར་བ་སྟེ་བསྟན་པ་ཕྱི་དར་གྱི་ཚུལ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རིམ་པ་གསུམ་མོ།།  །།ཁྱད་པར་དབུས་གཙང་དུ་ཆོས་འཁོར་གྱི་རྣམ་བཞག་དང་ཐ་སྙད་ཇི་ལྟར་བྱུང་བའི་ཚུལ་ནི། སྤྱིར་འཛམ་བུ་གླིང་དུ་བསྟན་པ་ལ་འཕེལ་འགྲིབ་བྱུང་བའི་ཚེ་འཕགས་པའི་གནས་བརྟན་བཅུ་དྲུག་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་ཡུལ་སོ་སོ་ན་བཞུགས་པ་ལས། གང་སྐབས་སུ་བབ་པའི་ཕྱོགས་དང་གནས་དེར་དངོས་སམ་སྤྲུལ་པ་བྱོན་ནས། གང་ཉམས་ཆུང་བར་གྱུར་པའི་བསྟན་པ་དེ་སྡུད་པ་དང༌། འཛིན་པ་དང༌། ཉེས་པ་སུན་འབྱིན་པར། གནས་བརྟན་གྱི་བྱུང་ཁུངས་བརྗོད་པའི་མདོ་ལས་གསུངས་པ་དེའི་ཕྱིར་བསྟན་པ་རིན་པོ་ཆེ་འཕེལ་འགྲིབ་དང་འཇིག་རྟེན་གྱི་ཁམས་མ་རུངས་པ་དག་ཏུ་གྱུར་པ་ན། གནས་བརྟན་ཆེན་པོ་བཅུ་དྲུག་ལ་གསོལ་བ་བཏབ་ཅིང་ཐུགས་དམ་བསྐུལ་བ་དང༌། འཇིག་རྟེན་སྐྱོང་བ་བཞི་ལ་མཆོད་པ་དང་གཏོར་མ་ཕུལ་ནས་སྔོན་གྱི་དམ་བཅའ་མ་བསྙེལ་བར་བསྐུལ་བ་ནི། གང་ཉམས་ཆུང་བའི་བསྟན་པ་དེ་མྱུར་དུ་འཕེལ་བ་དང༌། འཇིག་རྟེན་གྱི་ཁམས་སུ་དགེ་ལེགས་རྒྱུན་མི་ཆད་པའི་ཐབས་ལ་མཁས་པའོ། །དེ་ཡང་ཐོག་མར་ལོ་ཙཱ་བ་ཆེན་པོས་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར། སྔགས་ལོག་སུན་འབྱིན་གྱིས་བསྟན་བཅོས་མཛད། ལྷ་བླ་མ་དང་ཕོ་བྲང་ཞི་བ་འོད་ཀྱིས་སྔགས་པ་ལ་ཆོས་དག་མ་དག་གི་དབྱེ་བ་འབྱེད་པའི་བཀའ་ཤོག་རྫངས། དེ་དག་གི་སྐབས་སུ་བསྟན་པ་འཕེལ་བའི་དགའ་སྟོན་ལ་དགེ་འདུན་གྱི་འདུ་བ་རྒྱ་ཆེན་པོ་རྩེ་ལྡེ་ཞེས་ཀྱང་བྱ། དབང་ལྡེ་ཞེས་ཀྱང་བྱ་བ་དེས་མཛད། དུས་དེར་རྔོག་ལོ་ཙཱ་བ་དང༌། དགས་པོ་དབང་རྒྱལ་དང༌། བཙན་ཁ་བོ་ཆེ་ཡང་བྱོན། ཆོས་ཀྱི་བགྲོ་བ་མང་དུ་མཛད། བསྟན་པའི་གནས་ཚད་དང༌། འདས་ལོ་དང་འབྱུང་འགྱུར་གྱི་ཚད་རྣམས་ཡི་གེར་བཀོད་དོ། །ཞེས་གྲགས་ཤིང༌། དེ་དང་དུས་མཚུངས་པར་མགོས་ལྷ་བཙས་ཀྱིས་ཆོས་ལ་དག་གཏེར་གྱི་འཇམ་ཡིག་ཆེ་ཆུང་དང༌། གསང་བ་འདུས་པའི་སྟོང་ཐུན་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། དུས་དེ་ནས་ས་སྐྱ་པ་ཆེན་པོ་ཞལ་བཞུགས་པ་ཡན་ཆད་དུ་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་ཆོས་མཐའ་དག་ཉེས་པས་མ་བསླད་པར་གོང་འཕེལ་དུ་བཞུགས་ཞེས་གསུང་ངོ༌། །དེ་ནས་ཆོས་འཁོར་གྱི་རྣམ་བཞག་ཁྱད་པར་ཅན་ནི་ཆོས་ཀྱི་རྗེ་ས་སྐྱ་པས་མཛད་པ་ཡིན་ཏེ། དེ་ཡང་ཅུང་ཟད་ཕྱེ་སྟེ་བརྗོད་ན། ས་སྐྱ་པ་ཆེན་པོ་ཡབ་སྲས་གསུམ་ནི། མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་མངའ་བདག སྡེ་སྣོད་གསུམ་པོ་མཐའ་དག་ལ་བསླབ་སྦྱང་ཕུལ་དུ་ཕྱིན་པར་མཛད་ཅིང༌། ཁྱད་པར་ཆོས་ཀྱི་གྲགས་པའི་ཚད་མ་ལ་བསླབ་སྦྱངས་ཕུལ་དུ་བྱུང་བར་བཞུགས་པ་ལས། བཤད་རྒྱུད་ཀྱི་བསྟན་པ་གཞན་ལ་རག་མ་ལས་པར་གསར་དུ་འཛུགས་པའི་དགོངས་པ་མངའ་བར་གྱུར་པ་ལས། ཕྱིས་རྗེ་བཙུན་པཎྜི་ཏའི་ཞལ་མངའ་ནས། ཡབ་མེས་ཀྱི་ཆོས་ལུགས་ཇི་སྙེད་པ་མངོན་པར་བྱང་ཆུབ་ཅིང༌། ཉམས་ལེན་དང་ཆོས་ཀྱི་བརྒྱུད་པ་མཐའ་དག་རྒྱུན་མ་ཆད་པར་སྤེལ་བའི་མཛད་པ་ལས་གཡེལ་བ་མེད་བཞིན་དུ་ཡང༌། བོད་ན་གྲགས་པའི་སྡེ་སྣོད་ཀྱི་ཆོས་ཇི་སྙེད་པ་དང༌། ཁྱད་པར་རྟོག་གེ་སྡེ་བདུན། རྔོག་ལོ་ནས་བརྒྱུད་པའི་ཚད་བསྡུས་ལ་ཤིན་ཏུ་མཁས་ཤིང༌། བྱང་ཆུབ་པར་གྱུར་ནས། ཉང་སྟོད་སྨད། ནེའུ་ཐོག་དང༌། བསམ་ཡས་ལ་སོགས་པར་བཤད་པ་དང་རྣམ་བཞག་རྒྱ་ཆེན་པོ་མཛད། དེའི་ཚེ་ཁ་ཆེ་པཎ་ཆེན་པཎྜི་ཏ་དུ་མའི་གྲོགས་དང་བཅས། འབད་མེད་ལྷུན་གྲུབ་ཏུ་ཆུ་མིག་རིང་མོ་ལ་སོགས་པར་ཕེབས། རབ་ཏུ་བྱུང༌། བསྙེན་པར་རྫོགས། ཆོས་འདུལ་བ་དང༌། ཚད་མ་ཆོས་མཆོག་གསན། སུ་ག་ཏ་ཤྲཱི་ལ་སོགས་པ་ས་སྐྱར་སྤྱན་དྲངས། སྡེ་སྣོད་དང་རིག་པའི་གནས་མ་ལུས་པ་གསན་ཞིང་མཁས་པར་སྦྱངས། དེ་དག་གི་གོང་རོལ་ན་བོད་ཀྱིས་རིག་པའི་གནས་ལྔ་ཤེས་པ་གཞན་མེད་པས། ཁོང་ལ་པཎྜི་ཏའི་མཚན་ཀུན་གྱིས་མཐུན་པར་བཏེགས། སྤྱིར་ཆོས་མང་རབ་ཀྱི་གསར་འགྱུར་དང་འགྱུར་བཅོས་མཛད། ཁྱད་པར་སྒྲ་དང་སྙན་དངགས་དང་སྡེབ་སྦྱོར་དང༌། མིང་གི་མངོན་བརྗོད་དང༌། ཟློས་གར་དང༌། གསོ་བ་དང༌། བཟོ་དང༌། སྐུ་གཟུགས་ཀྱི་ཕྱག་ཚད་ལ་སོགས་པའི་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་མ་འགྱུར་ཡང༌། རྒྱ་དཔེའི་སྟེངས་སུ་བསླབ་སྦྱངས་མཐར་ཕྱིན་པར་མཛད་ནས། གལ་ཆེ་བའི་ཐད་ཀ་རྣམས་ལ་འགྱུར་དང༌། དེ་གསལ་བར་སྟོན་པའི་བསྟན་བཅོས་དུ་མ་མཛད། སྐབས་དེར་ཀུན་གྱིས་ལོ་ཙཱ་བའི་མཚན་གསོལ། དེ་དག་གི་སྐབས་ཤིག་ཏུ་ཚངས་པ་དང་ཁྱབ་འཇུག་གི་རྗེས་སུ་འཇུག་པའི་མུ་སྟེགས་ཀྱི་སྟོན་པ་དག་གིས། ཁ་བ་ཅན་གྱི་ས་སྐྱ་པའི་ཆོས་སྨྲ་བ་དག་དང་རྩོད་པའི་དུས་བཏབ། ལུང་རིགས་སྨྲ་བ་ཁ་ཅིག་གི་གྲོགས་དང་བཅས། མང་ཡུལ་སྐྱིད་པའི་གྲོང་ཁྱེར་དུ་ཆས་ཏེ་བྱོན། བསྟན་པ་དཔང་དུ་བཙུགས་ཏེ་སཾ་སྐྲྀ་ཏའི་སྐད་ཀྱིས་དེ་དང་བརྩད་པ་ན། དུས་དེར་རྒྱ་གར་ན་རྩོད་པའི་ཁྱུ་མཆོག་གཞན་ལས་ཁྱད་པར་དུ་འཕགས་པར་གྲགས་པ་འཕྲོག་བྱེད་དགའ་བོ་སློབ་མའི་ཚོགས་དང་བཅས་པ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ནས་འཁོར་དུ་ཁྲིད་ནས་ཕེབས་སོ། །དེ་ནས་བོད་ཀྱི་བཤད་སྲོལ་གཞན་ལ་རག་མ་ལས་པའི་སོ་སོར་ཐར་པ་དང༌། རྟོག་གེ་དང༌། མངོན་པ་དང་མདོ་སྡེ་དང་རིག་པའི་གནས་ལྔ་ལ་སོགས་པ་བཤད་པའི་གྲྭ་ཆེན་པོ་འཛུགས་པར་བཞེད་ནས། བོད་ལ་གྲགས་པའི་རྟོག་གེ་སུན་འབྱིན་པ་ཚད་མ་རིགས་པའི་གཏེར་དང༌། གསང་སྔགས་རྙིང་མ་དང༌། བཀའ་གདམས་དང༌། ཕྱག་རྒྱ་བ་སྤྱི་དང་ཁྱད་པར་བ་དག་དང༌། རྒྱ་གར་ནས་གསར་དུ་འགྱུར་བའི་ཆོས་ལུགས་འགའ་ཞིག་སྟེ། དེ་དག་རྣམས་ལ་རིལ་པོ་འགོག་པར་མི་མཛད་ཀྱང༌། ནོར་པའི་འཕྲང་ཡོད་པ་རྣམས་སུན་འབྱིན་པའི་བསྟན་བཅོས། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་དང༌། སངས་རྒྱས་ལ་ཞུ་འཕྲིན་དང༌། མཁས་པ་འཇུག་པའི་སྒོ་ལ་སོགས་པ་མཛད། དེ་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་དང༌། འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཁས་བཙུན་བཟང་གསུམ་གྱི་སྙན་པས་འཛམ་བུ་གླིང་ཐམས་ཅད་ཁྱབ་པར་གྱུར་པ་དང༌། སྐུ་ཚེ་འདི་དང་ཕྱི་མའི་ལུང་བསྟན་པ་རྣལ་འབྱོར་དབང་ཕྱུག་དང་རྗེ་བཙུན་སོགས་ལས་བརྙེས་པས་ཆོས་ཀྱི་རྗེ་ཞེས་བྱ་བའི་མཚན་ཡང་སྔོན་བོད་དུ་མ་གྲགས་པ་འདི་པས་ཐོབ་པའོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས་དགེ་འདུན་གྱི་སྡེ་དང་ཀློག་པ་པའི་གྲྭ་ཆེན་པོ་ཚུགས། ཆོས་རྣམ་པར་དབྱེ་བའི་བསྟན་བཅོས་ཀྱི་ཚོགས་ཀྱང་གྲུབ། རིག་པའི་གནས་ལྔ་ཡང་སྔོན་མ་གྲགས་པ་དག་འགྱུར། རྡོ་རྗེ་ཐེག་པའི་ཕྱག་ལེན་དང་ཉམས་ལེན་སྒོ་དུ་མ་ནས་མ་ཚང་བ་མེད་པར་བཞུགས་པ་དེའི་ཚེ། རྗེ་གོང་མ་གསུམ་གྱི་དགོངས་པ་ཟབ་མོ་ཡོངས་སུ་རྫོགས་པའི་དགའ་སྟོན་ལ་དགོངས་ནས། ཕྱོགས་བཅུའི་དགེ་འདུན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་དང༌། སྡེ་སྣོད་དང་རྒྱུད་སྡེའི་ཚིག་དོན་ལ་མཁས་པ་དང༌། གཞུང་སྣ་རེ་ཙམ་བཟུང་བ་ཡན་ཆད་འདུ་བ་རྒྱ་ཆེན་པོ་སྤྱན་དྲངས། ཞག་གྲངས་དུ་མའི་བར་དུ་བསྙེན་བཀུར་བ་དང༌། བཀུར་བསྟི་དང་རྙེད་པའི་ཚོགས་ཀྱིས་མཉེས་ཤིང་ཚིམ་པར་བྱས། ཆོས་ཀྱི་རྣམ་གྲངས་མང་པོ་སྒོ་དུ་མ་ནས་གླེང་སླང་བ་དང༌། བཀའ་བགྲོ་བ་དང་རྒལ་ཞིང་བརྟག་པའི་རིམ་པས་ཐམས་ཅད་མགུ་ཞིང་ཡིད་རང་བར་མཛད། རྗེ་ཉིད་ཀྱིས་འདུས་པ་རྒྱ་མཚོའི་དབུས་སུ་སོ་སོར་ཐར་པའི་མདོ་དང༌། དུས་བཟང་པོའི་མདོ་གཙང་ཞིང་དག་པར་འདོན་པ་བཏོན་པས་མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་མཛད། སྔོན་མེད་པའི་ཆོས་ཀྱི་བྱུང་ཚུལ་དང༌། བསྟན་པའི་གཏད་རབས་དང་འདས་ལོ་རྣམས་གཏམ་རྙིང་པ་དང་སྦྱར་ནས་རྒྱས་པར་གསུངས་པས། ས་སྐྱ་པས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཞེས་པའི་གཏམ་ཆེན་པོས་འཛམ་བུའི་གླིང་མཐའ་དག་ཁྱབ་པར་བྱུང༌། བསྟན་རྩིས་ཀྱི་རྣམ་བཞག་ཀུན་ལ་ཐུན་མོང་དུ་གྲགས་པ་འདི་ནི་དུས་དེར་མཛད་པ་འདི་ཉིད་ལས་གཞན་མེད་ལ། དེ་ལྟར་ན་སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་བཞུགས། ས་ཕོ་འབྲུག་ལ་བལྟམས་པ་ནས་བཟུང་སྟེ། དེང་སང་ཤིང་མོ་ཡོས་ཀྱི་ལོ་ཤར་བ་འདི་ཡན་ཆད་ལ་ལོ་གསུམ་སྟོང་དང་བདུན་བརྒྱ་ཐམ་པ་ཐལ་བར་བྱེད། དེ་ལྟར་སྲོལ་བསྟོད་པ་དེའི་རྗེས་སུ་འཕགས་པ་རིན་པོ་ཆེས། ཀློག་པ་པའི་བཤེས་གཉེན་ཁྲི་ཚོ་བདུན་དང༌། དེའི་རྗེས་སུ་ཁྲི་ཚོ་ལྔས་བསྡུས་པའི་ཆོས་ཀྱི་འཁོར་ལོ་ལན་གཉིས་མཛད་པ་ལ་རྙེད་པ་དང༌། བཀུར་བསྟི་སྔ་མ་ལས་ཆེས་ལྷག་པར་བྱུང་བ་དང༌། ཏི་ཤྲཱི་ཀུན་དགའ་བློ་གྲོས་བོད་དུ་བསྙེན་རྫོགས་ལ་བྱོན་པའི་ཚེ་ཆོས་འཁོར་གྱི་རྣམ་བཞག་རྒྱ་ཆེན་པོ་དང༌། གཏན་ཚིགས་ཀྱི་རྣམ་བཞག་སྔ་མ་དེ་ཉིད་སོར་བཞག་ནས་མཛད། དེ་ཐམས་ཅད་ཀྱང་དབུ་རྩེ་གསར་རྙིང་ལ་སོགས་པའི་སྐུའི་རྟེན་དང༌། བཀའ་དང་བསྟན་བཅོས་འགྱུར་རོ་ཚལ་གྱི་གླེགས་བམ་རིན་པོ་ཆེ་ལས་གྲུབ་པ་དང༌། ཕྱི་རྟེན་སྐུ་འབུམ་རྣམས་གྲུབ་པ་དང༌། དེ་ཐམས་ཅད་ལ་གསེར་གདུགས་ཁེལ་བ་ལ་སོགས་པའི་དུས་ཀྱི་རབ་ཏུ་གནས་པའི་དགའ་སྟོན་དང་སྒོ་བསྟུན་ནས་མཛད་དོ། །དུས་ཕྱིས་ཆོས་རྗེ་བླ་མ་དམ་པས་རང་ལོ་རེ་གཅིག་བཞེས་པའི་ཚེ་བོ་དོང་ཆོས་འཁོར་དུ་གྲགས་པ་དང༌། རེ་གསུམ་པ་ལ་བསམ་ཡས་ཆོས་འཁོར་དུ་གྲགས་པ་རྣམས་མཛད་ཅིང༌། གཏན་ཚིགས་ཀྱི་རྣམ་བཞག་སྔ་མ་དང་ཅུང་ཟད་མི་མཐུན་པར་བྱུང་ཞེས་གྲག་གོ །དེ་ལྟར་ས་སྐྱ་པས་ཆོས་འཁོར་མཛད་པའི་གྲུབ་འབྲས་ནི་བསྟན་པ་འཛིན་པའི་བཤེས་གཉེན་ཇི་ཙམ་བྱུང་བ་དང༌། བཤད་རྒྱུད་འཛིན་པའི་ཆོས་ཀྱི་གྲྭ་ཇི་ཙམ་ཚུགས་པ་དག་མདོར་བསྡུས་པ་བརྗོད་པ་ནི། རྗེ་བཙུན་གོང་མ་གསུམ་གྱི་བྱིན་རླབས་དང༌། ཆོས་རྗེ་ཁུ་དབོན་གྱིས་མཛད་པའི་རྣམ་པར་ཐར་པ་ལས་འཁྲུངས་པ་ནི། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སྐུ་མཆེད་དང༌། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཞང་དབོན་གསེར་རིའི་ཕྲེང་བ་ལྟར་རྒྱུད་མར་བྱོན་པ་རྣམས་དང༌། ཀུན་མཁྱེན་དོལ་པོ་བ། མ་ཏི་པཎ་ཆེན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་སོགས་མུ་ཏིག་གི་ཕྲེང་བ་ལྟར་བྱོན་པ་རྣམས་ནི་མཚོན་པ་ཙམ་དང༌། ཁྱད་པར་སྡེ་སྣོད་དང་རྣམ་འགྲེལ་གྱི་བཤད་རྒྱུན་འཛིན་པ་ལ། འུ་ཡུག་པས་རྣམ་བཤད་རིགས་མཛོད་དང༌། བསྡུས་པ་རིགས་སྒྲུབ་མཛད། རྣམ་འགྲེལ་ལུགས་ཀྱི་རྣམ་བཤད་ཀྱི་ཐོག་མ་ཡིན་པར་གྲགས། ཏེ་ར་བ་བྱམས་མགོན་དང༌། སྡོང་སྟོན་ཤེས་རབ་དཔལ་དང༌། དཀར་ཤཱཀྱ་གྲགས་དང༌། ཤར་པ་ཤེས་རབ་འབྱུང་གནས། ནགས་ཕུག་པ་ཤེས་རབ་འོད་ཟེར་དང༌། ལྷོ་པ་ཀུན་མཁྱེན་ལ་སོགས་དངོས་ཀྱི་སློབ་མ་རྣམ་འགྲེལ་མཁས་པར་མཁྱེན་པ་དག་ཡིན་ཞེས་གྲགས་ལ། ཕྱིས་ནི་རྒྱ་ནོར་བྱ་གསུམ་དང༌། ཉ་དར་མ་རིན་ཆེན། ཉ་དབོན་ཀུན་དགའ་དཔལ། མཁས་པའི་དབང་པོ་གཡག་གཞོན་གཉིས་རྣམས་ཏེ། ཉི་ཟླ་ལྟར་གྲགས་པ་བྱོན་པ་རྣམས་ནི་མཚོན་པ་ཙམ་མོ། །རྣམ་འགྲེལ་གྱི་རྣམ་བཤད་ས་ལུགས་དང་བསྡུས་པ་རིག་གཏེར་ལྟར་འཛིན་པའི་བཤད་གྲྭ་ཚུགས་པ་ནི། དཔང་ལོ་ཆེན་པོས་བོ་དོང་ཨེར། རྣམ་འགྲེལ་དང༌། མངོན་པ་ཀུན་ལས་བཏུས་ཀྱི་བཤད་གྲྭ་བཙུགས། དཔོན་ཆེན་བྱང་པས་ངམ་རིངས་ཀྱི་ཆོས་གྲྭ་དང༌། ཀུན་སྤངས་ཆོས་གྲགས་དཔལ་བཟང་གི་བཟང་ལྡན་དང༌། སི་ཏུ་ཆོས་རིན་དཔལ་གྱིས་ཤེལ་དཀར་གྱི་ཆོས་སྡེ་དང༌། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དཔལ་རྩེ་ཐང་གི་ཆོས་གྲྭ་ཆེན་པོ་བཏབ། ཉ་དབོན་ཀུན་དགས་རྩེ་ཆེན་བཏབ། མཁན་བྱང་ཆུབ་དཔལ་གྱིས་རབ་སྒང་ཀ་བཞི་དགོན་བཏབ། སི་ཏུ་རབ་བརྟན་འཕགས་ཀྱིས་ཉང་སྟོད་ལྕང་རྭའི་ཆོས་གྲྭ་བཏབ་པ་དང༌། དྲུང་ནོར་བཟང་པ་སྐུ་མཆེད་ཀྱིས་རོང་བྱམས་ཆེན་གྱི་ཆོས་གྲྭ་བཏབ་པ་རྣམས་ནི་མཚོན་པ་ཙམ་སྟེ། དེང་སང་རྣམ་འགྲེལ་གྱི་བཤད་རྒྱུན་ས་སྐྱ་པ་ལས་མ་རྒྱུད་པ་སུ་ཡང་མེད་དོ། །གསང་བདེ་གུང་གསུམ། ཁྲོ་ཕུ་སྣར་ཐང་ཞྭ་ལུ། གནས་རྙིང་རྣམས་ནི་རྔོག་ལོའི་བཤད་རྒྱུན་འཛིན་པ་ཡིན་མོད། ཚད་མ་རྣམ་པར་ངེས་པ་དང་ཚད་བསྡུས་ཀྱི་ཆོས་སྐད་སློབ་པ་དང་འཆད་པ་གཉིས་དེང་སང་ནུབ་པ་ལ་ཁད་ཉེ་བར་སྣང་ངོ༌། །རྣམ་འགྲེལ་གྱི་རྣམ་བཤད་གདུང་བརྒྱུད་ཞལ་ངོས་མཛད་པ་ནི་རྗེ་བླ་མ་དམ་པས་རྣམ་བཤད་རྒྱས་པ་དང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་བསྡུས་པ་གཅིག་མཛད། རྣམ་འགྲེལ་གྱི་གཞུང་སྐྱུར་ལེན། སྔོན་ནས་ད་ལྟའི་བར་དུ་ས་སྐྱའི་ཚོགས་ལས་མང་བ་འབྱུང་མ་མྱོང་ལ། ཉ་ཊཱིག་མཛད་པའི་དུས་དེར་ཚིག་རྐང་པ་ཕྱེད་རེ་ཙམ་ལས་མ་ཐོབ་པ་བྱུང་ཞེས་གྲག་གོ །ཁྱད་པར་དུ་མཁས་པ་གཡག་གཞོན་གྱི་ཕྲིན་ལས་ནི་ནམ་མཁའ་དང་མཉམ་སྟེ། གཡག་པས་དགའ་ལྡན་པའི་འཆད་ཉན་ལོ་བཞི་བཅུ་ཞེ་ལྔའི་བར་དུ་མཛད། རེད་མདའ་པས་ཤར་བའི་འཆད་ཉན་ལོ་བཅོ་བརྒྱད་ཙམ་མཛད། དང་པོ་ལ་སློབ་མའི་ཚོགས་སྐར་མའི་གྲངས་ལས་མང་བ་བཞུགས་ཀྱང༌། བརྒྱུད་འཛིན་གྱི་གཙོ་བོ་ནི། རྗེ་ངོར་པ་དང་རྒྱལ་རོང་པ་ཆེན་པོ་གཉིས་ཡིན་ལ། དང་པོས་རང་ལོ་ཞེ་བརྒྱད་པ་ས་མོ་བྱ་ལ་ཨེ་ཝཾ་ཆོས་ལྡན་གྱི་མགོན་པ་བཏབ། མདོ་སྔགས་གཉིས་ཀ་དང་ཁྱད་པར་རྣམ་འགྲེལ་གཡག་ཊཱིཀ་དང་རིགས་གཏེར་འཆད་པའི་གྲྭ་ཁང་དང་ཆོས་གཞིས་བཙུགས། དེ་ནས་མཆེད་པ་ལ་གློ་བོ་ཐུབ་བསྟན་རྣམ་རྒྱལ་དང༌། པུ་རང་ཆོས་སྡེ་རྒྱལ་བྱེད་ཚལ། ཆུ་འདུས་ཆོས་སྡེ་ཆོས་འཁོར་ནོར་བུ་གླིང་རྣམས་སྐུ་དངོས་ཀྱིས་བཙུགས། གུ་གེ་བརྒྱ་གླིང་ཐང་དང༌། རྟིང་ཁེབས་ཀྱི་ཆོས་འཁོར་དགའ་ལྡན་རྩེ་མོ་ཡང་རྗེ་ཉིད་ཀྱི་ཞལ་ལྟས་ཁྱབ་ནས་བཙུགས་པའོ། །རྗེ་རྒྱལ་རོང་པ་ཆེན་པོས་རང་ལོ་རེ་དགུ་པ་ཤིང་མོ་ཡོས་ལ་ཤྲཱི་ནཱ་ལེནྡྲའི་ཆོས་གྲྭ་བཏབ། དེ་ནས་འཕྲོས་པ་ལ། ཤར་རྒྱལ་མོ་རོང་དུ་བཙན་ལ་རྒྱལ་བུས་སྦྱིན་བདག་མཛད་ནས། གཞུ་སྟོན་བསོད་ནམས་རིན་ཆེན་གྱིས་རྒྱལ་བྱེད་ཚལ་གྱི་ཆོས་གྲྭ་བཏབ། རབ་སྒང་དུ་ལྷ་འབྲི་ཤེས་རབ་རྡོ་རྗེས་དགེ་འཕེལ་གྱི་ཆོས་གྲྭ་བཏབ། སྤོམ་འབོར་དུ་དབུས་སྟོན་རིན་ཆེན་བློ་གྲོས་ཀྱིས་ར་མདོ་ཆོས་འཁོར་གླིང་གི་ཆོས་གྲྭ་བཏབ། མཁན་ཆེན་པདྨ་བཟང་པོས་ཆོ་ཤུལ་བྱང་ཆུབ་གླིང་དང༌། ཆོས་ལུང་བཀའ་བཅུ་པའི་མཚན་ཅན་གྱིས་གཙང་སྒ་གདོང་གཉིས་ཀྱང་རྗེ་རྒྱལ་རོང་པ་ཉིད་ཀྱི་བཞུགས་གནས་སུ་དམིགས་ནས་བཏབ་པའོ། །ནཱ་ལེནྡྲ་བཏབ་ནས་ལོ་ཉི་ཤུ་རྩ་ལྔ་ལོན་པ་མེ་མོ་ཡོས་ལ་འབྲས་ཡུལ་དུ་བཤད་པའི་གྲྭ་བཙུགས། དེ་ནས་ལོ་དྲུག་ལོན་པ་ཆུ་ཕོ་སྤྲེའུ་ལ་མཁས་གྲུབ་དོན་ཡོད་དཔལ་གྱིས་པཎ་ཁྱུང་ཚང་དུ་བཤད་གྲྭ་བཙུགས། དེ་ནས་ལོ་བཅོ་ལྔ་ལོན་པ་མེ་མོ་ཁྱི་ལ་གོ་བོ་རབ་འབྱམས་པས་རྟ་ནག་གསེར་གླིང་དུ་བཤད་གྲྭ་བཙུགས། བཤད་གྲྭ་གསུམ་པོ་འདི་ཐོག་མར་འཛུགས་པ་དང་བར་དུ་ཆགས་པའི་མཐུན་རྐྱེན་བླ་ན་མེད་པ་ནི་ས་སྐྱོང་ནོར་བུ་བཟང་པོ་ཡབ་སྲས་ཀྱིས་མཛད་པས། ཕྱིས་གཙུག་ལག་ཁང་དང་ཆོས་སྡེ་ཕུན་སུམ་ཚོགས་པ་དར་ཞིང་རྒྱས་པར་གྱུར་ཏོ། །ཡང་གོང་དཀར་རྡོ་རྗེ་གདན་ནི་ཐེག་ཆེན་ཆོས་རྗེའི་འཕྲིན་ལས་ཀྱིས་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱིས། མེ་ཕོ་སྤྲེའུའི་ལོ་ལ་བཏབ། མདོ་སྔགས་གཉིས་ཀའི་བཤད་གྲྭ་བཙུགས་ཏེ། མདོར་ན་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་སྡེ་སྣོད་གསུམ་གྱི་བཤད་གྲྭ་ཐོག་མར་བཙུགས་ནས། དབུས་གཙང་ཉིད་དུ་བཤད་གྲྭ་ཇི་ལྟར་བཙུགས་པའི་ཚུལ་རགས་རིམ་བརྗོད་པ་སྟེ། མདོ་ཁམས་དང་རྒྱ་ཧོར་དུ་དར་ཚུལ་ནི་རེ་ཤིག་འདིར་མ་བརྗོད་ལ། ས་སྐྱ་པས་ཉམས་ལེན་སྒྲུབ་པའི་རྒྱལ་མཚན་གཞན་ལ་རག་མ་ལས་པར་ཚུགས་པ་དང༌། རྡོ་རྗེ་ཐེག་པའི་ཉན་བཤད་བླ་ན་མེད་པ་དེ་ལྟར་དུ་ཚུགས་པ་དང༌། འཇིག་རྟེན་གྱི་གོ་འཕང་དང་གཞུང་ལུགས་སྔོན་གྱི་ལྷ་བཙན་པོ་དག་ལས་ཀྱང་ཁྱད་པར་དུ་འཕགས་པ་ཙམ་ཇི་ལྟར་བྱུང་བའི་ཚུལ་ནི་འདིར་སྨོས་མ་དགོས་ལ། དེའི་རྒྱུ་མཚན་གྱིས་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་ལོ་རྒྱུས་གཏོང་བ་རྣམས་ཀྱིས་སྙིགས་དུས་ཀྱི་འགྲོ་བ་ཕལ་མོ་ཆེ་ལ་ཆོས་རྗེ་ས་སྐྱ་པའི་ཆོས་རྒྱུད་དང་གདུང་རྒྱུད་བཀའ་དྲིན་ཆེ་ཞེས་གསུང་དགོས་པར་བཀས་བཅད་པ་ཡིན་ནོ། །ཡང་བཤེས་གཉེན་ཆེན་པོ་རེད་མདའ་པ་ནི་ས་སྐྱ་པའི་བཤེས་གཉེན་ཆེན་པོ། ཁྱད་པར་ཀུན་མཁྱེན་དོལ་པོ་བའི་ཆོས་རྒྱུད་པ་དག་ལས་རབ་ཏུ་བྱུང་ཞིང༌། བསླབ་སྦྱངས་མཛད་པར་སྣང་ཡང༌། ཕྱིས་གྲུབ་པའི་མཐའ་འཇོག་ཚུལ། དུས་ཀྱི་འཁོར་ལོའི་རྩ་འགྲེལ་ཕྱི་ནང་འདྲེས་པའི་བསྟན་བཅོས་དང༌། འཁོར་ལོ་གསུམ་པའི་མདོ་དང་བྱམས་པའི་ཆོས་ཐམས་ཅད་ལྟ་བ་སེམས་ཙམ་ལས་མ་འདས་པ་དང༌། རྒྱུད་གསུམ་མན་ངག་དང་བཅས་པའི་ལྟ་བ་ཡང་སེམས་ཙམ་ལས་མ་འདས་པ་ཁོ་ནར་མ་ཟད། གསང་བ་འདུས་པའི་འོད་གསལ་གྱི་རིམ་པ་ཡང་བོད་སྔ་མས་སེམས་ཙམ་དུ་བཀྲལ་ཞེས་དང༌། དབུ་མ་རང་རྒྱུད་ཀྱི་ལྟ་བ་ས་དང་པོ་ནས་འདོར་དགོས་པ་དང༌། ཐལ་འགྱུར་གྱི་ལྟ་བ་སངས་རྒྱས་ཀྱི་སར་ཡང་འདོར་དགོས་པ་དང༌། རྗེ་བཙུན་རྩེ་མོ་དང་ཆོས་རྗེའི་མཚན་ཉིད་ཐེག་པའི་བཤད་པ་འགའ་ཞིག་ལ་མཐིང་སླད་བྱེད་པར་སྣང་ངོ༌། །བཤེས་གཉེན་དེ་ལ་སློབ་མ་གཞུང་ལུགས་རབ་འབྱམས་དུ་སྨྲ་བ་བདུན་དུ་གྲགས་པ་ལས། ཤར་བཙོང་ཁ་པ་ཆེན་པོ་དང༌། རྩོད་པ་ཕུལ་ཕྱིན་དར་མ་རིན་ཆེན་གཉིས་དང༌། བཀའ་བཅུ་སྨྲ་བ་རྣམས་ཀྱི་ནང་ནས་རྒྱ་མཁར་བཀའ་བཅུ་པ་དགེ་ལེགས་དཔལ་ཏེ། འདི་དག་ལ་བཙོང་ཁ་པ་ཡབ་སྲས་གསུམ་ཞེས་གྲགས་པ་དེས། སྔོན་བོད་ཀྱི་བཤད་རྒྱུད་པ་དང་སྒྲུབ་རྒྱུད་པ་མཐའ་དག་ལས་ལོགས་ཤིག་ཏུ་མདོ་སྔགས་གཉིས་ཀའི་ཤིང་རྟའི་སྲོལ་ཆེན་པོ་དང་པོར་འབྱེད་པ་དང༌། བར་དུ་འཛིན་པ་དང༌། ཐ་མར་ལུགས་སྔ་མ་དག་ཁྱད་དུ་བསད་པའི་གཏམ་ཆེན་པོས་མཐར་ཕྱིན་པར་མཛད་ཅིང༌། ཆོས་ཀྱི་གཏམ་དེ་དག་ཡང་ཀློག་པ་བ་མཐའ་དག་གི་སྔོན་གྱི་བག་ཆགས་དང་མཐུན་པར་སད་པས་གངས་ཅན་གྱི་ལྗོངས་པ་ཕལ་ཆེ་བ་ལ་ཁྱབ་པར་གྱུར་པ་ཡིན་ལགས། དེ་ཡང་དུས་རེ་ཤིག་གི་ཚེ། སྟོད་ལུང་གནམ་རྩེ་ལྡང་གི་གཙུག་ལག་ཁང་དུ་དབུས་གཙང་གི་སྡེ་བདག་སོ་སོས་མཐུན་རྐྱེན་ཕུལ་ནས། ལོ་ཙཱ་བ་སྐྱབས་མཆོག རེད་མདའ་བ། བཙོང་ཁ་པ་ཆེན་པོ། ཆོས་རྗེ་རྣམ་གསུམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཀའ་དྲིན་ཆེའོ་ཞེས་གླེང་བ་དེ་ནི་མདོ་སྔགས་ཀྱི་བཤད་པ་མཛད་པ་ལ་འཕྲོས་ནས། བཙོང་ཁ་པ་ཆེན་པོས་ལམ་རིམ་རྣམ་པ་གཉིས་ཀྱིས་སྲོལ་འབྱེད་པའི་བཞེད་པ་དང་མཐུན་པར་ལོ་ཙཱ་བ་སྐྱབས་མཆོག་གིས་བསྐུལ་བ་དང༌། ཁྱད་པར་འདུལ་བའི་བཅའ་ཁྲིམས་ཀྱི་བསླབ་བྱ་ཡི་གེར་བྲིས་ནས་ཆོས་གྲྭ་སོ་སོ་བ་རྣམས་སུ་རྣམ་པར་བཞག་པ་དང་བཅས་ཏེ། འདུལ་བའི་ཕྱག་ལེན་འདི་ལྟར་མཛོད་ཅིག་པའི་ཞུ་ཕྲིན་འབུལ་བའི་ཕོ་ཉ་བ་མངགས་པ་ལ་བརྟེན་ནས། དེང་སང་གི་བར་དུ་བྱིན་ལེན་དང་ལག་ཉ་དང་མཚམས་བཅོས་དང་ཞག་ལོན་དང༌། གུང་ཚིགས་དང་སོག་འཇོག་དང༌། རུང་ཆུ་དང༌། སྔ་ཆབ་ཕྱི་ཆབ་དང༌། མཆིལ་ལྷྭམ་དང༌། ཆོས་གོས་ཀྱི་སྣམ་ཕྲན་དང༌། ཟླུམ་པོར་བགོ་བ་དང༌། གདིང་བ་དང༌། ཡན་ལག་སྨད་ལྔའི་ཕྱག་དང༌། ཞྭ་སེར་དང༌། ཟླ་ཁམ་དང༌། མྱོས་འགྱུར་ལ་བག་ཡོད་པར་བྱ་བ་རྣམས། སྔོན་ཤ་མིའི་ལག་ལེན་ལ་ཤིན་ཏུ་གསལ་ཡང་བར་སྐབས་སུ་ནུབ་པས་གསོས་བཏབ་པར་གྲགས་པ་ནི་ཆོས་ཀྱི་འཁོར་ལོའི་རྣམ་བཞག་གཞན་གཉིས་པར་བྱུང་བ་དང༌། ཡང་དྲུང་ཆེན་ཏའི་སི་ཏུས་ལྷ་སར་ཡོན་ཕུལ་ནས། ཇོ་བོ་དྲུང་དུ་གསང་བདེ་གུར་གསུམ། སྒ་སྐྱོར་ཟུལ་གསུམ་དང་ཚོགས་སྡེ་བཞི་སྤྱན་དྲངས། ཆོས་འཁོར་གྱི་རྣམ་བཞག་ལན་གཉིས་མཛད་པ་དང༌། ཚལ་པས་ཀྱང་དེ་ལྟར་མཛད་ཅེས་གྲགས་པ་དང༌། འཇམ་དབྱངས་གུ་ཤྲཱིས་ཡར་ལུངས་སུ་རྗེ་བླ་མ་དམ་པ་ཐོག་མར་བཞུགས་སུ་གསོལ། ཆོས་སྡེ་སྔ་མ་རྣམས་ཀྱི་སྟེང་དུ་རྩེས་ཐང་གི་འདུས་པའི་ཚོགས་སྤྱན་དྲངས། སྡེ་སྣོད་གསུམ་གྱི་བཀའ་བགྲོ་བ་དང་གླེང་སློང་བར་མཛད་ནས། རྙེད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པས་སྔོན་བྱོན་པའི་བསྟན་པ་རིན་པོ་ཆེ་ལ་བྱས་ཤེས་དྲིན་གཟོ་དང༌། མ་འོངས་པ་ན་ས་སྐྱོང་འབྱོར་པ་ཅན་དང་བཤེས་གཉེན་ལེགས་བཤད་ཀྱི་མཐུ་གྲུབ་པ་རྣམས་ཕྱག་སྲོལ་བཟང་པོ་ལ་སྦྱར་བ་ཡིན་ནོ། །དེ་ལྟར་སྤྱིར་བརྗོད་ནས། ཁྱད་པར་དུ་ཁོ་བོས་ཆོས་འཆད་པའི་གྲྭར་ཞུགས་ནས་ལོ་ལྔ་བཅུ་ལོན་པ་ཤིང་མོ་ཡོས་ཀྱི་ལོ་ལ་ཆོས་ཀྱི་འཁོར་ལོའི་རྣམ་གཞག་བགྱིས་པ་འདི་ནི། རྒྱུ་མཚན་དང༌། དགོས་པ་དང༌། དུས་ནམ་གྱི་ཚེ་ཡིན་པ་དང༌། དགེ་འདུན་གྱི་ཚོགས་ཇི་ཙམ་ལ་ཆོས་ཀྱི་བགྲོ་བ་གང་བྱས་པ་དང༌། དཀོན་མཆོག་གསུམ་གྱི་མཆོད་པ་ཇི་ཙམ་གྲུབ་པའོ། །རྒྱུ་མཚན་ནོ། ཕྱི་མའི་དུས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་མིང་ཙམ་ཡང་ནུབ་པ་གསོ་ཞིང་སློང་བ་དང༌། རབ་ཏུ་བྱུང་བ་རྣམས་ལྟ་བ་དང་ཚུལ་ཁྲིམས་ཀྱི་དབྱེན་དུ་གྱུར་པ་ནི་མ་ཡིན་ཀྱང༌། རྙེད་པ་དང་བཀུར་སྟིའི་དབྱེན་དུ་གྱུར་པའི་དུས་འདིར་བཀྲ་ཤིས་པ་དང་མཐུན་པའི་གསོ་སྦྱོང་གི་སྒོ་ནས་མཐུན་པར་བྱ་བའི་ཕྱིར་དང༌། གྲུབ་པའི་མཐའ་ལ་མི་མཐུན་པ་སྐད་དུ་སྒྲོག་ཀྱང༌། ཕྱི་མའི་དུས་སུ་གྲགས་པ་དག་དང༌། ཕྱོགས་གཅིག་ཏུ་འདྲེས་པར་གྱུར་ནས། རྣམ་པར་དབྱེ་བ་མི་ཕྱེད་པ་དག་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་དགོས་པའི་རྒྱུ་མཚན་གྱིས་སོ། །དགོས་པ་ནི། རང་རེས་ལོ་ཞེ་དགུ་ལོན་པ་མེ་ཕོ་སྤྲེའུའི་ལོ་ལ་ཆོས་སྡེའི་གཞི་བཙུགས། ས་ཕོ་སྤྲེའུའི་ལོ་ཚུན་ཆད་དུ་རང་དང་གཞན་གྱི་གྲུབ་པའི་མཐའ་རྣམ་པར་ཕྱེ་བའི་བསྟན་བཅོས་ཀྱི་ཚོགས་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་དང༌། དཀོན་མཆོག་གསུམ་གྱི་རྟེན་དགེ་ཞིང་གྱ་ནོམ་པར་གྲུབ་པའི་རབ་ཏུ་གནས་པ་དང༌། མཆོད་པའི་ཚོགས་ཀྱིས་མཉེས་པར་བྱ་བའི་དགའ་སྟོན་གྱི་རིམ་པ་ལ་དམིགས་པའོ། །དུས་ནམ་གྱི་ཚེ་ཡིན་པ་ནི་གཏན་ཚིགས་ཀྱི་རྣམ་གཞག་མཛད་པོ་སྔ་མ་རྣམས་སྟོན་པ་སྐུ་བལྟམས་ནས་དང༌། སངས་རྒྱས་ནས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་ནས་དང༌། མྱ་ངན་ལས་འདས་ནས་ལོ་དུ་ལོན་ཞེས་རྩི་བ་དེའི་ཚེ། གཏན་ཚིགས་སྤྱི་པའི་ལུགས་དང༌། ཁྱད་པར་བ་དུས་འཁོར་གྱི་ལུགས་ཤེས་གསུང་ཡང༌། སྤྱི་པའི་ལུགས་ནི་ཆོས་རྗེ་ས་སྐྱ་པས་ཡི་གེར་བཀོད་པ་དེ་ལས་གཞན་ཆེར་མེད་དོ། འདི་ལ་བུ་སྟོན་རིན་པོ་ཆེས་ལུགས་གཉིས་པོ་འདི་ལ་ལོ་སྟོང་ལྷག་གི་བར་ཁྱད་ཞུགས་པས་ལུགས་སྔ་མ་དེ་མ་དག་པ་ཡིན་ནམ། ཕྱི་མ་ལ་རིགས་ལྡན་གྱི་རྒྱལ་པོས་ཆོས་མ་བསྟན་པའི་དུས་རྣམས་མ་རྩིས་པ་མིན་ནམ་ཞེས་བརྟག་ལ་མེ་མཁའ་རྒྱ་མཚོ་ཚུན་ཆད་ནི་ལྷག་ཆད་མེད་པར་ཤེས་པར་བྱའོ་གསུང༌། གསུང་འདི་ལ་དཔགས་ནས་བོད་ཕྱི་མ་དག་ལུགས་སྔ་མ་དེ་ལ་ཟིན་སོ་མེད་པས་མ་དག་པ་གཞིར་གཞག་ནས་དུས་འཁོར་ལུགས་ལའང་མེ་མཁའ་རྒྱ་མཚོ་ཚུན་ཆད་ལྷག་ཆད་མེད་པར་འདོད་པ་དང༌། ཡོད་པར་འདོད་པའི་ལུགས་གཉིས་ལས། ཕྱི་མ་ལའང་ཡོད་ལུགས་མི་འདྲ་བ་མང་པོ་བྱུང་བར་སྣང་བ་ལ། ཕྱིས་ཀྱི་མཁས་པ་ཁ་ཅིག་ན་རེ། གཏན་ཚིགས་ཀྱི་རྣམ་གཞག་འདི་ལ་བོད་དུ་མི་མཐུན་པར་སྨྲ་བ་བཅུ་བྱུང་བ་ཡིན་ཏེ། སྟོན་པས་ཆོས་འཁོར་བསྐོར་བ་ནས་ལོ་གྲངས་མང་ཤོས་ལ་ཡང་ལོ་གྲངས་མང་ཉུང་གི་རིམ་པ་གསུམ་དང༌། ལོ་གྲངས་བར་མ་ལ་ཡང་མང་ཉུང་གི་རིམ་པ་གསུམ་དང༌། ཉུང་ཤོས་ལ་ཡང་དེ་ལྟར་གསུམ་དང༌། དགུ་པོ་དེ་ཐམས་ཅད་མ་དག་པར་བཞག་ནས། ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་དྷྲུ་བ་གྱེན་ལོག་གི་རྩིས་བྱས་པའི་ཤེས་བྱེད་མང་པོ་བཀོད་ནས། མེ་མཁའ་རྒྱ་མཚོ་ལ་དྲུག་ཅུ་སྐོར་བཅུ་བཞི་བསྲེ་བ་དང༌། དེ་ནས་དེང་སང་གི་བར་དུ་ལོ་ལྔ་བཅུ་ཙམ་སོང་བ་བྱས་པ་ཡང་ཡོད་དོ། །དེ་ཐམས་ཅད་བྲིས་ན་བཟུང་དཀའ་ཞིང་རྣམ་དཔྱོད་འཁྲུག་པས། རེ་ཤིག་གྲགས་ཆེ་བ་གཉིས་པོ་ལ་ས་སྐྱ་པའི་ལུགས་ཡི་གེར་བྲིས་པ་དེ་གཞིར་གཞག་ན། ཤིང་མོ་ཡོས་ཀྱི་ལོ་འདི་ཤར་བ་ཡན་ཆད་ལ་སྟོན་པ་སྐུ་བལྟམས་ནས་ལོ་སུམ་སྟོང་དང་བདུན་བརྒྱ་ཐམ་པ་ལོན། མྱ་ངན་ལས་འདས་ནས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་འབུམ་ཊཱིཀ་ལས་གསུངས་པ་དེ་གནས་ཚད་མང་ཤོས་དང༌། ཐམས་ཅད་ཞལ་འཆམ་པ་དེའི་ཚེ་དེང་སང་ལུང་གི་དུས་དང༌། དེ་ལས་ཀྱང་མངོན་པའི་དུས་ལྔ་བརྒྱ་ཕྲག་གཅིག་ཐལ་ནས། མདོ་སྡེའི་དུས་ཀྱི་འགོ་ཚུགས་ནས་ལོ་བརྒྱ་དང་ཉི་ཤུ་ཙམ་གྱི་དུས། མདོ་སྡེའི་ལྷག་འབྱུང་འགྱུར་ལ་ལོ་སུམ་བརྒྱ་བརྒྱད་ཅུ་ཙམ་དང༌། འདུལ་བའི་དུས་ལྔ་བརྒྱ་ཕྲག་གཅིག་དང༌། རྟགས་ཙམ་འཛིན་པའི་དུས་ལྔ་བརྒྱ་ཕྲག་གཅིག་རྣམས་ལྷག་མར་ལུས་སོ། །ཞེས་བྱ་བ་དང༌། དུས་ཀྱི་འཁོར་ལོའི་ལུགས་རྒྱུད་ཀྱི་དངོས་བསྟན་དེ་ཉིད་ལ་ཕྲི་བསྣན་མེད་པར་བྱས་པའི་ཚེ། ལོ་ཙཱ་བ་ནམ་མཁའ་བཟང་པོས་བྱས་པའི་ཡི་གེ་ན། གདེང་ཅན་རི་བོ་ལག་མིག་ལ། །ཁྲོ་མོ་ལ་སོགས་འདས་ལོ་བསྲེ། །དེ་ནི་དོན་གྲུབ་བལྟམས་པ་ནས། །ད་ལྟའི་བར་གྱི་འདས་པའི་ལོ། །ཞེས་འབྱུང་ལ། དེ་གཞིར་བྱས་ནས་རང་རེས་ལུགས་གསུམ་གསལ་བའི་མེ་ལོང་དུ་བྲིས་པ་ན། ས་མོ་གླང་གི་ལོ་ཡན་ཆད་དུ། །འབྱུང་བ་དུས་དང་མེ་མིག་ལ། །ཀུན་འཛིན་ལ་སོགས་འདས་ལོ་བསྲེ། །དེ་ནི་དོན་གྲུབ་བལྟམས་པ་ནས། །ད་ལྟའི་བར་གྱི་འདས་པའི་ལོ། །ཞེས་བྱ་ལ། དེའི་སྟེང་དུ་ཡང་ལོ་ཉི་ཤུ་རྩ་དྲུག་བསྲེ་དགོས་པ་ཡིན་པ། དེའི་ཚེ་འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་དང༌། སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་ཕྲག་དང་པོ་ཐལ་ནས། ལྔ་བརྒྱ་ཕྲག་གཉིས་པའི་ནང་ན་ཡོད་པས། འབྱུང་འགྱུར་ལ་སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་དང༌། བརྒྱ་ལྷག་ཙམ་དང༌། ལུང་གི་དུས་ཀྱི་ལྔ་བརྒྱ་ཕྲག་ཐམས་ཅད་ལྷག་མར་གནས་སོ། །ཞེས་བྱ་བ་འདི་ཙམ་ཞིག་བཟུང་བར་བྱའོ། །འདིར་དགེ་འདུན་གྱི་གྲངས་དང་བཤད་པ་ནི། ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཡང་ཞག་གཅིག་གི་སྔ་ལོགས་དེར། རྒྱལ་ཕུར་འཛོམ་པའི་ཉི་མ་ནས་བཟུང་སྟེ། ཉིན་ཞག་ཉི་ཤུ་རྩ་གཅིག་གི་རིང་ལ། དགེ་འདུན་གྱི་ཚོགས་སྟོང་བརྒྱད་བརྒྱ་ཙམ་འཚོགས། ཟུར་ཆོས་པ་དང་གཞུང་ལུགས་རབ་འབྱམས་དུ་སྨྲ་བ་བརྒྱ་ལྷག་ཙམ་དང༌། རིགས་གྲྭ་དང་ལུང་གྲྭ་ཆེན་མོར་གཏོགས་པ་སུམ་བརྒྱ་ཙམ་དང༌། དེ་ལྷག་གཞུང་འཛིན་གྱི་མཐའ་བརྟེན་པ་རྣམས་བྱོན་པ་ལ། ཐོག་མར་གནས་བརྟན་གྱིས་སེང་གེའི་ཁྲི་ལ་སོ་སོར་ཐར་པའི་མོད་རྩོད་པ་ཞི་བྱེད་ཡན་ཆད་དག་པར་བཏོན་ནས་མཐུན་ཞིང་བཀྲ་ཤིས་པའི་གསོ་སྦྱོང་དང༌། ཉིན་ཐོག་ཐག་བཤད་པའི་བགྲོ་གླེང་དང༌། བཤད་པ་བྱེད་པ་མཐའ་དག་གི་དཔང་པོར་བྱེད་པ་དང༌། མཚན་ཐོག་ཐག་བགྲོ་གླེང་ལ་བཞེངས་པ་རྣམས་ཀྱི་དཔང་པོ་དང༌། སྟོན་པའི་རྣམ་ཐར་དང༌། ཆོ་འཕྲུལ་བསྟན་ཚུལ་གྱི་མདོ་འདོན་པ་རྣམས་བགྱིས་ལ། རྒྱལ་ཕུར་འཛོམ་པ་ལ་དབུ་ཚུགས་པ་ནས་བཟུང་སྟེ་ཡར་ངོའི་ཚེས་བཅུ་ཡན་ཞག་གྲངས་བཅུ་གསུམ་གྱི་རིང་ལ། སྡེ་སྣོད་འཛིན་པའི་བཤེས་གཉེན་མང་དུ་ཐོས་པ། རྣམ་དཔྱོད་ཀྱི་ཟུར་ཐོན་པ་དག་གི་སེང་གེའི་ཁྲི་ལ་གདུགས་དང༌། རྒྱལ་མཚན་བསྒྲེང་བའི་གནས་སུ་ཉིན་ཐོག་ཐག་བཤད་པ་མཛད་པ་ནི། ཉི་མ་དང་པོ་གཉིས་པ་ལ་སྡེ་བདུན་མདོ་དང༌། བཅས་པའི་བཤད་པ་དྲི་མ་ཅན་དུ་གྱུར་པ་རྣམས་སུན་ཕྱུངས་ནས། རང་རེའི་ལུགས་རིགས་པའི་གཏེར་དང་མཐུན་པར་འཇོག་པའི་ཚུལ་རྒྱས་པ་དང༌། ཡང་འདུལ་བའི་མདོ་དང་ཀརྨ་ཤ་ཏཾ་གྱི་རྒྱས་བཤད་ལ། དྲི་མ་ཅན་དུ་གྱུར་པ་སུན་འབྱིན་དགོས་པ་ཆེར་མེད་ཀྱང༌། དཔྱིས་ཕྱིན་པའི་བཤད་པ་རྒྱས་པ་དང༌། ཡང་ཆོས་མངོན་པ་གོང་མ་ལ་ཁ་བ་ཅན་དུ་ཕྱིས་ལོག་པར་སྒྲོ་འདོགས་པ་མ་བྱུང་ཡང༌། སྔོན་དུས་སུ་ཉན་བཤད་ཤིན་ཏུ་དར་བས་སྒྲོ་སྐུར་དུ་གྱུར་པ་དག་སུན་འབྱིན་པ་དང༌། རང་ལུགས་དཔྱིས་ཕྱིན་པའི་ལུང་རིགས་ཀྱི་རྣམ་བཤད་རྒྱས་པ་དང༌། མངོན་པ་གོང་མ་ལ་ཕྱིས་དང་སྔོན་གང་དུ་ཡང་ལོག་པར་བཤད་པ་ཤིན་ཏུ་ཉུང་ཡང༌། འགྲེལ་པ་དང་འགྲེལ་བཤད་བྱིངས་ཆེ་བའི་སྟོབས་ཀྱིས་བཤད་པ་ཟུར་ཐོན་པ་འཆད་ཤེས་པ་བོད་གཞན་གྱི་རྣམ་བཤད་ན་མི་སྣང་བ། གྲུབ་མཐའ་ཟུར་ཕྱིན་པར་འཆད་པའི་རྣམ་བཤད་རྒྱས་པ་དང༌། དབུ་མ་ཐལ་རང་གི་གཞུང་འགྲེལ་གྱི་ཚོགས་རྣམས་ཐད་སོར་བཞག་ནས་ངེས་དོན་གྱི་བག་ཆགས་ཡོད་པ་རྣམས་ལ་འཆད་ཤེས་པ་སླ་བ་ལྟ་བུར་སྣང་ཡང༌། ཁ་བ་ཅན་དུ་ཕྱིས་ངེས་དོན་འཁྱོག་པོར་འདྲེན་པའི་གླེགས་བམ་གྱི་ཚོགས་ཤིན་ཏུ་ལྕི་བས་ནོན་པའི་སྐབས་འདིར། གཞུང་འགྲེལ་གྱི་རྣམ་བཤད་ལྷད་མ་ཞུགས་པ་དང༌། ཕྱིས་ཀྱི་བཤད་པ་སོ་སོར་འབྱེད་པའི་རྣམ་བཤད་རྒྱས་པ་དང༌། བྱམས་ཆོས་རྣམ་ལྔའི་ཚིག་དང་ངེས་དོན་གྱི་འགྲེལ་ཚུལ་ཐོགས་མེད་ཀྱིས་བཀྲལ་བ་འདི། ཆོས་བདག་པོ་ཉིད་ཀྱིས་བཀྲལ་བའི་བཤད་པ་ཡིན་ཀྱང་ཕྱིས་གངས་ཅན་ན་དབུ་མ་ཐལ་འགྱུར་བ་ཉིད་མཆོག་ཏུ་སྒྲུབ་པའི་བསམ་པས་བྱམས་པའི་ཆོས་འཁྲུལ་པའི་འདམ་དུ་བཅིངས་པ་དག་གྱེན་དུ་འདེགས་པའི་རྣམ་བཤད་རྒྱས་པ་དང༌། རྗེ་བཙུན་ས་སྐྱ་པའི་གཞུང་ལོག་པར་འཆད་པ་རྣམས་སུན་འབྱིན་པའི་རྣམ་བཤད་རྒྱས་པ་དང༌། གཞན་ཡང་གསུང་རབ་སྤྱིའི་འཆད་ལུགས་གསང་སྔགས་ཟབ་མོའི་ངེས་དོན། ཆོས་འཁོར་གསུམ་གྱི་བཞུགས་ཚུལ་ལ་སོགས་བསྟན་བཅོས་ཀྱི་ཡི་གེར་བཀོད་ཟིན་པ་རྣམས་བཤེས་གཉེན་སྤོབས་པ་ཆུ་བོའི་རྒྱུན་ལྟར་གྱུར་པ་རྣམས་ཀྱིས། ཚོགས་པ་རྒྱ་མཚོའི་དབུས་སུ་འཇིགས་མེད་སེང་གེའི་ང་རོ་བསྒྲགས་པ་ཡིན་ནོ། །དེ་ནས་ཉི་མ་བདུན་ཙམ་གྱི་རིང་ལ་ཉིན་ཐོག་ཐ་རིགས་གྲྭ་དང་ལུང་གྲྭ་ཆེ་བའི་གྲྭར་བཞུགས་པའི་བཤེས་གཉེན་དག་གཉིས་ཚན་བཞེངས་པ་དང༌། ཁྲོམ་ཚོགས་སུ་བཞུགས་པ་དང་བཀའ་བགྲོ་བ་དང་རིགས་པའི་ཚུལ་གླེང་བར་མཛད། ལུང་རིགས་ཀྱི་གྲྭ་འབྲིང་དང་ཆུང་ངུར་བཞུགས་པ་རྣམས་ཀྱི་མཚན་ཐོག་ཐ་སྔ་མ་ལྟར་མཛད་པ་དང༌། དེ་ལས་གཞན་པ་རྣམས་ཀྱིས། ཆོས་ཁྲིའི་ཐད་ཡངས་པོར་གཞུང་ལས་པས་གང་སྐྱུར་བའི་གཞུང་དེ་ལེན་པ་དང༌། གཞུང་མཚམས་དང་མཐའ་གཅོད་པ་དང༌། འབྲུ་མནོན་པ་དང༌། སྦྱོར་བ་འགོད་པ་དང༌། ཐ་ན་གཞུང་དེའི་མཚམས་ནས་འདབ་མ་རེ་ཙམ་འདོན་པ་ལ་སོགས་པའི་བགྱི་བས་རྒྱལ་བ་སྲས་བཅས་བསྟན་པ་བསྲུང་བའི་ཆོས་སྐྱོང༌། དཀར་པོ་ལ་དགའ་བའི་ལྷ་དང༌། ཕྱོགས་ཕྱོགས་ནས་འདུས་པའི་སྐྱེ་བོའི་ཁྲོམ་ཁྲི་ཕྲག་ལྷག་ཙམ་ཚོགས་པ་རྣམས་གོ་རིམ་བཞིན་དུ་དགྱེས་པ་དང༌། བསྟན་པ་བསྲུང་སྤྲོ་བ་དང༌། མགུ་བ་དང༌། ཤིན་ཏུ་ཡིད་རང་བར་གྱུར་ཏོ། །མཆོད་པའི་ཚོགས་ཇི་ལྟར་སྦྱར་བ་ནི། དཀོན་མཆོག་གསུམ་གྱི་རྟེན་རྒྱ་མཚོ་ལྟ་བུའི་དྲུང་དུ། གོས་དར་གྱི་ན་བཟའི་ལྷབ་ལྷུབ་དང༌། ཕྱེ་མའི་ཕུར་མ་དང༌། གདུགས་དང་རྒྱལ་མཚན་དང༌། བ་དན་གྱི་ཁྱད་པར་བཅུ་ཕྲག་རེ་དང༌། མེ་ཏོག་དང་དྲི་དང༌། ཁལ་ལྔ་བཅུ་ཙམ་གྱི་ཞལ་ཟས་ཟུང་གིས་ཐོག་དྲངས་པའི་ལྔ་བརྒྱ་ཙམ་དང༌། དཀར་མེའི་ཕྲེང་བ་ཉིན་མཚན་ཁོར་ཡུག་ཏུ་བརྒྱ་ཙམ་དང༌། མཚན་ཐོག་ཐ་མར་མེའི་རྒྱལ་མཚན་བརྒྱ་ཕྲག་གཉིས་དང༌། གཞན་ཡང་རོལ་མོའི་བྱེ་བྲག་སྣ་ཚོགས་པ་རྣམས་ཀྱིས་བཀུར་སྟི་དང༌། བླ་མ་དང༌། རི་མོ་དང༌། ཞེ་ས་དང༌། དུས་སོ་སོ་བ་རྣམས་སུ་མཆོད་པར་བྱས་སོ། །དགེ་འདུན་གྱི་ཚོགས་ཇི་སྙེད་པ་རྣམས་ལ་ནས་ཁལ་གཉིས་རེའི་ཕོགས་དང༌། དབུ་གཞུང་ཐོན་གསུམ་གྱི་བསྙེན་བཀུར་བཟང་པོ་དང༌། མང་ཇ་ཞག་ཉི་ཤུ་རྩ་གཅིག་གི་རིང་ལ་ཟུར་ཆོས་པ་དང་གཞུང་ལུགས་རབ་འབྱམས་དུ་སྨྲ་བ་བརྒྱ་ཕྲག་ལྷག་ཙམ་ལ། ནང་རེ་བཞིན་ཆོས་ཀྱི་བགྲོ་བ་སྒོ་དུ་མ་ནས་གླེང་བ་དང༌། ཚོགས་སུ་མང་ཇ་ཟུང་དུ་སྦྲེལ་བ་ལ། མང་ཇ་སྔ་མ་ལ་ཇ་ཁལ་བཅུ་དང༌། ཕྱི་མ་ཇ་ཁལ་ལྔ་བཏབ་པ་དང༌། ཡོན་གྱི་རིམ་པ་ལ། ཚོགས་དཔོན་གྱི་དྲུང་དུ་སྦྱིན་པའི་བདག་པོ་སོ་སོ་བས་འབུལ་བའི་རྣམ་གྲངས་མང་པོ་དང་ཟུར་ནས་ཕུལ་བ་དང༌། ཆོས་རྗེ་རྣམ་པ་བཞི། ཟུར་ཆོས་པ། ཕྱོགས་ནས་བྱོན་པའི་དབུ་མཛད་དེ། སུམ་ཅུར་ཉེ་བ་ལ། གསེར། ནས། ཇ་རྣམས་ཀྱི་ཞོ་རེ་རེ། ཆོས་རྗེ་རྣམ་པ་བཞི་ལ་མཎྜལ་གྱི་རྒྱན་བཟང་པོ་རེ། གློ་བོ་ཆོས་རྗེ་དང༌། ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་པ་གཉིས་ལ། རྒྱལ་དྲིལ་བཟང་པོ་རེ། རྟེན་ཁེབས་རེ། ཆོས་རྗེ་བྲག་དཀར་བ་ལ། རྟེན་ཁེབས། གདུང་རྟེན་རྒྱ་གར་མ། ཁ་ཆེའི་སྤོས་ཕོར། ཆོས་རྗེ་ཀུན་དགའ་བཀྲ་ཤིས་པ་ལ། རྟེན་ཁེབས། ཏིང་ཤག་ཛ་ལན་དྷ་ར་མ། དངུལ་གྱི་རིལ་པ་སྤྱི་བླུགས། ཕྱོགས་ནས་སྤྱན་དྲངས་པའི་སློབ་དཔོན་རྣམ་པ་བརྒྱད་ལ་ཀ་དན་ཡུག་རེ། ན་བཟའ་སྣ་རེ། རྟེན་ཁེབས་དང་བཅས་པ་ལྷག་པོར་ཕུལ། ཕྱོགས་ནས་སྤྱན་དྲངས་པའི་དགེ་འདུན་གྱི་སྡེ་ཚན་སོ་སོ་ལ་ཚོགས་ཟངས་ཆེ་བ་རེ། གྷ་ཊུ་བ་རེ། བདུན་ཚར་རེ། ཁྲབ་རེ། ཇ་མཚོན་རེ། གསང་ཕུ་བ་ལ་དེའི་སྟེང་དུ། སློབ་དཔོན་པ་ལ་ན་བཟའ་ཆབས་ཚངས། གཎྜི། སིལ་སྙན། ཆོས་འཁོར་རྩེ་པ་ལ། གཎྜི་བྱིན་རླབས་ཅན་རྣམས་ཕུལ། སེང་གེའི་ཁྲི་ལ་བཞེངས་ནས་བཤད་པ་མཛད་པ་རྣམས་ལ་ནས་ཞོ་རེ། ལུང་རིགས་ཀྱི་གྲྭ་ཆེན་མོ་ནས་གཉིས་ཚན་དུ་བཞེངས་པ་རྣམས་ལ་ཞོ་ཕྱེད་རེ། གཞིར་བཞུགས་ཀྱི་དགེ་འདུན་ལ་སེང་གེ་རྩེ་པས་ཆོས་འཁོར་གྱི་ཡོན་ལ་དམིགས་པའི་ཟླ་ཕོགས་ཆུ་མིག་ཏུ་ཕུལ། སྟོན་ཆེན་གསུམ་ནི་འབྲོང་སྒང་ནས་དང༌། སེང་གེ་རྩེ་ནས་དང༌། རྒྱ་གན་པ་གསུམ་གྱིས་མཛད་པ་ལ། མཚན་བརྗོད་འབུམ་གཏེར་རེའི་རྒྱུ་ཚོགས་གང་འགྲོ་ལ་ཆ་བཞག་པ་ཡིན། གཞན་ཡང་འབྲེལ་ཅན་གྱི་བླ་མ་སོ་སོ། དགེ་འདུན་གྱི་སྡེ་སོ་སོ་ལ་སྐུ་སྐལ་སྔར་གྲུབ་པ་དང༌། ཕྱིས་འགྲུབ་པར་འགྱུར་བ་སོགས་ཞིབ་ཆ་དུས་ཕྱིས་ཀྱི་ཕྱི་མོ་ལ་དགོས་པ་རྣམས་ནི་ལོགས་སུ་ཤེས་པར་བྱའོ།།  །།འདིར་སྨྲས་པ། ཐུབ་བསྟན་ལང་ཚོ་འབར་བའི་ཀུན་གསལ་གདོང༌། ཉི་ཟླ་ལྟ་བུའི་སྲོལ་ཆེན་རྣམས་གཉིས་དང༌། །ལེགས་བཤད་སྐར་མའི་ཚོགས་ཀྱིས་བརྒྱན་གྱུར་ཚེ། །འཛམ་གླིང་མུན་པར་གྱུར་པའི་གོ་སྐབས་ཅི། །གང་ཡང་འདི་ན་ཉོན་མོངས་པ་དང་རྣམ་པར་རྟོགས་པས་དྲི་མར་གྱུར་པ་མིན་པའི་མཆོད་པའི་ཕྲེང་བཟང་པོ། །ཕན་དང་བདེ་བའི་ལམ་ཆེན་པོར་ནི་གྱ་གྱུ་མིན་པར་འཇུག་བྱེད་དམ་པའི་ཆོས་ཀྱི་ལེགས་སྦྱར་གཏམ་བཟང་པོ། །འཛིན་འཆང་ཀློག་དང་འཆད་དང་ཀུན་ནས་བྱང་ཆུབ་པར་བྱེད་དེ་ནི་རྒྱལ་དང་དེ་སྲས་དགྱེས་མཛད་ཐབས་ཆེན་པོ། །རབ་འབར་རྨོངས་དང་ཆགས་ཁྲོའི་དབང་གྱུར་ཉེས་བྱས་མ་ལུས་དུམ་བུར་གཅོད་མཁས་འཁོར་ལོ་ལན་བརྒྱར་བསྐོར་མཛད་པོ། །སྔོན་བྱོན་ཆེན་པོའི་ལས་སྟབས་སྐྲུན་བྱེད་འབྱོར་པའི་ཚོགས་ལ་གང་འདིས་འགྲན་པའི་ཁེངས་པ་རྒྱས་མིན་མོད། །དེར་མཛད་ཆོས་ཀྱི་གཏམ་གང་བསྙད་པ་དེས་ནི་འདིར་འབྱུང་གཏམ་ལ་སྐྲུན་པའི་གོ་སྐབས་ཀུན་བྲལ་བ། །ཕྲ་མོའི་ས་བོན་ལེགས་པར་བཏབ་པའི་རྣམ་དཀར་གྱིས་ནི་ནམ་མཁའི་ཁམས་ཀུན་འགེངས་པའི་དཔག་བསམ་ཤིང་ཆེན་ལྟར། །སྐྱེས་བུའི་བྱེད་དང་བདག་པོའི་དབང་གྱུར་བྲལ་དང་རྣམ་སྨིན་རྒྱུ་མཐུན་ཚོགས་རྣམས་དེང་འདིར་དགེ་ཞིང་ཤིས་པར་སྤྱོན། །ཞེས་ཤིང་མོ་ཡོས་ཀྱི་ལོ་ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་གཙུག་ལག་ཁང་དུ་སྐུ་གསུང་ཐུགས་ཀྱི་རྟེན་དང༌། དགེ་འདུན་གྱི་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་རྟོག་གེ་དང་བཅས་པའི་ཉན་བཤད་ཀྱི་གྲྭ་ལེགས་པར་ཚུགས་པའི་དུས་ཀྱི་རབ་ཏུ་གནས་པ་དང༌། དགའ་སྟོན་གྱི་རིམ་པ་ལ་ཡང་དག་པར་བསམས་ནས། ཆོས་ཀྱི་འཁོར་ལོ་བསྐོལ་བའི་རྣམ་གཞག་ཇི་ལྟར་གྲུབ་པའི་ཡི་གེ གཟུ་བོར་གནས་པའི་མཛངས་པ་དགའ་བྱེད་ཅེས་བྱ་བ་འདི་གྲུབ་པའོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*