འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང༌། འཕགས་པ་ཡོན་ཏན་འོད། དཔལ་ལྡན་ཟླ་གྲགས་ཀྱི་རྟོགས་བརྗོད།

༼མ༽༄༅། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང༌། འཕགས་པ་ཡོན་ཏན་འོད། དཔལ་ལྡན་ཟླ་བ་གྲགས་པ་རྣམས་ཀྱི་རྟོགས་བརྗོད་བཞུགས།།

ན་མོ་མཉྫུ་ཤྲཱི་ཡེ། དཔལ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་རྟོགས་པ་བརྗོད་པ་ངེས་དོན་ཉིན་མོར་བྱེད་པའི་སྣང་བས་སྙིང་གི་མུན་པ་སངས་བྱེད་ཅེས་བྱ་བ། ཆོས་དབྱིངས་ཞི་བའི་ནགས་སུ་རྟག་བཞུགས་ནས། །འགྲོ་ཀུན་མཚན་མའི་ལམ་ལས་བསྲུང་བྱའི་ཕྱིར། །རྟེན་འབྲེལ་སྒྱུ་མར་འཆར་བའི་གསུང་དབྱངས་ཀྱིས། །ཐུབ་བསྟན་ཉི་མོར་མཛད་ལ་ཕྱག་བགྱིའོ། །བྱིས་བློས་བཏགས་པའི་བདེན་དོན་རྣམ་གཉིས་པོ། །ཐད་སོར་བཞག་ནས་བླང་དོར་སྤྱོད་པའི་ཆོས། །སྨོན་ལམ་མཐར་ཕྱིན་གཞན་དོན་སྐུ་གཉིས་པོའི། །ལམ་སྟོན་མཛངས་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལུགས་ཀྱི་དོན་དམ་ཇི་སྙེད་པ། །བརྫུན་པའི་ཡུལ་དང་ངོ་བོས་སྟོང་པའི་ཚུལ། །རྣམ་པར་བཤད་ནས་ངེས་པར་ལེགས་པའི་ལམ། །འཆད་མཛད་མཁས་པ་དེ་ལ་ཕྱག་འཚལ་ལོ། །འཕགས་པའི་དོན་དམ་དེ་ཀུན་ཡང་དག་པའི། །ཀུན་རྫོབ་ཅེས་བྱར་བཤད་ནས་ཆོས་རྣམས་ཀུན། །བརྗོད་བྲལ་ཚུལ་གྱིས་ཆོས་སྐུའི་ལམ་ཆེན་པོ། །གསལ་མཛད་དཔའ་བོ་དེ་ལ་ཕྱག་འཚལ་ལོ། །དང་པོར་བདག་དང་བར་དུ་བདག་མེད་དང༌། །ཐ་མར་སྤྲོས་བྲལ་འཆད་པའི་རིམ་པ་ཡིས། །འཁོར་མང་བསྡུས་དང་སྨིན་དང་གྲོལ་མཛད་ནས། །སྟོན་པའི་བསྟན་པ་བཟུང་ལ་ཕྱག་འཚལ་ལོ། །རྒྱ་ཆེན་སྤྱོད་པའི་ཕྱོགས་རྣམས་མ་ལུས་དང༌། །བདེན་བཞིའི་ཚུལ་དང་ཕ་རོལ་ཕྱིན་ཚུལ་དང༌། །ཚུལ་ཆེན་གསུམ་ཀ་སྟོང་ཉིད་ཁ་ལོ་ཡིས། །བསྒྱུར་མཛད་ཁྱུ་མཆོག་དེ་ལ་ཕྱག་འཚལ་ལོ། །ཚུལ་གསུམ་ཆོས་དང་སྤྲོས་བྲལ་ཆོས་ལུགས་ལ། །ཇི་བཞིན་མཁས་པའི་འོག་ཏུ་འཕགས་རྣམས་ལ། །གཙང་བདག་བདེ་དང་རྟག་པའི་ཕ་རོལ་དུ། །ཕྱིན་ཚུལ་གསུང་བ་དེ་ལ་ཕྱག་འཚལ་ལོ། །རྣམ་ཤེས་ཡུལ་དུ་མཚན་མ་གང་ཤར་བ། །ལྟོས་ནས་གྲུབ་ཕྱིར་ཡེ་ཤེས་ཡུལ་དུ་ནི། །ངོ་བོས་སྟོང་ཕྱིར་སྣང་སྟོང་ཟུང་འཇུག་ཞེས། །སྟོན་མཛད་ཚད་མའི་སྐྱེས་བུ་ལ་ཕྱག་འཚལ། །བསོད་ནམས་སྒོ་ཆེན་སྔོན་དུ་མ་ཕྱེ་ན། །སྟོང་ཉིད་གཏམ་གྱིས་ཆད་མཐར་ལྷུང་སྲིད་ཕྱིར། །འཇིག་རྟེན་ཆོས་ལུགས་བདེ་འགྲོའི་ལམ་དག་ཏུ། །སྟོན་མཛད་ཐབས་མཁས་དེ་ལ་ཕྱག་འཚལ་ལོ། །བར་དུ་བདག་མེད་བདུད་རྩིས་མ་སྦྱངས་ན། །ལེགས་བྱས་ཇི་སྙེད་འཇིག་རྟེན་ལམ་འགྱུར་ཕྱིར། །རྣམ་ཐར་སྒོ་བཞི་འཇིག་རྟེན་འདས་ལམ་དུ། །འཁྲིད་མཛད་སྨྲ་མཁས་དེ་ལ་ཕྱག་འཚལ་ལོ། །བརྗོད་བྲལ་ལམ་གང་སྔོན་དུ་མ་བཏང་ན། །ལུང་སྟོན་གཏམ་གྱིས་བདག་ཏུ་རྟོག་སྲིད་ཕྱིར། །སྤྲོས་བྲལ་ཤེས་ནས་སེམས་ཀྱི་རྡོ་རྗེ་ཡང༌། །ཇི་བཞིན་སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་དང༌། །དོན་དམ་བྱང་སེམས་སངས་རྒྱས་སྙིང་པོ་དང༌། །གནས་བདུན་གྱིས་བསྟན་རྡོ་རྗེ་རྣམ་བདུན་ཡང༌། །བསྟོད་པའི་ཚོགས་སུ་ཁྱོད་ཀྱིས་གསལ་བར་བཤད། །གཉིས་མེད་ཡེ་ཤེས་ཁོ་ན་ཆོས་དབྱིངས་དང༌། །དོན་དམ་བྱང་སེམས་ཡིན་པར་ཁྱོད་ཀྱིས་བཤད། །སྤྲོས་པའི་ཚོགས་རྣམས་བཀག་ཙམ་ཆོས་དབྱིངས་དང༌། །སྒྲིབ་ཀུན་སྦྱང་གཞི་ཡིན་པར་ཁྱོད་མི་བཞེད། །གནས་སྐབས་གསུམ་དུ་ཁྱད་པར་མེད་ཞུགས་པའི། །རང་རིག་ཡེ་ཤེས་དོན་དམ་བདེན་པར་བཤད། །དོན་དམ་གང་ཡིན་སྤྲོས་མཐའ་བཀག་ཙམ་དུ། །ངེས་པར་འཆད་པ་ཁྱོད་ཀྱི་གཞུང་མ་ཡིན། །ཟག་མེད་ཡེ་ཤེས་བདེ་གཤེགས་སྙིང་པོ་དང༌། །སེམས་ཀྱི་རྡོ་རྗེར་འཆད་པ་ཁྱོད་ཀྱི་ལུགས། །རང་སེམས་སྟོང་རྐྱང་སངས་རྒྱས་སྙིང་པོ་དང༌། །རྡོ་རྗེར་འཆང་བ་ཁྱོད་ཀྱི་གཞུང་མ་ཡིན། །འོད་གསལ་ཞེས་བྱ་རྟོག་པས་མ་སྦགས་པའི། །ཕྱོགས་སུ་མ་ཆད་རིག་པའི་ཆ་ལ་བཤད། །རང་བཞིན་བཀག་པའི་མེད་པར་དགག་པ་ཙམ། །འོད་གསལ་ཞེས་བྱའི་དོན་དུ་ཁྱོད་མི་བཞེད། །རང་བཞིན་འོད་གསལ་གཞི་ལམ་འབྲས་གསུམ་ལ། །ཁྱད་པར་མེད་པ་ཆོས་སྐུའི་དགོངས་གཞིར་བཤད། །འགྲོ་ཀུན་ཆོས་སྐུའི་སྙིང་པོ་ཅན་ཡིན་ཞེས། །གསལ་བར་འཆད་པ་ཁྱོད་ཀྱི་གཞུང་མ་ཡིན། །དྲི་མས་བསྒྲིབས་པའི་ཆོས་དབྱིངས་སེམས་ཅན་དང༌། །སྒྲིབ་བྲལ་ཆོས་དབྱིངས་སངས་རྒྱས་ཡིན་པར་བཤད། །སེམས་ཅན་ཀུན་ཀྱང་སངས་རྒྱས་ཡིན་ནོ་ཞེས། །གསལ་བར་འཆད་པ་ཁྱོད་ཀྱི་གཞུང་མ་ཡིན། །གསལ་རིག་ཙམ་གྱི་མཐའ་དབུས་བྲལ་བ་ལ། །རྟག་དང་འདུས་མ་བྱེད་པར་ཁྱོད་ཀྱིས་བཤད། །འདུས་མ་བྱེད་ཕྱིར་ཡེ་ཤེས་མིན་ནོ་ཞེས། །བཅོམ་སྒྲོགས་དབྱངས་སུ་སྒྲོགས་པ་ཁྱོད་གཞུང་མིན། །ཆོས་དབྱིངས་ཡེ་ཤེས་རྟག་བརྟན་ཞི་བ་དང༌། །གཡུང་དྲུང་ཡིན་པར་བྱམས་པའི་ཆོས་ལས་འབྱུང༌། །སྐྱེ་འཇིག་མེད་པའི་རྟག་བརྟན་དུ་བསམས་ནས། །ཆོས་དབྱིངས་རིག་པར་མི་འཆད་ཁྱོད་མི་བཞེད། །གཞི་ཡི་དུས་སུ་བདག་དུ་རྨོངས་པའི་གཞི། །ལམ་གྱི་དུས་སུ་གཉིས་མེད་ཡེ་ཤེས་དང༌། །འབྲས་བུའི་དུས་སུ་དྲི་བྲལ་ཆོས་ཀྱི་སྐུ། །ཀུན་ཀྱང་ཟག་མེད་ཡེ་ཤེས་ཉག་གཅིག་ཡིན། །རང་གི་ངོ་བོ་རང་བཞིན་གྱིས་དག་ཀྱང༌། །ཇི་སྲིད་སྒྲིབ་ལས་མ་གྲོལ་དེ་སྲིད་དུ། །མཐའ་ཡས་ཡོན་ཏན་ཚོགས་རྣམས་ཡོད་མི་སྲིད། །སྟོབས་སོགས་ཆོས་དང་ཉེས་ཚོགས་ལྷན་ཅིག་འགལ། །དྲི་མེད་ཚོགས་རྣམས་དེ་དང་ལྷན་ཅིག་ཏུ། །ཡུན་རིང་འགྲོགས་ཀྱང་དེ་དང་འདྲེས་པ་མེད། །སྟོབས་སོགས་ཡོན་ཏན་དེ་ཡི་རང་བཞིན་དུ། །འདྲེས་པར་འགྱུར་འདི་རྣམ་དབྱེར་མེད་པའི་དོན། །ཆུ་ཀླུང་རྒྱ་མཚོར་གནས་པ་མིན་མོད་ཀྱང༌། །རྒྱ་མཚོར་སོན་ན་ཀུན་ཀྱང་དབྱེར་མེད་འགྱུར། །སྟོབས་སོགས་ཡོན་ཏན་གདོད་ནས་ཡོད་མིན་ཀྱང༌། །དྲི་མས་དག་ཚེ་ཆོས་དབྱིངས་ཉིད་དུ་འགྱུར། །རང་བཞིན་རྣམ་དག་ཆོས་སྐུའི་དགོངས་གཞི་དང༌། །སྒྲིབ་ཀུན་འབྲལ་རུང་རྟོགས་པ་དགོས་པ་དང༌། །གནོད་བྱེད་སྦུན་པས་གཡོགས་པའི་སྭ་བ་ལ། །ས་ལིར་མི་བརྗོད་དཔེ་ཡིས་གསལ་བར་«་་་་་ཆོས་དབྱིངས་བསྟོད་པར། »བསྙད། །རང་བཞིན་ཆོས་སྐུ་སངས་རྒྱས་དངོས་ཡིན་ན། །རང་བཞིན་ལོངས་སྤྱོད་རྫོགས་དང་སྦྲུལ་པའི་སྐུ། །གཞན་དོན་མཐར་ཕྱིན་སྐུ་དང་དེ་བློ་ཡང༌། །ཐམས་ཅད་གཟིགས་བློ་ཡིན་པར་ཁས་ལོངས་ཤིག །ལམ་ཆེན་ལྔ་དང་ཚོགས་གཉིས་མ་རྫོགས་ཤིང༌། །སྐུ་གསུམ་ཡེ་ཤེས་རྣམ་བཞི་མ་ཚང་བའི། །རང་བཞིན་ཆོས་སྐུ་དེ་བཞིན་གཤེགས་ཡིན་ན། །རྫོགས་པའི་སངས་རྒྱས་ཉིད་དུ་ཁས་ལོངས་ཤིག །འགྲོ་ཀུན་རྫོགས་སངས་རྒྱས་ན་དེ་དག་ལ། །སངས་རྒྱས་སྙིང་པོ་མེད་པར་འགལ་ཞེ་ན། །ཆུ་ཤིང་སྙིང་པོ་ཁོ་ན་མི་གནས་ཀྱང༌། །འབྲས་བུ་དངར་པོ་ཀུན་གྱིས་སྤྱད་བྱར་འགྱུར། །དེ་བཞིན་འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན། །མིན་ཡང་རྒྱུ་མཐུན་འབྲས་བུ་འབྱུང་ངོ་ཞེས། །ཆོས་དབྱིངས་བསྟོད་པར་ཀླུ་སྒྲུབ་ཞབས་ཉིད་ཀྱིས། །གསལ་བར་བཤད་པའི་དགོངས་པ་གང་ཡིན་སྨྲོས། །ཀླུ་སྒྲུབ་ཞབས་དང་ཐོགས་མེད་མཆེད་གཉིས་ཀྱང༌། །ཆོས་དབྱིངས་ཡེ་ཤེས་སངས་རྒྱས་སྙིང་པོ་དང༌། །རང་བཞིན་གནས་རིགས་ཡིན་པར་འཆད་པའི་ཚུལ། །མི་མཐུན་མེད་དེ་རང་རང་གཞུང་ན་«་་་་་རྒྱུད་བླ་དང་ཆོས་དབྱིངས་བསྟོད་པ།» གསལ། །བྱམས་པའི་གཞུང་ན་ཆོས་ཀྱིས་དབྱིངས་ཞེས་པ། །མེད་དགག་ཁོ་ནར་འཆད་པའི་གསལ་ཁ་མེད། །དྲི་བཅས་དེ་བཞིན་ཉིད་དེ་ཟག་བཅས་ཀྱི། །ཡེ་ཤེས་ཁོ་ནར་འཆད་པ་དེ་གཞུང་ཡིན། །ཀླུ་སྒྲུབ་གཞུང་དུ་ཐ་མར་སྤྲོས་པ་ཀུན། །བཟློག་པའི་ཚེ་ན་ཆོས་ཀྱི་དབྱིངས་ཞེས་པ། །ཡོད་མེད་ལ་སོགས་སྤྲོས་པའི་མཐའ་བསལ་ནས། །ངོས་བཟུང་མེད་པར་འཆད་པའི་སྐབས་ཤིག་སྣང༌། །དེ་ཚེ་སྤྲོས་པའི་མཐའ་ཀུན་བྲལ་དེ་ལ། །ཆོས་དབྱིངས་ཡེ་ཤེས་སངས་རྒྱས་སྙིང་པོ་དང༌། །རང་བཞིན་«་་་་་རིགས་ཚོགས་སུ། »གནས་རིགས་སེམས་ཀྱི་རྡོ་རྗེ་སོགས། །ངེས་དོན་ཐ་སྙད་མང་པོ་དེར་མི་འདོགས། །ཐ་སྙད་དེ་དག་སྤྲོས་བྲལ་ཆོས་ལ་ནི།«་་་་་བསྟོད་ཚོགས་སུ།» །ངེས་པ་རྙེད་ནས་ཕྱིར་མི་ལྡོག་པའི་གཏམ། །གང་ལ་བསྙད་པ་ཐེག་ཆེན་འཕགས་པའི་ཚོགས། །བྱང་ཆུབ་མཆོག་ཏུ་ལུང་སྟོན་སྐབས་དེ་ཡིན། །བདག་དང་བདག་མེད་སྤྲོས་བྲལ་རིམ་པ་ཡིས། །རྣམ་དཔྱོད་བཟང་པོར་བྱས་པའི་འོག་རོལ་དུ། །དམ་པའི་བདག་དང་སེམས་ཀྱི་རྡོ་རྗེ་ལ། །གང་བརྟེན་ཐེགས་མཆོག་གསུང་ཁྱོད་ཕྱག་གི་གནས། །གང་ལ་བསྟོད་ནས་གང་གི་ལུགས་བཟང་པོ། །ལེགས་པར་བཤད་ལ་ལེགས་ཚོགས་ཅི་མཆིས་པ། །མཐའ་ཡས་འགྲོ་བ་མཐའ་དག་སྲིད་ཞི་ལས། །རྣམ་པར་གྲོལ་བའི་རྣམ་མཁྱེན་དོན་དུ་བསྔོ། །ཅེས་པ་འདི་ཡང༌། ཀླུ་སྒྲུབ་ཞབས་ཀྱི་བདུད་རྩིའི་ཟིམ་ཆར་བློ་གྲོས་ཀྱི་དཔག་བསམ་ལ་ཉེ་བར་སིམ་པའི་སྤོང་བ་པ་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།། 

༄༅། །སྭསྟི། འཕགས་པ་ལྷའི་ཞལ་མངའ་ནས་ཀྱི་རྟོགས་པ་བརྗོད་པ།

དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །སིངྒྷ་ལའི་ཡུལ་རྒྱལ་པོ་ཡི། །ཐུགས་ཀྱི་སྲས་གྱུར་དེ་ཉིད་ཀྱི། །སྐྱེད་ཚལ་ཡིད་འོངས་འདབ་བརྒྱ་པའི། །ལྟེ་བར་བརྫུས་ཏེ་འཁྲུངས་ཁྱོད་ནི། །འཇམ་དཔལ་རྩ་རྒྱུད་སངས་རྒྱས་ཀྱིས། །ལུང་བསྟན་སོ་སྐྱེའི་དུས་ཉིད་ནས། །སྤྱན་ཡང་སློང་ལ་བཏང་བཟོད་པས། །འཕགས་པའི་མཚན་ཐོབ་རྒྱལ་སྲས་ལྷ། །མངལ་སྐྱེས་གཞན་གྱིས་མི་འདུལ་བའི། །མཆོག་སྦྱིན་ཐོབ་པའི་མུ་སྟེགས་ཅན། །དྲེགས་ཅན་སངས་རྒྱས་བསྟན་པ་ལ། །འཇུག་མཛད་ཀུན་གྱིས་བཀུར་ཁྱོད་ནི། །ཀླུ་སྒྲུབ་སྲས་ཀྱི་མཆོག་གྱུར་ནས། །ཕྱི་མོར་གྱུར་པའི་གཞུང་བརྩམས་པ། །འཕགས་པའི་གཞུང་བཞིན་སྲས་ཀུན་གྱིས། །བསྔགས་པས་སྙན་གྲགས་བདེ་ཐོབ་པ། །ཁྱོད་ཀྱིས་མཐར་འཛིན་དྲུངས་འབྱིན་ཚེ། །རིགས་ཚོགས་ལྷུར་བླངས་ཉམས་ལེན་གྱི། །སྙིང་པོ་ཡེ་ཤེས་ལ་གཞོལ་བའི། །བསྟན་བཅོས་བཞི་བརྒྱ་པ་དེ་ཡི། །སྲོལ་ཆེན་ཐོག་མར་ཆོས་སྐྱོང་གིས། །རབ་བཟུང་ཕྱི་དུས་ཞི་བ་འཚོ། །སྲས་དང་བཅས་པས་དར་མཛད་ལ། །རྣལ་འབྱོར་སྤྱོད་པའི་དབུ་མ་གྲགས། །ཆོས་སྐྱོང་གིས་ནི་གཞུང་བརྩམས་པ། །སེམས་ཙམ་ལུགས་ཡིན་ལྷག་པའི་ལྷས། །རྗེས་བཟུང་ངོ་བོ་ཉིད་མེད་དུ། །གནས་གྱུར་ཞེས་པ་རང་འགའི་ཚིག །ཡིན་ནོ་ཤེས་བྱེད་ཕྱི་དུས་འདིར། །ངོ་བོ་ཉིད་མེད་སྨྲ་གཞུང་ལས། །གཞན་པའི་དབུ་མ་མེད་སྨྲ་བ། །དེ་རྗེས་འཇུག་པའི་གཏམ་བཅལ་པོ། །ཡིན་ནོ་ཤེས་བྱེད་ཆོས་སྐྱོང་གིས། །ཐོག་མར་གསང་སྔགས་གང་ཞིག་ནི། །ཉམས་སུ་བླངས་པས་ལྷ་གང་གཟིགས། །རྗེས་སུ་བིརྺ་པར་གྱུར་ཚེ། །མན་ངག་གཞུང་ཆེན་གང་མཛད་པ། །དེ་དང་དེ་ནི་དབུ་མ་ཡི། །ལྟ་སྒོམ་གང་དང་གང་ཡོད་པ། །དེ་དང་དེ་འདིར་ཁྱོད་ཀྱིས་སྨྲོས། །ཕ་རོལ་ཕྱིན་པའི་ལྟ་བ་དང༌། །ན་སྙམ་བྱས་ནས་ཟུང་འཇུག་གི །ཡེ་ཤེས་སྒོམ་བྱར་བཤད་སྙམ་བྱེད། །འདིར་ཡང་སེམས་ཙམ་ཡིན་ཞེས་དང༌། །གཞན་འགའ་ཞིག་ནི་སྤྲོས་མེད་སོགས། །ཐལ་རང་གཞུང་བཞིན་ཡིན་ཟེར་བའི། །མགོ་འཁོར་སྤངས་ནས་གདེང་ཐོབ་བྱོས། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། །མཛད་པོ་འཕགས་པ་ལྷ་འདི་ཡིས། །ཡེ་ཤེས་དམ་པའི་དོན་ཉིད་དུ། །མེད་པར་བཤད་པ་ཅི་ཞེ་ན། །སྒྲོ་འདོགས་བཅད་པའི་ཤེས་པའི་ངོར། །ཅི་ཡང་ཡོད་པ་མ་ཡིན་དང༌། །རང་རིག་ཡེ་ཤེས་སྤྱོད་ཡུལ་ལ། །ཉམས་ལེན་བྱེད་ཅེས་མ་སྨྲས་སམ། །སྒྲོ་འདོགས་གང་བཅད་སྒོམ་པ་ཡི། །ཉམས་ལེན་དགོས་པ་སངས་རྒྱས་ཀྱི། །དགོངས་པ་ཡིན་ན་དྲི་མེད་འོད། །སྒྲོན་གསལ་བཅས་ལ་ཁྱོད་ཀྱིས་རྒོལ། །ཀླུ་སྒྲུབ་གཞུང་ལུགས་གསང་སྔགས་དང༌། །སྦྱོར་ཚེ་ཨཱརྻ་དེ་ཝ་དང༌། །བིརྺ་པས་བཤད་དེ་ལས་ནི། །གཞན་དུ་བཙལ་བྱ་མ་ཡིན་པའི། །དབང་པོ་གྲུབ་པའི་སར་གཞུག་པའི། །རྣམ་འགྲེལ་མཁན་དང་ཞི་བ་འཚོ། །པདྨའི་ངང་ཚུལ་ཡེ་ཤེས་ཞབས། །དེ་སོགས་སྔགས་གཞུང་མཛད་ཀུན་ནོ། །འཕགས་པ་ལྷ་འདིས་ཕྱི་དུས་སུ། །གསང་བ་འདུས་པའི་ཉམས་ལེན་གྱིས། །ས་བརྒྱད་པ་ལ་བཞུགས་སོ་ཞེས། །ཚད་ལྡན་མང་པོའི་གསུང་ལས་འབྱུང༌། །འདིས་མཛད་སྤྱོད་བསྡུས་སྒྲོན་སོགས་ན། །ཐལ་རང་གཞུང་དུ་མ་གྲགས་པའི། །སྒྱུ་མ་དང་ནི་འོད་གསལ་དང༌། །ཟུང་འཇུག་ལྟ་བའི་རིམ་པ་ཡང༌། །རྒྱས་པར་བཤད་དོ་དེ་དག་ཀུན། །རྣལ་འབྱོར་དབང་ཕྱུག་བིརྺ་པའི། །བཞེད་པ་ཡིན་པ་ཡོད་མིན་ཕྱིར། །དེ་ཡང་སེམས་ཙམ་ལུགས་སུ་སྨྲོས། །རང་བྱིན་རླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མི་རྟོགས་ཞེས། །གང་དེས་བཤད་དོ་དབུ་མ་ལ། །འཇུག་པ་ལས་བརྒལ་ལྟ་བ་འདི། །སྔགས་ཀྱི་ཐུན་མོང་མ་ཡིན་པའི། །དབུ་མ་ལས་བྱུང་འདི་ཡང་ནི། །སེམས་ཙམ་ཡིན་ཞེས་ཁྱེད་ཅག་གིས། །སྤོབས་པ་བསྐྱེད་ནས་སྨྲ་ནུས་སམ། །མདོར་ན་ཀླུ་སྒྲུབ་འཕགས་པ་ལྷའི། །དགོངས་པ་ཟླ་བས་གསལ་འཇུག་ཏུ། །བཤད་ལས་གཞན་དུ་མེད་ཅེས་པ། །མཁས་པ་རྣམས་ཀྱི་མི་སྨྲའི་གཏམ། །འདི་བཤད་པ་ལས་བྱུང་བ་ཡི། །དགེ་བ་གངས་ཅན་རི་བོའི་རྩེར། །བདེ་འབྱུང་གཙུག་རྒྱན་འཕོས་འདྲ་བ། །དེ་ཡིས་རྫོགས་སངས་རྒྱས་ཐོབ་ཤོག།  །།མངྒ་ལཾ།།  ༄༅། །ན་མོ་ཨཱརྻ་མཻ་ཏྲི་ནཱ་ཐ་ཡེ། འཕགས་པ་ཐོགས་མེད་ཞབས་ཀྱི་རྟོགས་པ་བརྗོད་པ་ངས་དོན་ཟླ་ཟེར་དཀར་པོའི་ཕྲེང་བས་སྙིང་གི་གདུང་བ་འཕྲོག་བྱེད་ཅེས་བྱ་བ། ཇི་ལྟའི་དོན་ལ་འཕགས་པའི་ཐུགས་མངའ་ཞིང༌། ཇི་སྙེད་འཆད་ལ་ཐོགས་པ་མེད་པའི་གསུང༌། །ཇི་ལྟར་བཞེད་བཞིན་བྱམས་མགོན་གཟིགས་པའི་སྐུ། །ཇི་སྐད་གསུངས་བཞིན་འཛིན་ལ་ཕྱག་བགྱིའོ། །མི་ཕམ་ཞལ་གྱི་བདུད་རྩི་གསོལ་བ་ལས། །དབུ་སེམས་ཤིང་རྟའི་སྲོལ་ཆེན་གཉིས་གཟིགས་ནས། །ཐེག་ཆེན་ཆོས་ཀྱི་ངེས་དོན་གསལ་མཛད་པ། །བརྩེ་ཆེན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །མཚན་ཉིད་གསུམ་དང་བདེན་པ་རྣམ་གཉིས་དང༌། །བདག་མེད་གཉིས་དང་ཀུན་གཞིའི་ཆོས་ལུགས་ཀྱིས། །ཐེག་ཆེན་གསུང་རབ་མ་ལུས་གསལ་མཛད་པའི། །ཤིང་རྟའི་སྲོལ་འབྱེད་དེ་ལ་ཕྱག་འཚལ་ལོ། །དངོས་གཅིག་དུ་མར་སྣང་བའི་གཏན་ཚིགས་ཀྱིས། །ཕྱི་རོལ་དོན་གཞན་མེད་པར་ཐག་བཅད་ནས། །སྣང་བ་སེམས་སུ་སྒོམ་པའི་རྣལ་འབྱོར་གྱིས། །དབུ་མར་འཁྲིད་མཛད་དེ་ལ་ཕྱག་འཚལ་ལོ། །བཟུང་བ་མེད་ན་དེ་འཛིན་མེད་པ་ཡིས། །རིགས་པས་གཟུང་འཛིན་རང་སྟོང་ཡིན་པའི་ཚུལ། །ལེགས་པར་བཤད་ནས་གཉིས་མེད་དོན་དམ་དུ། །སྟོན་མཛད་འཇིགས་མེད་དེ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་སྟོང་པར་མི་འཆད་ཀྱང༌། །ཀུན་རྫོབ་མཐའ་བཞིའི་སྤྲོས་བྲལ་ཁས་བླངས་ནས། །ལྷག་མེད་མྱང་འདས་ཐེག་ཆེན་ལམ་ཉིད་དུ། །འཇུག་ཚུལ་འདོམས་པ་དེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་དང་ཟག་མེད་ཡེ་ཤེས་དང༌། །བྱང་ཆུབ་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དོན་དམ་ཡེ་ཤེས་རྡོ་རྗེར་གསལ་མཛད་ནས། །གཙང་བདག་བདེ་དང་རྟག་པའི་ཆོས་ལུགས་ཀྱང༌། །ཇི་བཞིན་འཆད་མཁས་དེ་ལ་ཕྱག་འཚལ་ལོ། །ཁྱོད་གཞུང་ལས་བྱུང་ཤིང་རྟའི་སྲོལ་གཉིས་པོ། །གངས་ཅན་འདི་ན་ལོག་པར་བཤད་མཐོང་ནས། །ཉིད་གཞུང་ཇི་བཞིན་རྟོག་པའི་རྣམ་དཔྱོད་ཀྱིས། །གཞན་ལ་མ་གྲགས་དོན་འགའ་འདིར་བཤད་བྱ། །བདེན་བཞིའི་ཆོས་དང་སྟོང་ཉིད་ཆོས་ཚུལ་དང༌། །དོན་དམ་རྣམ་ངེས་ཆོས་ཀྱི་ཚུལ་གསུམ་པོ། །ངེས་དོན་ཡིན་ལུགས་སྟོན་པར་ཆོས་མཚུངས་ཀྱང༌། །དགོངས་པའི་དབང་གིས་གྲངས་ངེས་རྣམ་པར་ཕྱེ། །བདག་དང་བདག་གིར་འཛིན་པས་སྟོང་པ་ཡི། །གཉིས་མེད་ཡེ་ཤེས་གང་ཟག་བདག་མེད་ཀྱི། །དོན་དུ་སྟོན་བྱེད་འཁོར་ལོ་དང་པོ་ཡི། །དགོངས་དོན་གང་ཡིན་ཐ་མས་གསལ་བར་བཤད། །འཁོར་ལོ་དང་པོར་བདེན་པ་གཉིས་བསྟན་པ། །ཀུན་རྫོབ་ཇི་བཞིན་སྒྲ་དང་དོན་དམ་ནི། །ལྡེམ་པོའི་ངག་གིས་བསྟན་ཕྱིར་དྲང་བའི་དོན། །ཕྱི་རོལ་དོན་དང་དེ་འཛིན་གྱིས་སྟོང་པའི། །གཉིས་མེད་ཡེ་ཤེས་ཆོས་ཀྱི་བདག་མེད་ཀྱི། །དོན་དུ་སྟོན་བྱེད་འཁོར་ལོ་གཉིས་པ་ཡི། །དགོངས་དོན་གང་ཡིན་འཁོར་ལོ་ཐ་མས་བཤད། །ངེས་དོན་མཐར་ཐུག་འཁོར་ལོ་གཉིས་པར་ནི། །གཉིས་སྟོང་བཤད་ཀྱང་གཉིས་མེད་དོན་དམ་དུ། །ཇི་བཞིན་སྒྲ་ཡིས་གསལ་པོར་མ་བཤད་པས། །བླ་ན་མཆིས་དང་དྲང་བའི་དོན་ཞེས་བྱ། །འཁོར་ལོ་ཐ་མར་གཉིས་མེད་ཡེ་ཤེས་ནི། །དོན་དམ་ཡིན་པ་ཇི་བཞིན་སྒྲ་ཡིས་བཤད། །དེར་བཤད་དེ་ལས་ལྷག་པའི་ངེས་དོན་ནི། །མེད་ཕྱིར་བླ་ན་མ་མཆིས་ངེས་པའི་དོན། །དོན་དམ་མཐར་ཐུག་གཉིས་མེད་ཡེ་ཤེས་ནི། །འཁོར་ལོ་བར་པའི་བསྟན་བྱའི་གཙོ་བོར་བཤད། །འཁོར་ལོ་བར་པ་དྲང་དོན་ཡིན་ནོ་ཞེས། །འཆད་པ་དེ་ནི་ཐོགས་མེད་བཞེད་གཞུང་མིན། །དྲང་ངེས་ཁྱད་པར་བརྗོད་བྱས་མི་འབྱེད་པར། །ལུགས་འདིར་བརྗོད་བྱེད་ཁོ་ནས་འབྱེད་དོ་ཞེས། །ཟེར་བ་རྣམ་བཤད་རིགས་པའི་གཞུང་དང་ནི། །ཐེག་ཆེན་བསྡུས་པའི་སྡོམ་དང་འགལ་བར་ངེས། །སྟོང་པའི་ཚུལ་ལ་ངེས་པ་རྙེད་ཀྱི་བར། །ངེས་དོན་ལྡེམ་པོའི་ངག་གིས་མ་བསྟན་ན། །གཉིས་མེད་ཡེ་ཤེས་བདག་ཏུ་འཁྲུལ་སྲིད་པས། །འཁོར་ལོ་བར་པ་ཇི་བཞིན་མིན་པའི་སྒྲ། །མེད་དང་ཡོད་དང་རང་བཞིན་སྟོང་ཉིད་ཀྱི། །རྣམ་གཞག་ཤེས་ནས་ཀུན་གཞིའི་ཡེ་ཤེས་དང༌། །གཉིས་མེད་ཡེ་ཤེས་བདེ་གཤེགས་སྙིང་པོ་སོགས། །ངེས་དོན་དེ་དག་བདག་དང་བདེན་པར་བཤད། །ཡེ་ཤེས་དེ་ཉིད་སྤྲོས་པ་ཀུན་བྲལ་ཞིང༌། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་གྱུར་ཀྱང༌། །རང་རིག་ཡེ་ཤེས་ཆེན་པོས་རིག་བྱའི་ཕྱིར། །དམ་པའི་བདག་དང་བདེན་པའི་དངོས་པོར་ངེས། །བདེན་པར་གྲུབ་ཀྱང་སྤྲོས་པའི་ཡུལ་མིན་ཕྱིར། །དེ་ལ་མཚན་འཛིན་ཤེས་བྱའི་སྒྲིབ་པར་བཤད། །རྣམ་གཡེང་རྣམ་རྟོག་རྣམ་བཅུ་གཞན་གྱི་དབང༌། །དེ་ཡིས་གང་བརྟགས་ཀུན་དུ་བཏགས་པར་བཤད། །དེ་ཉིད་དེ་ཡིས་སྟོང་པ་ཡོངས་སུ་གྲུབ། །གཞན་ལ་གང་གྲགས་དེ་དག་གཞུང་ན་མེད། །སེམས་ལས་མ་གཏོགས་ཆོས་གཞན་ཡོད་མིན་ཞིང༌། །གཉིས་མེད་ཡེ་ཤེས་སེམས་ཀྱི་ངོ་བོར་བཤད། །དེ་ཕྱིར་སེམས་ཀྱི་ངོ་བོ་མི་སྟོང་ཡང༌། །བཟུང་འཛིན་གཉིས་ཀྱིས་སྟོང་དེ་གྲུབ་པའི་མཐའ། །ཀུན་བཏགས་རང་སྟོང་གཞན་དབང་གཞན་སྟོང་དང༌། །ཡོངས་གྲུབ་སྟོང་པའི་དངོས་དང་གཞན་དབང་གི །ངོ་བོར་བཤད་ནས་སྤྲོས་ཀུན་འབྱུང་བའི་གཞིར། །འཆད་པ་དེ་ནི་རྣལ་འབྱོར་སྤྱོད་གཞུང་ཡིན། །གཞན་དབང་བདེན་གྲུབ་ཡིན་པར་ཁས་བླངས་ན། །གཟུང་འཛིན་གཉིས་སྟོང་འབྱུང་བའི་གོ་སྐབས་མེད། །དེ་མེད་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ངེས་དོན་མཐར་ཐུག་སྙིང་པོ་གང་ནས་ཚོལ། །གཟུང་འཛིན་རྫས་གཞན་ཁེགས་ཙམ་ཀུན་བཏགས་དག །རང་སྟོང་ཡིན་པར་བཤད་པས་ཤེས་པར་ནུས། །གཞན་དབང་སྒྱུ་མར་འཆད་ཚུལ་མ་ཤེས་ན། །རྣལ་འབྱོར་སྤྱོད་གཞུང་རྫོགས་པར་འཆད་མི་ནུས། །ཀུན་བཏགས་བདེན་མེད་གཞན་དབང་བདེན་གྲུབ་དང༌། །གཟུང་འཛིན་རྫས་གཞན་ཁེགས་པའི་སྟོང་ཉིད་ལ། །ཡོངས་གྲུབ་ཅེས་བྱར་འཆད་པ་རྣམ་བདེན་གཞུང༌། །སེམས་ཙམ་ཞེས་བྱའི་གྲུབ་པའི་མཐའ་དེ་ཡིན། །གཞན་དབང་བདེན་མེད་ཡོངས་གྲུབ་བདེན་པ་ཞེས། །གསལ་བར་བཤད་པས་མཐའ་གཉིས་སེལ་བ་ནི། །རྒྱན་དང་རྣམ་འབྱེད་གཉིས་ཀྱིས་ཤེར་ཕྱིན་མདོ། །དབུ་མར་བཀྲལ་བའི་ཚུལ་ལུགས་མཆོག་དེ་ཡིན། །དེ་ལས་གོང་ན་དབུ་མར་གྲུབ་པའི་མཐའ། །ཡོད་ན་དབང་ཟའི་ལྟ་བར་འགྱུར་ཞེས་བཤད། །དེ་ལྟར་ཤེས་ན་རྣལ་འབྱོར་སྤྱོད་གཞུང་གི །རིང་ལུགས་བླ་ན་མེད་དེ་རྫོགས་པར་མཐོང༌། །ཕྱི་རོལ་དོན་དང་དེ་ཡི་གཟུང་རྣམ་ལ། །གཟུང་འཛིན་ཀུན་བཏགས་ཞེས་བྱར་ངོས་བཟུང་ནས། །གཅིག་དང་དུ་མར་མེད་པའི་གཏན་ཚིགས་ཀྱིས། །གཟུང་རྣམས་བདེན་པར་མེད་པ་དབུ་མའི་ལམ། །གཞན་གྱི་དབང་གི་ངོ་བོ་ཁས་བླངས་ཀྱང༌། །དེ་ཡི་ངོ་བོ་དེ་མ་ཡིན་པའི་ཕྱིར། །གཞན་དབང་བདེན་པར་གྲུབ་པའི་ལུང་མ་ཡིན། །ཡོད་པའི་སྟོང་ཉིད་ཅེས་བྱ་གཞན་གྱི་དབང༌། །རྣལ་འབྱོར་སྤྱོད་གཞུང་གྲུབ་མཐའི་མཐར་ཐུག་ཚེ། །གཟུང་འཛིན་གཉིས་ཀ་ཀུན་དུ་བཏགས་པའི་ཆ། །གཉིས་མེད་ཡེ་ཤེས་ཁོ་ན་དོན་དམ་ཡིན། །དེ་ལས་ལོགས་ན་གཞན་དབང་ཉག་གཅིག་ཀྱང༌། །ངོས་བཟུང་མེད་ན་བདེན་པའི་གོ་སྐབས་ཅི། །སྣང་བ་སེམས་དང་གཞན་དབང་བདེན་གྲུབ་ཀྱང༌། །སེམས་ཙམ་ལུགས་ཡིན་དབུ་མའི་ལུགས་ཉིད་ལ། །རྣམ་རྫུན་ཞེས་བྱར་གྲགས་པ་དེ་གཞུང་མིན། །བདེན་གྲུབ་ཅེས་བྱ་དོན་དམ་བདེན་པའི་མིང༌། །གཞན་དབང་སྤང་བྱར་འཆད་པ་གྲུབ་པའི་མཐའ། །བདེན་པར་གྲུབ་ནས་སྤང་བྱར་སྟོན་པ་ཡང༌། །ཐེག་ཆེན་གཞུང་ལུགས་འཆད་པའི་ཚུལ་མ་ཡིན། །གཟུང་འཛིན་རྫས་གཞན་བཀག་པའི་མེད་དགག་ནི། །ལྡོག་པ་གཞན་སེལ་ཀུན་བཏགས་ཡིན་པའི་ཕྱིར། །ཡོངས་གྲུབ་ཡིན་པའི་ལུང་དང་རིགས་པ་མེད། །སྤྱི་མཚན་བདེན་གྲུབ་ཆོས་ཀྱི་གྲགས་པས་བཀག །ཟག་བཅས་ས་བོན་བསགས་པ་ཀུན་གཞི་སྟེ། །ངེས་འཕངས་རྣམ་སྨིན་ཀུན་གཞིའི་རྣམ་ཤེས་ཡིན། །ཟག་མེད་ས་བོན་གྱུར་པ་ཡེ་ཤེས་དེ། །རང་བཞིན་རིགས་དང་སངས་རྒྱས་སྙིང་པོར་བཤད། །འཁོར་འདས་ཀུན་གྱི་གཞི་དང་ས་བོན་ནི། །ཟག་པ་མེད་པའི་ཡེ་ཤེས་ཉིད་ཀྱིས་བྱས། །དེ་ཕྱིར་ཀུན་གཞིའི་ཡེ་ཤེས་རྣམ་སྨིན་དང༌། །ས་བོན་གསུམ་གྱིས་ཀུན་གཞིའི་ཆོས་ཀུན་བསྡུས། །ས་བོན་ཞེས་པ་ཟག་བཅས་ཀུན་གྱི་དེ། །རྣམ་སྨིན་ཞེས་བྱ་དེས་བསྐྱེད་ལུང་མ་བསྟན། །གདོད་མའི་ཡེ་ཤེས་དེ་ཉིད་ཟག་མེད་ཀྱི། །ས་བོན་ཡིན་ཕྱིར་ཐོས་པའི་རྐྱེན་གྱིས་གསོ། །གསོ་བྱེད་མ་ཚང་མྱ་ངན་མི་འདའ་ཡང༌། །རང་བཞིན་གནས་རིགས་ཆད་པ་ག་ལ་སྲིད། །ལྷག་མེད་དབྱིངས་ཀྱི་ཀུན་གཞིའི་ཡེ་ཤེས་ཀྱང༌། །ཤེས་སྒྲིབ་ས་བོན་ཚོགས་དང་ལྷན་ཅིག་གནས། །མ་རིག་བག་ཆགས་ས་དང་ཟག་མེད་ཀྱི། །ལས་ཀྱིས་ལུས་ལེན་ཞེས་པ་འདིར་མི་བཞེད། །ལྷག་བཅས་ཐེག་པ་ཆེན་པོར་སེམས་བསྐྱེད་ནས། །དབང་པོའི་ལུས་གཅིག་ས་བཅུའི་མཐར་འགྲོ་ཕྱིར། །ཇི་སྲིད་རྫོགས་སངས་མ་རྒྱས་དེ་སྲིད་དུ། །ཀུན་གཞིའི་རྣམ་པར་ཤེས་པ་འདོར་མི་སྲིད། །ཉན་ཐོས་མ་ངེས་སློབ་པའི་ལམ་དག་ནས། །ཐེག་ཆེན་ལམ་ཞུགས་སྨོན་ལམ་མཐུ་དང་ནི། །སྤྲུལ་དང་བསམ་མི་ཁྱབ་བསྒྱུར་འཆི་འཕོ་ཡིས། །སྐྱེ་བ་བླངས་ཏེ་རྫོགས་སངས་རྒྱས་པར་གསུངས། །ཐོགས་མེད་ཞབས་ཀྱིས་ཐེག་ཆེན་རྒྱུད་བླ་མ། །དབུ་མར་བཀྲལ་བའི་ངེས་དོན་མཐར་ཐུག་ནི། །གནས་བདུན་གྱིས་བསྟན་རྡོ་རྗེ་རྣམ་བདུན་ཏེ། །གནས་སྐབས་གསུམ་གྱི་ཟག་མེད་ཡེ་ཤེས་མཆོག །སྦྱང་གཞི་དྲི་བཅས་ཟག་མེད་ཡེ་ཤེས་ནི། །སྦྱོང་བྱེད་ཡོངས་སྦྱོང་དྲུག་བཅུའི་སྒྲུབ་པ་ཡིས། །རྣམ་པར་སྦྱངས་པས་དྲི་མེད་ཡེ་ཤེས་ནི། །མངོན་དུ་བྱེད་པའི་རིམ་པ་དེ་གཟིགས་སོ། །དཔལ་ཕྲེང་གྱིས་ཞུས་མདོ་ཡི་རྗེས་འབྲངས་ནས། །ལྷག་མེད་དབྱིངས་ཀྱི་མྱང་འདས་ཡེ་ཤེས་ཀྱང༌། །ཟག་མེད་ལས་ཀྱིས་མངོན་པར་མཚམས་སྦྱར་ནས། །སྐྱེ་བ་བླངས་ཏེ་མངོན་པར་འཚང་རྒྱའོ། །གཞན་སྟོང་ཚུལ་གྱིས་སྤྲོས་བྲལ་མ་གཏོགས་པ། །གཉིས་མེད་ཡེ་ཤེས་རང་གི་ངོ་བོ་ཡིས། །སྟོང་པར་འཆད་པའི་ལུང་རིགས་འདིར་མ་གསུངས། །འཁོར་ལོ་བར་པའི་དགོངས་དོན་འཆད་པ་ན། །ཡང་དག་མཐའ་དེ་འདུས་བྱས་ཚོགས་རྣམས་ཀྱིས། །རྣམ་པར་དབེན་པའི་གཞན་སྟོང་གསལ་བར་གསུངས། །སངས་རྒྱས་སྙིང་པོ་གློ་བུར་དྲི་མ་ཡིས། །སྟོང་པར་འཆད་ཅིང་བླ་མེད་ཆོས་ཀྱིས་ནི། །སྟོང་པར་མི་འཆད་དེ་ཡང་གཞན་སྟོང་ཚུལ། །གསལ་བར་འཆད་པའི་འགྲེལ་པས་ལེགས་པར་བཤད། །ཀླུ་སྒྲུབ་ཞབས་ཀྱིས་སྐད་ཅིག་ལ་བརྟགས་པའི། །རིགས་པས་བརྟགས་ན་དེ་བཞིན་གཤེགས་སྙིང་ཡང༌། །རྣམ་པར་འཇིག་པའི་ཆོས་ཅན་ཡིན་མོད་ཀྱི། །འགྱུར་མེད་དུ་འཆད་སྐབས་འདིར་དེ་མི་དཔྱོད། །ཀླུ་སྒྲུབ་རིགས་པའི་དཔུང་ཚོགས་མི་བཟོད་ན། །རྟག་བརྟན་གཡུང་དྲུང་ཉིད་དུ་ཇི་ལྟར་འགྱུར། །དེ་ཕྱིར་དབྱིངས་དེ་རྟག་བརྟན་ཞི་བ་དང༌། །གཡུང་དྲུང་ཉིད་དུ་འཆད་པ་དེ་ཡིན་ནོ། །དབྱིངས་དེ་ངོ་བོས་སྟོང་པར་མ་བཤད་ཀྱང༌། །དེ་ལ་མཚན་འཛིན་རྟོག་པ་ཡིན་པའི་ཕྱིར། །ཟབ་གསལ་གཉིས་མེད་ངང་ལ་མཉམ་གཞག་བློ། །མཚན་འཛིན་བག་ཆགས་དང་བཅས་འདིས་དྲུངས་འབྱིན། །ཟག་མེད་ཡེ་ཤེས་དེ་ལས་འགྲོ་ཀུན་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་ཀུན་འབྱུང་ཕྱིར། །དེ་ཉིད་སེམས་ཅན་ཁམས་དང་སངས་རྒྱས་ཀྱི། །ཁམས་དང་སྙིང་པོར་བཤད་པ་དེ་ཡིན་ནོ། །དབྱིངས་དེ་དགོངས་གཞིར་བཞག་ནས་སེམས་ཅན་ཀུན། །རྫོགས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བཤད། །རྒྱུ་ཡོད་པ་ལ་འབྲས་བུ་ཡོད་དོ་ཞེས། །བཏགས་པའི་དགོས་པ་སྐྱོན་ལྔ་སྤང་ཕྱིར་ཏེ། །དངོས་ལ་གནོད་བྱེད་འོད་དང་འོད་ཟེར་ཚོགས། །རྣམ་པར་སྤངས་ཏེ་ཉི་མ་ལྟ་བ་བཞིན། །སངས་རྒྱས་སྙིང་པོ་རྟག་བརྟན་དུ་བཤད་པས། །གྲངས་ཅན་གྱིས་བརྟགས་བདག་ཏུ་འགྱུར་སྙམ་ན། །དེ་ལན་གསལ་པོ་ལང་ཀར་གཤེགས་པའི་མདོར། །ཀུན་མཁྱེན་ཉིད་ཀྱིས་གསལ་བར་གསུངས་དེ་ཡིན། །བདག་དང་བདག་མེད་སྤྲོས་པ་ཉེར་ཞི་ལ། །དམ་པའི་བདག་ཏུ་ཐེག་ཆེན་རྒྱུད་བླར་གསུངས། །བདག་མེད་པ་ཉིད་བདག་ཉིད་ཆེན་པོའི་བདག །ཡིན་ཞེས་ཐེག་ཆེན་མདོ་སྡེའི་རྒྱན་དུ་འབྱུང༌། །བླ་མེད་རྡོ་རྗེའི་ཐེག་པའི་གཞུང་དག་ཏུ། །གཉིས་མེད་ཡེ་ཤེས་དེ་ལ་འོད་གསལ་དང༌། །དོན་དམ་བདེན་པའི་མཆོག་ཏུ་བཤད་མང་ཕྱིར། །གང་འདིར་རྟག་བརྟན་བཤད་ལ་སྙེམས་མི་དགོས། །རྡོ་རྗེ་ལྟ་བུའི་གནས་བདུན་དོན་དམ་གྱི། །བདེན་པར་འཆད་པ་ཧ་ཅང་ཐལ་སྙམ་ན། །དཀོན་མཆོག་གསུམ་དང་ཡོན་ཏན་ཕྲིན་ལས་ལ། །བདེན་གཉིས་དབྱེ་བ་ཐོགས་མེད་ཞབས་ཀྱི་བཞེད། །ཁྱད་པར་དག་ལ་མ་དག་དེ་བཞིན་ཉིད། །བྱང་ཆུབ་སེམས་དཔར་རྩ་བས་དངོས་སུ་བསྟན། །སངས་རྒྱས་པས་བསྡུས་ཀུན་རྫོབ་བདེན་པ་ནི། །ཡོད་པར་འཆད་པའི་ཐེག་ཆེན་ཚུལ་མ་བྱུང༌། །སྤང་ཕྱིར་བསླུ་བའི་ཆོས་ཅན་སོགས་གསུངས་པ། །མདོ་གཞན་ལས་འབྱུང་དཀོན་མཆོག་རྣམ་གཉིས་ལ། །ཉེ་བར་དགོངས་པ་གོང་མའི་འཕྲོས་ཀྱིས་ཤེས། །གཞུང་འདིའི་སྐྱབས་གསུམ་དོན་དམ་བདེན་པར་ངེས། །ཐོགས་མེད་ཞབས་ཀྱི་ཐེག་ཆེན་རྒྱུད་བླ་མ། །ཐལ་འགྱུར་གཞུང་དུ་བཀྲལ་བ་གད་མོའི་རྒྱུ། །མདོ་དང་བྱམས་པའི་སྲོལ་ཕྱེ་མ་གཏོགས་པ། །བཤད་སྲོལ་གཞན་གྱི་རྗེས་སུ་འདི་མི་འབྲང༌། །རྒྱལ་བས་ལུང་བསྟན་སངས་རྒྱས་བསྟན་པའི་སྲོལ། །གཞན་ལ་མ་རག་ཉིད་ཀྱི་རྣམ་དཔྱོད་ཀྱིས། །ལེགས་པར་བཤད་ནས་དབུ་མའི་ལམ་ཆེན་པོ། །འཁྲུལ་མེད་འདོམས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐོགས་མེད་ཐོགས་དང་ཆགས་པའི་སྒྲིབ་པ་ལས། །རྣམ་གྲོལ་རྣམ་དཔྱོད་ཅན་གྱིས་གང་བཤད་པ། །འདིར་བཤད་འདིར་ནི་དགེ་བ་གང་ཡོད་དེས། །བདག་ཀྱང་བདག་རྟག་གཙང་བདེའི་གནས་ཐོབ་ཤོག །ཅེས་འཕགས་པ་ཐོགས་མེད་ཞབས་ཀྱི་བདུད་རྩིའི་ཟིལ་ཆར་བློ་གྲོས་ཀྱི་རྒྱ་མཚོས་ཉེ་བར་འཐུངས་པའི་བསོད་སྙོམས་པ། མི་ཕམ་དགེས་པའི་བཤེས་གཉེན་གྱིས་དགེ་བར་སྦྱར་བའི་ཡི་གེ་པ་ནི། ཆོས་ཀྱི་རྒྱལ་མཚན་ནོ།།  །།ཤུ་བྷཾ།། 

༄༅། །ན་མོ་བུདྡྷ་ཡ། ངོ་མཚར་ཆོས་ཀྱི་ཡིན་ལུགས་མཐར་ཐུག་པ། །རབ་དགོངས་མཛད་པས་མཁྱེན་པའི་རྩེ་མོར་སོན། །ཐུགས་རྗེའི་དབང་གྱུར་འགྲོ་བ་ཐམས་ཅད་ཀྱི། །བྲན་བཞིན་མཛད་པས་ཕྱག་འོས་ཤཱཀྱའི་སྲས། །སུམ་རྩེན་དཔའ་བོ་རྗེ་བཙུན་མ་ཕམ་པས། །ངེས་དོན་བདུད་རྩིར་མཛད་པའི་འཆི་མེད་བཅུད། །ཐུབ་བསྟན་སྦྲང་རྩིའི་དགྲ་བོ་མ་མྱངས་པ། །ཐོགས་མེད་སྙན་ཤལ་རིང་པོའི་དཔལ་དུ་བྱོན། །ཐེག་གསུམ་དཔག་བསམ་འཚོ་བའི་རྣམ་དཔྱོད་ཀྱི། །རྩ་ལག་རབ་རྒྱས་བསྟན་བཅོས་དུ་མའི་བདག །དབྱིག་གཉེན་ཞེས་བྱར་གྲགས་པའི་རྔ་བོ་ཆེ། །ཀུན་གྱི་རྣ་བར་སིམ་མཛད་དེ་ལ་འདུད། །ཕྱི་དུས་འདི་ན་ཁྱོད་ལ་མཁས་མཆོག་ཅེས། །གཅམ་བུའི་ངོར་བྱས་བརྙན་བརྗོད་མང་ན་ཡང༌། །བློ་ངན་མང་པོས་དངོས་སྨྲའི་འདམ་དུ་བཅིངས། །དེང་འདིར་དག་བྱེད་ཁྲུས་ཀྱི་རྒྱུན་ཆེན་དབུལ། །ཐུབ་བསྟན་འབུམ་ཕྲག་བརྒྱ་ཡི་མཛོད་བཟུང་ནས། །ཉིན་རེ་བཞིན་ཡང་ངེས་དོན་མཆོག་ཅིག་པའི། །ཕ་རོལ་ཕྱིན་གྱུར་སྟོང་ཕྲག་བརྒྱ་པའི་མདོ། །ཚིག་ཟུར་མ་ཉམས་ལྗགས་རྩེར་འདོན་པས་གདོན། །མཁྱེན་ལྡན་ཁྱོད་ཀྱི་གཞུང་རྩོམ་སྐབས་ཀྱི་ཚེ། །ཉན་ཐོས་བསྟན་པ་ཕལ་ཆེར་དྲི་མས་སྦགས། །ཐེག་ཆེན་བསྟན་པ་ཤར་ཡང་མ་དར་བར། །གཟིགས་ནས་ཐེག་གསུམ་བསྟན་བཅོས་མང་དུ་མཛད། །བདེན་བཞིའི་ཆོས་དང་བདེན་གཉིས་རྣམ་དབྱེ་བ། །ཐུབ་བསྟན་ཡོངས་ཀྱི་རྩ་བར་མཁྱེན་གྱུར་ནས། །གྲུབ་མཐའ་རྣམ་བཞིའི་དྲང་ངེས་མ་ལུས་ཕྱེ། །འདུལ་བའི་ལུང་དང་ཉན་ཐོས་མདོ་སྡེའི་གཞུང༌། །གྲུབ་མཐའ་སྨྲ་བས་མཐུན་པར་འཛིན་མོད་ཀྱང༌། །མངོན་པའི་བསྟན་བཅོས་དྲི་མས་རྙོགས་གྱུར་པ། །ལུང་དང་རིགས་པས་བླང་དོར་གསལ་བར་མཛད། །ཆོས་ཀྱི་བདག་མེད་ཕལ་ཆེར་མངོན་པའི་ལུགས། །གང་ཟག་བདག་མེད་མདོ་སྡེའི་གཞུང་བཞིན་དུ། །གསལ་མཛད་བསྟན་བཅོས་མངོན་པའི་མཛོད་ཆེན་དེ། །ཉི་མ་ཇི་བཞིན་འཛམ་གླིང་ཀུན་ལ་གསལ། །ཞིབ་མོའི་མི་བདག་གསལ་བར་མ་བསྟན་ནས། །ཆོས་ཀྱི་བདག་མེད་ཇི་བཞིན་མཚོན་མི་ནུས། །དེ་ཕྱིར་ཁྱོད་ཀྱི་འདུས་བྱས་ཆོས་ཀུན་ལ། །གནས་པ་མེད་པར་ལུང་དང་རིགས་པས་བསྒྲུབས། །ཕྲ་མོའི་སྡུག་བསྔལ་ཇི་བཞིན་མ་བཤད་ན། །ཕྱི་ནང་ཐར་པའི་ཁྱད་པར་དབྱེ་མི་ནུས། །དེ་ཕྱིར་ཁྱོད་ཀྱིས་བྱིས་པས་སྡུག་བསྔལ་དུ། །མ་རྟོགས་འདུ་བྱེད་སྡུག་བསྔལ་རྒྱས་པར་བཤད། །རྨོངས་ཆེན་འཁོར་བའི་རྩ་བར་མ་བཤད་ན། །ཕྱི་ནང་ལམ་གྱི་དབྱེ་བ་མི་ཕྱེད་པས། །རིག་བྱེད་གཞུང་དུ་མ་གྲགས་གང་ཟག་གི །བདག་ཏུ་འཛིན་པ་འཁོར་བའི་རྩ་བར་བཤད། །དེ་ལྟར་བདག་དང་བདག་གིས་སྟོང་ལྟ་བའི། །འཁྲུལ་མེད་ལམ་དེ་སུ་ཡི་གོམས་བྱས་ཀྱང༌། །ཐུབ་པའི་བསྟན་ལ་རྩོད་པ་དང་བྲལ་བའི། །ཐར་པའི་གོ་འཕང་རྙེད་པར་ཁྱོད་ཀྱིས་བཤད། །དམན་པར་ངེས་པའི་ཉན་ཐོས་མང་པོས་ཀྱང༌། །བདེན་བཞིའི་ཆོས་ལུགས་རྒྱས་པར་ཤེས་པ་ན། །སྐད་ཅིག་གིས་མཚོན་ཆོས་ཀྱི་བདག་མེད་ཀྱང༌། །ཤེས་མོད་གོམ་བྱེད་མིན་པར་ཁྱོད་ཀྱིས་བཤད། །འདི་ན་ལ་ལ་དབྱིག་གཉེན་གྱིས་བཤད་པའི། །ལམ་གྱིས་ཐར་པའི་གོ་འཕང་རྙེད་དཀའ་ཟེར། །མཛོད་འདིར་མ་བཤད་གང་ཟག་བདག་མེད་པ། །འཆད་བྱེད་རིགས་པ་སངས་རྒྱས་ཀྱིས་མ་གསུངས། །རང་རང་གཞུང་ནས་བཤད་པའི་སྒྲིབ་པ་ཀུན། །དེ་ནས་བཤད་པའི་གཉེན་པོས་མི་སེལ་ན། །རྒྱལ་བས་དབང་པོར་འཚམས་པའི་ཆོས་བསྟན་པ། །གཞུང་རྩོམ་ཁྱོད་ཀྱིས་གསལ་བར་བཀྲལ་མིན་ནམ། །ཆོས་ཀྱི་བདག་མེད་གསལ་བར་མ་ཤེས་ན། །ཁམས་གསུམ་ཉོན་མོངས་སྤོང་ནུས་མིན་ཞེས་པའི། །ཀླན་ཀ་དེ་ཡིས་ཁྱོད་ལ་རྒོལ་མི་ནུས། །སྐད་ཅིག་གནས་པ་མེད་པར་ཁྱོད་ཀྱིས་བཤད། །འཇིག་རྟེན་བློ་ཡི་རྣམ་དཔྱད་མི་བཟོད་པ། །ཀུན་རྫོབ་ཆོས་སུ་བཤད་པར་མ་ཟད་ཀྱི། །འཕགས་བློས་དཔྱད་ཚེ་རྒྱུན་དང་རགས་པའི་དངོས། །མ་ལུས་ངོ་བོས་སྟོང་པར་ཁྱོད་ཀྱིས་བཤད། །བྱེ་སྨྲའི་གཞུང་ལ་རྟོག་གེའི་བློས་བརྟགས་པ། །མང་ཞིག་ཁྱོད་ཀྱིས་ལེགས་པར་བསལ་མཛད་ནས། །བྱེ་བྲག་སྨྲ་གཞུང་ཐུབ་བསྟན་ཡིད་བཞིན་མཚོ། །འདེགས་བྱེད་གསེར་གྱི་ས་གཞི་ཁྱོད་ཀྱིས་བཤད། །དེ་ནས་ཐེག་ཆེན་བསྟན་པ་ནོར་བུའི་ཕྲེང༌། །རྣམ་བཤད་རྒྱལ་མཚན་རྩེ་མོར་བཞུགས་གསོལ་ནས། །དག་བྱེད་རིམ་གསུམ་ལྡན་པའི་སྦྱོང་ཚུལ་གྱིས། །ལེགས་པར་སྦྱངས་པའི་ངེས་དོན་ཁྱོད་ལ་མངའ། །འཁོར་ལོ་བར་པ་དྲང་བའི་དོན་ཉིད་དུ། །ཐོགས་མེད་མཆེད་ཀྱིས་འཆད་ཅེས་འདི་ན་གྲགས། །ཤེར་མདོའི་དགོངས་པ་ངེས་པའི་དོན་ཅན་དུ། །བློ་བཟང་ཁྱོད་ཀྱིས་རྣམ་བཤད་རིག་པར་གསུངས། །ངེས་པའི་དོན་ཞིག་ངོས་འཛིན་དགོས་གྱུར་ན། །ཁྱོད་དང་ཀླུ་སྒྲུབ་ལུགས་ལ་ཁྱད་པར་མེད། །ཐལ་རང་གཞུང་གི་དངོས་བསྟན་ཇི་བཞིན་པ། །ངེས་དོན་ངོས་བཟུང་མེད་པར་ཆེ་རྣམས་བཞེད། །དགོངས་འགྲེལ་མདོ་དང་ཁྱོད་གཞུང་ལས་བཤད་པའི། །ཆོས་དབྱིངས་ཡེ་ཤེས་ངེས་པའི་དོན་མིན་ན། །རྒྱུད་གཞུང་ཀུན་དང་འདུས་པའི་རིམ་ལྔ་སོགས། །གང་དེར་བཤད་པའི་ངེས་དོན་སུ་ཡིས་ཤེས། །དེ་ཕྱིར་ཐེག་ཆེན་སེམས་བསྐྱེད་ཐུགས་ལ་འཁྲུངས། །རྒྱུད་དང་རྒྱུད་བླའི་དགོངས་པ་ཁྱོད་ཀྱིས་མཁྱེན། །སྣང་ཚད་སེམས་སུ་བདེན་པར་ཁྱོད་མི་བཞེད། །དབུ་མའི་མཚན་དོན་མ་ལུས་ཁྱོད་ལ་མངའ། །ཤེས་བྱ་ནང་གིར་སྨྲ་བའི་གྲུབ་པ་ནི། །ཐེག་མཆོག་རྩེ་མོ་ཡིན་ཏེ་གང་གི་ཕྱིར། །ཆོས་དབྱིངས་མ་གཏོགས་ཆོས་འགའ་ཡོད་མིན་ཞིང༌། །ཆོས་དབྱིངས་དེ་ཡང་ཡེ་ཤེས་ཉིད་ཕྱིར་རོ། །ཆོས་དབྱིངས་ཡེ་ཤེས་རིགས་པས་དཔྱད་པ་ན། །རིགས་ངོར་ཡོད་མ་མིན་ཡང་འཕགས་ཆེན་བློས། །རྟག་ཏུ་གཟིགས་ཕྱིར་སེམས་ཀྱི་རྡོ་རྗེ་ཞེས། །ངེས་དོན་གསུང་བ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞབས་ཀྱི་རྟོགས་བརྗོད་བསྟན་པ་ལ་འཇུག་པའི་ཡིད་བཞིན་མཛོད་སྒོ་ཞེས་བྱ་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །། 

༄༅། །སྭསྟི། དཔལ་ཕྱོགས་ཀྱི་གླང་པོའི་རྟོགས་པ་བརྗོད་པའི་གཏམ། དེ་ཉིད་ཀྱི་གསུང་རབ་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ལྡན་ཕྱོགས་རྣམས་ཐམས་ཅད་ལས། །རྒྱལ་རྔ་ལན་བརྒྱར་བརྡུངས་རྣམས་ཀྱི། །བསྟན་པའི་བརྒྱ་བྱིན་དེ་འཛིན་པའི། །ཉེ་དབང་ཚོགས་དང་བཅས་རྣམས་ནི། །ས་གསུམ་གླང་པོས་རྣམ་དཔྱོད་དང༌། །རིག་པའི་བརྩལ་གྱིས་འདིར་འདེགས་པ། །ཐུབ་པའི་དབང་པོས་དེ་མཁྱེན་ནས། །རྒྱལ་བའི་སྲས་པོར་ལུང་བསྟན་པ། །འདི་དེ་འབིགས་བྱེད་ནགས་སུ་ནི། །མངོན་མེད་གཞུང་བརྩོམ་ལ་གཞོལ་ཚེ། །འཇམ་པའི་དབྱངས་ཉིད་མངོན་སུམ་དུ། །བྱོན་ནས་རྗེས་བཟུང་བྱིན་གྱིས་བརླབས། །ཕྱི་མའི་དུས་སུ་གཞུང་ཀུན་ལ། །བལྟ་བའི་མིག་ཏུ་དེ་འགྱུར་ཞེས། །གཞུང་བརྩོམ་བྱེད་པོར་རྗེས་གནང་བས། །ཡོངས་རྫོགས་བསྟན་པའི་ཁུར་ཆེན་པོ། །འདེགས་ལ་ངལ་བ་མེད་ཁྱོད་ཀྱིས། །ཐོག་མར་ཉན་ཐོས་སྡེ་པའི་གཞུང༌། །འཁྲུལ་མེད་མདོ་དང་སྦྱར་མཛད་ནས། །སེམས་ཙམ་གཞུང་དང་དབུ་མ་ཡང༌། །ཆོས་འཁོར་གསུམ་པའི་མདོ་བཞིན་བཀྲལ། །ཁྱད་པར་དུ་ཡང་ཤིང་རྟའི་སྲོལ། །གཞན་ལ་མ་གྲགས་རིག་པའི་གནས། །རང་ཉིད་གཅིག་པུའི་རྣམ་དཔྱོད་ཀྱིས། །བརྩལ་སྟོན་མཛད་པ་ཚད་མའི་མདོ། །བསྟན་པའི་བདག་པོ་ཐུབ་པ་ཉིད། །མི་བསླུ་མ་ཤེས་དོན་གསལ་གྱི། །ཚོགས་པས་ཚད་མར་གྱུར་བསྒྲུབས་ནས། །དེས་གསུངས་ཆོས་ཀྱང་འཁྲུལ་མེད་ཀྱི། །ལམ་དུ་འདྲེན་པའི་སྲོལ་ཆེན་པོ། །ཕྱི་ནང་རྟོག་གེ་པ་གཞན་ལ། །མ་གྲགས་གཏན་ཚིགས་རིག་པའི་སྒོ། །ནང་དོན་ཀུན་ལ་འཇུག་འདི་ཕྱེ། །རང་ཕྱོགས་སྒྲུབ་ལ་ཕྱོགས་ཆོས་དང༌། །རྗེས་འགྲོ་ཙམ་ཞིག་ཀུན་ལ་གྲགས། །རྟགས་གང་མི་མཐུན་ཕྱོགས་ལས་ནི། །བཟློག་ཚུལ་གཞན་གྱིས་མ་བཤད་པ། །མེད་ན་མི་འབྱུང་འབྲེལ་ངེས་པ། །གཞན་ནས་མི་འབྱུང་ཁྱོད་ཀྱིས་བཤད། །དེ་ལས་དེ་འབྱུང་འབྲེལ་ཙམ་ནི། །བླུན་པོས་ཀྱང་ཤེས་བདག་གཅིག་པའི། །འབྲེལ་པ་ཤེས་པའི་རྩ་བ་ནི། །གཞན་སེལ་གོ་ལས་གཞན་མི་སྲིད། །ཐ་དད་ཉིད་དུ་སུ་ཡིས་ཀྱང༌། །མ་མཐོང་ཆོས་གཅིག་སྒྲ་རྟོག་གིས། །སོ་སོར་ཕྱེ་ལས་འབྲེལ་འདི་བཞག །དེ་ཕྱིར་དགག་སྒྲུབ་ཇི་སྙེད་པ། །གཞན་སེལ་ཤེས་ལ་རག་ལས་བྱུང༌། །དེ་ཕྱིར་འབྲེལ་འདི་མ་ཤེས་ན། །རྫོགས་པའི་སངས་རྒྱས་ཚད་མ་དང༌། །བསྟན་པའི་སྙིང་པོ་བདག་མེད་པ། །སྒྲུབ་དང་དེ་དེའི་ལོག་ཕྱོགས་ཀྱང༌། །སུན་འབྱིན་ལྟར་སྣང་ཁོ་ནར་ངེས། །དེ་ལྟར་དེ་ཤེས་གྱུར་འོག་ཏུ། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །གྲུབ་དང་རྒྱུ་སྔོན་སོང་དུ་ཡང༌། །སྒྲུབས་པས་ཚད་མར་གྱུར་ཉིད་དུ། །གྲུབ་མཛད་ཁྱོད་ཀྱི་དགོངས་པར་ནི། །རྣམ་འགྲེལ་མཛད་པས་བཀྲལ་དེ་ཡིན། །གཞལ་བྱ་གཉིས་ཕྱིར་ཚད་མ་ཡང༌། །གཉིས་སུ་ངེས་གསུངས་ཁྱོད་ཁོ་ན། །སྤྱི་མཚན་སེལ་ངོར་དོན་དམ་དུ། །བདེན་ཀྱང་སྣང་ངོར་ཀུན་རྫོབ་ཀྱི། །བདེན་ཕྱིར་ཡོད་མ་ཡིན་པས་ན། །གཞལ་བྱ་རང་མཚན་གཅིག་ཁོ་ནར། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རང་མཚན་ལ་ཡང་མངོན་གྱུར་དང༌། །ལྐོག་གྱུར་དུ་ངེས་གཏན་ཚིགས་ཀྱིས། །ཚད་མ་གཉིས་ལས་ཉུང་བ་དང༌། །དེར་མ་འདུས་པ་ཁྱོད་མི་བཞེད། །མངོན་སུམ་རྟོགས་བྲལ་མ་འཁྲུལ་བ། །འཆད་པ་ཁྱོད་ཀྱི་ལུགས་ཁོ་ན། །སྐབས་འདིར་ཞེན་པའི་བློ་ཁོ་ན། །རྟོག་པར་ངོས་འཛིན་འཕྲལ་གྱི་ནི། །འཁྲུལ་རྒྱུས་མ་བསླད་རིག་པ་ཙམ། །བཤད་མོད་རྣམ་རིག་སྨྲ་ལུགས་ལ། །ཡང་དག་མིན་རྟོག་དང་བྲལ་ཞིང༌། །ཕུགས་ཀྱི་འཁྲུལ་རྒྱུས་མ་བསླད་པ། །དགོས་པར་བློ་ཆེན་ཁྱོད་ཀྱིས་བཞེད། །ཚད་འབྲས་རྣམ་གཞག་ཚིག་མང་པོས། །བཤད་མོད་འབྲས་བུ་རང་རིག་པས། །གཞན་མེད་སྒྲུབ་བྱེད་ཚད་མ་ཡང༌། །གཟུང་དང་འཛིན་པའི་རྣམ་པ་ལས། །གཞན་བཤད་མེད་དོ་གཞལ་བྱ་དང༌། །སྦྱོར་ཚེ་རྣམ་གཞག་རྣམ་པ་བཞིར། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཞལ་བྱ་དོན་དང་ཤེས་པ་ལས། །མང་ཉུང་མེད་ཕྱིར་འཇལ་བྱེད་ཀྱང༌། །ཕྱི་ནང་ལྟ་བ་གཉིས་བྱུང་མེད། །དངོས་ཀྱི་གཞལ་བྱ་རིག་པ་ལས། །གཞན་མེད་ཕྱིར་ན་རང་རིག་པར། །བསྡུ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །དེ་ཚེ་ཕྱི་རོལ་དོན་དག་ནི། །ཡོད་པར་གང་གིས་འགྲུབ་ཟེར་ལ། །རྒྱུའི་ཁྱད་པར་དཔོག་པ་ཡི། །གཏན་ཚིགས་མདོ་སྡེ་པས་བཤད་ཚེ། །རྟགས་དེ་མི་མཐུན་ཕྱོགས་ལས་ནི། །བཟློག་པ་མེད་པར་དམིགས་རྟགས་སུ། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ལྷན་ཅིག་དམིགས་ངེས་གཏན་ཚིགས་དང༌། །ཚུལ་གཉིས་སྒྲུབ་པ་ཞེས་བྱ་བའི། །རིགས་པས་དོན་སྨྲ་རྣམས་ལ་ནི། །དོན་རྟོགས་སྒྲུབ་བྱེད་ཡོད་མིན་པར། །ཐག་གཅོད་མཛད་ནས་རྣམ་རིག་ཏུ། །གྲུབ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རྗེས་སུ་དཔག་པའི་ཚད་མ་ལ། །རྣམ་པ་གཉིས་སུ་དབྱེ་མཛད་ཚེ། །གཞལ་བྱའི་ཁྱད་པར་བསྒྲུབ་བྱ་དང༌། །སྒྲུབ་བྱེད་ཚུལ་གསུམ་གྱིས་ཕྱེ་ཞིང༌། །གཉིས་ཀ་འཇུག་ཡུལ་གཅིག་ཉིད་ལ། །རྒྱུད་ནས་འབྲེལ་ཕྱིར་མི་བསླུ་བ། །ཚུལ་གསུམ་རང་གིས་གང་ཤེས་པ། །གཞན་ལ་སྟོན་པའི་མིང་ཚིག་གི །ཚོགས་སུ་སྣང་བའི་རྣམ་རིག་ཀྱང༌། །རྗེས་སུ་དཔག་པའི་ཚད་མ་སྟེ། །དེའི་མཚན་ཉིད་ཚང་ཕྱིར་རོ། །ཞེས་པའང་རྣམ་རིག་སྨྲ་གཞུང་དུ། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྨྲ་མཁས་ཁྱོད་ཀྱིས་གང་བཤད་པའི། །བསྒྲུབ་བྱའི་རྣམ་གཞག་རྣམ་འགྲེལ་གྱི། །མཛད་པོས་རྒྱས་པར་བཤད་གྱུར་ཀྱང༌། །གངས་ཅན་པ་འདིས་ཐམས་ཅད་ཀྱང༌། །ཕྱིན་ཅི་ལོག་ཏུ་བཤད་གཟིགས་ནས། །དོན་དེ་ཚུལ་བཞིན་འཆད་པ་ཡི། །རྣམ་བཤད་འགའ་ཞིག་ཕྱིས་འབྱུང་བར། །བྱིན་གྱིས་བརླབས་ལ་ཕྱག་འཚལ་ལོ། །དེ་ལྟར་དེ་བརྩམས་པ་ཡིས་ནི། །དགེ་བ་མི་ཟད་མུན་འཇོམས་ཤིང༌། །སྣང་བྱེད་འོད་ཟེར་ཚོགས་བཀྱེ་བས། །ཐུབ་བསྟན་ཉིན་མོར་བྱེད་ཐོབ་ཤོག།  །།ཤུ་བྷཾ།།

༈  །།དཔལ་ཆོས་ཀྱི་གྲགས་པའི་རྟོགས་བརྗོད་པདྨ་དཀར་པོའི་ཕྲེང་བ་བཞུགས་སོ།། 

༄། །ན་མོ་མཉྫུ་ཤྲཱི་ཡེ། དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་གྲགས་པའི་ཞལ་མངའ་ནས་ཀྱི་རྟོགས་པ་བརྗོད་པ་ངེས་དོན་པདྨ་དཀར་པོའི་ཕྲེང་བས་རིགས་པའི་སྣང་བ་རྒྱས་བྱེད་ཅེས་བྱ་བ། ཆོས་ཀྱི་ཉི་མ་གྲུབ་པའི་ལང་ཚོ་ཅན། །ནམ་ཡང་གྲགས་པའི་ཁྲི་ལ་རབ་འཁོད་ནས། །རིགས་པའི་སྣང་བ་བགྲང་ཡས་སྤྲོ་མཁས་པ། །རྒྱལ་བས་ལུང་བསྟན་དེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་ཟླ་བ་གྲགས་པའི་འོད་དཀར་ཅན། །ཕྱི་རྒོལ་ནུབ་ཀྱི་རི་བརྒྱ་ལ་དགོངས་ནས། །ཐུབ་བསྟན་ཤར་གྱི་རི་བོའི་རྩེར་འཆར་བ། །མང་པོས་ཕྱག་འོས་དེ་ལ་ཕྱག་བགྱིའོ། །རྣམ་འགྱུར་མི་འདྲའི་རྟ་བརྒྱས་དྲངས་པ་ཡི། །ལུང་དང་རིགས་པའི་རབ་མཉམ་ཁ་ལོ་པས། །གཞུང་ལུགས་ཀུན་གྱི་ལམ་སྲོལ་སྟོན་མཁས་པ། །ཤིང་རྟའི་སྲོལ་འབྱེད་དེ་ལ་ཕྱག་བགྱིའོ། །ཀུན་ཏུ་བཟང་པོའི་ཞལ་གྱི་འཛུམ་ཕྲེང་ལས། །དལ་བུར་བབ་པའི་ཆོས་ཀྱི་སྦུ་ཕྲེང་ནི། །ཉེ་བར་སིམ་པ་གྲགས་པའི་ཟློས་གར་མཁན། །ལུང་དང་རིགས་པའི་ལམ་དུ་བདེ་བར་རྒྱུ། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །ལེགས་འདོམས་རྟོག་གེའི་ཉི་མ་ཆེར་འབར་བ། །བརྩེ་ཆེན་ཁྱོད་ཀྱི་རྣམ་དཔྱོད་ནམ་མཁའ་ལས། །གཞན་དུ་གསལ་བར་འཆར་བའི་སྐབས་མ་ཐོབ། །སྒྲུབ་དང་སུན་འབྱིན་རྩ་བ་འབྲེལ་བ་དང༌། །དེ་ཡང་མེད་ན་མི་འབྱུང་ངེས་པའི་ཚུལ། །རྟགས་གང་མི་མཐུན་ཕྱོགས་ལས་བཟློག་པ་ནི། །མེད་ན་མི་འབྱུང་སྒྲུབ་བྱེད་ཡིན་པར་གསུངས། །དེ་ལྟར་ཤེས་ན་རིག་བྱེད་བསྟན་བཅོས་བཞི། །བྱེད་པོ་དང་བཅས་ཚད་མ་མིན་པར་གྲུབ། །རིག་བྱེད་བདེན་པར་སྒྲུབ་བའི་གཏན་ཚིགས་ནི། །མི་མཐུན་ཕྱོགས་ལས་བཟློག་པ་མེད་ཕྱིར་རོ། །མངོན་ལྐོག་ལུང་གིས་སྒྲུབ་བྱེད་མིན་བཤད་ནས། །ཤིན་ལྐོག་ཁོ་ན་དཔྱད་གསུམ་གྱིས་དག་པའི། །ལུང་གིས་འགྲུབ་ཚུལ་བཤད་པས་རིག་བྱེད་དང༌། །སྟོན་པའི་བསྟན་པ་གཉིས་ཀྱི་ཁྱད་པར་ཕྱེ། །བཅོམ་ལྡན་ཚད་མར་སྒྲུབ་པའི་གཏན་ཚིགས་ཀྱང༌། །རང་དོན་ལེའུར་འབྲེལ་པ་བཤད་པ་ལ། །རག་ལས་དེ་ཕྱིར་ཚད་མ་གྲུབ་པ་ཡི། །ཐོག་མར་རང་དོན་རྗེས་དཔག་ཁྱོད་ཀྱིས་བཤད། །ཚད་མ་གྲུབ་པར་སྙིང་རྗེ་ཆེན་པོ་དང༌། །གང་ཟག་བདག་མེད་གོམས་པའི་ཚུལ་བཤད་ནས། །མངོན་སུམ་ལེའུར་ཆོས་ཀྱི་བདག་མེད་ནི། །རྒྱས་པར་བཤད་པ་ཐམས་ཅད་མཁྱེན་པའི་ལམ། །བདག་ཆད་སྨྲ་བའི་འཇིག་རྟེན་རྒྱང་འཕན་ངོར། །རྣམ་ཤེས་མིན་པ་རྣམ་ཤེས་ཉེར་ལེན་དུ། །མི་རིགས་རྟགས་དང་ཧ་ཅང་ཐལ་བ་ཡི། །རིགས་པས་བདེ་འགྲོའི་ལམ་བཟང་གསལ་བར་བསྟན། །རྟག་པར་སྨྲ་བའི་མུ་སྟེགས་རྣམས་ལ་ནི། །བདག་ཡོད་སྨྲ་དང་ཐར་པ་ཁས་ལེན་པ། །འགལ་བར་བཤད་ནས་ཐར་འདོད་རྣམས་ལ་ནི། །བདག་མེད་ལྟ་བ་གྲོལ་བའི་ལམ་དུ་བཤད། །སྙིང་རྗེ་ཆེ་དང་བདག་མེད་ལྟ་བ་ཡི། །ཟུང་འཇུག་སྐྱེ་བ་དུ་མར་གོམས་པ་ལས། །དེ་གོམས་བྱེད་པའི་སྐྱེ་བོ་ཀུན་མཁྱེན་དུ། །འབྱུང་རུང་སྒྲུབ་པའི་རང་བཞིན་གཏན་ཚིགས་དང༌། །བདེ་བར་གཤེགས་དང་སྐྱོབ་པའི་གཏན་ཚིགས་ཀྱིས། །ཐུགས་རྗེ་ཆེ་ལྡན་སྟོན་པས་སྔོན་དུས་སུ། །བསམ་སྦྱོར་ཕུན་ཚོགས་ཉམས་སུ་བཞེས་སོ་ཞེས། །འབྲས་བུའི་རྟགས་ཀྱིས་ཐུབ་ཆེན་ཚད་མར་བསྒྲུབས། །དེ་ལྟར་འབྲས་རང་གཏན་ཚིགས་རྣམ་གཉིས་ཀྱིས། །སྟོན་པ་ཚད་མར་བསྒྲུབས་ནས་བསྟན་པ་ཡང༌། །དེ་ཉིད་གཤེགས་པའི་ལམ་སྲོལ་དེ་ཡིན་པར། །དཔྱད་གསུམ་དག་པའི་ལུང་གིས་བསྒྲུབས་པ་ཡིན། །ཚད་མ་གྲུབ་པར་ཀུན་མཁྱེན་དངོས་སྟོབས་ཀྱི། །རིགས་པས་བསྒྲུབས་ཞེས་ཟེར་བ་གད་མོའི་གནས། །གཞལ་བྱའི་གནས་གཉིས་དཔྱད་པས་མ་དག་པར། །ཤིན་ལྐོག་སྒྲུབ་བྱེད་ཚལ་བ་འདིར་མི་བཞེད། །འདི་ཡི་ཁྱབ་འབྲེལ་ལུང་ལ་རག་ལས་ཕྱིར། །དངོས་སྟོབས་ཚད་མས་འགྲུབ་པའི་གོ་སྐབས་མེད། །དངོས་སྟོབས་ཞེས་བྱ་ལུང་ལ་མ་ལྟོས་པའི། །ཡང་དག་རིགས་པའི་མིང་གི་རྣམ་གྲངས་ཡིན། །གཞན་དུ་མ་གྲགས་ལྡོག་པ་གཞན་སེལ་གྱི། །རྣམ་གཞག་ཞིབ་མོས་གཞལ་བྱའི་ཆོས་རྣམས་ཀུན། །རང་སྤྱི་གཉིས་སུ་ངེས་པར་ཐག་བཅད་ནས། །ལྡོག་པའི་ཆོས་རྣམས་རྟོག་པས་སྒྲོ་བཏགས་ཤིང༌། །རགས་རྒྱུན་དངོས་པོ་བཏགས་ཡོད་ཡིན་པའི་ཕྱིར། །སྤྱི་མཚན་ཆོས་རྣམས་བདེན་པར་མེད་དོ་ཞེས། །མདོ་སྡེ་སྨྲ་བའི་ལུགས་དང་ཐུན་མོང་དུ། །ཆོས་ཀྱི་བདག་མེད་སྒོ་ཆེན་དང་པོར་ཕྱེ། །མངོན་སུམ་དོན་ལ་བསྙོན་པ་མེད་གྲགས་ཀྱང༌། །མངོན་སུམ་བློ་ཡིས་ཕྱི་རོལ་དོན་གྲུབ་དང༌། །ལྡོག་པའི་ཆོས་དང་རགས་རྒྱུན་དངོས་པོ་རྣམས། །རྟོག་མེད་བློ་ཡིས་བཟུང་བར་འཆད་པ་སོགས། །རང་གཞན་སྡེ་པའི་ལོག་པའི་བློ་གྲོས་ཀྱིས། །མངོན་སུམ་ཡུལ་ལ་རྣམ་བཏགས་མང་གཟིགས་ནས། །མངོན་གྱུར་དོན་ཡང་རིགས་པའི་ལམ་ཉིད་དུ། །ལེགས་པར་དྲངས་ནས་འཆད་མཁས་ཁྱོད་ཁོ་ན། །མངོན་གྱུར་གྲགས་པས་འཇོག་པ་གཞན་གྱི་ལུགས། །དེ་ནས་ཕྱི་རོལ་དོན་དང་དོན་སྣང་གི །རྣམ་པ་བདེན་མེད་བསྒྲུབས་ནས་གཉིས་མེད་ཀྱི། །ཡེ་ཤེས་དེ་ཉིད་དོན་དམ་ཡིན་ཞེས་པ། །མངོན་སུམ་ལེའུར་བཤད་པའི་ངེས་དོན་ཡིན། །དོན་སྣང་ཤེས་ལ་གང་སྣང་དོན་ཡིན་ཞེས། །འཇིག་རྟེན་བླུན་པོའི་བློ་གྲོས་ཀྱིས་བརྟགས་ཤིང༌། །བྱེ་བྲག་སྨྲ་བའི་གཞུང་གིས་དེ་བཟུང་ནས། །རྟེན་བཅས་དབང་པོས་ཕྱི་དོན་རྟོགས་ཤེས་འཆད། །གསལ་ཞིང་རིག་དང་ཚུལ་གཉིས་སྒྲུབ་རིགས་ཀྱིས། །གང་སྣང་དེ་ཀུན་སེམས་སུ་རབ་བསྒྲུབས་ནས། །དོན་སྣང་ཤེས་པས་དོན་དངོས་མི་འཛིན་པའི། །རྣམ་བཅས་ཚུལ་དེའང་ཆོས་ཀྱི་བདག་མེད་སྒོ། །དོན་སྣང་རེས་འགའ་སྐྱེ་བའི་གཏན་ཚིགས་ཀྱིས། །དོན་ཡོད་ཅེས་པ་མདོ་སྡེ་སྨྲ་བའི་གཞུང༌། །བག་ཆགས་སད་དང་གཅིག་དང་དུ་བྲལ་གྱི། །རིགས་པས་གཟུང་འཛིན་རྫས་གཞན་ཐོག་མར་བཀག །གཟུང་བ་མེད་ན་དེ་འཛིན་མེད་པ་དང༌། །གཅིག་དང་དུ་མར་མེད་པའི་གཏན་ཚིགས་ཀྱིས། །གཟུང་རྣམ་བདེན་མེད་ཡིན་པར་ལེགས་གྲུབ་ནས། །གཟུང་འཛིན་གཉིས་སྟོང་ཚུལ་དེ་བར་དུ་བཤད། །གཉིས་མེད་ཡེ་ཤེས་ཁོ་ན་ཆོས་ཀུན་གྱི། །དེ་བཞིན་ཉིད་དང་འགྱུར་མེད་ཡོངས་གྲུབ་དང༌། །ཡང་དག་མཐའ་དང་ཆོས་ཀྱི་དབྱིངས་དང་ནི། །དོན་དམ་ཡིན་ཞེས་ཁྱོད་ཀྱིས་ཐ་མར་བཤད། །ཚུལ་གཉིས་པ་དང་རང་རིག་སྒྲུབ་བྱེད་ཀྱི། །རིགས་པས་དོན་སྣང་རྣམ་བཅས་གྲུབ་པ་ན། །ཕྱི་དོན་རྟོགས་པའི་མངོན་སུམ་མི་བཞེད་ཀྱང༌། །རྟགས་ཀྱིས་བསྒྲུབས་ནས་ཕྱིར་ལྟའི་ཤེས་པ་ཀུན། །རང་རིག་ཡིན་ཚུལ་བཤད་པའི་མདོ་སྡེ་པའི། །གྲུབ་མཐའི་རྩ་བ་བསྡུས་པར་ཁྱོད་ཀྱིས་བཤད། །བག་ཆགས་བློ་དང་སྣང་རུང་མ་དམིགས་པའི། །རྟགས་ཀྱིས་ཕྱི་དོན་བཀག་ནས་དེ་འཛིན་གྱི། །རྣམ་པའང་དངོས་པོར་མེད་པའི་ཚུལ་འཆད་པ། །རྣམ་རིག་སྨྲ་བའི་གྲུབ་པའི་རྩ་བར་གསུངས། །དེ་ལྟར་བདག་མེད་གཉིས་ཀྱི་ལྟ་བ་ནི། །རང་གིས་རྟོགས་བཞིན་གཞན་ལ་བསྟན་བྱའི་ཕྱིར། །སྒྲུབ་པའི་ངག་དང་བསྒྲུབ་བྱའི་སྐྱོན་རྣམ་གཉིས། །ཇི་ལྟར་སེལ་ཚུལ་གཞན་དོན་ལེའུར་བཤད། །ཚུལ་གསུམ་ཚད་མའི་ལམ་དུ་བསྟན་བྱས་ནས། །བསྒྲུབ་བྱའི་དོན་དེ་ངག་ཏུ་མི་བརྗོད་པར། །རྟགས་ཚིག་གསལ་བར་བསྙད་པས་དམ་བཅའི་དོན། །རྟོགས་པའི་རྗེས་དཔག་བསྐྱེད་པ་སྒྲུབ་པའི་ངག །རང་ཕྱོགས་ཐལ་བས་གྲུབ་ཅིང་མ་གྲུབ་པའི། །སྒྲུབ་བྱེད་བཀོད་ནས་སླར་ཡང་དེ་སྒྲུབ་པའི། །ཤེས་བྱེད་རིམ་པར་བཀོད་པའི་ཕྲེང་བ་ཡིས། །ཐ་མར་གྲུབ་དོན་མེད་འདི་ཁྱོད་གཞུང་མིན། །རང་རྒྱུད་འགོད་པའི་རྒོལ་བ་དེ་དག་ཀྱང༌། །རྟགས་ཀྱི་ཚེར་མ་དབྱུང་བའི་མིང་ཙམ་ཡང༌། །མེད་པར་དམ་བཅས་ཚིག་ཟིན་བརྗོད་པ་ཡི། །སྦྱོར་བའི་འགོད་ཚུལ་ཁྱོད་ཀྱི་གཞུང་དང་འགལ། །གཞན་གྱི་ཁས་བླངས་རྟགས་སུ་སྦྱར་བྱས་ནས། །རྟགས་ཆོས་འབྲེལ་པ་ཚད་མས་འགྲུབ་ངེས་ལ། །ཐལ་བའི་ཆོས་གང་ཚད་མས་བསལ་གྱུར་པ། །འཁོར་གསུམ་ཚང་བའི་ཐལ་འགྱུར་ཡིན་པར་བཞེད། །རྟགས་ལ་ཁས་བླངས་མེད་ན་ཁྱབ་ཆོས་ཙམ། །ཁས་བླངས་ཡིན་ཀྱང་ཐལ་འགྱུར་དུ་མི་རུང༌། །དངོས་སྟོབས་ཡུལ་ལ་ཁས་བླངས་འགལ་བ་ཙམ། །ཕན་ཚུན་གེགས་བྱེད་ཡིན་པར་ཁྱོད་ཀྱིས་བཤད། །གཞན་ཕྱོགས་འགོག་ཚེ་རྗེས་དཔག་བསྐྱེད་པ་དང༌། །ལོག་རྟོག་སེལ་བའི་ཚུལ་དེ་མི་སེམས་པར། །ཁས་བླངས་འགལ་བ་འདུས་ཙམ་རྒྱལ་ཕམ་གྱི། །ཚད་དུ་འཇོག་པ་ཁྱོད་ཀྱི་གཞུང་དང་འགལ། །རྟགས་ཀྱིས་སྒྲུབ་མི་ནུས་པ་བསྒྲུབ་བྱ་ཡི། །སྐྱོན་ཞེས་དེང་སང་འདི་ན་མཐུན་པར་སྨྲ། །རྟགས་དང་བསྒྲུབ་བྱའི་མཚན་ཉིད་དེ་དག་གི །གསལ་བྱ་སོ་སོར་ངེས་པ་ཁྱོད་ཀྱི་བཤད། །དམ་བཅའ་ཡང་དག་ཡིན་ན་ཞེན་པའི་དོན། །སྨྲ་བོའི་ཚད་མས་གྲུབ་ཅེས་འདི་ན་སྨྲ། །བསྒྲུབ་པར་བྱ་དང་དམ་བཅའི་ཞེན་དོན་ལ། །གྲུབ་གསལ་མེད་ཅིང་དཔག་འདོད་དགོས་པར་བཤད། །མ་དམིགས་གཏན་ཚིགས་གང་ཡིན་དགག་པ་ཡི། །ག་ཚིགས་ཡིན་ཞེས་འདི་ན་ཀུན་གྱིས་སྨྲ། །སྣང་རུང་མ་དམིགས་གཙོ་བོ་སྒྲུབ་པ་ཡི། །གཏན་ཚིགས་ཡིན་པར་སྨྲ་མཁས་ཁྱོད་ཀྱིས་བཤད། །ཆེན་པོར་གྲགས་རྣམས་སྡེ་བདུན་མཛད་པའི་གཞུང༌། །ངོ་བོ་ཉིད་མེད་སྨྲ་བའི་གཞུང་དུ་འཆད། །ཀླུ་སྒྲུབ་ཞབས་དང་ཐོགས་མེད་བཞེད་གཞུང་ལ། །མི་མཐུན་མེད་པར་སྨྲ་མཆོག་འདི་བཞེད་མོད། །ཐལ་རང་ལུང་དང་མཐུན་པའི་དབུ་མ་ནི། །གང་འདིའི་གཞུང་ཆེན་དེ་དང་དེར་མི་འབྱུང༌། །དེ་ཕྱིར་ཚུལ་འདི་རྣལ་འབྱོར་སྤྱོད་གཞུང་གི །དབུ་མའི་ལུགས་དེར་གདོན་མི་འཚལ་བ་ཡིན། །དེ་ཡང་ཐེག་ཆེན་མདོ་སྡེའི་རྒྱན་དང་ནི། །མཐའ་དབུས་སེལ་བའི་བསྟན་བཅོས་རྣམ་གཉིས་སུ། །ཤེར་ཕྱིན་མདོ་དོན་དབུ་མར་འགྲེལ་བའི་ཚུལ། །ཇི་སྐད་གསུངས་དེ་ཕྱོགས་ཀྱི་གླང་པོས་བཞེད། །འདི་ལ་བོད་རྣམས་སེམས་ཙམ་རྣམ་བརྫུན་ཟེར། །རྣམ་བརྫུན་བཞེད་ཀྱང་སེམས་ཙམ་དོན་མི་གནས། །དོན་དམ་ཡེ་ཤེས་ཡིན་པར་བཞེད་གྱུར་ཀྱང༌། །ཀུན་རྫོབ་སེམས་ཙམ་ཉིད་དུ་ཞལ་མི་བཞེས། །སེམས་དང་སེམས་བྱུང་ཡང་དག་མིན་རྟོག་གི །དབྱེ་བར་འཆད་པ་རྗེ་བཙུན་བྱམས་པའི་གཞུང༌། །ཡེ་ཤེས་གང་ཡིན་སེམས་དང་སེམས་བྱུང་དུ། །བཤད་ན་ཐེག་ཆེན་བསྡུས་པའི་ལུང་དང་འགལ། །རྣམ་ཤེས་ཡེ་ཤེས་སོ་སོར་དབྱེ་བ་ནི། །འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་སྡེ་དང༌། །དབྱིག་གཉེན་ཞབས་ཀྱི་མདོ་སྡེའི་རྒྱན་འགྲེལ་དང༌། །ཚིགས་བཅད་སུམ་ཅུའི་རབ་ཏུ་བྱེད་པར་བཤད། །རྫོགས་སངས་རྒྱས་ལ་སེམས་དང་སེམས་བྱུང་གི །རྒྱུ་བ་འདོད་ན་མདོ་སྡེའི་རྒྱན་གཞུང་དང༌། །རྣལ་འབྱོར་སྤྱོད་གཞུང་ཐེག་ཆེན་བསྡུས་པ་ལས། །ཚོགས་བརྒྱད་གནས་གྱུར་བཤད་པ་ཇི་ལྟར་དྲང༌། །གནས་གྱུར་ནས་ཀྱང་དེ་དེར་ཁས་ལེན་ན། །རྫོགས་སངས་རྒྱས་ལ་ཀུན་གཞིའི་རྣམ་ཤེས་དང༌། །འབྱུང་ལས་གྱུར་པའི་དབང་པོ་རྣམ་ལྔ་དང༌། །ཉོན་མོངས་ཅན་ཡིད་ཡོད་པར་ཁས་ལོང་ཤིག །བདག་ཉིད་ཆེ་ཁྱོད་ཀུན་གཞི་མི་བཞེད་ཅེས། །དེང་སང་འདི་ན་མང་པོའི་མགྲིན་པར་གླེང༌། །ཀུན་གཞི་མེད་ན་ཐོགས་མེད་བཞེད་གཞུང་གི །ཤིང་རྟའི་སྲོལ་གྱི་ལམ་ཆེན་འཛིན་མི་ནུས། །མཐར་ཐུག་ཐེག་གཅིག་འཆད་པའི་གསལ་ཁ་ནི། །གཞུང་འདིར་མེད་མོད་འོན་ཀྱང་དགྲ་བཅོམ་པ། །ཐ་མའི་སེམས་ཀྱིས་སེམས་གཞན་མཚམས་སྦྱོར་བར། །བཤད་པ་དེ་ཡིས་དེ་དོན་བསྒྲུབས་ཀྱང་རུང༌། །དེ་ལྟར་འཆད་ཚེ་ལྷག་བཅས་དགྲ་བཅོམ་ནས། །ཐེག་ཆེན་ལམ་དུ་ཞུགས་ཚེ་སྔོན་གྱི་ལུས། །དེ་ཉིད་དབང་པོའི་ལུས་སུ་བྱིན་རློབ་ཅེས། །རྣམ་པར་གཏན་དབབ་བསྡུ་བའི་ལུང་དུ་བཤད། །ལྷག་མེད་དབྱིངས་ནས་ཐེག་ཆེན་ལམ་འཇུག་པ། །མདོ་སྡེའི་རྒྱན་སོགས་རྣལ་འབྱོར་སྤྱོད་པའི་གཞུང༌། །རང་སོར་གཞག་ཚེ་གསལ་བར་མ་གསུངས་མོད། །ཐོགས་མེད་ཞབས་ཀྱིས་ཐེག་ཆེན་རྒྱུད་བླ་མ། །ངེས་དོན་སྙིང་པོར་བཀྲལ་ཚེ་སངས་རྒྱས་ལས། །གཞན་ལ་མྱང་འདས་མེད་པའི་ཤེས་བྱེད་ཀྱིས། །ལྷག་མེད་དབྱིངས་ནས་སེམས་མཆོག་བསྐྱེད་པར་གསུངས། །དེ་ཚེ་དཔལ་ཕྲེང་མདོ་ཡི་རྗེས་འབྲངས་ནས། །མ་རིག་བག་ཆགས་ས་དང་ཟག་མེད་ཀྱི། །ལས་ཀྱི་ལུས་གཞན་བརྒྱུད་མར་བླངས་ནས་ནི། །བྱང་ཆུབ་མཆོག་ཏུ་རྫོགས་སངས་རྒྱ་བར་གསུངས། །ཐོགས་མེད་ཞབས་ཀྱི་དབུ་མའི་ཚུལ་ལུགས་འདིར། །ལྟ་བའི་རྣམ་གཞག་ཕྱོགས་ཀྱི་གླང་པོ་ཡི། །ཤེར་ཕྱིན་བསྡུས་པར་བཤད་ལས་གཞན་མེད་ཀྱང༌། །མཐར་ཐུག་ཐེག་གཅིག་ཚུལ་དེ་གསལ་བར་བཤད། །གཉིས་མེད་ཡེ་ཤེས་བདེན་པར་བཞེད་གྱུར་ཀྱང༌། །བདེན་འཛིན་ལྟ་ཅི་མཚན་འཛིན་ཕྲ་མོ་ཡང༌། །སྤང་བྱར་བསྟན་ནས་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་དེ་ཐོབ་བྱར་བཤད། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །གང་འདོམས་རིགས་པའི་སྲོལ་ཆེན་ཟླ་མེད་པ། །གསལ་བར་བཤད་ནས་ཐོགས་མེད་བཞེད་གཞུང་གི །ངེས་དོན་འཆད་མཁས་ཁྱོད་ལ་ཕྱག་འཚལ་ལོ། །དྲང་དོན་རྟོག་གེའི་ལུས་བརྒྱད་འདིས་ནི་གཞུང་ལུགས་མཐའ་དག་རིགས་པའི་ལམ་དུ་དྲང༌། །ངེས་དོན་གཉིས་མེད་ཡེ་ཤེས་འདི་ཡང་དཔལ་ལྡན་གྲགས་པའི་དགོངས་དོན་སྙིང་པོར་ངེས། །སྒོ་བརྒྱ་འབྱེད་པའི་ལྡེ་མིག་འདི་ཡིས་མ་ཕྱེད་གཞན་མེད་དེ་ཡང་ཆོས་ཀྱི་སྒོ། །ཅིག་ཆར་མུན་སེལ་རིགས་པས་བསྟོད་འདིས་བདག་ཀྱང་རིགས་པ་སྨྲ་བ་ཉིད་གྱུར་ཅིག །ཅེས་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞབས་ཀྱི་རིགས་པའི་སྦྲང་རྩི་མཚར་པོས། རྣམ་དཔྱོད་ཀྱི་རོ་འཛིན་གཤིན་པོར་བྱས་པའི་ཀློག་པ་པ། མི་ཕམ་དགེས་པའི་བཤེས་གཉེན་གྱིས་དགེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།ཤུ་བྷཾ་མསྟུ།།  །། 

༄༅། །སྭསྟི། འཕགས་པ་ཡོན་ཏན་འོད་མཛད་ཀྱི་རྟོགས་བརྗོད་ཅེས་བྱ་བ། དེ་ཉིད་ཀྱི་གསུང་རབ་ལ་གུས་པར་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་ལས་རབ་བྱུང་བ། །གང་གི་ཡོན་ཏན་ས་གསུམ་པ། །འོད་བྱེད་པོ་ལ་བཞུགས་བཞིན་དུ། །གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཙམ། །ཐུགས་ལ་བྱོན་ནས་ཞལ་འདོན་དུ། །མཛད་ལ་ཐོགས་པ་མི་མངའ་ཞེས། །ས་སྟེངས་ཆེན་པོར་གྲགས་འགའ་ཡིས། །སྙན་པར་བསྒྲགས་ལ་ཕྱག་འཚལ་ལོ། །ས་ཕྱོགས་གང་ན་སྟོན་པའི་འཁོར། །རྣམ་བཞི་གང་ན་ཡོད་གྱུར་པ། །དེ་ན་བསྟན་པའི་རྩ་བ་ནི། །བཞུགས་ཞེས་ཚད་ལྡན་གཞུང་ལས་གསུངས། །དགེ་བསྙེན་ཕ་མས་བསྟན་པ་ཡི། །ཞབས་ནས་འདེགས་སོ་དགེ་སློང་དག །འདུས་པར་གྱུར་པས་འདུལ་བ་ཡི། །བསྟན་པ་རྫོགས་གསལ་འཛིན་པར་ནུས། །དགེ་ཚུལ་ཚོགས་རྣམས་ཁྱིམ་པ་ཡི། །ཕྱག་འོས་བསྟན་པའི་གདུང་འཚོབ་པ། །གྱུར་ཀྱང་འདུལ་བར་རྟོགས་མཐའ་དག །མི་འཛིན་བླ་མའི་བྱ་བས་ངལ། །འདུས་རྣམས་ཚུལ་ཁྲིམས་མ་འཁྲུལ་བ། །ཉིད་དང་ལས་ཀྱི་ཆོ་གའི་ཚོགས། །ཞལ་ནས་རྫོགས་པར་ཐོན་ནུས་པ། །མེད་ན་ཐུབ་བསྟན་མི་འབྱུང་བར། །གསུང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྲིམས་ལྡན་འདུལ་བ་མི་འཛིན་དང༌། །ཟུང་འབྲེལ་དཀོན་པའི་མཐའ་འཁོབ་ཏུ། །རེ་རེ་ཡང་ནི་བསྟན་འཛིན་དུ། །བསྔགས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྲིམས་ལྡན་སྡེ་སྣོད་མི་འཛིན་ན། །སྡེ་སྣོད་འཛིན་པ་ཁྲིམས་འཆལ་ཡང༌། །རྒྱང་རིང་བསྐྲད་པར་མི་བྱ་ཞེས། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁ་སྐོངས་ཡན་ལག་འདུལ་བ་ཡི། །བསླབ་སྦྱངས་ཀུན་རྫོགས་མིན་མོད་ཀྱང༌། །བསྟན་པའི་གཙུག་ལག་ཁང་ཆེན་པོ། །དེ་མེད་གཞན་གྱིས་བསྲུང་མི་ནུས། །མུ་སྟེགས་སྐྲག་བྱེད་སེང་གེའི་བུ། །འདི་ལས་གཞན་པ་གང་ཞིག་ཚོལ། །ཚོགས་པའི་ནང་དུ་ལས་རེས་དང༌། །ཆད་པའི་ལས་ཀྱི་མི་འཇིགས་ཤིང༌། །ལྟུང་ལས་ལྡང་བ་ཡང་བ་དང༌། །ལྟུང་བར་གྱུར་ཀྱང་ལྕི་མིན་པས། །སྡེ་སྣོད་འཛིན་པ་མཆོག་ཉིད་དུ། །གཅེས་པ་ཡིན་ནོ་དེ་ལས་ཀྱང༌