༼མ༽༄༅། །དཔལ་ས་ར་ཧའི་བསྟོད་པ་སོགས་བསྟོད་པ་དང་ཚོགས་བརྗོད་འགའ་ཞིག་བཞུགས།།
སྭསྟི། དཔལ་ས་ར་ཧ་ལ་བསྟོད་པ། ཤཱཀྱའི་རྒྱལ་པོའི་གདུང་འཚོབ་པ། །རྒྱལ་སྲས་སྒྲ་གཅན་ཟིན་ཉིད་ལས། །རབ་བྱུང་བྲམ་ཟེ་སྒྲ་གཅན་འཛིན། །རིག་བྱེད་ནས་བྱུང་རིག་པའི་གནས། །མ་ལུས་མཐར་ཕྱིན་ཐུབ་པ་ཡི། །བསྟན་པ་རྫོགས་པར་འཛིན་ནུས་པ། །དགེ་སློང་གནས་བརྟན་འདུལ་བ་འཛིན། །ཆེན་པོར་གྱུར་ནས་ཡུན་རིང་དུ། །སངས་རྒྱས་བསྟན་པ་འཛིན་མཛད་པ། །ཁྱོད་ནི་སྟོན་པ་གཉིས་པ་མཆོག །ཀླུ་སྒྲུབ་ཀྱི་ཡང་བླ་མར་གྱུར། །ཤཱཀྱའི་རྒྱལ་པོའི་བསྟན་འདི་ལ། །སྔགས་ལ་ཞུགས་ནས་གྲུབ་པའི་ས། །བརྙེས་པ་ཀུན་གྱི་ཐོག་མར་ནི། །གྱུར་པ་ཡིན་ཞེས་ཀུན་ལ་གྲགས། །དེ་ནས་མདོ་དང་སྔགས་ཀྱི་ནི། །གཞུང་རྩོམ་མཛད་པོ་ཕལ་ཆེ་བའི། །སྲོལ་ཕྱེ་བསྟན་བཅོས་བརྩོམ་མཛད་པ། །ཀུན་གྱི་ཡང་ནི་ཐོག་མར་གྱུར། །དེ་ནས་འཆི་མེད་བདུད་རྩིའི་གནས། །ཕྱག་རྒྱ་ཆེན་པོའི་སར་བཞུགས་པ། །སྐྱེ་དང་འཆི་བ་མི་སྟོན་ཞིང༌། །གཤེགས་དང་བཞུགས་རྩོམ་མི་མངའ་ཡང༌། །རིག་པ་འཛིན་དང་མཁའ་ལ་སྤྱོད། །གང་དུ་ཡང་ནི་ཁྱོད་བཞུགས་ཤིང༌། །གནས་གཞན་གང་དུའང་ཁྱོད་འབྱོན་པས། །རྣམ་འཕྲུལ་མཐའ་ཡས་བསམ་མི་ཁྱབ། །བསྟན་པ་འདི་ལ་ངེས་པའི་དོན། །ཐོས་དང་བསམ་པས་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་ཀྱིས་ཕྱེ་བའི། །ཤིང་རྟའི་སྲོལ་གཉིས་བྱོན་ཇི་བཞིན། །བསྒོམ་པས་ཉམས་སུ་ལེན་པའི་ཚུལ། །གྲུབ་པ་དང་ནི་སྙིང་པོའི་སྐོར། །རྣམ་པ་གཉིས་ཞེས་མང་ལ་གྲགས། །སེམས་ཉིད་ཡིད་བཞིན་ནོར་བུ་མཆོག །རྣམ་པར་ཐར་པའི་སྒོ་གསུམ་གྱིས། །རིམ་པས་རྒྱས་བཏབ་ཤེས་རབ་ཅན། །གཞུང་རྩོམ་བྱེད་པོ་འགའ་ཡིས་ཀྱང༌། །དབྱེ་བར་མ་ནུས་མན་ངག་གི །ལྡེ་མིག་མང་པོའི་འཕྲུལ་འཁོར་ལས། །གསལ་བར་ཕྱེ་ནས་མངོན་སུམ་དུ། །སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཅེས། །མངོན་པའི་ཆོས་སུ་གང་གྲགས་པ། །མ་གཏོགས་ཡུལ་གཞན་ཡོད་མིན་པར། །ཐག་ཆོད་བྱས་པའི་སྐད་ཅིག་ལ། །རྣམ་ཤེས་ཚོགས་བདུན་འཁོར་དང་བཅས། །ཡུལ་གང་ལ་ཡང་འཕྲོ་མིན་པར། །ནང་དུ་བསྡུས་པའི་དུས་དེ་ནས། །སེམས་ཉིད་ཡིད་བཞིན་ནོར་བུ་མཐོང༌། །དེ་མཐོང་མོད་ལ་ལོང་བ་ཡི། །ཕྱག་དར་ཁྲོད་ནས་དེ་རྙེད་ལྟར། །མི་འབྲལ་མཆོག་ཏུ་གཅེས་བཟུང་བས། །སྐད་ཅིག་དེ་ལ་ཆོས་ཀྱི་དབྱིངས། །མཐའ་ཡོད་མིན་པའི་ཤེས་བྱ་ལ། །ཁྱབ་པར་མཐོང་བའི་མན་ངག་ཀུན། །གསལ་མཛད་དཔལ་ལྡན་ས་ར་ཧ། །སྤྱན་ཟུར་བསྒྲིམས་ནས་རང་གི་སེམས། །མདའ་སྙུག་ལྟ་བུར་སྲོང་བ་ཡི། །གར་མཛད་རང་གི་ཡེ་ཤེས་ལས། །གཞན་པའི་ཆོས་འགའ་མེད་གཟིགས་པ། །དེ་ཚེ་ཇི་ལྟ་ཇི་སྙེད་ཀྱི། །ཆོས་ཀུན་བདེ་བ་ཆེན་པོར་ནི། །རོ་གཅིག་གྱུར་པས་སྔགས་ཀུན་ལ། །ཐགས་ཐོགས་མེད་པར་མྱུར་དུ་ནི། །འཇུག་པའི་མན་ངག་སྟོན་མཛད་པ། །འཇིགས་མེད་ས་ར་ཧ་ཁྱོད་ཀྱིས། །ཆོས་ཀུན་ངོ་བོའི་སྟོང་པ་དང༌། །རྒྱུ་ཡི་མཚན་མ་མེད་པ་དང༌། །འབྲས་བུར་སྨོན་མེད་སྒོ་གསུམ་པོ། །མགྱོགས་པར་ཕྱེ་བས་ཡེ་ཤེས་ཀྱི། །རང་ཞལ་མཐོང་བ་དེ་ཚེ་ནི། །ཆོས་དང་གང་ཟག་ཏུ་རྨོངས་པའི། །གོ་སྐབས་འཇུག་པ་མ་ཡིན་ཏེ། །རྣམ་ཐར་སྒོ་གསུམ་རིམ་བཞིན་དུ། །འབྱེད་པ་སྔོན་དུ་སོང་ཕྱིར་རོ། །དེ་འདྲ་ཚེགས་ཆེན་ཡུན་རིང་པོས། །རྫོགས་པའི་སྦྱོར་བ་གོ་གྱུར་ནས། །རྟོག་བྲལ་ཉིད་ཀྱི་མཉམ་གཞག་ལས། །ལངས་པའི་དེ་མ་ཐག་རྗེས་སུ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །ངོ་སྤྲོད་པས་ན་རྨོངས་ལས་གྲོལ། །མ་དག་སྣང་ཡུལ་ཕྱི་རོལ་རྒྱ་མཚོ་ཆེ། །དེ་མཐོང་རྣམ་ཤེས་གསེར་གྱི་རི་བདུན་པོ། །ཐམས་ཅད་འཛིན་མེད་ཡེ་ཤེས་རོལ་པའི་མཚོ། །རོ་གཅིག་སྟོན་མཛད་དཔལ་ལྡན་ས་ར་ཧ། །སྟོང་ཉིད་ཡེ་ཤེས་འབར་བའི་མདའ་གཅིག་གིས། །རྣམ་ཤེས་འདུས་པའི་ལྷ་མིན་དཔུང་གི་ཚོགས། །མཐའ་དག་མུན་པའི་གནས་སུ་གཉལ་ཟིན་པས། །ཡེ་ཤེས་དཔག་བསམ་འདོད་འཇོ་འདི་ན་དགེ །ཞེས་བྱ་བ་འདི་གྲུབ་པའོ།། །།མངྒ་ལཾ།། ༄༅། །སྭསྟི། རྣལ་འབྱོར་དབང་ཕྱུག་གི་ཞབས་ལ་བསྟོད་པ། འཇིགས་མེད་ཆོས་སྐྱོང་ཞབས་ནི་ནཱ་ལེནྡྲ། །ཀཱ་མ་ཤྲཱི་ལའི་གཙུག་ལག་ཁང་ཆེན་པོར། །མཆོག་ཚོགས་འདུས་པའི་མཚོ་ཆེན་བསྲུང་མཁས་པ། །གནས་བརྟན་འདུལ་འཛིན་བསྙེངས་པ་ཀུན་དང་བྲལ། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་ཕ་མཐའ་ནི། །ཡང་ཡང་བརྒལ་བས་གཉིས་མེད་ཡེ་ཤེས་མཆོག །བདུད་རྩིའི་རྒྱ་མཚོར་རང་དབང་འཇུག་མཛད་པ། །ཤེས་བྱའི་གནས་འདིར་རྨོངས་པ་མེད་ཁྱོད་ཀྱིས། །ཀླུ་སྒྲུབ་རིགས་པའི་གཞུང་ལ་ཐག་གཅོད་མཁན། །ཨཱརྻ་དེ་བའི་སྲོལ་ཆེན་དེ་བཟུང་ནས། །ཇི་སྙེད་རིགས་པས་དཔྱད་པའི་དོན་པོ་ནི། །ཇི་ལྟའི་ཡེ་ཤེས་ནམ་ཡང་འདོར་མི་མཛད། །ཐལ་རང་དབུ་མའི་སྲོལ་ལམ་མི་རྩི་བར། །རྣལ་འབྱོར་གསང་མཐའི་དབུ་མ་དེར་ཞུགས་ནས། །བདེ་མཆོག་འཁོར་ལོའི་སྒྲུབ་པ་ཡུན་རིང་དུ། །རང་རྒྱུད་སྦྱངས་ཤིང་སྨིན་པའི་སྐད་ཅིག་ལ། །རྗེ་བཙུན་ཡབ་དང་གཉིས་མེད་ཤེས་རབ་ཀྱི། །ཕ་རོལ་ཕྱིན་མའི་ཚུལ་བཟུང་ལྔ་ཕྲག་གིས། །ལྷག་པའི་བཅུ་ཕྲག་འཁོར་དང་ལྷན་ཅིག་ཏུ། །མངོན་པར་དབང་བསྐུར་མཛད་པའི་སྐད་ཅིག་ལ། །ཕྱག་ཆེན་མཆོག་གི་དངོས་གྲུབ་དེ་བརྙེས་ནས། །སྔོན་སྦྱངས་བསོད་ནམས་ཚོགས་ཀྱི་མཐུ་གྲུབ་པས། །འབད་རྩོལ་མེད་པར་ས་དྲུག་དབང་ཕྱུག་ཏུ། །སྐད་ཅིག་དེ་ལ་གྱུར་ཁྱོད་ཕྱག་གི་གནས། །སྲིད་པའི་རྩེ་མོ་ལན་བརྒྱར་བརྒལ་ཁྱོད་ཀྱི། །ཉི་མ་བཟུང་དང་གངྒཱ་གྱེན་བཟློག་ལ། །དཔྱོད་ལྡན་མཁས་པས་ངོ་མཚར་བྱ་མི་དགོས། །འདི་ཀུན་ཉོན་མོངས་ལས་ཀྱི་བདག་པོའི་འབྲས། །ཅིར་སྣང་སེམས་སུ་ཞེན་པའི་གྲངས་ཅན་པ། །ཕྱི་རོལ་དོན་ལ་རྨོངས་པ་ཁེགས་བགས་ཡང༌། །རི་དང་རྭ་བ་ཆུ་ཆེན་ལ་སོགས་ལ། །ཐོགས་མེད་འགྲོ་བའི་རྫུ་འཕྲུལ་ཡོད་མིན་ནམ། །འཁོར་བའི་ཆུ་ཆེན་གྱེན་དུ་བཟློག་པ་དང༌། །ནང་གི་ཉི་མ་རང་སར་འཛིན་ནུས་པའི། །རྟགས་འགའ་ཕྱི་རོལ་ཡུལ་ལ་སྟོན་ནུས་པ། །འགའ་ཞིག་ཡོད་ན་དེ་ལ་ཕྱག་བགྱིའོ། །ལྷ་ཆེན་དགས་དང་མུ་སྟེགས་བཅིངས་ཙམ་གྱིས། །དཔྱོད་ལྡན་མཁས་པ་ངོ་མཚར་བྱ་མི་དགོས། །འདི་དག་རྨོངས་པའི་ལམ་དུ་བྱིང་ཟིན་ལ། །ཞེ་སྡང་ལྷ་ཆེན་ལན་བརྒྱར་དགས་པ་དང༌། །རྨོངས་པའི་མུ་སྟེགས་མཐར་བྱེད་ཕྱག་ཞབས་ཀྱི། །སྟངས་དང་སྟབས་ཁ་འཛིན་ནུས་འགའ་མཆིས་ན། །དེ་ལ་སྒོ་གསུམ་གུས་པས་ཕྱག་བགྱིའོ། །མ་དག་སྣང་བ་འཁྲུལ་པར་སྟོན་མཛད་མཁན། །མ་རིག་འཁྲུལ་འཁོར་འཇིག་པར་ཐག་གཅོད་མཁན། །མྱང་འདས་འཁོར་ལོ་རྟག་པར་སྟོན་མཛད་མཁན། །འཁོར་བས་སྟོང་དང་བདེ་བ་མི་སྟོང་ཞེས། །ཨེ་ཝཾ་ཟུང་འཇུག་རྒྱུད་དུ་ཐག་གཅོད་མཁན། །ཝཾ་ཡིག་རྡོ་རྗེ་རྣམ་གསུམ་བདེ་བ་ཆེ། །འཇིག་རྟེན་ལུས་ལས་འདས་པར་འཆད་མཛད་མཁན། །ཀུན་རྫོབ་རང་རང་གིས་སྟོང་འགྱུར་མེད་ཨེ། །ཀུན་ཁྱབ་སྟོང་པ་ཉིད་དུ་ཐག་གཅོད་མཁན། །ཝཾ་ཡིག་བཅོམ་ལྡན་དགྱེས་མཛད་རྡོ་རྗེ་ནི། །ཨེ་ཡིག་ཆོས་དབྱིངས་དག་པའི་ཁང་བཟང་དུ། །ཟུང་འཇུག་བཅོ་ལྔའི་ཚོགས་དང་དབྱེར་མེད་པར། །རོལ་མཛད་རྣལ་འབྱོར་དབང་ཕྱུག་བིརྺ་པ། །ཁྱོད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ནས། །བདག་བློ་འཁོར་བའི་འདམ་དུ་མི་འཇུག་ཅིང༌། །མྱང་འདས་ཞི་བའི་སྐམ་ལ་མ་ཆགས་པར། །ཟུང་འཇུག་དགྱེས་པ་རྡོ་རྗེ་བདག་གྱུར་ཅིག །ཅེས་བྱ་བ་འདི་ཡང་དཔལ་ཤཱཀྱ་མཆོག་ལྡན་གྱིས་སྦྱར་བའོ།། ༈ །།རྣལ་འབྱོར་དབང་ཕྱུག་བིརྺ་པའི་རྟོགས་བརྗོད།། ༄། །ན་མཿགུ་རུ་བྷྱེཿ ཤིང་རྟ་ཆེན་པོའི་གྲགས་ཐོབ་པ། །འཇིགས་མེད་དཔལ་ལྡན་ཆོས་སྐྱོང་ནི། །རྗེ་བཙུན་རྡོ་རྗེ་བདག་མེད་མས། །བྱིན་བརླབས་གྱུར་པའི་དུས་དེ་ནས། །དབུ་མ་པར་གྱུར་ས་དྲུག་གི །རྟོགས་པ་མངོན་དུ་མཛད་པས་ན། །རྣམ་རིག་སྲོལ་ལས་འདས་སོ་ཞེས། །རྣམ་པར་ཐར་པ་འཆད་རྣམས་གསུངས། །དབུ་མའི་ཚུལ་དེ་གང་ཡིན་ཞེས། །དྲིས་ཚེ་ཕྱིས་བྱུང་ལམ་འབྲས་པ། །གཞན་ཟེར་དབྱངས་སུ་ལེན་པ་རྣམས། །ཐལ་རང་གཞུང་དུ་དེས་ཞུགས་ཟེར། །འདིས་མཛད་མན་ངག་གཞུང་ལུགས་ནི། །ཐལ་རང་ལུགས་དང་མཐུན་མ་ཡིན། །ལྟ་བ་ངོ་བོ་ཉིད་མེད་ལས། །ལྷག་ཅེས་གསུང་ཞིང་དེ་གཞུང་གིས། །ལྟ་བ་རྟོགས་པ་མིན་ཞེས་དང༌། །ལུགས་དེར་རྣམ་གྲངས་མ་ཡིན་པའི། །དོན་དམ་བཤད་པ་མེད་ཅེས་དང༌། །ལུགས་དེའི་ཐོས་བསམ་ཤེས་པ་ཡིས། །སྒྲོ་འདོགས་བཅད་པའི་ལྟ་བ་དེ། །དུག་ཅན་ཉིད་དུ་གསལ་བར་གསུངས། །ཐལ་རང་གཞུང་དུ་ཆོས་ཀྱི་དབྱིངས། །མེད་པར་དགག་པ་ཁོ་ན་དང༌། །གཉིས་མེད་རང་རིག་རང་གསལ་དང༌། །སྣང་བ་སེམས་སོགས་རིགས་པས་བཀག །རྣལ་འབྱོར་དབང་ཕྱུག་མན་ངག་གི །ལམ་གྱི་གཞུང་ཤེས་དེ་དག་ལས། །རིམ་པ་བཞིན་དུ་ལྡོག་ནས་གསུངས། །སློབ་དཔོན་ཟླ་བ་གྲགས་པས་ནི། །ཆོས་སྐྱོང་གྲུབ་པ་ཐོབ་རྗེས་སུ། །ཐལ་འགྱུར་ལུགས་ཀྱི་སྟོང་ཉིད་ནི། །འཇིགས་ནས་སྤངས་པ་ཡིན་ཞེས་དང༌། །ཡེ་ཤེས་སྙིང་པོས་ཆོས་སྐྱོང་ནི། །ཤིང་རྟ་ཆེན་པོ་ཉིད་གྱུར་ཀྱང༌། །བདེན་གཉིས་རྣམ་འབྱེད་རྨོངས་ཞེས་པ། །བཤད་ཟིན་དེ་ལ་བསམས་པ་ཡིན། །འོ་ན་དབུ་མ་གང་ཞེ་ན། །སྔགས་ཀྱི་དབུ་མ་ཁོ་ན་སྟེ། །སྐལ་བཟང་སྔགས་སུ་ཞུགས་ཙམ་ནས། །དབུ་མ་ཉིད་དུ་ངེས་ཕྱིར་རོ། །སྔགས་ཀྱི་དབུ་མ་ཞེས་བྱ་བའི། །རྣམ་གཞག་བཤད་པ་མེད་ཅེ་ན། །སྤྲོས་བྲལ་རྟོགས་པའི་ཐབས་ལ་ནི། །གསང་སྔགས་ཁྱད་པར་འཕགས་གྱུར་ན། །དེ་རྟོགས་པ་དེ་གྲུབ་པའི་མཐའ། །སྨྲ་བ་ལྔ་པ་ཞིག་ཡིན་ནམ། །རྒྱུད་དུ་ལྟ་བ་རིམ་འཇུག་ཚེ། །ངོ་བོ་ཉིད་མེད་སྨྲ་བ་ལས། །གོང་དུ་དགྱེས་པ་རྡོ་རྗེ་ལ། །འཇུག་པར་བཤད་པ་མ་ཡིན་ནམ། །ལྟ་བ་ལྷན་ཅིག་སྐྱེས་ཡེ་ཤེས། །ཕ་རོལ་ཕྱིན་ལས་མི་རྙེད་པ། །བླ་མའི་དུས་ཐབས་བསྟེན་པ་ལས། །རྙེད་ཅེས་དང་ནི་འཕགས་པ་ལྷས། །ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །ཞེས་སོགས་གསུངས་ཕྱིར་གསང་སྔགས་ཀྱི། །དབུ་མ་ཁོ་ན་དབུ་མ་ཆེ། །རྗེ་བཙུན་གྲགས་པས་ལྗོན་ཤིང་དུ། །ཐོག་མར་སྔགས་ཀྱི་ལྟ་བ་བསྟན། །དེ་ཉིད་རྣལ་འབྱོར་དབང་ཕྱུག་གི །མན་ངག་ལུགས་ཀྱི་རིམ་པའོ། །རྣམ་རིག་པ་དག་གསང་སྔགས་ལ། །འཇུག་ཚེ་ཐལ་རང་ལུགས་མི་དགོས། །རང་གཞུང་ཉིད་ནས་དེར་ཞུགས་ཚེ། །སྔོན་གྱི་ལྟ་ངན་འདོར་དགོས་མེད། །གཉིས་མེད་ཡེ་ཤེས་བདེན་གྲུབ་པ། །ལུགས་དེར་ཡོད་པས་འདོར་ཞེ་ན། །དེ་མ་བཀག་ཀྱང་དེར་འཛིན་པ། །འགོག་པ་ལུགས་དེར་ཡོད་པས་ཆོག །གཉིས་མེད་ཡེ་ཤེས་གང་ཟག་གི །བདག་ཏུ་རྨོངས་པ་ཟློག་པའི་ཕྱིར། །བརྟག་པ་གཉིས་པར་གང་ཟག་གི །བདག་མེད་ཐོག་མ་ཉིད་དུ་བསྟན། །ཆོས་ཀྱི་བདག་མེད་རྒྱས་པ་ནི། །ཐལ་རང་གཞུང་ལ་རག་ཅེ་ན། །མན་ངག་གཞུང་འདིར་སེམས་ལས་གཞན། །མེད་པར་ཐག་ཆོད་སེམས་ཉིད་ཀྱང༌། །འཛིན་པ་མེད་པར་ཐག་བཅད་པས། །ཆོས་བདག་ལྷག་མར་ལུས་པ་མེད། །དེ་ཙམ་ཞིག་ནི་ཐལ་རང་གི །གཞུང་ལ་ལྟོས་པ་མ་ཡིན་པར། །ལམ་འབྲས་དང་ནི་སྤྲོས་མེད་ཀྱི། །མན་ངག་ཉིད་ལས་ལེགས་པར་གྲུབ། །རྣལ་འབྱོར་དབང་ཕྱུག་ཀླུ་སྒྲུབ་གཞུང༌། །རྣལ་འབྱོར་སྤྱོད་པའི་སྲོལ་བཞིན་དུ། །བཀྲལ་ལ་འགྱོད་པ་མི་མངའ་བཞིན། །རྡོ་རྗེ་ཐེག་པའི་རྩེ་མོར་བྱོན། །ཞེས་པ་རྡོ་རིང་ཀུན་སྤངས་པའི། །ཆོས་ཚན་བཅོ་ལྔའི་ཐོག་མ་སྟེ། །ནེའུ་ཐོག་གི་བླ་མ་འགའ། །ལམ་འབྲས་གསུང་བའི་ཕྱག་ཏུའང་ཕུལ།། །།བྷ་ཝནྟུ།། ༈ །།གྲུབ་ཆེན་ལཱུ་དྲིལ་ནག་གསུམ་གྱི་རྟོགས་བརྗོད།། ༄། །རྣལ་འབྱོར་དབང་ཕྱུག་ནག་པོ་སྤྱོད་པ་ནི། །འཕགས་ཡུལ་ཤར་ཕྱོགས་བྷངྒ་ལར་འཁྲུངས་ནས། །གྲུབ་པ་མཆོག་བརྙེས་ཛཱ་ལནྡྷ་རི་ལ། །ངེས་པར་བསྟེན་མཛད་བདེ་མཆོག་འཁོར་ལོ་ཡི། །དབང་བསྐུར་རྒྱུད་དང་གདམས་པ་མ་ལུས་གསན། །རིགས་པར་བསྒྲུབས་པས་ལྟ་སྟངས་རྣམ་བཞི་གྲུབ། །དེ་ནས་འཁོར་ཚོགས་རྒྱ་མཚོའི་དབུས་ཤིག་ཏུ། །སྤྱོད་པ་སྤྱད་ནས་གྲོལ་བར་ཞལ་གྱིས་བཞེས། །དུས་དེར་ཛཱ་ལནྡྷ་རའི་ཞལ་མངའ་ནས། །ལྟ་སྟངས་རྣམ་བཞིས་ཚར་གཅོད་ནུས་གྱུར་ཀྱང༌། །དེ་གྲོལ་བྱེད་པའི་རྗེས་འཛིན་མི་ནུས་པས། །ད་དུང་སྤྱོད་པའི་དུས་ལ་མི་བབ་གསུང༌། །བླ་མ་ལ་ནི་ཨུ་རྒྱན་མཁའ་འགྲོ་མས། །བྱིན་རླབས་མཁའ་ལ་འགྲོ་དང་མངོན་ཤེས་སོགས། །ཐོགས་མེད་འཆར་བའི་རྒྱན་དྲུག་གང་སྩལ་བ། །དེ་ཉིད་བདག་ལ་སྩོལ་ན་སྤྱོད་པ་ཡི། །ཡུལ་དུ་ངེས་པར་རྒྱུ་ཞེས་རིངས་པར་ཆས། །དེ་བི་ཀོ་ཊ་མ་གཏོགས་ཡུལ་ཆེན་དུ། །རིགས་པར་རྒྱུ་བའི་གནང་བ་བླ་མས་སྩལ། །དེ་ནས་རྣལ་འབྱོར་ལྡན་པའི་འཁོར་གྱི་ཚོགས། །གཉིས་ཀྱིས་ལྷག་པའི་བདུན་ཅུ་དང་བཅས་པ། །ཁྲུ་གང་ཙམ་གྱིས་ས་ལ་མ་རེག་པའི། །གོམ་པས་འགྲོ་ཞིང་འཛིན་པོ་མེད་པ་ཡི། །གདུགས་བདུན་མདུན་གྱི་མཁའ་ལ་རིགས་པར་འགྲོ། །འཁྲོལ་བྱེད་མེད་པའི་ཌཱ་མ་རུ་བདུན་པོ། །རང་སྒྲ་སྒྲོག་པའི་ཆས་ཀྱིས་རྣམ་པར་རྒྱུ། །དེ་ནས་ཤར་ཕྱོགས་བྷངྒ་ལར་ཆས་པ། །གངྒཱའི་འགྲམ་དུ་མཉན་པོས་མ་བསྒྲལ་ཚེ། །ན་བཟའ་གཏིང་ནས་ཆུ་བོའི་ཕ་རོལ་བྱོན། །སྐབས་དེར་མཛེ་ཅན་ཆུ་ལ་སྒྲོལ་ཟེར་བ། །དེ་ལ་རྨེ་བའི་འདུ་ཤེས་སྐྱེད་བྱས་ཤིང༌། །ཆུ་བོར་མ་བྱིང་མངོན་པའི་ང་རྒྱལ་མཛད། །གང་དེའི་འཁོར་གྱི་ནང་ན་ཡོད་པ་ཡི། །དགེ་ཚུལ་ཞིག་གིས་མཛེ་མོ་ཁུར་བ་ན། །གངྒཱའི་དཀྱིལ་ནས་མཁའ་ལ་སྤྱོད་པར་སོང༌། །གྲུབ་པའི་དབང་ཕྱུག་ཚེམ་བུ་པ་ཞེས་གྲགས། །དེ་ནས་རྨོས་ཀྱི་གླང་དང་ཤིང་ཐོག་ལ། །བལྟ་སྟངས་གྲུབ་ཀྱང་སྒྲོལ་བར་མ་ནུས་ཤིང༌། །ཀློག་མཁན་ཞིག་གིས་ཀློག་པའི་གླེགས་བམ་གྱི། །ཡི་གེའི་ཆ་ཡང་མཁྱེན་པར་མ་གྱུར་ཏོ། །དེ་ནས་ཤར་ཕྱོགས་བྷངྒ་ལར་བྱོན་ནས། །རྒྱལ་པོ་རོལ་བའི་ཟླ་བ་དང༌། །བློན་པོ་དགེ་བའི་མགོན་པོ་གཉིས། །ཕྱི་རོལ་པ་དང་ནང་པའོ། །བློན་པོས་བཞེངས་པའི་ལྷ་ཁང་ན། །སྤྱན་རས་གཟིགས་དབང་ལྷ་ཆེན་གྱི། །གཟུགས་སུ་བྱས་པའི་རབ་གནས་ཞུས། །སྤྱི་བོར་མེ་ཏོག་བཅིངས་ནས་ནི། །སུ་པྲ་ཏིཥྛ་ཞེས་ཙམ་བརྗོད། །དེ་ལ་བློན་པོ་མ་མགུ་ནས། །ནག་པོ་སྤྱོད་པས་ལྷ་རྟེན་གྱི། །མེ་ཏོག་ཕོག་ནས་གཤེགས་པ་ན། །རྟེན་ཡང་དེ་ཡི་ཕྱི་བཞིན་བྱོན། །དེ་ནས་ཡིད་ཆེས་གསོལ་བཏབ་པས། །སྐུ་གཟུགས་ལམ་དེ་ཉིད་དུ་བཞུགས། །སྔོན་གྱི་གནས་དེར་མ་བགྲོད་པས། །ལམ་དེ་ཉིད་དུ་ལྷ་ཁང་བརྩིགས། །བློན་པོས་འཁོར་ལོ་སྡོམ་པ་ཡི། །དབང་བསྐུར་ཞུས་ནས་རས་བྲིས་ཀྱང༌། །རྒྱས་པར་བྲིས་ནས་གསང་བར་གདམས། །དེ་ནས་རྒྱལ་པོ་ཕྲག་དོག་གིས། །འཇིགས་བྱེད་དུས་མཚན་ཁ་སྦྱོར་གྱིས། །བདེ་མཆོག་ཡབ་ཡུམ་མནན་པ་ཡི། །རས་བྲིས་བཞེངས་ནས་ནུས་པ་འགྲན། །ཟེར་བ་སློབ་དཔོན་གྱིས་གསན་ནས། །བཅོམ་ལྡན་འདས་ལ་གསོལ་བཏབ་ནས། །ཚོགས་ཀྱི་འཁོར་ལོ་མཛད་པའི་ཚེ། །འཁོར་ལོ་སྡོམ་པའི་ཞལ་བསྟན་ནས། །ཅུང་ཟད་སྤྱོད་པ་མ་རན་པས། །ཚེ་འདིར་སངས་རྒྱས་མི་འགྲུབ་ཕྱིར། །གཞུང་དྲུག་རྩོམས་ཤིག་བར་དོ་རུ། །མཆོག་གྲུབ་ཅེས་པའི་ལུང་བསྟན་མཛད། །དེ་ནས་ཞག་བདུན་ལོན་པ་ན། །རྒྱལ་པོའི་བྲིས་སྐུ་གོ་ལོག་ནས། །འཇིགས་བྱེད་དུས་མཚན་མནན་པ་ཡི། །བཅོམ་ལྡན་ཡབ་ཡུམ་གསལ་བར་བྱོན། །དེ་ནས་རྒྱལ་པོ་འཁོར་དང་བཅས། །ཤིན་ཏུ་དད་ནས་རྒྱལ་སྲིད་ཕུལ། །དབང་དང་གདམས་པ་མ་ལུས་ཞུས། །བྷངྒ་ལ་པའི་མི་རྣམས་ཀུན། །རྣལ་འབྱོར་དབང་ཕྱུག་ཉིད་དུ་གྱུར། །དེ་ནས་བླ་མའི་བཀའ་བཅག་ནས། །དེ་བི་ཀོ་ཊའི་ཡུལ་དུ་བྱོན། །སྐྱེམས་ནས་བུད་མེད་གཞོན་ནུ་ལ། །ཤིང་ཐོགས་བླངས་བས་མ་སྟེར་བར། །ཕྲོགས་ནས་ཟོས་པས་ཁྲག་ཏུ་འཁྲུས། །དེ་ལ་ཅིས་ཕན་དྲིས་པ་ན། །རྒྱ་མཚོའི་ཝུ་བས་ཕན་ཞེས་ཟེར། །སློབ་མ་རྐང་མགྱོགས་གྲུབ་པ་ཡིས། །དེ་བླངས་འོངས་པའི་ལམ་བར་ན། །སློབ་དཔོན་གྲོངས་པ་ཡིན་ཟེར་ནས། །བུད་མེད་བདུན་ཙམ་ངུ་བ་མཐོང༌། །འོ་ན་སྨན་གྱིས་ཅི་བྱ་ཞེས། །ཆུ་ལ་ཕོ་ནས་འོངས་པ་ན། །སློབ་དཔོན་མ་གྲོངས་ཞལ་མངའ་ནས། །དེ་ནི་མཁའ་འགྲོའི་བར་ཆད་དེ། །བླ་མའི་བཀའ་ལས་འདས་པས་ལན། །ཚེ་འདིར་ཕྱག་ཆེན་མི་ཐོབ་པས། །བར་དོར་ལུས་འདི་ལ་ཞུགས་ནས། །སངས་རྒྱས་མངོན་དུ་བྱེད་པས་ན། །ལུས་འདི་ཞག་བདུན་བར་དུ་ཞོག །ཅེས་གསུངས་ནག་པོ་སྤྱོད་པ་ཡི། །རྣམ་པར་ཐར་བ་མདོ་ཙམ་སྟེ། །རྡོ་རྗེ་གདན་པའི་ཞལ་མངའ་ནས། །བླ་མའི་བཀའ་བཅག་སྤྱོད་པ་མཛད། །ནག་པོ་སྤྱོད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡི་དོན་ཡིན་ནོ། །སྔོན་གྱི་མཛེ་མོ་ཕག་མོ་སྟེ། །ཞིང་རྨོད་ཀློག་མཁན་ཧེ་རུ་ཀ །ཤིང་ཐོགས་བསྲུང་བའི་བུ་མོ་ནི། །སྙིང་པོའི་རྣལ་འབྱོར་མ་གཅིག་ཞེས། །ཧེ་རུ་ཀ་ཡི་སློབ་དཔོན་ལ། །ལུང་བསྟན་མཛད་པ་དེ་ཡིན་ནོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པ། །ཤར་ཕྱོགས་རྒྱལ་པོའི་སྲས་སུ་འཁྲུངས། །རྒྱལ་སྲིད་སྙིང་པོ་མེད་གཟིགས་ནས། །དཔལ་ལྡན་ནཱ་ལེནྡྲར་གཤེགས་ཏེ། །རྒྱལ་བའི་ལྷ་ལས་རབ་ཏུ་བྱུང༌། །མཚན་ནི་བློ་གྲོས་སྙིང་པོའི་དཔལ། །རིག་པའི་གནས་རྣམས་མཐར་ཕྱིན་ནས། །ཡོངས་སུ་རྫོགས་པའི་པཎྜི་ཏ། །བསྟན་པ་རྒྱལ་དུ་གཙུགས་པ་ཡི། །རྩོད་པས་མུ་སྟེགས་ཕམ་མཛད་པའི། །མཚན་ནི་དགྲ་ལས་རྣམ་རྒྱལ་ཞེས། །ས་ཆེན་གསུམ་དུ་རྣམ་པར་གྲགས། །དེ་ནས་དཱ་རི་ཀ་པ་དང༌། །མཇལ་ནས་འཁོར་ལོ་སྡོམ་པ་ཞུས། །དབེན་པའི་གནས་སུ་བསྒྲུབས་པ་ན། །ཨུ་རྒྱན་ཡུལ་ཆེན་དེར་སོང་ཤིག །ཕག་རྫི་མོ་ཡིས་རྗེས་འཛིན་ཞེས། །མཁའ་ལས་ལུང་བསྟན་བྱུང་བ་ཐོས། །དེ་ནས་དེར་སོང་ཕག་རྫི་མོ། །དེར་ཡིད་ཆེས་ལ་རྗེས་འཛིན་ཞུས། །དེ་ནས་དེ་ཡིས་མཁའ་འགྲོ་མའི། །རང་གཟུགས་བསྟན་ནས་དབང་བསྐུར་ཏེ། །ལྷོ་ཕྱོགས་ཡུལ་དུ་སྒོམས་ཤིག་ཅེས། །ལུང་བསྟན་ཐོབ་ནས་ལྷོ་ཕྱོགས་ཀྱི། །ཨོ་ཌི་བི་ཤ་ཞེས་བྱ་བའི། །ཡུལ་གྱི་ནགས་ཁྲོད་ཉམས་དགའ་བར། །སྒྲུབ་པ་སྙིང་པོ་མཛད་པའི་ཚེ། །ཡུལ་དེའི་རྒྱལ་པོ་སོས་ཀའི་དུས། །ནགས་དེར་རྩེ་ཞིང་རྒྱུ་བ་ན། །དགེ་སློང་ལུས་རིད་འཚོ་བ་ཡིས། །ཕོངས་པ་མཐོང་ནས་སྙིང་རྗེ་ཡིས། །གྲོང་ཁྱེར་དག་ཏུ་འདོང་ཞེས་སྨྲས། །སློབ་དཔོན་གྱིས་ནི་ཕྱག་རྒྱ་ཡི། །དངོས་གྲུབ་འགྲུབ་པར་ངེས་གཟིགས་ནས། །ལན་དུ་ཁྱད་གསོད་ཚིག་འདི་སྨྲས། །དངོས་པོའི་རང་བཞིན་ཡོད་ངེས་པའི། །མཁས་ལ་ཁྱོད་ཀྱིས་བརྙས་མི་བྱ། །རྩ་རྩེའི་བཅུད་པ་ཆུང་བ་ཡི། །འབྱོར་པས་མཁས་རྣམས་འཁྱིག་མི་ནུས། །རྒྱུན་མི་ཆད་པར་ཆང་འཛགས་པས། །འགྲམ་ལྷང་ནག་པོར་གྱུར་པ་ཡི། །གླང་ཆེན་རྣམས་ནི་པདྨ་ཡི། །སྐུད་པ་ཕྲ་མོས་འཁྱིག་མི་ནུས། །དེ་སྐད་རྒྱལ་པོ་དེ་ཁྲོས་ནས། །ངས་འདིར་གྲོང་ཁྱེར་དབུས་ཤིག་ཏུ། །སྨྲ་ཕབ་གྱིས་ཞེས་དྲིལ་བསྒྲགས་སོ། །དེ་ཚེ་ཆང་ཚོང་མ་ཞིག་གི །བུ་མོ་རབ་མཛེས་གཞོན་ནུ་མ། །པདྨ་ཅན་གྱི་རིག་གྱུར་པ། །དེ་ཡིས་དོན་དེ་ཁས་བླངས་སོ། །དེ་ལ་དགོས་པའི་ཡོ་བྱད་རྣམས། །རྒྱལ་པོས་ཕོ་བྲང་ནང་ནས་བྱིན། །བུ་མོས་ནགས་སུ་སློབ་དཔོན་གྱི། །ལྷན་གཅིག་གནས་པར་ཁས་བླངས་པ། །སྐལ་བ་ལྡན་པར་གཟིགས་ནས་གནང༌། །དབང་བསྐུར་དམ་ཚིག་ལྡན་བྱས་ནས། །རིམ་པ་ལྔ་པ་མཐར་ཕྱིན་པ། །ཇི་སྲིད་ལོ་གྲངས་བཅུ་གཉིས་བར། །ཕྱག་རྒྱ་དང་བཅས་སྒྲུབ་པ་མཛད། །དེ་ནས་ཀུན་ཏུ་བཟང་པོ་ཡི། །སྤྱོད་པས་ཨོ་ཌི་བི་ཤ་ན། །གནས་པ་མཐའ་དག་ཚུལ་ཆེན་ལ། །བཟུད་པར་བཞེད་དང་དུས་མཚུངས་པར། །རྒྱལ་པོས་ཆང་འཚོང་མ་ལ་སྤྲིངས། །དེ་རིང་ནགས་ནས་དགེ་སློང་དེ། །གྲོང་ཁྱེར་དབུས་སུ་བོས་ཤིག་ཅེས། །སྲང་གི་བར་དང་མདོ་རྣམས་སུ། །ཆང་གི་བུམ་པ་རིམ་པར་སྒྲིགས། །ཆང་འཚོང་མ་ཡི་བུ་མོ་ལ། །སློབ་དཔོན་སྤྱན་འདྲེན་འཕྲིན་དུ་སྤྲིངས། །སྤྲུལ་པའི་བུ་དང་བུ་མོ་གཉིས། །རིགས་པར་སྤྲུལ་ནས་གཡས་གཡོན་དུ། །རྒྱུག་པར་བྱེད་ཅིང་སློབ་དཔོན་གྱིས། །རྭ་ཡི་གཤོར་དུ་ཞལ་བཅུག་པ། །ཇོ་མོས་ཆང་གི་བུམ་པ་རྣམས། །རིམ་པར་བཏེགས་ནས་གསོལ་བཞིན་བྱོན། །གྲོང་ཁྱེར་དབུས་སུ་སླེབས་པ་ན། །རྒྱལ་པོ་འཁོར་དང་བཅས་པ་ཡིས། །སྔོན་ཚེ་སློབ་དཔོན་གྱིས་སྨྲས་པའི། །གླུ་དེ་བླངས་ནས་ཁྱད་གསོད་བྱེད། །རྒྱལ་པོས་དྲངས་ཚེ་མི་འོངས་པར། །ཆང་འཚོང་མ་ཡི་བུ་མོ་ཡིས། །ཅི་དགར་ཁྲིད་པ་འདི་མཚར་ཞེས། །ཐལ་མོ་རྡེབས་ཤིང་བཞད་སྒྲ་འབྱིན། །དེ་ནས་དངོས་གྲུབ་བརྙེས་པ་དེས། །རྭ་ཡི་གཤོར་ཞལ་ས་ལ་རྡབས། །ས་འོག་རིམ་པ་བདུན་ཕུག་ནས། །འོག་གི་ཆུ་ཆེན་གྱེན་དུ་འཕྱུར། །ཆུ་ཡི་དབུས་ནས་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོའི་སྐུ་ཞིག་འཁྲུངས། །ཆུ་རྣམས་དེ་ལ་ལན་བདུན་དུ། །སྐོར་བར་བྱས་ནས་ས་འོག་སོང༌། །སྐུ་དེ་དེང་སང་བར་དུ་ཡང༌། །འགྲོ་བ་སྐྱོབ་པའི་དཔལ་དུ་གནས། །དུས་དེར་སློབ་དཔོན་རང་ཉིད་ནི། །ཧེ་རུ་ཀ་ཡི་གཟུགས་སུ་བསྒྱུར། །བཙུན་མོ་རྡོ་རྗེ་ཕག་མོ་དང༌། །སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། །བུ་མོ་དྲིལ་བུ་ཉིད་གྱུར་ཏེ། །བདེ་མཆོག་ལྷན་ཅིག་སྐྱེས་པ་ཡི། །རྣམ་པར་བྱས་ནས་མཁའ་ལ་གཤེགས། །རྡོ་རྗེ་དྲིལ་བུ་བ་ཞེས་པར། །རབ་ཏུ་གྲགས་པ་དེ་ཡིས་ནི། །གདུལ་བྱ་མཁས་པའི་དོན་སླད་དུ། །རང་བཞིན་གྱིས་གྲུབ་དཀྱིལ་འཁོར་དུ། །དབང་བསྐུར་ཆོ་ག་དེ་སྒྲུབ་ཐབས། །རིམ་པ་ལྔ་པ་རྣམས་མཛད་དོ། །རྡོ་རྗེ་གདན་པའི་ཞལ་མངའ་ནས། །བུ་རྨད་བཅས་ཤིང་དངོས་གྲུབ་བརྙེས། །རྡོ་རྗེའི་དྲིལ་བུ་པ་ཞེས་པའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡང་འདི་ཡིན་ནོ། །ལཱུ་ཧི་པ་ཞེས་ཉི་མ་ལྟར་གྲགས་པ། །ཨུ་རྒྱན་ཡུལ་དུ་གྲགས་ཐོབ་ཡི་གེ་པའི། །རིགས་འཁྲུངས་ཀུན་ཏུ་དགའ་བར་མཚན་གསོལ་བ། །རི་ཁྲོད་དབང་ཕྱུག་ཉིད་ཀྱིས་རྗེས་སུ་བཟུང༌། །བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དུ། །དབང་བསྐུར་རྒྱུད་བཤད་གདམས་པ་གནང༌། །སྒྲུབ་ལ་བརྩོད་མཛད་དུས་གཅིག་ཚེ། །དུར་ཁྲོད་གནས་སུ་ཕྱིན་པ་ན། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །དམ་ཚིག་རྫས་ཤིག་བྱིན་པ་ན། །ཐེ་ཚོམ་མེད་པར་ཟོས་པ་ལས། །སྤྲུལ་པའི་དཀྱིལ་འཁོར་མངོན་གྱུར་ནས། ཞུགས་ཤིང་རྫོགས་པར་དབང་མནོས་པས། །དཔེ་ཡི་ཡེ་ཤེས་ཉམས་སུ་མྱོང༌། །དོན་གྱི་ཡེ་ཤེས་རྟོགས་བྱའི་ཕྱིར། །བསྐུལ་བའི་ཚིག་འདི་མཁའ་ལ་གྲགས། །རྐང་པ་བརྐྱང་བ་སྤངས་ནས་ནི། །འཁོར་བའི་མངག་གཞུག་དོར་ནས་སུ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་པ་གསལ་བར་ཐོས་ནས་ནི། །རྩེ་གཅིག་སྒྲུབ་པར་མཛད་དགོངས་ཏེ། །འཚོ་བ་གང་ལ་རྟེན་སྙམ་ནས། །ཆུ་བོ་གངྒཱའི་འགྲམ་དུ་བྱོན། །ཉ་ལྟོ་ཚེགས་ཆུང་བཙལ་སླ་བར། །དགོངས་ནས་ཕྱོགས་དེར་སྒྲུབ་པ་མཛད། །ཕྱག་རྒྱ་ཆེན་པོ་མཆོག་གྲུབ་པ། །དེ་ཚེ་ཟས་ལ་མཚན་གསོལ་བ། །ལཱུ་ཧི་པ་ཞེས་རྣམ་པར་གྲགས། །དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི། །རྒྱལ་པོ་བི་མ་ལ་ཙནྟྲ། །འདུལ་བའི་དུས་ལ་བབ་གཟིགས་པ། །དེ་ཚེ་དེ་ཡི་སྐྱེད་ཚལ་གྱི། །དབུས་ན་རིན་པོ་ཆེ་ཡི་ཁྲི། །ལེགས་བཤམས་ཕྱོགས་རྣམས་འདོད་པ་ཡི། །ཡོན་ཏན་མ་ཚང་མེད་རྫོགས་པ། །བརྒྱ་བྱིན་ཡུལ་གྱི་དགོས་རྒུ་རྣམས། །ས་ལ་འཕོས་འདྲ་དེར་བྱོན་ནས། །རྒྱལ་པོ་དཔུང་ཚོགས་མ་འོངས་པའི། །མངོན་དུ་སློབ་དཔོན་སྨྱོན་པ་ཡི། །ཆ་བྱད་གཟུགས་ཀྱིས་ཁྲི་སྟེངས་བཞུགས། །མཉམ་པར་བཞག་ལས་གཡོ་མེད་ཚེ། །རྒྱལ་པོའི་མདུན་ནས་སྔར་འོངས་པའི། །བཀྲ་ཤིས་ཁྲུས་ཀྱི་བུམ་པ་རྣམས། །རབ་ཐོགས་ཤིས་བརྗོད་ཚངས་པའི་བུ། །མདུན་ན་འདོན་རྣམས་དེར་འོངས་ནས། །སྨྱོན་པ་ཕར་སོང་ཧ་ཧ་ཞེས། །ཁྲོས་ནས་བཞད་སྒྲ་ངོར་བྱེད་ཚེ། །སློབ་དཔོན་མཉམ་གཞག་ལས་བཞེངས་ཏེ། །བྲམ་ཟེ་རྣམས་ལ་སྡིགས་མཛུབ་ཀྱི། །ཕྱག་རྒྱ་མཛད་ནས་འདི་སྐད་ཅེས། །མ་ལུས་ས་འདི་ཇི་ཙམ་ཡིན། །འཇིག་རྟེན་གསུམ་པོའང་ཇི་ཙམ་ཡིན། །དེ་ཡི་ཆ་ཉིད་ཇི་ཙམ་པ། །མི་བདག་དེ་ཡི་གཡོགས་ཡིན་ན། །གཞན་གྱི་དམ་པའི་སྤྱོད་པ་ལ། །བློ་བཟང་བཞད་གད་བྱེད་པ་ནི། །ཨེ་མ་འཁོར་བ་ངོ་མཚར་ཆེ། །འདི་ལ་སྨྲ་བ་མང་ཅི་དགོས། །ཞེས་གསུངས་བྲམ་ཟེ་སྐྱེངས་ནས་ལོག །དེ་ནས་རྒྱལ་པོ་དེ་ཁྲོས་ནས། །དཔུང་ཚོགས་ཀུན་གྱིས་སྨྱོན་པའི་གཟུགས། །དེ་རླག་བྱོས་ཞེས་སོང་བ་ན། །སློབ་དཔོན་གྱིས་ནི་སྡང་མིག་གིས། །བལྟས་ནས་ཧ་ཧ་ཧི་ཧི་ཞེས། །བཞད་པས་དཔུང་ཚོགས་ཀུན་སྨྱོ་ནས། །ཧ་ཧ་ཟེར་ཞིང་ཕྱོགས་བཅུར་བྲོས། །དེ་ནས་རྒྱལ་པོ་དེ་སྐྲག་ནས། །མཎྜལ་ཕུལ་ནས་བཟོད་པ་གསོལ། །རྒྱལ་པོས་རྣལ་འབྱོར་པ་ཁྱོད་སུ། །སློབ་དཔོན་གྱིས་ཀྱང་ཁྱོད་སུ་ཞེས། །སྨྲས་པས་རྒྱལ་པོས་ང་རྒྱལ་པོ། །སློབ་དཔོན་གྱིས་ཀྱང་ང་རྒྱལ་པོ། །རྒྱལ་པོས་སྨྲས་པ་སློབ་དཔོན་ལ། །རྒྱལ་པོའི་ལོངས་སྤྱོད་ཅི་ཡོད་དྲིས། །ས་གཞི་མལ་སྟན་ཆེན་པོ་སྟེ། །ལག་པའི་བློ་རྟེན་འབོལ་བ་ཁྲི། །ཟླ་བའི་འོད་ཟེར་སྒྲོན་མ་གསལ། །བསིལ་གཡབ་རྗེས་སུ་མཐུན་པའི་རླུང༌། །གནམ་སྔོན་ཡངས་པ་བླ་རེ་སྟེ། །ཆགས་བྲལ་སྟོང་པའི་བུད་མེད་ལ། །ཅི་བདེར་སྤྱོད་དེང་རྒྱལ་པོ་ལྟར། །འཇིགས་མེད་བདེར་ཉལ་རྣལ་འབྱོར་པ། །ཞེས་གསུངས་རྒྱལ་པོ་དེ་དད་ནས། །གླང་པོའི་མཆོག་གི་བཤུལ་སྟེངས་ནས། །ཁབ་ཏུ་སྤྱན་དྲངས་དབང་བསྐུར་ཞུས། །རྒྱལ་སྲིད་སྤོང་བར་ཁས་བླངས་པས། །བདེ་མཆོག་འཁོར་ལོའི་དབང་བཞི་བསྐུར། །དཔེ་ཡི་ཡེ་ཤེས་ཉམས་སུ་མྱོང༌། །དེའི་བློན་པོའང་དེར་དད་ནས། །དབང་བསྐུར་བདེ་ཆེན་ཉམས་སུ་མྱོང༌། །དེ་ནས་རྒྱལ་བློན་གཉིས་ཀ་ལ། །ཕྱག་རྒྱ་ཆེན་པོའི་དོན་སྟོན་པར། །བཞེད་ནས་གང་ལ་སེམས་འཕྲོ་དྲིས། །རྒྱལ་པོ་སྨད་འཚོང་མ་ལ་སྟེ། །བློན་པོའི་ཌིངྒིའི་སྒྲ་ལ་ཟེར། །ཌིངྒིའི་སྒྲ་ལས་བརྩམས་ནས་ནི། །སྐྱེ་འཇིག་གནས་གསུམ་རྟོག་བཅུག་པས། །གང་དུ་ཡང་ནི་མ་རྙེད་པ། །ཆོས་ཀུན་དེ་བཞིན་ཤེས་བྱས་པས། །ཕྱག་ཆེན་ཡེ་ཤེས་མངོན་དུ་བྱས། །དེ་ནས་རྒྱལ་བློན་དེ་གཉིས་ཀྱི། །དོན་དུ་སྒྲུབ་ཐབས་གཞུང་དེ་མཛད། །དེ་ནས་རྒྱལ་པོས་རྒྱལ་སྲིད་ཀྱི། །ཆ་གཅིག་དགེ་སྦྱོང་བྲམ་ཟེ་ལ། །གཅིག་ནི་ཕོངས་པ་རྣམས་ལ་སྦྱིན། །གཅིག་ནི་རྒྱལ་སྲིད་འཛིན་ལ་གཞག །གཅེར་བུར་ལུས་ཕྱུང་ཐལ་བས་བྱུགས། །འདོམས་རས་དཀྲིས་ཤིང་སློང་ཕོར་ཐོགས། །ལྷོ་ཕྱོགས་ཡུལ་གྱི་རྒྱུད་ཤིག་ན། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །སྨད་འཚོང་མ་ཡི་ཆ་བྱད་འཛིན། །བཅུ་གཉིས་ལོ་བར་དེ་བསྙེན་ན། །བུད་མེད་སྟོང་ཕྲག་བཅུ་བཞི་དང༌། །བཅས་པས་མཆོག་གི་དོན་གྲུབ་ཅེས། །ལཱུ་ཧི་པ་ཡིས་དེ་ལུང་བསྟན། །བློན་པོ་དེ་ཡང་དེ་བཞིན་དུ། །ཆང་འཚོང་མ་ལ་བསྙེན་བྱས་ན། །བཅུ་གཉིས་ལོ་ནས་ཡུལ་ཁམས་དེའི། །མི་དང་བྱོལ་སོང་ཐམས་ཅད་ཀྱིས། །མཁའ་སྤྱོད་དངོས་གྲུབ་ཐོབ་ཅེས་གསུངས། །དེ་ནས་དེ་བཞིན་མངོན་གྱུར་པའི། །མཚན་ནི་དཱ་རི་ཀ་པ་ཞེས། །རབ་གྲགས་འཁོར་ལོ་སྡོམ་པ་ཡི། །བསྟོད་པ་ལ་སོགས་གཞུང་རྣམས་མཛད། །དཔལ་ལྡན་རྡོ་རྗེ་གདན་པས་ཀྱང༌། །རྒྱལ་རིགས་ཐ་མལ་སྤྱོད་པ་མཛད། །སྨད་འཚོང་ལྔ་བརྒྱ་མཁའ་ལ་གཤེགས། །དཱ་རི་ཀ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུང་བློན་པོ་དེ་ཡིས་ཀྱང༌། །དེ་བཞིན་གྲུབ་པ་མངོན་གྱུར་ཚེ། །སློབ་དཔོན་ཌིངྒི་པ་ཞེས་གྲགས། །རྡོ་རྗེ་གདན་པས་བསྟོད་པ་ལས། །འབྲས་བུ་སྤྱོད་ཅིང་དངོས་གྲུབ་བརྙེས། །ཌིངྒི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡང་ཡིན་ནོ།། ༈ །།མདོ་སྔགས་ཀྱི་ངེས་དོན་གསལ་བར་མཛད་པའི་སློབ་དཔོན་རྣམས་ཀྱི་ཁུངས།། ༄། །སྭསྟི། མཉམ་པར་བཞག་ཅིང་བདུད་བཏུལ་ནས། །བྱང་ཆུབ་ཤིང་དྲུང་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་ཐུགས་བྱམས་པ། །གཟུགས་ཀྱི་སྐུར་བཞེངས་མི་ཕམ་མགོན། །ཇི་བཞིན་གཟིགས་པས་འཕགས་གྱུར་པ། །ཇི་སྙེད་འཆད་ལ་ཐོགས་པ་མེད། །དམ་ཆོས་ཀུན་གྱི་དབྱིག་ཇི་སྙེད། །འཛིན་པའི་མཛོད་དང་སྐྱོང་མཛད་གཉེན། །རྒྱལ་བའི་ལུང་བསྟན་ཤེས་རབ་མཚན། །མཐར་གནས་བློ་ལྡན་བཟང་པོའོ། །གྲུབ་པའི་སར་བཞུགས་རིག་གནས་ལྔ། །ཡོངས་སུ་རྫོགས་པའི་པཎ་ཆེན་ནོ། །ཉིད་ཀྱིས་བཤམས་པའི་ཆོས་ཀྱི་ཁྲིར། །ཤེར་ཕྱིན་གསུངས་མཛད་སྟོན་པ་ཉིད། །འཕགས་ལམ་འཆད་ལ་འཁྲུལ་མེད་པར། །རྒྱལ་བས་བསྔགས་པ་རབ་འབྱོར་ཉིད། །མཐོང་བའི་སྤང་བྱའི་སྒྲིབ་པ་ལས། །རྣམ་གྲོལ་འཕགས་པ་སྡེ་སྣོད་འཛིན། །དངོས་སྨྲའི་གླང་ཆེན་འཇིགས་མེད་ཡང༌། །སྐྲག་མཛད་སེང་གེ་བཟང་པོ་ཉིད། །བོད་འབངས་ཀུན་གྱི་ཇོ་བོ་རྗེ། །ཕུལ་བྱུང་ཨ་ཏི་ཤའི་མཚན། །འཇིག་རྟེན་མིག་གཅིག་རིན་ཆེན་བཟང༌། །མདོ་རྒྱུད་བསྟན་པའི་སྒྲོན་མར་གྲགས། །ཐུབ་པ་ཉིད་ཀྱི་ཆོས་ཁྲི་ནས། །ཆོས་འཆད་མཛད་པོ་མི་ཕམ་མགོན། །རྡོ་རྗེའི་གནས་བདུན་ཇི་བཞིན་པ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་བཀྲལ། །བྲམ་ཟེ་རིན་ཆེན་རྡོ་རྗེ་ཞེས། །འཕགས་པའི་ཡུལ་དུ་གྲགས་དཀར་ཐོབ། །དེ་དབོན་སྐྱེ་བོ་དམ་པ་ཞེས། །གྲགས་པས་བྱམས་པ་ཉིད་ལ་ནོས། །ལོ་ཙཱ་ཆེན་པོའི་ཆོས་ཀྱི་མཛོད། །མ་ལུས་འཛིན་མཛད་གྲོ་ལུང་པ། །རྒྱ་ཆེན་ཆོས་ཀྱི་ནགས་ཁྲོད་དུ། །འཇིགས་མེད་སེང་གེ་རྒྱུ་ཞིང་གནས། །དམ་ཆོས་མངོན་པའི་མཛོད་བཟུང་ནས། །སྟོན་མཛད་བློ་གྲོས་བརྟན་པར་གྲགས། །རྩོད་ལྡན་དུས་སུ་ཐམས་ཅད་མཁྱེན། །གཉིས་པར་གྲགས་པའི་ཤཱནྟི་པ། །མི་ཕམ་བྱམས་པའི་ཐུགས་མཚོ་ལས། །ངེས་པར་འཁྲུངས་པའི་སངས་རྒྱས་དཔལ། །དེས་སྲས་ཤཱཀྱ་རྒྱལ་མཚན་དཔལ། །ཕྲིན་ལས་བཟང་པོས་བསྟན་པ་བཟུང༌། །དོན་དམ་ཆོས་མཁས་ཡོད་སྨྲའི་སྡེ། །བཙུན་མཛད་གདུལ་བྱའི་དཔལ་བཟང་པོ། །ཤཱཀྱའི་བསྟན་ལ་རྣམ་ཀུན་གྱི། །མཆོག་ལྡན་ངེས་པའི་དོན་འཆད་མཁས། །རྫོགས་སངས་རྒྱས་པའི་ཡེ་ཤེས་ཀུན། །གཟུགས་ཀྱི་སྐུར་བཞེངས་འཇམ་པའི་དབྱངས། །ཤིན་ཏུ་སྤྲོས་མེད་ཞི་བ་ཡི། །སྤྱོད་པས་སྔགས་ཀྱི་ལྷ་གྲུབ་པ། །བསོད་ནམས་ཚོགས་རྫོགས་ཡེ་ཤེས་ཀྱི། །རྩེ་མོར་མི་ཐུབ་ཟླ་བ་བྱོན། །རྡོ་རྗེ་འཆང་དབང་ཡིད་བཞིན་མཚོར། །གྲགས་པའི་རྒྱལ་མཚན་བརྟན་པོར་ཚུགས། །སླར་ཡང་བྱང་ཆུབ་ཤིང་དྲུང་དུ། །བྱོན་པ་མ་ཧཱ་བོ་དྷི་ཉིད། །ཐུབ་ཆེན་སྟོན་པ་གཞན་ཀུན་ལས། །འཕགས་བསྟོད་མཛད་པོ་དངོས་གྲུབ་རྗེ། །ཐུབ་སྐུ་རྡོ་རྗེའི་གདན་ཉིད་དུ། །རང་བྱོན་མཛད་པ་བདེ་བྱེད་དགའ། །རྫོགས་སངས་རྒྱས་དངོས་བསྟོད་པ་ཡིན། །བསྒྲུབ་མཛད་རྒྱལ་པོ་དགའ་བའི་ལྷ། །རྒྱལ་ཡུམ་བློ་འདས་བརྗོད་མེད་པ། །ཐབས་མཁས་གཟུགས་སྐུར་བཞེང་ཁྱོད་ཉིད། །འཇམ་པའི་དཔལ་ཁྱོད་ཀུན་གྱི་ནི། །སྙིང་ལ་དབྱངས་ཅན་དགའ་མཛད་དོ། །རིག་གནས་ཀུན་དང་གྲུབ་པའི་སར། །འཇིགས་མེད་གདེང་ཐོབ་དཔའ་བོའི་སྐུ། །ཡིད་ཀྱིས་ཤིང་རྟས་ལེགས་ལྡན་པ། །འབྱེད་ཅིང་འཇོམས་མཛད་འཕགས་པའི་སྲས། །བདེན་པ་བཞི་པོའི་ཆོས་འཁོར་ནས། །དབུ་མར་འཇུག་མཛད་ཐུབ་པ་ཉིད། །རང་གཞུང་ཚུགས་དང་གཞན་འཇོམས་ལ། །ཀླུ་དང་སྲིད་སྒྲུབ་དེ་མཚུངས་མཚན། །ཡེ་ཤེས་ཉིད་ལ་གང་ཤར་བ། །རང་གི་སྙིང་པོ་གང་འདིས་མཁྱེན། །སྒྱུ་མ་རིགས་སྒྲུབ་མཁྱེན་པའི་དཔལ། །མི་གནས་སྣས་པ་ཡང་འདིས་མཁྱེན། །ཀུན་རྨོངས་ཆགས་སྡང་ཞི་བའི་ཚེ། །དགུ་བརྒྱ་གོ་དགུའི་ལོར་བཞུགས་པ། །བོད་ཁམས་ཆོས་མིན་ཕམ་མཛད་ནས། །པདྨའི་ངང་ཚུལ་དུ་བཞུགས་དགེ །སྒྲུབ་པོས་རིང་དུ་མི་ཐོགས་པར། །མངོན་སུམ་ཞལ་སྟོན་འཇམ་པའི་དབྱངས། །བསྟན་པ་འདི་ལ་དབུ་མ་ཡི། །སྲོལ་འབྱེད་དང་པོ་ཀླུ་ཡི་མཚན། །རིགས་ཚོགས་ལྟ་བ་རང་རྒྱུད་ཀྱིས། །འགྲེལ་མཛད་ཐོག་མ་ལེགས་ལྡན་འབྱེད། །ཐལ་འགྱུར་གཞུང་ལུགས་ཐོག་མར་ནི། །འཛུགས་མཛད་སངས་རྒྱས་དགོངས་སྐྱོང་པ། །རྟགས་དང་རིགས་ཤེས་རིམ་ཅན་པས། །མཚན་འཛིན་སེལ་མཛད་བློ་ལྡན་བཟང༌། །གངས་ཅན་ལྗོངས་སུ་ཐལ་འགྱུར་གཞུང༌། །དང་པོར་འཛུགས་མཛད་ཉི་མ་གྲགས། །ཆོས་འཁོར་བར་མཐའི་ལྟ་བ་ཉིད། །ཀླུ་དང་སྲིད་སྒྲུབ་མཚུངས་འཆད་མཁན། །འཕགས་པའི་ཉམས་མྱོང་རྣལ་འབྱོར་སྤྱོད། །སྔགས་ཀྱི་ལྷ་དང་མཚུངས་འཆད་མཁན། །འཕགས་ལྷས་རྗེས་བཟུང་དཔའ་བོ་ནི། །ཀུན་ལ་འཇིགས་མེད་རྟ་དབྱངས་སོ། །ཀླུ་ལས་གྱུར་པའི་མཁའ་འགྲོ་མས། །བྱང་ཆུབ་བརྙེས་པའི་མཚན་ལྡན་ནོ། །མཐའ་བྲལ་བ་དང་ཟུང་འཇུག་གི །དབུ་མ་དག་སྟོན་ས་སྐྱ་པ། །མཐའ་བྲལ་མེད་དགག་འབའ་ཞིག་པས། །བྱང་ཆུབ་མཛད་ལ་བརྩོན་འགྲུས་པ། །དཔལ་ལྡན་ཟུང་འཇུག་སྐུ་བརྙེས་པའི། །སྤྲུལ་སྐུ་ཡེ་ཤེས་འབྱུང་གནས་སོ། །ཟླ་བའི་ལེགས་བཤད་འོད་དཀར་གྱིས། །གསལ་མཛད་འཕགས་པའི་དགོངས་པར་གྲགས། །དོན་དམ་ཡོད་མེད་སྤྲོས་པའི་མཐའ། །ཀུན་ལས་གྲོལ་བའི་དཔལ་མངའ་ཉིད། །ཤཱཀྱའི་བསྟན་པ་འཆི་མེད་མཛོད། །མཆོག་དང་ཐུན་མོང་ཀུན་ཚང་ལྡན། །དམན་པའི་ས་དང་བདུད་བཞི་པོ། །འཇོམས་མཛད་བཅོམ་ལྡན་མི་གཡོ་མགོན། །སྤྱན་རས་གཟིགས་དབང་སངས་རྒྱས་ཀུན། །སྐྲུན་མཛད་ཡུམ་གྱི་བཀྲ་ཤིས་སྤྱོན།། ཤུ་བྷཾ།། ༈ །།འགྲོ་ལ་ཐུགས་རྗེ་ཕུལ་བྱུང་ཨ་ཏི་ཤའི་དཔག་ཡས་ཡོན་ཏན་ཕུལ་བྱུང་བསྔགས་པའོ།། ༄། །ན་མོ་བུདྡྷ་ཡ། སྔོན་ཚེ་མཐའ་ཡས་འགྲོ་བའི་དོན་སླད་དུ། །བྱང་ཆུབ་ཐུགས་མཆོག་བསྐྱེད་པའི་མཐུ་གྲུབ་པས། །དུས་འདིར་ཀུན་གྱི་གཙུག་ན་ལྷམ་མེ་བ། །ཇོ་བོའི་མཚན་ལྡན་དེ་ལ་ཕྱག་འཚལ་ལོ། །ངེས་པའི་དོན་དུ་རྒྱལ་བ་འོད་དཔག་མེད། །དྲང་བའི་དོན་དུ་རྒྱལ་སྲས་བཟང་པོ་སྐྱོང༌། །ཡོངས་རྫོགས་གནས་ལྔ་རིག་པའི་པཎྜི་ཏ། །སྤྲུལ་པས་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །རྒྱལ་སྲིད་སྤངས་ནས་ལེགས་གསུང་འདུལ་བ་ལ། །རབ་ཏུ་བྱུང་ཞིང་ཕལ་ཆེན་སྡེར་ཞུགས་ཏེ། །གཙུག་ལག་ཁང་ཆེན་དུ་མའི་བདག་པོར་གྱུར། །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །རིག་པའི་གནས་དང་རྒྱ་ཆེའི་ཆོས་རྣམས་ལ། །བསླབ་སྦྱངས་མཐར་ཕྱིན་ཐེག་མཆོག་རྩེ་མོ་ཡིས། །རང་ཉིད་གྲོལ་ནས་འགྲོ་མང་སྨིན་མཛད་པ། །ཡོངས་ཀྱི་དགེ་བའི་བཤེས་ལ་མགོས་ཕྱག་འཚལ། །བཤད་བྱའི་བཀའ་རྣམས་བྱང་ཞིང་ཆུབ་པའི་སྐུ། །འཆད་བྱེད་གཞུང་ལ་ཐོགས་པ་མེད་པའི་གསུང༌། །རླབས་ཆེན་སྤྱོད་པས་འགྲོ་ཀུན་འདྲེན་པའི་ཐུགས། །ཡིད་བཞིན་ནོར་བུར་གྱུར་ལ་མགོས་ཕྱག་འཚལ། །ཉམས་ལེན་བྱིན་བརླབས་རྒྱུད་པ་མ་ཉམས་ཤིང༌། །ཟབ་མོ་ལྟ་བའི་གྲུ་ཆེན་དེ་བཟུང་ནས། །རྒྱ་ཆེན་སྤྱོད་པའི་ཕྱོགས་ལ་རྟག་འགྲུས་པས། །འགྲོ་ཀུན་འདྲེན་པའི་དབང་པོར་མགོས་ཕྱག་འཚལ། །ཨ་ཏི་ཤ་ཞེས་སྙན་གྲགས་གསེར་གྱི་རྔ། །གངས་ཅན་འགྲོ་བའི་སྙིང་ལ་བདེ་སྟེར་མཁན། །ཡུམ་མཆོག་སྒྲོལ་མས་ལུང་བསྟན་ཇི་བཞིན་དུ། །སྙིང་རྗེས་བོད་ཁམས་བསྐྱངས་ལ་ཕྱག་འཚལ་ལོ། །ཆུ་ཕོ་རྟ་ནས་ཤིང་ཕོ་རྟ་ཡི་བར། །བཅུ་གསུམ་ལོར་བཞུགས་སྐྱེས་བུ་རྣམ་གསུམ་གྱི། །ལམ་གྱི་རིམ་པས་འགྲོ་ཀུན་གོང་ནས་གོང༌། །འདྲེན་མཛད་སྟོན་པ་དེ་ལ་ཕྱག་འཚལ་ལོ། །འཁོར་མང་བསྡུ་དང་གསུང་རབ་བསྒྱུར་བ་དང༌། །གཞུང་རྩོམ་བྱེད་དང་ལེགས་པར་བཤད་པ་དང༌། །སྐྱོ་ངལ་བཟོད་དང་ལྷུག་པར་གཏོང་བ་ཡིས། །འགྲོ་དོན་འབའ་ཞིག་དགོངས་ལ་ཕྱག་འཚལ་ལོ། །བུ་སློབ་ཉིང་སློབ་ཆུ་བོའི་རྒྱུན་བཞིན་དུ། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱིས། །བསྟན་པ་གནས་དང་སེམས་ཅན་དོན་ཁོ་ན། །ལྷག་པར་དགོངས་པ་ཁྱོད་ལ་ཕྱག་འཚལ་ལོ། །ངེས་པའི་དོན་དུ་སྤྱན་རས་གཟིགས་ཀྱི་ཐུགས། །དྲང་བའི་དོན་དུ་བཤེས་གཉེན་སྟོན་པའི་སྐུ། །འོད་དཔག་མེད་པའི་ཕྲིན་ལས་སྒྲུབ་པའི་གསུང༌། །འགྲོ་བའི་དཔལ་དུ་ཤར་ལ་ཕྱག་འཚལ་ལོ། །སྔོན་ཚེ་བོད་ཀྱི་ལྷ་གཅིག་བཙན་པོའི་སྐུ། །བར་དུ་བླ་ཆེན་དགོངས་པ་གསལ་བའི་གསུངས། །ཕྱི་མའི་དུས་སུ་འབྲོམ་སྟོན་ཐུགས་རྗེ་ཅན། །འཕགས་མས་ལུང་བསྟན་བརྙེས་ལ་མགོས་ཕྱག་འཚལ། །བཤེས་གཉེན་ཞང་ལས་དགེ་བསྙེན་སྡོམ་པ་མནོས། །སེ་བཙུན་སོགས་ལ་ཕ་རོལ་ཕྱིན་གཞུང་སྦྱངས། །རྒྱ་གར་པཎ་ཆེན་ཞལ་ལས་བརྡ་སྤྲོད་དང༌། །སྒྲ་བསྒྱུར་མཐར་ཕྱིན་མཛད་ལ་ཕྱག་འཚལ་ལོ། །ཤིང་མོ་ལུགས་ལ་རྭ་སྒྲེང་ཞེས་གྲགས་པ། །དབེན་པའི་ནགས་སུ་བཀའ་གདམས་ཞེས་བྱ་བའི། །ཆོས་ཚུལ་བླ་ན་མེད་པ་དེ་བཙུགས་ནས། །བཤད་སྒྲུབ་རྒྱུན་མི་ཆད་ལ་ཕྱག་འཚལ་ལོ། །དེ་ལྟར་དྭང་བས་ཕྱག་འཚལ་རྣམ་དཀར་གྱིས། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ཉི་མ་ནི། །འཇིག་རྟེན་ཁམས་སུ་ལན་བརྒྱར་གསལ་བ་དང༌། །བཀའ་གདམས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་ཤོག །བྱང་ཆུབ་སེམས་དང་བརླབས་ཆེན་སྤྱོད་པ་ཡིས། །སེམས་ཅན་མ་ལུས་མགྲོན་དུ་གཉེར་བ་དང༌། །མཐའ་ཡས་སེམས་ཅན་མགུ་བྱེད་བགྱིས་པ་ཡིས། །རྒྱལ་དང་རྒྱལ་བའི་སྲས་རྣམས་མཉེས་གྱུར་ཅིག །ཅེས་པ་འདི་ནི་སྣར་ཐང་གི སྟོན་དཔོན་ཤེས་རབ་བཟང་པོ་པས། གསོལ་བ་བཏབ་པའི་ངོར་བགྱིས་ནས། མཆོག་ལྡན་ལེགས་པའི་བློ་ཡིས་སོ།། །།ཤུ་བྷཾ།། ༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། དཔལ་ལྡན་ཨ་ཏི་ཤ་སྲས་དང་བརྒྱུད་པར་བཅས་པའི་ངོ་མཚར་མཛད་པའི་ཕྲེང་བ་སྤེལ་ལེགས་ཞེས་བྱ་བ། འཆི་མེད་དབང་པོ་རྒྱལ་བ་འོད་མཐའ་ཡས། །མཁྱེན་བརྩེ་ནུས་པའི་དབང་ཕྱུག་རིགས་གསུམ་མགོན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་སླད་དུ། །གངས་ཅན་ལྗོངས་འདིར་བྱོན་ལ་མགོས་ཕྱག་འཚལ། །ཕུལ་བྱུང་ཨ་ཏི་ཤ་ཞེས་སྙན་གྲགས་པ། །ཨ་ཝ་དྷཱུ་ཏཱི་ཀུན་སྤངས་དྲང་སྲོང་ཆེ། །དཱི་པཾ་ཀ་ར་མར་མེ་མཛད་ཡེ་ཤེས། །ཤྲ་མ་ཎ་ཞེས་དགེ་སྦྱོང་ཆེན་པོའི་མཚན། །གང་ཁྱོད་ཆུ་ཕོ་རྟ་ལ་ཤར་ཕྱོགས་ཡུལ། །ས་ཧོར་རྒྱལ་པོ་དགེ་བའི་དཔལ་ཞེས་པ། །རྒྱ་ནག་སྟོང་ཁུན་རྒྱལ་པོའི་འབྱོར་པ་ཡང༌། །ཟིལ་གནོན་བྱེད་དེའི་སྲས་འཁྲུངས་ཟླ་བའི་སྙིང༌། །གཞོན་ནུ་ཉིད་ནས་ཡི་དམ་མངོན་སུམ་གཟིགས། །སྲིད་ལ་མ་ཆགས་དགེ་བའི་བཤེས་གཉེན་བཙལ། །རི་ནག་ཁོངས་སུ་གསང་བའི་རྡོ་རྗེ་ལས། །དགྱེས་མཛད་རྡོ་རྗེའི་དབང་དང་གདམས་པ་མནོས། །མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ནི། །ཨ་ཝ་དྷཱུ་ཏཱིར་གྲགས་དང་ལྷན་ཅིག་ཏུ། །ལོ་བདུན་རྒྱུ་ཞིང་རིག་པ་བརྟུལ་ཞུགས་ཀྱི། །སྤྱོད་པ་ལོ་གསུམ་སྤྱད་པས་གྲོལ་བར་གྱུར། །དེ་ནས་ཨུ་རྒྱན་ཡུལ་གྱི་མཁའ་འགྲོ་མ། །རྣམས་དང་ལྷན་ཅིག་ཚོགས་ལ་སྤྱོད་པ་ན། །རྡོ་རྗེའི་གླུ་མང་གསན་ཞིང་ཡི་གེར་བཏབ། །དེ་ཉིད་བོད་དུ་འགྱུར་བ་ཀུན་ལ་གྲགས། །དེ་ལྟར་གྲུབ་པ་མཆོག་ལ་གནས་པའི་ཚེ། །བཅོམ་ལྡན་ཉན་ཐོས་འཁོར་བཅས་གསུངས་གཅིག་གིས། །ལུང་བསྟན་བརྙེས་ནས་རང་ལོ་ཉེར་དགུའི་ཚེ། །ཕལ་ཆེན་སྡེ་ལས་རབ་བྱུང་བསྙེན་པར་རྫོགས། །མཁས་བཙུན་ཚོགས་པའི་གཙུག་ལག་ཁང་ཆེན་པོར། །རིག་པའི་གནས་དང་སྡེ་སྣོད་ཕལ་ཆེར་མཁྱེན། །སྙན་པའི་གྲགས་ཐོབ་ཀུན་གྱི་དྲི་བའི་ཡུལ། །དེ་ནས་རིམ་གྱིས་གནས་བརྟན་ཆེན་པོར་གྱུར། །གང་དེས་ཆོས་ཀུན་གསན་པའི་བླ་མ་ནི། །ཛྙཱ་ན་ཤྲཱི་དང་ཀུ་ས་ལི་ཆུང་བ། །ཛཱཻ་ཏཱ་རི་དང་ནག་པོ་ཞབས་ཆེན་པོ། །ཌོམྦི་བ་དང་རིག་པའི་ཁུ་བྱུག་ཞབས། །ནཱ་རོ་པ་དང་ཛྙཱ་ན་བོ་དྷིའི་མཚན། །ཨ་ཝ་དྷཱུ་ཏཱི་བྱང་ཆུབ་བཟང་པོ་དང༌། །ཆོས་ཀུན་ཤེས་པའི་པཎ་ཆེན་ཤཱནྟི་པ། །གསེར་གླིང་པ་ལས་བྱང་ཆུབ་ཐུགས་མཆོག་བརྙེས། །གཞན་ཡང་བླ་མ་དྷརྨ་རཀྵི་ཏ། །བྱེ་བྲག་སྨྲ་བའི་པཎ་ཆེན་དེ་ལས་ཀྱང༌། །བསྟན་བཅོས་བྱེ་བྲག་བཤད་མཚོ་བཅུ་གཉིས་ལོར། །སྦྱངས་པ་ཕུལ་ཕྱིན་མཁས་པའི་གྲགས་དཀར་བརྙེས། །དེ་ལྟར་གསང་སྔགས་ཆོས་ལུགས་གྲུབ་པ་དང༌། །རིག་པའི་གནས་རྣམས་ཀུན་ལ་མཁས་པ་དང༌། །གནས་བརྟན་གོ་འཕངས་བཟུང་ནས་བཙུན་པ་དང༌། །བྱང་ཆུབ་ཐུགས་མཆོག་བརྙེས་ལ་མགོས་ཕྱག་འཚལ། །བོད་ཀྱི་ལྷ་གཅིག་བཙན་པོ་བྱང་ཆུབ་འོད། །གང་གི་སྙན་པས་ཡིད་རབ་དྲངས་གྱུར་ནས། །བོད་འབངས་ཡོངས་ལ་ཐུགས་བརྩེའི་དོན་སླད་དུ། །སྤྱན་འདྲེན་ཕོ་ཉར་ཚུལ་ཁྲིམས་རྒྱལ་བ་མངགས། །རེ་གཅིག་བཞེས་པ་ཆུ་ཕོ་རྟ་ལོ་ལ། །བལ་ཡུལ་སྐྱིད་གྲོང་ལ་སོགས་རིམ་བརྒྱུད་ནས། །བོད་འབངས་ཡོངས་ཀྱི་རྒྱལ་པོའི་ཕོ་བྲང་འཁོར། །ཉམས་དགར་གྱུར་ནས་ཆོས་ཀྱི་ཆར་ཆེན་ཕབ། །ནང་དུ་བླ་མེད་ཐེག་པའི་སྨིན་གྲོལ་དང༌། །ཕྱི་རོལ་སྐྱེས་བུ་གསུམ་པོའི་ལམ་རིམ་གྱིས། །སྔོན་བྱུང་ཆོས་ལོག་མང་པོ་སུན་ཕྱུང་ཞིང༌། །ཡོངས་རྫོགས་བསྟན་པའི་གནས་རྣམས་གསལ་བར་མཛད། །རྒྱུད་སྡེ་རྣམ་བཞིའི་ཉམས་ལེན་གཅིག་དྲིལ་བ། །གསང་སྔགས་འཕྲུལ་གྱི་མེ་ལོང་ཞེས་བྱ་དང༌། །མདོ་དང་སྔགས་ཀྱི་བསྟན་བཅོས་ཐུན་མོང་བ། །བྱང་ཆུབ་ལམ་གྱི་སྒྲོན་མའང་དེར་མཛད་ཅིང༌། །དེ་འགྲེལ་ཉིད་ཀྱིས་མཛད་པར་གྲགས་པ་དང༌། །འཁོར་ལོ་བར་པའི་ལྟ་བ་གཞིར་བཟུང་ནས། །གསེར་གླིང་རྒྱལ་པོའི་དོན་དུ་བདེན་པ་གཉིས། །ཟླ་གྲགས་གཞུང་ལ་འཇུག་པ་དེ་མཛད་དོ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་སྤྲུལ་པ་ནི། །ཆོས་ཚུལ་བགྲང་ཡས་མཁྱེན་པ་སྟོན་པའི་མཚན། །ཇོ་བོའི་མཚན་ཙམ་ཐོས་པས་ཡིད་རངས་ཏེ། །མདོ་ཁམས་ཡུལ་ནས་བྱང་གི་ལམ་བརྒྱུད་བར། །ཆོས་སྐྱོང་སྤྲུལ་པས་ཤུལ་གྱི་སྣ་དྲངས་ཏེ། །རྗེ་ཉིད་གང་དུ་བཞུགས་པའི་ས་ཡི་ཆ། །པུ་ཧྲངས་ཡུལ་དུ་ཤིང་མོ་བྱ་ལ་མཇལ། །དེ་ནས་འབྲོམ་གྱིས་དཔལ་ལྡན་ཨ་ཏི་ཤ །དགེ་འདུན་གསུང་ལ་སངས་རྒྱས་བཀའ་བཞིན་དུ། །གཅེས་པར་འཛིན་པའི་བཀའ་བསྩལ་རྙེད་པ་ན། །དབུས་ཀྱི་སྡེ་ཆེན་རྣམས་སུ་མཆིད་ཤོག་སྤྲིངས། །སྔོན་གྱི་བན་ཆེན་ཡེ་ཤེས་བློ་གྲོས་དང༌། །མཁས་བཙུན་ཆེན་པོ་ལེགས་པའི་ཤེས་རབ་དང༌། །རྒྱལ་གྱི་ཀ་བ་སོགས་ཀྱི་མིང་ཕྱུང་བས། །ཁུ་སྟོན་མ་བཟོད་སྔོན་དུ་སྤྱན་འདྲེན་བརྩམས། །དེ་ནས་སྡེ་པ་མང་པོའི་བདག་གྱུར་པ། །ཁུ་སྟོན་ལ་སོགས་ཀུན་གྱིས་སྣ་དྲངས་པའི། །ངུར་སྨྲིག་འཛིན་པའི་ཚོགས་རྣམས་ངང་པ་ཡི། །ཁྱུ་མཆོག་དབང་པོས་ངང་པའི་ཚོགས་ཁྲིད་བཞིན། །ཚུལ་ཁྲིམས་རྒྱལ་བས་དཔལ་ལྡན་མར་མེ་མཛད། །རྒྱ་གར་ཡུལ་དུ་སྐྱེལ་བར་ཆས་པའི་ས། །དཔལ་ཐང་ཞེས་བྱའི་གནས་སུ་འདུས་ཤིང་མཇལ། །ལོ་ཙཱ་དབུགས་ཕྱུང་དབུས་ཀྱི་ཡུལ་དུ་ཆས། །རྩང་གི་ཤུལ་རིངས་མགྱོགས་པར་བགྲོད་ནས་ནི། །རོང་གི་ཡུལ་དུ་དཔལ་ལྡན་མགར་དགེ་དང༌། །ཡོལ་སྟོན་ཆོས་དབང་ཇོ་མོ་སྒྲེ་མོ་སོགས། །སྐལ་ལྡན་འགའ་ཡི་དོན་མཛད་དངོས་གྲུབ་ཐོབ། །ཤུལ་རིངས་མགྲོན་པོ་ཕ་མ་རྒས་པ་དང༌། །ནད་པའི་ཞབས་ཏོག་བྱས་དང་སྟོང་པ་ཉིད། །ཐུན་གཅིག་སྒོམ་པ་བསོད་ནམས་མཉམ་མོ་ཞེས། །ཅུང་ཟད་འཚོ་བས་ཕོངས་པའི་གཏམ་ཡང་མཛད། །བྱང་ཐང་ཡུལ་ནས་ལྷ་སའི་ནམ་མཁའ་ལ། །ལྷ་ཚོགས་མཆོད་པ་འབུལ་བ་སྤྱན་གྱིས་གཟིགས། །ཆོས་འཁོར་བསམ་ཡས་བསྟན་པའི་གཞིར་མཁྱེན་ནས། །ཡང་ཡང་བསྔགས་པ་བརྗོད་ཅིང་རིངས་པར་མཛད། །འཆིང་རུང་བག་ལ་ཆས་པའི་བུ་མོ་ཡིས། །མགོ་རྒྱན་ཕུལ་ནས་ཚེ་ཡི་དུས་བྱས་པ། །དེ་དོན་ངན་སོང་སྦྱོང་བའི་ཆོ་ག་ཡིས། །འདོད་ལྷར་སྐྱེས་པ་ལྷ་ཡི་མིག་གིས་གཟིགས། །དོལ་གྱི་ལྗོངས་སུ་ཇོ་བོ་གཅིག་པུ་ལ། །དབུལ་པོས་བསོད་སྙོམས་དྲངས་པས་ཕྱུག་པོར་གྱུར། །ཁུ་སྟོན་ནན་གྱིས་ཐང་ཆེན་གནས་སུ་ཕེབས། །ཟླ་གཅིག་ལོན་ཚེ་འབྲོམ་གྱིས་སྤྱན་སྔར་སླེབས། །གནས་དེར་ཐུགས་མ་ཆགས་པས་དབུ་ཡི་ཞྭ། །བྱིན་རླབས་རྟེན་དུ་བྱིན་ནས་འབྱོན་པར་བརྩམས། །ལྷ་བཙུན་པོ་དྷི་རཱ་ཛས་བསམ་ཡས་སུ། །མགྱོགས་པར་སྤྱན་དྲངས་བོད་སྟོན་ཕལ་ཆེར་འདུས། །བསྟན་བཅོས་མང་པོའི་འགྱུར་དང་ཞུས་ཆེན་མཛད། །འབྲོམ་གྱིས་སྙེ་ཐང་ཞེས་གྲགས་བང་སྟོན་གྱི། །གཙུག་ལག་ཁང་དེར་གུས་པས་སྤྱན་དྲངས་ཏེ། །ལོ་དགུའི་བར་དུ་བདེ་བར་བག་ཕེབས་སོ། །སྐབས་དེར་རྔོག་གིས་ལྷ་སར་སྤྱན་དྲངས་ཆེ། །སྤྱན་རས་གཟིགས་ཀྱིས་བྲག་སྒོའི་གནས་ནས་བསུ། །མཁའ་འགྲོས་གཏེར་ཡིག་གཏད་ནས་ལྷ་ས་ཡི། །ལྷ་དང་གནས་ཀྱི་ངེས་པ་ཇི་བཞིན་རྙེད། །རྟོག་གེ་འབར་བའི་འགྱུར་དང་ཞུས་ཆེན་དང༌། །དབུ་མའི་མན་ངག་ཆེ་ཆུང་གཉིས་ཀྱང་མཛད། །བྱང་ཆུབ་འབྱུང་གནས་ཞེས་གྲགས་རྔོག་སྟོན་གྱིས། །ཡེར་པར་སྤྱན་དྲངས་དམ་ཆོས་མང་དུ་གསུངས། །རྒྱལ་གྱི་ཀ་བ་ཤཱཀྱ་དབང་ཕྱུག་གིས། །འཕན་ཡུལ་ལན་པ་སྤྱིལ་བོར་སྤྱན་དྲངས་ནས། །དམ་པའི་ཆོས་གསུངས་རྟ་མགྲིན་སྒྲུབ་པ་མཛད། །འབྱུང་པོ་བཏུལ་ནས་ས་ཕྱོགས་བྱིན་གྱིས་བརླབས། །ཚུལ་ཁྲིམས་རྒྱལ་བ་རང་གི་ཡུལ་བཏང་ནས། །དགའ་ལྡན་གནས་སུ་ལྷན་ཅིག་དུས་བཏབ་མཛད། །ཇོ་བོ་གཤེགས་ཀར་ཁོ་བོའི་བྲིས་སྐུ་ལ། །དགེ་བར་སྤྱོད་ནས་རབ་གནས་མཛོད་ཅེས་ཞུས། །གུང་ཐང་ལོ་ཙཱ་ལྕགས་མོ་ཕག་ལོ་པ། །སོ་གཉིས་པ་ལ་ཇོ་བོ་སྤྱན་འདྲོངས་ནས། །གཞན་ཡང་ནག་པོ་དམ་ཚིག་རྡོ་རྗེ་དང༌། །ཤནྟི་བྷ་དྲ་སོགས་ཀྱི་ལོ་ཙཱ་མཛད། །དེ་ལྟར་བོད་ཁམས་མང་པོའི་བདེ་སྐྱིད་དང༌། །བོད་ཡུལ་དབུས་ཀྱི་སྐྱེས་ཆེན་ཕལ་ཆེ་བ། །ལྷ་གཅིག་བཙན་པོ་ཉིད་དང་ནག་ཙོ་ཡི། །བཀའ་དྲིན་ལས་བྱུང་གུས་པས་ཕྱག་འཚལ་ལོ། །འོད་དཔག་མེད་མགོན་དཔལ་ལྡན་ཨ་ཏི་ཤ །བདག་ཏུ་བཟུང་བའི་ཞམ་རིང་གཉུག་མ་པ། །སྤྱན་རས་གཟིགས་སྤྲུལ་སྟོན་པ་རིན་པོ་ཆེ། །བསྟན་པའི་བདག་པོར་གསོལ་ཞིང་སྐྱབས་གསུམ་གྱི། །རྟེན་གྱུར་ཇི་སྙེད་མཆིས་པ་འབྲོམ་ཉིད་ལ། །དགེ་བར་གཏད་ནས་བསྟན་པ་སྐྱོངས་ཤིག་དང༌། །ཁོ་བོས་རྟག་པར་བྱིན་གྱིས་རློབ་བོ་ཞེས། །ལུང་བསྟན་དབུགས་དབྱུང་མཛད་ནས་ཤིང་ཕོ་རྟ། །སྟོན་ཟླ་འབྲིང་པོའི་ཡར་ཚེས་བཅོ་ལྔ་ལ། །དགའ་ལྡན་གཤེགས་ནས་ཟླ་གཅིག་དུས་དག་ཏུ། །གསེར་གྱི་མེ་ཏོག་ཆར་ཆེན་འདབ་བརྒྱད་པ། །གྲངས་མེད་སྩལ་བ་དེ་ལ་ཕྱག་འཚལ་ལོ། །ཐུགས་ལས་འཁྲུངས་པའི་སྲས་གྱུར་ཡུལ་དབུས་སུ། །ཁུ་རྔོག་འབྲོམ་གསུམ་གཙང་ནས་འགར་འགོས་ཡོལ། །མངའ་རིས་ལོ་ཙཱ་རིན་ཆེན་བཟང་པོ་དང༌། །ལྷ་བཙུན་བྱང་ཆུབ་འོད་དང་ནག་ཙོ་སོགས། །སོ་སོར་བགོས་པའི་གདུང་སྐལ་ཐོབ་པ་ལ། །དངུལ་གྱི་གདུང་ཁང་གཟི་བརྗིད་འོད་འབར་བ། །དངུལ་གདུགས་ཅན་ཞེས་གྲགས་པ་རེ་རེ་མཛད། །རང་རང་ཡུལ་དུ་ས་ཕྱོགས་བྱིན་གྱིས་བརླབས། །ཤིང་མོ་ལུག་ལ་ཀ་བས་སྙེ་ཐང་དུ། །ཇོ་བོའི་ཡི་དམ་རྗེ་བཙུན་སྒྲོལ་མ་དང༌། །ཉིད་ཀྱི་ལྷུངས་བཟེད་མཁར་གསིལ་སོགས་བཞུགས་པའི། །གཙུག་ལག་ཁང་ཆེན་བརྩིགས་ནས་ཆོས་འཁོར་མཛད། །དེ་ལྟར་ཇོ་བོའི་མཛད་པ་མཐར་ཕྱིན་ནས། །ཇོ་བོའི་བསྐྱངས་པའི་ཚོགས་པ་ཇི་སྙེད་པ། །འབྲོམ་རྗེ་སྟོན་པས་ཇི་ལྟར་བསྐྱངས་པའི་ཚུལ། །མདོ་ཙམ་བརྗོད་པ་གུས་པས་མཉན་པར་བགྱི། །འབྲོམ་ནི་ཇོ་བོའི་རང་ལོ་ཉེར་བཞི་པ། །ཤིང་མོ་སྤྲུལ་ལ་སྟོད་ལུང་ཕུར་འཁྲུངས་ནས། །རྒྱལ་གྱི་ཞང་ཆེན་རྡོ་རྗེ་དབང་ཕྱུག་ལ། །དགེ་བསྙེན་མནོས་པའི་མཚན་ནི་ཆོས་འཕེལ་ཞེས། །དེ་ནས་ཁམས་སུ་སེ་བཙུན་ཞེས་གྲགས་པ། །ཀུན་གྱི་དྲི་བའི་ཡུལ་གྱུར་ཆེ་དེའི་དྲུང༌། །ཉེ་བར་བསྙེན་ནས་དམ་པའི་ཆོས་མང་གསན། །མཁས་པ་གཞན་ལས་ལོ་ཙཱ་ལེགས་པར་སྦྱངས། །ད་ལྟ་རྒྱ་གར་ཡུལ་ན་སུ་ཆེ་ཞེས། །ཀུན་ལ་དྲིས་པས་མར་མེ་མཛད་དཔལ་ཞེས། །མཚན་ཙམ་ཐོས་པས་དད་པའི་སྤུ་ལངས་ཤིང༌། །ཚེ་འདིར་མཇལ་བའི་གོ་སྐབས་སྲིད་དམ་ཞེས། །མོལ་མཆིད་ཡང་ཡང་གླེང་བའི་སྐབས་ཤིག་ན། །བོད་རྗེ་བཙན་པོས་ཇོ་བོ་སྤྱན་དྲངས་ཞེས། །ཐོས་པའི་མོད་ལ་དོན་གཉེར་བུང་བའི་ཚོགས། །ཡིད་འོང་པདྨོའི་ཚལ་དུ་བསྙེག་པ་བཞིན། །བོད་རྗེའི་བསྲུང་མས་ལམ་གྱི་སྣ་དྲངས་ཏེ། །ཨུ་པ་སི་ཀས་དུས་འདིར་སླེབས་སོ་ཞེས། །སྒྲོལ་མས་ལུང་བསྟན་མཛད་པའི་ཚེས་གྲངས་ལ། །ཇོ་བོའི་དྲུང་དུ་བར་ཆད་མེད་པར་སླེབས། །དེ་མ་ཐག་ཏུ་སྨིན་བྱེད་དབང་བསྐུར་ནས། །ལོ་བཅུའི་བར་དུ་ལྗོན་ཤིང་གྲིབ་མ་བཞིན། །ཉེ་བར་བསྙེན་པས་རྒྱལ་བའི་བཀའ་མཐའ་དག །མ་ལུས་གདམས་པར་འཆར་བ་དེ་ཐོབ་བོ། །ཤིང་མོ་ལུག་ལ་འཕྲང་ཁ་བེར་ཆུང་གིས། །འབྲོམ་སྟོན་རྭ་སྒྲེང་གནས་སུ་སྤྱན་དྲངས་ནས། །ལོ་བཅུའི་བར་དུ་འགྲོ་མང་སྨིན་པར་མཛད། །གཞོན་ནུ་རྒྱལ་མཚན་ཞེས་གྲགས་ཕུ་ཆུང་བ། །བདེན་བཞིའི་རྣམ་པ་མི་རྟག་པ་སོགས་ཀྱིས། །སྨིན་པར་གྱུར་ནས་བྱང་ཆུབ་སྤྱོད་པའི་ཕྱོགས། །དབེན་པར་ཉམས་ལེན་མཛད་ལ་གཡེལ་མི་མངའ། །རིན་ཆེན་གསལ་ཞེས་གྲགས་པའི་པོ་ཏོ་བས། །འབྲོམ་གྱིས་མཁྱེན་པའི་དམ་ཆོས་ཇི་སྙེད་པ། །ལེགས་པར་མཁྱེན་ནས་རང་ཉིད་གྲོལ་བ་དང༌། །འགྲོ་མང་སྨིན་པའི་ཕྲིན་ལས་བསམ་མི་ཁྱབ། །ཉིན་རེ་བཞིན་ཡང་འབྲོམ་གྱི་སྤྱན་སྔ་ལས། །གཞན་དུ་མ་འདས་སྤྱན་སྔའི་མཚན་ཐོགས་པ། །ཚུལ་ཁྲིམས་འབར་ལ་ཇོ་བོའི་གསང་སྔགས་ཀྱི། །གདམས་པ་མ་ལུས་གནང་ཞིང་བསྒོམས་མཛད་དང༌། །ཇོ་བོ་བོད་དུ་བྱོན་ལོ་སྣེའུ་ཟུར་པ། །ཏིང་འཛིན་རང་ཆས་མངའ་བའི་ཡེ་ཤེས་འབར། །གང་འཁྲུངས་བདུན་ཅུ་རྩ་གཉིས་ལོར་འཚོ་བ། །འབྲོམ་དང་པོ་ཏོ་བ་ལས་བཀའ་གདམས་མནོས། །གདམས་ངག་པ་ཞེས་གྲགས་པའི་བཀའ་གདམས་པ། །ཆུ་བོའི་རྒྱུན་བཞིན་ཆད་པ་མེད་དེ་བྱུང༌། །པོ་ཏོ་བ་ནི་ཇོ་བོའི་ཞེ་བརྒྱད་པ། །ལྕགས་མོ་ལུག་ལ་སྤྲས་ཀྱི་སར་འཁྲུངས་ནས། །རྒྱལ་གྱི་གླན་ལ་རབ་ཏུ་བྱུང་མཛད་ནས། །ཉེར་བརྒྱད་ལོ་ལ་འབྲོམ་གྱི་དྲུང་དུ་བྱོན། །དེ་ནས་རང་ལོ་ལྔ་བཅུ་ལོན་གྱི་བར། །རྩེ་གཅིག་སྒྲུབ་ལས་གཡེལ་བ་མཛད་མི་མངའ། །ལྔ་བཅུ་གཅིག་ནས་བདུན་ཅུ་རྩ་ལྔའི་བར། །ཚོགས་པ་བསྐྱངས་བའི་ཕྲིན་ལས་བསམ་མི་ཁྱབ། །དེ་སྲས་སྐྱེས་བུ་དམ་པ་བགྲང་ཡས་ལས། །ཐུགས་རྗེ་རང་དང་མཉམ་པའི་གླང་ཐང་པ། །རྡོ་རྗེ་སེང་གེར་གྲགས་པ་ཇོ་བོ་རྗེ། །དགའ་ལྡན་གཤེགས་པའི་ཤིང་ཕོ་རྟ་ལོ་ལ། །སྒྲ་རིས་གནས་སུ་འཁྲུངས་ནས་བདུན་བཅུའི་བར། །བསླབ་སྦྱངས་གཞན་དོན་མཛད་པ་བསམ་མི་ཁྱབ། །རྡོ་རྗེ་གདན་པས་ཁྱུང་པོ་རྣལ་འབྱོར་ལ། །འོད་དཔག་མེད་པའི་སྤྲུལ་པར་ལུང་བསྟན་ནས། །རབ་བྱུང་བསྙེན་པར་རྫོགས་པའི་མཁན་པོ་ཞུས། །གླང་ཐང་བ་དེས་ཚེ་རབས་ཐམས་ཅད་དུ། །དགེ་སློང་དངོས་པོ་དག་དང་མི་འབྲལ་བའི། །དམ་བཅའ་བརྟན་པོ་མཛད་ཚེ་དཔལ་ལྷ་མོ། །ལྷང་ལྷང་གྲེའུའི་སྐད་བཅས་དེར་བྱོན་ནས། །དེ་ཡི་བར་དུ་ཁྱོད་ཀྱི་གྲོགས་བྱ་གསུང༌། །གླང་ཐང་པ་དེ་གཤེགས་པའི་འོག་རོལ་ཏུ། །ཚོགས་པ་ཕལ་ཆེར་ཤར་བ་པ་ལ་འདུས། །མཉམ་མེད་དྭགས་པོའི་བླ་མ་ལྕགས་རི་པ། །བྱང་ཆུབ་དཔལ་ཞེས་གྲགས་པ་མདོ་ཁམས་ནས། །གཞོན་ནུའི་དུས་སུ་འབྱུང་པོས་གཟིར་བ་ཞིག ཚོང་པའི་རྗེས་འབྲངས་ཁྱི་ཡི་རྣམ་པར་བྱུང༌། །གླང་རི་ཐང་པས་ཏིང་འཛིན་མཐུ་བསྟན་པས། །འབྱུང་པོ་བསྐྲད་ནས་རྗེས་བཟུང་སྨིན་པར་མཛད། །ཤ་བོ་སྒང་པ་པདྨ་བྱང་ཆུབ་ནི། །གླང་རི་ཐང་པས་རང་ལོ་བཅུ་བཞི་པ། །མེ་མོ་ལུག་ལ་འཁྲུངས་པ་ནས་བཟུང་སྟེ། །རེ་ལྔའི་བར་དུ་བྱང་ཆུབ་སེམས་སྦྱངས་ནས། །སྟོང་ཕྲག་ཚོགས་པས་བསྐོར་བའི་བཤེས་གཉེན་ཡང༌། །གླང་རི་ཐང་པས་རྗེས་བཟུང་སློབ་མར་གྲགས། །གླང་ཐང་པ་ལ་ཚོགས་པ་ཉིས་སྟོང་ཙམ། །འདུས་པའི་ནང་ནས་ཡར་ལུང་ལྕགས་ཞིང་པ། །གཞན་ཡང་བ་ཡགས་འདུལ་བ་འཛིན་པ་དང༌། །ལུང་ལུང་མོ་པ་མདོ་སྡེར་གྲགས་པ་དང༌། །ཞང་བཙུན་གཉན་དང་ཞང་ཞུང་པ་ལ་སོགས། །ཡོངས་ཀྱི་བཤེས་གཉེན་དམ་པ་མང་ཞིག་བྱུང༌། །གླང་ཐང་ཞང་གིས་གདན་ས་མཛད་པ་ན། །བཤེས་གཉེན་ཕག་མོ་གྲུབ་པས་གནས་དེར་བཏུགས། །གླང་ཐང་པ་དང་ཉི་ཟླ་ཟུང་གཅིག་ཏུ། །རྣམ་པར་གྲགས་པའི་ཞང་བཙུན་ཤར་བ་པ། །ཡོན་ཏན་གྲགས་པའི་མཚན་ཅན་ཇོ་བོ་རྗེ། །གཤེགས་ནས་བཅུ་བདུན་ལོན་པ་ལྕགས་ཁྱི་ལ། །འཁྲུངས་ནས་བཤེས་གཉེན་དམ་པ་པོ་ཏོ་བའི། །སྤྱན་སྔར་རབ་བྱུང་གདམས་པ་མ་ལུས་གསན། །མཁྱེན་རབ་ཡངས་པའི་མཐར་ཕྱིན་རྒྱལ་བའི་བཀའ། །འགྱུར་རོ་འཚལ་རྣམས་ཐུགས་ལ་བཞུགས་པར་གྲགས། །ཚོགས་པ་སུམ་སྟོང་དྲུག་བརྒྱ་འདུས་པ་ལ། །བཤད་པ་ཕལ་ཆེར་གཞུང་ཆེན་ཉིད་ལ་མཛད། །པ་ཚབ་ལོ་ཙཱས་ཟླ་བ་གྲགས་པའི་གཞུང༌། །མང་ཞིག་བསྒྱུར་བ་སྤེལ་བའི་གྲོགས་མཛད་ནས། །ཐལ་འགྱུར་གཞུང་མཆོག་ཉིན་མོར་བྱེད་པ་ཡང༌། །གསལ་བར་གྲགས་པ་བཤེས་གཉེན་གང་དེའི་མཐུ། །བཤེས་གཉེན་དམ་པ་མཚན་མོའི་སྐར་མ་ཙམ། །སྨིན་པར་མཛད་ནས་བདུན་ཅུ་རྩ་གཉིས་པ། །ཞི་བར་གཤེགས་སོ་བུ་ཆེན་ཉི་ཟླ་ལྟར། །རྣམ་པར་གྲགས་པ་སྣར་ཐང་གཏུམ་སྟོན་དང༌། །འཆད་ཁའི་བྱ་སྟོན་ཡེ་ཤེས་རྡོ་རྗེ་གཉིས། །འཆད་ཁ་བ་ནི་འཁྲུངས་ཡུལ་ལོ་རོ་བ། །ཤ་མིའི་དྲུང་དུ་འདུལ་བ་གསན་པ་ན། །ལྕགས་ཞིང་པ་ལས་གླང་རི་ཐང་པ་ཡི། །ཚིགས་བཅད་བརྒྱད་མའི་ཚིག་འགའ་གསན་པ་ན། །དྭང་བ་ཐོབ་ནས་དབུ་རུའི་ཕྱོགས་སུ་བྱོན། །ཤར་བ་པ་ལ་གདམས་པ་དེ་གསན་ནས། །ལོ་གྲངས་བཅུ་གསུམ་ཉམས་ཁྲིད་བསྐྱངས་པ་ལས། །ཇི་བཞིན་ཐུགས་ལ་འཁྲུངས་ནས་དོན་བདུན་མ། །ཡི་གེར་བྲིས་པའི་གདམས་པ་དེ་ནས་བྱུང༌། །གཏུམ་སྟོན་བློ་གྲོས་གྲགས་ལ་ཤར་བ་པས། །དགེ་སློང་བཞི་སྡེ་རེ་དང་ལྷན་ཅིག་ཏུ། །མི་འབྲལ་འགྲོགས་པའི་ཞལ་ཆེམས་གསུངས་པ་ལས། །ལྕགས་མོ་བྱ་ལོ་བཤེས་གཉེན་ཤར་བ་པ། །གཤེགས་པའི་ལོ་ནས་ཆུ་ཕོ་སྤྲེ་ལོའི་བར། །ངེས་མེད་གནས་ཀྱི་ནང་ཆན་སོ་སོ་བར། །རང་ཉིད་སྨིན་དང་འཁོར་ཚོགས་གྲོལ་མཛད་པའི། །ཕྲིན་ལས་མཛད་ཚེ་འཁོར་མང་འདུས་པ་ན། །ཆུ་མོ་བྱ་ལ་དཔལ་ལྡན་སྣར་ཐང་བཏབ། །ལོ་གྲངས་བཅུ་བཞིར་ཚོགས་པར་བསྐྱངས་མཛད་ནས། །བཤེས་གཉེན་དམ་པ་གསེར་རིའི་ཕྲེང་བ་ལྟར། །རྣམ་པར་གྲགས་པ་རིམ་པར་བརྒྱུད་པ་ལས། །ཐུབ་བསྟན་ཡིད་བཞིན་རིན་ཆེན་མ་ཉམས་པ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་མཛད་པའི། །ཤེས་རབ་གྲགས་དང་བདུད་རྩི་གྲགས་ལ་སོགས། །བཤེས་གཉེན་དམ་པ་རྣམས་ནི་ཕྱག་བྱའི་འོས། །ཇོ་བོ་བོད་དུ་བྱོན་ནས་ཤར་བ་པ། །གཤེགས་པའི་བར་ལ་ལོ་གྲངས་བརྒྱ་སོང་ཞིང༌། །དེ་ནས་སྣར་ཐང་མ་བཏབ་གོང་རོལ་དུ། །བཅུ་གཉིས་ལོ་ལོན་བཏབ་ནས་རིན་པོ་ཆེ། །གྲུབ་པ་ཤེས་རབ་ཡན་ཆོད་ལོ་ཡི་གྲངས། །ཉིས་བརྒྱ་རེ་ལྔ་སོང་བ་མེ་མོ་བྱ། །དེ་ནས་དྲུག་ཅུ་སྐོར་གཅིག་འདས་པས་ཀྱང༌། །ལོ་དགུ་ལོན་པ་དེང་སང་ཤིང་མོ་སྦྲུལ། །དེ་ལྟར་ཇོ་བོ་བོད་དུ་བྱོན་པ་ནས། །དེང་སང་ཡན་ལ་བཞི་བརྒྱ་བཞི་བཅུ་དང༌། །ལོ་བཞི་ལོན་པ་ཤིང་མོ་སྦྲུལ་གྱི་བར། །ཕྱི་དར་བསྟན་པ་ཉིན་མོ་ཇི་བཞིན་དུ། །མཉལ་ཞིག་སློབ་མ་དཀྱེལ་ནག་གྲགས་སེང་གིས། །སྣར་ཐང་གནས་སུ་ཕར་ཚད་བཤད་གྲྭ་བཙུགས། །སྐྱི་སྟོན་གྲགས་འབུམ་ཞེས་དང་ཆུ་མིག་པ། །སེང་གེ་དཔལ་སོགས་མཁས་པ་མང་དུ་ཐོན། །བཅོམ་ལྡན་རལ་གྲིར་གྲགས་པའི་མཁས་པ་ནི། །ཡར་ལུང་ཕུ་ཐང་དུ་འཁྲུངས་བསམ་ཡས་ཀྱི། །མཆོད་རྟེན་དཀར་པོའི་སྡེ་ལ་རབ་ཏུ་བྱུང༌། ཆོས་ཀྱི་རྒྱལ་མཚན་ཞེས་བྱར་མཚན་གསོལ་བ། །དགའ་བ་གདོང་དུ་དབྱར་ཉི་བརྩོན་འགྲུས་ལ། །ཕར་ཕྱིན་གསན་ཚེ་ས་ནད་རྟོག་པ་ཡིས། །སྣར་ཐང་སྐྱོ་སྟོན་དྲུང་དུ་ཕྱག་རྡོར་གྱི། །གདམས་པ་ཞུ་བར་བསམ་ནས་ཆས་པ་ལས། །སྣར་ཐང་རྒྱ་སྒོའི་ཐེམ་པར་ཞབས་བཞག་ཚེ། །ཚོགས་དུང་བུས་དང་དབུ་ལ་ཉི་ཤར་བ། །མཉམ་དུ་བྱུང་བས་རྟེན་འབྲེལ་བཟང་བར་དགོངས། །རྣམ་ངེས་སྟོང་ཚར་བཤར་བས་ས་ནད་ཐོན། །གྲྭ་དེར་སྡེ་བདུན་སྦྱངས་ཤིང་མི་གཡོ་བའི། །བསྙེན་པ་དུང་ཕྱུར་བཅུ་གསུམ་མཛད་པ་ལས། །ཤེས་རབ་ནམ་ལངས་རྣམ་དཔྱོད་ཉི་མ་ཤར། །གསུང་རབ་ཀུན་ལ་འཇིགས་མེད་སྤོབས་པ་བརྙེས། །རྒྱ་གར་པཎ་ཆེན་འགའ་ལ་ཆོས་མང་གསན། །གྱ་ལྔའི་བར་དུ་འཆད་རྩོད་རྩོམ་པ་ཡིས། །གངས་ཅན་ལྗོངས་ཀྱི་སྡེ་སྣོད་འཛིན་པའི་ཚོགས། །ཕལ་ཆེར་འདུས་ནས་རྩོད་བྲལ་མཁས་པར་གྲགས། །རྩོམ་པའི་རྣམ་གྲངས་ལྔ་བརྒྱར་གྲགས་པ་ལས། །བསྟན་པ་རྒྱས་མཛད་ཅེས་བྱའི་བསྟན་བཅོས་སུ། །བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་རྣམས་ཀྱི། །ཚད་དང་འགྱུར་བྱང་བརྗོད་བྱའི་སྟོན་ཚུལ་མཛད། །དེའི་སློབ་མ་འཇམ་དབྱངས་སྒེག་པོ་ཞེས། །སྙན་པར་གྲགས་པའི་མཁས་པ་ཆེན་པོ་དེ། །ས་སྐྱར་བཞུགས་ཚེ་ཧོར་གྱི་སྤྱན་དྲངས་ནས། །ཐུབ་བསྟན་དགོངས་པའི་ལྷག་བསམ་རྣམ་དཀར་བས། །བཀའ་དང་བསྟན་བཅོས་ཇི་སྙེད་འགྱུར་བ་རྣམས། །མ་ལུས་བཞེངས་པའི་ཡོ་བྱད་ཚོགས་ཕུལ་བས། །གང་དེའི་སློབ་མ་དབུས་པ་བློ་གསལ་ནི། །བྱང་ཆུབ་ཡེ་ཤེས་ཞེས་བྱར་གྲགས་པ་དང༌། །སྟག་སྟོན་ལོ་ཙཱ་བསོད་ནམས་འོད་ཟེར་དང༌། །སྡེ་སྣོད་འཛིན་པ་བྱང་ཆུབ་འབུམ་རྣམས་ཀྱིས། །འབད་པ་ཆེན་པོའི་ཕྱི་མོ་ཀུན་བཙལ་ནས། །མཁས་མང་འདུ་བའི་གྲྭ་ཆེན་སྣར་ཐང་དུ། །འཇམ་དབྱངས་ལྷ་ཁང་ཞེས་བྱར་མཚན་བཏགས་པ། །སྔོན་མེད་བསྟན་པའི་གཙུག་ལག་ཁང་ཆེན་མཛད། །དེ་ནས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །བུ་སྟོན་ལོ་ཙཱ་གྲགས་པའི་རྩོད་བྲལ་བ། །མ་བྱོན་སངས་རྒྱས་གསུམ་པའི་རྣམ་འཕྲུལ་དེས། །ཕྱི་མོའི་གོ་རིམ་སླར་ཡང་བསྒྲིགས་པ་དང༌། །སྔོན་མས་མ་རྙེད་ཆོས་ཚན་སྟོང་ཕྲག་ཙམ། །གསར་དུ་བསྣན་པའི་ཞུས་ཆེན་དམ་པ་མཛད། །གངས་ཅན་ལྗོངས་སུ་བཀའ་དང་བསྟན་བཅོས་ཀྱི། །གླེགས་བམ་མ་ཉམས་སྒྲོན་མ་འབར་བ་ཡིས། །སྟོན་པའི་བསྟན་པ་ཉིན་མོར་ལྟར་གསལ་བའི། །བཀའ་དྲིན་མཚུངས་མེད་གང་ལས་བྱུང་གྱུར་པ། །བཅོམ་ལྡན་རལ་གྲི་བརྒྱུད་པར་བཅས་པ་དང༌། །མཁྱེན་རབ་དབང་ཕྱུག་བུ་སྟོན་ལོ་ཙཱ་ཡི། །ལེགས་མཛད་ཀུན་ལ་ངེས་པར་ཡི་རིང་ཞིང༌། །སྒོ་གསུམ་ཀུན་ནས་གུས་པས་ཕྱག་འཚལ་ལོ། །ཇོ་བོ་ལུང་བསྟན་བརྙེས་པའི་ཆོས་ཀྱི་གྲྭ། །བཀའ་གདམས་སྡེ་ཆེན་དཔལ་ལྡན་སྣར་ཐང་དུ། །བརྒྱུད་པའི་རིམ་པ་གཞན་ལས་འོངས་གྱུར་པའི། །ཆོས་ཀུན་འདུས་པའི་ནང་གི་རོལ་མཚོ་ནི། །ཡི་དམ་ཞལ་གཟིགས་ཀུན་ལ་མ་རྨོངས་པའི། །སྐྱེས་ཆེན་དམ་པ་ནམ་མཁའ་གྲགས་པའི་ཞབས། །མདོ་སྔགས་ནང་གི་དོན་དང་རིག་པའི་གནས། །མཐའ་དག་འདུས་པ་བཅོམ་ལྡན་རལ་གྲིའི་ཞབས། །སླར་ཡང་སྔོན་བཞིན་སྐྱེས་བུ་རྣམ་གསུམ་གྱི། །བསྟན་པའི་རིམ་པ་མ་ཚང་མེད་དེ་དང༌། །ཚུལ་ཆེན་སྔགས་དང་སྒྲ་ཚད་ལ་སོགས་པ། །རིག་གནས་ཀུན་གྱི་མཚོ་ཆེན་ཁེངས་པར་ཤོག །སྤྱན་རས་གཟིགས་དབང་མཚན་མོའི་ཉི་མ་ཡིས། །གངས་ཅན་ཨུཏྤལ་བཞད་པའི་དགའ་བ་ལ། །ལྟ་འདོད་འོད་དཔག་མེད་པའི་ཉི་མ་ནི། །བོད་ཡུལ་དབང་པོའི་ལམ་དུ་བདེ་བར་བྱོན། །ཁྱབ་གསལ་ཤིང་རྟ་འདྲེན་པའི་ཁ་ལོ་པས། །ཉིན་བྱེད་ཤར་ནས་ཤར་དུ་འདྲེན་དེ་བཞིན། །བོད་ཁམས་ནུབ་ཀྱི་ལྗོངས་སུ་རོལ་རྩེད་མཁན། །འབྲོམ་རྗེ་དད་པའི་ཕོ་ཉས་ཤར་དུ་དྲངས། །འབྲོམ་སྟོན་ཐུགས་རྗེའི་ཟླ་བས་བྱང་ཕྱོགས་ཀྱི། །ཐུབ་བསྟན་པད་མོ་ཕྱོགས་བརྒྱར་བཞེད་པ་ནི། །ལྷ་ཅིག་མཁྱེན་པའི་ཉི་མ་སྙིང་རྗེ་ཡི། །ཟླ་བར་སིམ་པའི་དཔལ་ཡོན་ལགས་པར་གྲང༌། མཁའ་ལ་ཉི་མ་ལན་བརྒྱར་འཆར་མཛད་ཀྱི། །བྱེད་པོ་དེ་དག་ཀུན་གྱིས་ཡ་མཚན་ན། །ས་ལ་བསྟན་པའི་ཉི་མ་མི་གཟུགས་ཅན། །སྟོང་ཕྲག་བརྒྱ་པའི་བྱེད་པོ་འདི་ཅི་ཞིག །ལྷ་གཅིག་གཟུགས་ཀྱི་ཡ་མཚན་ཁོ་ན་ཡིས། །གངས་ཅན་ཉིན་མོར་བྱས་པ་མ་ཡིན་གྱི། །དེ་གསུང་སྣང་བ་མ་ཉམས་དེ་སྲིད་དུ། །ཕན་བདེའི་འདབ་བརྒྱ་བཞད་པར་གདོན་མི་འཚལ། །ཚངས་པའི་བུ་མོ་ན་གཞོན་ཁྲུས་ཀྱི་དག་བྱེད་མཁན་དེ་ས་སྟེངས་འདིར་འོངས་བཞིན། །མཁའ་ཡི་ཟླ་བ་བསིལ་ཟེར་ཅན་གང་འདིར་བྱོན་མིན་ནམ་ཚ་གདུང་སེལ་དེ་ཅི། །སྲོང་བཙན་ཐུགས་རྗེའི་ཟླ་བ་ཆོས་དབྱིངས་ཞི་བའི་མཁའ་ལ་རིང་དུ་གནས་གྱུར་མོད། །མ་དྲོས་མཚོ་ལས་གངྒཱའི་ཀླུང་བཞིན་བསིལ་མཛད་རྐྱོང་བ་འདི་ནི་འབྲོམ་གྱི་མཚན། །པད་དཀར་བཞད་པའི་དགའ་བས་ཉེར་ཚིམ་ནས། །གླིང་གཞན་མཛའ་བོ་བལྟ་བའི་ཟུར་མིག་མ། །འཛམ་གླིང་འདབ་བརྒྱའི་ཚལ་ལ་ཆགས་བཞིན་དུ། །ཤར་རིའི་རྩེ་ནས་འཛུམ་མདངས་གསལ་བ་ལྟར། །མཁྱེན་བརྩེའི་ཉི་ཟླ་ཞིང་གཞན་གཤེགས་དེ་དག །སྐལ་བཟང་རྒྱུ་སྐར་ཕྲེང་བའི་དོ་ཤལ་ཅན། །རྙོག་བྲལ་ལང་ཚོས་ཁེངས་པའི་སྔོ་སངས་མ། །ཕན་བདེར་བྱེད་པའི་མིག་ཏུ་འབར་བྱེད་ཤོག །སྐྱེས་ཆེན་དམ་པའི་རྣམ་ཐར་རོ་བརྒྱ་པ། །དོན་གཉེར་བུང་བ་སྨྲ་མཁས་དར་དིར་ཅན། །དགྱེས་མཛད་པད་དཀར་ཕྲེང་བ་འདི་འབུལ་གྱི། །ཤེས་རབ་བཟང་པོའི་ཉི་མས་དེ་ལོང་ཤིག །སྨིག་རྒྱུ་རླབས་ཕྲེང་ལྟར་བརྒྱུས་པས། །ཡིད་བཞིན་རྒྱ་མཚོར་མཚོན་མི་ནུས། །ལེགས་མཛད་ཀུན་ལ་ཡི་རང་བའི། །ཕྲེང་མཛེས་འཛིན་པ་རྒྱ་མཚོ་འདྲ། །བབ་ཅོལ་སྨྲ་ལ་ལྕེ་བདེ་བས། །སྨྲ་མཁས་དབང་པོར་སུ་ཡིས་རྩི། །དམ་པའི་རྣམ་ཐར་བརྗོད་མཁས་པ། །ཆེན་པོའི་གྲལ་དུ་དབུ་འཕངས་མཐོ། །རྐང་བརྐྱང་ལ་གནས་བྲེ་མོའི་གཏམ། །སྨྲ་མཁས་མཛངས་པའི་གྲྭར་མི་བྲིན། །ངོ་མཚར་ཅན་གྱི་གཏམ་སྣ་གཅིག །བརྗོད་མཁས་དེ་དག་མང་པོས་བཀུར། །མང་པོས་བཀུར་བ་འཇིག་རྟེན་གྱི། །ཆོས་སུ་མ་ཟད་འཇིག་རྟེན་ལས། །འདས་པའི་དགེ་བ་གོང་ནས་གོང༌། །འཕེལ་མཛད་ཆོས་ཀྱི་རྒྱལ་པོའི་རྒྱུ། །ཞེས་ཇོ་བོ་རྗེ་ལྷ་གཅིག་སྲས་དང་རྒྱུད་པར་བཅས་པའི་ངོ་མཚར་མཛད་པའི་ཕྲེང་བ་སྤེལ་ལེགས་ཞེས་བྱ་བ་འདི་ནི། སྣར་ཐང་སྟོང་དཔོན་ཤེས་རབ་བཟང་པོའི་གསུང་གིས་བསྐུལ་བའི་ངོར་གྱིས་ནས། ཡུལ་དབུས་ཀྱི་ཀློག་པ་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྦྲུལ་གྱི་ལོ། ཐ་སྐར་ཅན་གྱི་དགའ་བ་དང་པོ་ལ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།། །།མངྒ་ལཾ།། ༈ །།འཇིག་རྟེན་གྱི་མིག་གཅིག་རིན་ཆེན་བཟང་པོའི་བསྟོད་པ། རྙོག་བྲལ་ཡིད་ཀྱི་དྭང་བ་འདྲེན་བྱེད་ཅེས་བྱ་བ་བཞུགས།། ༄། །ན་མོ་མཉྫུ་ཤྲཱི་ཡེ། རྟག་ཏུ་ཕན་དགོངས་རྒྱལ་སྲས་བརྩེ་བ་ཅན། །ཟབ་མོའི་དོན་ལ་འཁྲུལ་མེད་མཁྱེན་པ་ཅན། །བདུད་དང་ས་གཉིས་གནོན་པའི་མཐུ་སྟོབས་ཅན། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཅན། །རིན་ཐང་མ་ཉམས་ཆོས་ཀྱི་ཆར་ཆེན་པོས། །ཐ་གྲུ་མ་ཉམས་གངས་ཅན་ལྗོངས་ཆེན་པོ། །ཟབ་རྒྱས་མ་ཉམས་ཆོས་ཀྱི་མཚོ་ཆེན་པོར། །བསྐྲུན་མཛད་ཕྲིན་ལས་བཟང་པོ་ལ་ཕྱག་འཚལ། །ལྷ་གཅིག་བཙུན་པས་«་་་་་ཡེ་ཤེས་འོད་ཀྱི། »མཐུན་པའི་རྐྱེན་བརྒྱ་སྦྱར། །ཁ་ཆེའི་ཡུལ་དུ་«་་་་་ལན་གསུམ་བྱོན། »དམ་ཆོས་སྒོ་བརྒྱ་སྦྱངས། །སྔོན་མེད་ཐེག་ཆེན་ཆོས་ཀྱི་འགྱུར་བརྒྱ་མཛད། །ཁྱོད་ཀྱི་སྐུ་ཚེའི་ཚད་ཀྱང་ལོ་བརྒྱ་«་་་་་རང་ལོ་གོ་བརྒྱད། »པ། །སྐྱེ་ནས་སྐྱེ་བར་རྗེ་བཙུན་འཇམ་དབྱངས་ཀྱིས། །རྗེས་བཟུང་གང་འདིར་རྗེ་བཙུན་རྣོན་པོ་ལ། །ལན་གྲངས་སོ་ལྔ་མེ་ཏོག་བབས་གྱུར་པས། །མཁྱེན་རབ་དབང་པོར་གསོལ་ལ་ཕྱག་འཚལ་ལོ། །ལྷ་གཅིག་ཁྲི་སྲོང་བཙན་པོའི་སྐུ་རིང་ལ། །རྒྱ་གར་པཎ་གྲུབ་མང་པོའི་ཉི་མ་ཤར། །ནམ་ཞིག་«་་་་་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ཞུས་པའི་ཚེ།» མུན་པའི་ཐུན་མཚམས་གྱུར་པ་ན། །རིན་ཆེན་ཕྲིན་ལས་བཟང་པོའི་ཟླ་བ་ཤར། །ཐེག་མཆོག་ཆོས་ཀྱི་རྩེ་མོ་བླ་མེད་རྒྱུད། །པཎ་ཆེན་མང་པོའི་ཐུགས་ལས་གང་འགྱུར་བ། །གསང་སྔགས་སྔ་འགྱུར་ཞེས་བྱའི་ལམ་ཆེན་གསལ། །བློ་ཆེན་དུ་མས་རིག་འཛིན་དངོས་གྲུབ་བརྙེས། །དེ་ནས་རིམ་གྱིས་འདོད་ལྷའི་ཞགས་པ་ནི། །གསང་སྔགས་འཛིན་པའི་བློ་ལ་ངེས་ཞུགས་ནས། །གཞུང་མང་བརྩམས་ཤིང་སྔགས་གཞུང་ཁྱབ་འཇུག་དང༌། །དྲག་པོའི་གཞུང་བཞིན་སྒྲུབ་པ་མང་ཞིག་བྱུང༌། །དེ་ཚེ་ལྷ་བཙུན་ཡེ་ཤེས་འོད་མཛད་བཀས། །བློ་ཆེན་ཁྱོད་ཀྱི་དཔལ་ལྡན་འདུས་པ་དང༌། །རྣལ་འབྱོར་རྒྱུད་གཞུང་དགོངས་འགྲེལ་དང་བཅས་པའི། །གླེགས་བམ་མ་ཉམས་གསལ་པོར་སྤྱན་དྲངས་ནས། །གསང་སྔགས་ལོག་པར་སྤྱོད་པ་སུན་འབྱིན་པའི། །ངོ་མཚར་བསྟན་བཅོས་ཐུབ་བསྟན་ནོར་བུ་ཡི། །སྦྱོང་ཚུལ་རིམ་གསུམ་ལྡན་པས་ངེས་སྦྱངས་ནས། །བཤད་བསྒྲུབ་རྒྱལ་མཚན་རྩེ་མོར་ཁྱོད་ཀྱིས་བཀོད། །འགྱུར་དང་ཞུས་ཆེན་འཆད་དང་ཉན་པ་ཡིས། །བུ་སློབ་ཡང་སློབ་ཆུ་བོའི་རྒྱུན་བཞིན་དུ། །རིན་ཆེན་ཆོས་ཀྱི་ཕྲིན་ལས་བཟང་པོ་ཅན། །ཁྱོད་དང་མཉམ་པའི་འགྱུར་མཛད་འགའ་མ་བྱོན། །རྒྱ་མཚོའི་ངོགས་སུ་ཀླུང་ཆེན་འབབ་པ་བཞིན། །ཆོས་ཀྱི་མཛོད་འཛིན་པཎ་ཆེན་མང་«་་་་་ཤྲདྡྷ་ཀ་ར་ཝརྨ། སངས་རྒྱས་ཞི་བ། པདྨ་ཀ་ར། པྲཛྙཱ་ཀ་ར། ཀ་མ་ལ་གུཔྟ། དི་པཾ་ཀ་ར་ཤྲཱི་ཛྙཱ་ན། ཤར་ཕྱོགས་དྷརྨ་པཱ་ལ། »པོ་ཞིག །ངང་གིས་འདུས་ནས་དབང་དང་བཤད་སྲོལ་དང༌། །མ་ཉམས་གླེགས་བམ་ཚོགས་རྣམས་ཁྱོད་ལ་གཏད། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་བླ་མེད་པ། །རྣལ་འབྱོར་རྒྱུད་ཀྱི་ཡ་མཚན་ལྟད་མོ་ནི། །ཕྱི་མའི་དུས་འདིར་མཐོང་ཞིང་ལོངས་སྤྱོད་པ། །བརྩེ་ཆེན་ཁྱོད་ཉིད་གཅིག་པུའི་དྲིན་ཁོ་ན། །«ཞུག་རིམ་པ།་་་་་»སྒོ་གསུམ་བསྡམས་ནས་རྩེ་གཅིག་བསྒྲུབ་པ་མཛད། །«མི་དགེ་བ་དང༌། ལུང་མ་བསྟན་དང༌། དགེ་བ་ལ་མཚན་མར་འཛིན་པའི།་་་་་»ཆོས་གསུམ་རྟོག་པ་ཤེས་བཞིན་སྐྱེས་གྱུར་ན། །སྐུ་གསུམ་མངའ་བའི་ཆད་པས་ཆོད་ཅིག་ཅེས། །«མནལ་་་་་་»བྲོ་གསུམ་འཚལ་ནས་མཆོག་གི་དངོས་གྲུབ་བརྙེས། །རྫུ་འཕྲུལ་ཤུགས་ཐོབ་བདུད་རིས་ཀླུ་ཆེན་ཞིག །བ་ལང་སྐྱོང་བའི་སྙིང་ལ་ཆེར་བཞུགས་པ། །མཚན་དང་དཔེ་བྱད་འབར་བའི་ཚུལ་བཟུང་ནས། །ཆོས་ལྟར་བཅོས་པའི་སྒྱུ་འཕྲུལ་དུ་མ་ཡིས། །བརྩེ་ཆེན་སྟོན་པའི་བསྟན་པ་རིམ་གྱིས་བསྒྲིབས། །མཐུ་ཆེན་ཁྱོད་ཀྱིས་ཏིང་འཛིན་སྟོབས་བསྐྱེད་ནས། །སྐར་རྒྱལ་ཞེས་བྱའི་བསྟན་དང་སྟོན་པ་ནི། །རླུང་ཆེན་ཤུགས་ཀྱིས་དབང་པོའི་གཞུ་བཞིན་དུ། །ཆོས་དབྱིངས་ཞི་བའི་མལ་དུ་ངེས་པར་མནན། །འཕགས་པའི་ཡུལ་དང་གངས་ཅན་ལྗོངས་དག་ཏུ། །བསྟན་འཛིན་བློ་ཡི་མེ་ལོང་རྙོག་པ་ན། །བསྟན་པའི་འགལ་ཟླར་གྱུར་པ་མང་བྱུང་ཡང༌། །དྲུངས་ནས་སུན་འབྱིན་ནུས་པ་གཞན་མ་བྱུང༌། །དེ་ཕྱིར་བསྟན་པ་སྔོན་མེད་«་་་་་གསར་མ། »བསྒྱུར་བ་དང༌། །འགྱུར་ཟིན་«་་་་་རྙིང་མ། »བསྟན་པའི་དྲི་མ་སེལ་བ་དང༌། །«ཀླུ་ཀར་རྒྱལ་དང༌། སྦྱོར་སྒྲོལ་ཆོས་སུ་སྨྲ་བ།་་་་་»བདུད་དཔུང་འཇོམས་པའི་བཀའ་དྲིན་མཉམ་མེད་པ། །སྩོལ་མཛད་རིན་ཆེན་བཟང་པོར་ཕྱག་བགྱིའོ། །དེ་ལྟར་ཁྱོད་ཀྱི་མཁྱེན་བརྩེ་ནུས་པའི་ཆ། །ངེས་པར་ཐོས་ནས་ཡིད་རབ་དྲངས་གྱུར་ཅིང༌། །མངོན་པར་དགའ་བ་གོང་ནས་གོང་སྤེལ་བས། །ཁྱོད་བཞིན་འགྲོ་བ་འདྲེན་པའི་དཔལ་གྱུར་ཅིག །གཞན་ཡང་འགོས་དང་རྔོག་དང་པ་ཚབ་དང༌། །ས་ལོ་སྤང་ལོ་བུ་སྟོན་ལོ་ཙཱ་བ། །འགྱུར་དང་ཞུས་ཆེན་ཉན་བཤད་སྤེལ་བ་ཡི། །སྐད་གཉིས་སྨྲ་བ་རྣམས་ལ་རྗེས་ཡི་རང༌། །དེ་ལྟར་སྐྱེས་ཆེན་དམ་པའི་རྣམ་ཐར་ལ། །ཡིད་རབ་དྭང་བའི་རྣམ་དཀར་ཅི་ཡོད་པས། །དམ་པ་མིན་པའི་རི་བོས་གདུལ་བྱ་ཡི། །གསེར་གྱི་ནོར་འཛིན་གནོན་པར་མ་གྱུར་ཅིག །ཅེས་འཇིག་རྟེན་གྱི་མིག་གཅིག་རིན་ཆེན་བཟང་པོའི་བསྟོད་པ། རྙོག་བྲལ་ཡིད་ཀྱི་དྭང་བ་འདྲེན་བྱེད་ཅེས་བྱ་བ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསེར་མདོག་ཅན་གྱི་དབེན་གནས་སུ་སྦྱར་བའི་ཡི་གེ་པ་ནི། ཆོས་ཀྱི་རྒྱལ་མཚན་ནོ།། །།མངྒ་ལཾ།། ༈ །།རྔོག་ལོ་ཙྪ་བ་ཆེན་པོ་སྲས་དང་སློབ་མར་བཅས་པའི་རྣམ་པར་ཐར་པའི་དགའ་སྟོན་ཆེན་པས་དད་པའི་ཤིང་རྟ་ངེས་པར་དྲངས་པ་བཞུགས།། ༄། །ན་མོ་མཉྫུ་ཤྲཱི་ཡེ། མཚན་དཔེའི་དཔལ་འབར་ཚངས་པའི་གསུང་དབྱངས་«་་་་་མངའ་བར་ཤིན་ཏུ་གྲགས། »ཅན། །བློ་བཟང་མཁྱེན་ལྡན་ཤེས་བྱའི་གནས་རབ་གསལ། །རྒྱལ་བས་«་་་་་འཇམ་དཔལ་རྩ་རྒྱུད་དང༌། མགོན་པོ་མངོན་བྱུང་ལས། »ལུང་བསྟན་གངས་ཅན་འགྲོ་བའི་མིག །ཕྲིན་ལས་བཟང་པོའི་ཞབས་ལ་མགོས་ཕྱག་འཚལ། །བོད་ཡུལ་རྨོངས་པའི་གཉིད་ཀྱིས་ཡིད་འཁྲུགས་པ། །དེ་ཀུན་ཐུགས་རྗེའི་ལམ་དུ་ངེས་དྲངས་ནས། །བསམས་བཞིན་སྐྱེ་བ་བཞེས་པའི་ལོ་ཙྪ་བ། །བློ་ལྡན་ཕྲིན་ལས་བཟང་པོར་མགོས་ཕྱག་འཚལ། །འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་མཁྱེན་པ་ཅན། །མཁས་བཙུན་ཆེན་པོ་རྔོག་«་་་་་ལེགས་པའི་ཤེས་རབ་ལས། »ལས་རབ་བྱུང་ཞིང༌། །བསྙེན་པར་རྫོགས་ནས་ལེགས་གསུང་འདུལ་བ་དང༌། །རྒྱ་ཆེན་སྤྱོད་པའི་ཕྱོགས་ཀྱི་ཕ་མཐའ་གཟིགས། །དེ་ནས་བསྟན་དང་སེམས་ཅན་དོན་འབའ་ཞིག །ལྷག་པར་དགོངས་ནས་དཀའ་སྤྱད་བགྲང་ཡས་ཀྱིས། །ལུང་རིགས་ཉི་ཟླའི་སྣང་བ་ཆེར་འབར་བ། །འཕགས་པའི་ཡུལ་ནས་གང་འདིར་ཁྱོད་ཀྱིས་བླངས། །ཕྱོགས་འདིར་སྔོན་མེད་ཆོས་ཀྱི་ལམ་པོ་ཆེ། །རྒྱལ་བའི་ཡུམ་དང་བྱམས་པའི་ཆོས་ལྔ་དང༌། །ཕྱོགས་གླང་གྲགས་པའི་རིང་ལུགས་ཟླ་བྲལ་བ། །འཇིག་རྟེན་མིག་གཅིག་ཁྱོད་ཀྱིས་«་་་་་ཉན་བཤད་ཀྱི་སྒོ་ནས། »ངེས་པར་བསྟན། །དེང་སང་འདི་ན་ལུང་དང་རིགས་པ་ཡི། །ཤིང་རྟས་ཉེར་བླངས་རང་གཞུང་བསྒྲུབ་པ་དང༌། །གཞན་གཞུང་འགོག་པའི་ཚུལ་ལ་བློ་གསལ་བ། །དེ་ཀུན་ཁྱོད་ཀྱི་མཛད་པ་བཟང་པོའི་དྲིན། །བློ་བཟང་ཆོས་ཀྱི་དབྱིངས་ལས་མི་བཞེངས་ཀྱང༌། །བུ་སློབ་ཉིང་སློབ་ཉི་ཟླའི་འཁོར་རེས་ཀྱིས། །གངས་ཅན་རྨོངས་པ་སེལ་བའི་ཕྲིན་ལས་ནི། །བརྩེ་ཆེན་རྒྱལ་བ་དེ་དང་ངེས་པར་མཉམ། །ཁ་ཆེའི་ཡུལ་དུ་«་་་་་སྒྲ་ཚད་ནང༌། »རིག་པའི་གནས་གསུམ་ལ། །ལེགས་པར་སྦྱངས་ནས་འགྱུར་དང་སྲོལ་འབྱེད་«་་་་་རྣམ་བཤད་རྒྱས་པ། »མཛད། །འཕགས་ཡུལ་དབུས་སུ་«་་་་་གོ་མི་འཆི་མེད་དང༌། བསྟན་སྐྱོང་སོགས། »ཤར་ཕྱོགས་པཎ་ཆེན་ལ། །ཤེས་ཕྱིན་ཆོས་ལུགས་བརྙེས་ནས་སྲོལ་ཆེན་«་་་་་རྣམ་བཤད་རྒྱས་པ། »བཏོད། །རྒྱ་བལ་མཚམས་སུ་«་་་་་ཌོམྦི་ཧེ་རུ་ཀས་སྟག་ལ་སྐྱོན་ནས། »མཁའ་ལ་སྤྱོད་པ་དང༌། །རིག་འཛིན་བརྙེས་ཀྱང་བོད་འབངས་སྤྱན་གྱིས་བཟུང༌། །རྣམ་འགྲེལ་«་་་་་གཞན་ཕན་བཟང་པོ་དང༌། སྐལ་ལྡན་རྒྱལ་པོ་སོགས་ལས། »མཛད་གཞུང་རིགས་པའི་ལམ་ཆེན་ནས། །ཀླུ་སྒྲུབ་ལུགས་བཟང་གཟིགས་པ་ཁྱོད་ཁོ་ན། །དེ་ནས་གང་ཚེ་ལོ་གྲངས་བཅུ་བདུན་དུ། «མྱང་བསྟོད། བོ་དོང༌། ལྷ་ས། བསམ་ཡས་སོགས།་་་་་»རུ་བཞིའི་ཡུལ་དུ་ཆོས་ཀྱི་ཆར་ཆེན་པོ། །རིགས་པར་ཕབ་ཚེ་གླེགས་བམ་ཞལ་འབྱེད་པ། །ཁྲི་ཕྲག་ལྔ་དང་ཚོགས་འཆད་ཟུར་ཆོས་པ། །སྟོང་དང་བརྒྱད་བརྒྱ་བརྒྱད་ཅུ་རྩ་ལྔ་ཡི། །ངུར་སྨྲིག་འཚམས་སྤྲིན་ཕྲེང་བས་འཇིག་རྟེན་ཁམས། །ངེས་པར་གང་བའི་ཡ་མཚན་བལྟས་མོ་ནི། །སྟོན་མཛད་འཕགས་པའི་ཡུལ་དུ་རྒྱལ་བ་བཞིན། །བོད་ཀྱི་ཡུལ་འདིར་«་་་་་གསེར་ཁ་དང༌། ལས་སྒོ་མང་པོ་བྱེ་ཞིང་རྒྱལ་པོ་དང༌། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་མང་པོ་ཅིག་ཅར་དུ་དུས་དེར་བྱུང་བའོ། »སྲིད་དང་ཞི་བ་ཡི། །འབྱོར་པའི་ཚོགས་རྣམས་མཐུན་པར་འོངས་གྱུར་པ། །ཁྱོད་ཀྱིས་བསྟན་པ་སྐྱོང་བའི་དུས་ཁོ་ན། །ཡིན་ཞེས་ཀུན་ལ་གྲགས་པ་དེར་ཕྱག་འཚལ། །དེ་ལྟར་ཁྱོད་ཀྱི་མཛད་པའི་རྒྱ་མཚོ་ལས། །ཆ་ཡི་ཆ་ལ་ཡི་རང་བགྱིས་པ་ཡི། །དགེ་བས་བདག་དང་སློབ་མར་གྱུར་པ་ཀུན། །ཁྱོད་བཞིན་འགྲོ་བ་འདྲེན་པའི་དཔལ་གྱུར་ཅིག །འབྲེ་ཡི་རིགས་འཁྲུངས་ལེགས་པའི་ཤེས་རབ་ལས། །རབ་ཏུ་བྱུང་ཞིང་མངོན་པའི་ཕ་མཐའ་གཟིགས། །བདག་ཉིད་ཆེ་ལས་ཕ་རོལ་ཕྱིན་པའི་ཚུལ། །ཐུགས་སུ་ཆུད་ནས་བསྟན་པ་འབར་མཛད་ལ། །གུས་པས་ཕྱག་འཚལ་དེ་སྲས་མཚུངས་མེད་པ། །ཨར་གྱི་མཚན་ཅན་མཁས་པའི་གྲགས་དཀར་པོ། །བཟང་བཙུན་ཁྲིར་བླངས་རྒྱལ་ཡུམ་དགོངས་འགྲེལ་བཅས། །ཁྱོད་ཀྱིས་ཉིན་མོར་མཛད་ལ་ཕྱག་འཚལ་ལོ། །ཁྱུང་གི་རིགས་འཁྲུངས་འདུལ་བའི་སྦྱངས་པ་ཅན། །བདག་ཉིད་ཆེ་ལས་དབུ་ཚད་བཀའ་བབས་ནས། །གངས་ཤེ་རྒྱ་དམར་སོགས་ཀྱི་བཤད་པ་ཡི། །སྲོལ་འབྱེད་རིན་ཆེན་གྲགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་མིག་གཅིག་བློ་ལྡན་བཟང་པོ་ཡི། །ཆོས་ཀྱི་ཁྲི་ཆེན་མཐོན་པོ་ལ་བཞུགས་ནས། །ཕུལ་བྱུང་མཛད་པ་ལྷག་མའི་ཁུར་བཞེས་པ། །«ཞང་ཚེ་སྤོང་བ།་་་་་»ཆོས་ཀྱི་བླ་མར་གྲགས་ལ་ཕྱག་འཚལ་ལོ། །གང་ཁྱོད་«་་་་་ལོ་ཙཱ་བ། »འཇིག་རྟེན་མིག་ལས་རབ་བྱུང་ཞིང༌། །ཡོངས་རྫོགས་བསྟན་པའི་གནད་རྣམས་ཐུགས་ཆུད་ནས། །བདག་ཉིད་ཆེ་ལ་རྒྱལ་བ་ཇི་བཞིན་དུ། །དད་ཐོབ་«གྲོ་ལུང་པ།་་་་་»བློ་གྲོས་འབྱུང་གནས་ལ་ཕྱག་འཚལ། །ཟབ་རྒྱས་ཆོས་ཀྱི་གངས་རི་ལ་འཁོད་ནས། །ལུང་རིགས་སེང་གེའི་ང་རོས་བྱང་ཕྱོགས་འདིར། །རིགས་པའི་ལམ་སྲོལ་དང་པོར་འབྱེད་མཛད་པ། །ཐོས་བསམ་སྤྱན་གྱིས་བདེན་པ་གཟིགས་ཁྱོད་ནི། །རྒྱ་གར་པཎ་ཆེན་དུ་མའི་སྐྱེ་བ་བརྒྱུད། །ལོ་ཆེན་དབྱིངས་སུ་བྱོན་ལོར་ཁྱོད་སྐུ་བལྟམས། །སྒྲ་དང་ཚད་མའི་རིག་གནས་ངང་གིས་མཁྱེན། །འཇིགས་མེད་ཕྱྭ་པར་གྲགས་ལ་ཕྱག་འཚལ་ལོ། །«ཆོས་ཀྱི་བླ་མ།་་་་་»ཞང་ཚེ་ཉིད་ལས་ཐོག་མར་རབ་ཏུ་བྱུང༌། །བྱ་འདུལ་དྲུང་དུ་བསྙེན་པར་རྫོགས་མཛད་ནས། །«ངུར་སྨྲིག་པའི་སློབ་མ་དང༌། བྱ་བརྩོན་འགྲུས་འབར།་་་་་»འདུལ་བའི་ཚོགས་དང་ཆོས་མངོན་རྒྱ་མཚོ་ཡི། །ཕ་རོལ་གཟིགས་པ་དེ་ལ་ཕྱག་འཚལ་ལོ། །ནེའུའི་ཐོག་ཏུ་«་་་་་ཞག་རྒྱ་དམར་སོགས་ལ། »འཇིག་རྟེན་མིག་གཅིག་གི །བཤད་པའི་སྲོལ་ཀུན་རྫོགས་པར་ལེགས་སྦྱངས་ཤིང༌། །ཁྱད་པར་བསྟན་པའི་བདག་པོ་གྲོ་ལུང་པའི། །བདུད་རྩི་ངོམས་པར་གསོལ་ལ་ཕྱག་འཚལ་ལོ། །དུས་དེར་གངས་ཅན་ལྗོངས་ཀྱི་བློ་མིག་ཅན། །ཐམས་ཅད་ཁྱོད་ཞབས་ངེས་པར་བསྟེན་བྱེད་ཅིང༌། །ཁྱད་པར་«་་་་་ཀརྨ་ཕག་གྲུ་སོགས། »གྲུབ་ཆེན་གསུམ་དང་ཇོ་«་་་་་ས་རྔོག་ཁུ་གཉོས། »སྲས་བཞི། །སེང་ཆེན་བརྒྱད་ཀྱིས་བཏེགས་ལ་ཕྱག་འཚལ་ལོ། །བྱམས་པའི་གཞུང་ལུགས་དགོངས་འགྲེལ་བཅས་པ་དང༌། །རང་རྒྱུད་ཤར་བའི་དབུ་མ་«་་་་་རྒྱན་སྣང་བདེན། »རྣམ་གསུམ་དང༌། །རྣམ་འགྲེལ་མཛད་གཞུང་གསུང་རབ་མཐའ་དག་ལ། །ལྟ་བའི་མིག་ཏུ་བྱས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་རྣམ་སྤྲུལ་རྔོག་ལོ་ཡི། །སྲས་ཀྱི་ཐུ་བོ་རྣམ་བཞིའི་བཤད་པའི་སྲོལ། །ལུང་རིགས་ཉིན་བྱེད་སྟོང་གི་འོད་འབར་བས། །གངས་ཅན་ཉིན་མོར་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསམ་པ་ཐག་པས་ཡི་རང་ཞིང༌། །དེ་ཡི་ལེགས་མཛད་ངེས་པར་བརྗོད་པ་ཡིས། །རྨོངས་པའི་མུན་ཆེན་འཐིབས་པོ་འདིར་བསལ་ནས། །ལུང་རིགས་ཉི་ཟླའི་འོད་སྟོང་འཆར་བར་ཤོག །ཅེས་བྱ་བ་འདི་ནི་རྔོག་ལོ་ཙྪ་བ་ཆེན་པོ་སྲས་དང་སློབ་མར་བཅས་པའི་རྣམ་པར་ཐར་པའི་དགའ་སྟོན་ཆེན་པོས། དད་པའི་ཤིང་རྟ་ངེས་པར་དྲངས་པའི་བཤེས་གཉེན་དཀོན་མཆོག་རྒྱལ་མཚན་ཞེས་བྱ་བས་གསོལ་བ་བཏབ་བའི་ངོར་བདག་ཉིད་ཆེན་པོ་དེའི་ལུང་རིགས་ཀྱི་ཐུར་མས། བློ་གྲོས་ཀྱི་མིག་རབ་ཏུ་གསལ་བར་བྱས་པའི་ཀློག་པ་པ། དཔལ་ཤཱཀྱ་མཆོག་ལྡན་ལེགས་པའི་བློས་ཁྱུང་ཚང་གསེར་མདོག་ཅན་གྱི་དབེན་གནས་སུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།། །།མངྒ་ལཾ།། ༈ །།ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་བསྟོད་པ་ལྷའི་རྔ་དབྱངས་བཞུགས་སོ།། ༄། །ན་མཿཤཱཀྱ་ཤྲཱི་ཡེ། མེ་མོ་ལུག་ལ་སྐུ་བལྟམས་ནས། །ཤིང་མོ་བྱ་ལ་གཤེགས་ཀྱི་བར། །གཅིག་གིས་མ་ཚང་ལོ་བརྒྱར་ནི། །འཇིག་རྟེན་མགོན་གང་བདེ་བར་འཚོ། །ཉེར་གསུམ་ལོན་པ་ས་སྦྲུལ་ལ། །བསྙེན་པར་རྫོགས་ནས་དོན་བརྒྱད་པ། །ཤིང་ཕོ་བྱི་བའི་ལོ་ཉིད་ལ། །བོད་ཡུལ་བྱོན་ནས་འགྲོ་དོན་མཛད། །དེ་ནས་ཆུ་མོ་བྱ་ཡི་བར། །བསྟན་པ་གསལ་མཛད་ལོ་བཅུ་པ། །ཤིང་ཕོ་ཁྱི་ལ་ཁ་ཆེར་གཤེགས། །དེ་ནས་གཉིས་ལྷག་བཅུ་ཡི་ལོར། །འཁོར་མང་བསྡུས་དང་སྨིན་པ་དང༌། །གྲོལ་མཛད་སངས་རྒྱས་བསྟན་པ་ཡི། །ཉི་མ་ཆེས་ཆེར་གསལ་བར་མཛད། །ཐུབ་དབང་གཤེགས་ནས་ལོ་ཡི་གྲངས། །སྟོང་ཕྲག་གཅིག་དང་དྲུག་བརྒྱ་དང༌། །དགུ་བཅུ་རྩ་གཉིས་མཐར་སོན་ཚེ། །གང་འདི་ངུར་སྨྲིག་འཛིན་པའི་གཙོར། །འཁྲུངས་འགྱུར་ཞེས་པ་ལོ་ཙཱ་བས། །མཛད་པའི་བསྟོད་པ་ཉིད་ལས་འབྱུང༌། །གང་དེ་བསྙེན་པར་རྫོགས་ལོ་ལས། །གཞན་དུ་འཁྲུངས་པའི་ལོར་བྱས་ན། །ཤིང་བྱ་དགུ་བཅུ་རྩ་དགུ་པར། །འགྲིག་པའི་གོ་སྐབས་མ་མཆིས་སོ། །དེ་དང་ངེས་པར་འགྲིག་དགོས་པའི། །ཤེས་བྱེད་སིལ་སྙན་བདུན་པ་ལས། །གཅིག་གིས་མ་ཚང་ལོ་བརྒྱའི་དུས། །བྱ་ལོ་སྣྲོན་ཟླའི་དཀར་ཕྱོགས་ཀྱི། །སྤེན་པའི་ཉི་མའི་ཚེས་ལྔ་ལ། །འགྲོ་བའི་ཉི་མ་ནུབ་ཅེས་བཤད། །འཁྲུངས་ལོ་མེ་མོ་ལུག་ཡིན་པའི། །ཤེས་བྱེད་པཎ་ཆེན་རང་ཉིད་ཀྱིས། །མེ་མོ་ཡོས་ལ་ཐང་པོ་ཆེར། །བསྟན་རྩིས་མཛད་པའི་ཚིགས་བཅད་ལས། །སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང༌། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་འདས་ཞེས། །གསལ་བར་གསུངས་པ་ཡིན་ཕྱིར་རོ། །མེ་ཡོས་དེ་ནས་དེང་སང་ལོ། །ཤིང་སྦྲུལ་སྣ་ཚོགས་དབྱིག་འདིའི་བར། །ཉིས་བརྒྱ་བདུན་ཅུ་དོན་དགུ་སྟེ། །དྲུག་བཅུ་འཁོར་ཡུག་རྣམ་བཞི་དང༌། །སུམ་ཅུ་རྩ་དགུ་ལོན་པ་ནི། །གདོན་མི་ཟ་བ་ཉིད་ཕྱིར་རོ། །བསྟན་རྩིས་རྣམ་གཞག་མི་མཐུན་པ། །མང་པོར་གྱུར་ཀྱང་དེ་དུས་ཀྱི། །མེ་ཡོས་ནས་ནི་དེང་འདིའི་བར། །འཁྲུལ་པ་མེད་ཅིང་དུས་དེ་ཡི། །རབ་བྱུང་ལོ་དེ་མ་བྱོན་པའི། །སངས་རྒྱས་གསུམ་པ་རང་གི་ལོ། །བརྒྱད་བཅུ་རྩ་གཅིག་པ་ཉིད་ཅེས། །ནོར་འཁྲུལ་མེད་པར་གྲུབ་པ་ན། །རྒྱས་བཤད་དེ་དག་ཐམས་ཅད་པ། །འབད་པ་མེད་པར་ངང་གིས་འཆར། །པཎ་ཆེན་རང་ལོ་རེ་ལྔ་པ། །བོད་དུ་བྱོན་པ་ཡིན་ནོ་ཞེས། །རྣམ་ཐར་འགའ་ལས་འབྱུང་མོད་ཀྱང༌། །སྐུ་ཚེའི་ཚད་དང་འགྲིག་མི་ནུས། །དེ་ཡང་ཁྲོ་ཕུ་ལོ་ཙཱ་བ། །རང་ལོ་སུམ་ཅུ་རྩ་དྲུག་པས། །པཎ་ཆེན་བོད་དུ་སྤྱན་དྲངས་ཤིང༌། །དེ་ལོ་ང་དགུ་ལོན་པའི་ཚེ། །པཎ་ཆེན་གཤེགས་པའི་གདུང་རིང་སྲེལ། །བོད་དུ་བྱོན་ནས་དེ་བཞུགས་པའི། །མཆོད་རྟེན་ཆེ་དེ་བསྒྲུབས་སོ་ཞེས། །དཔག་བསམ་ལྗོན་པར་གྲགས་ལས་གསུངས། །དེ་སྐད་འདི་ནི་སྟན་གཅིག་པ། །འགའ་ཡིས་བསྐུལ་ནས་པཎ་ཆེན་ལ། །དད་ཐོབ་མཆོག་ལྡན་ལེགས་པའི་བློས། །སྣ་ཚོགས་དབྱིག་གི་ལོ་ལ་སྦྱར།། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply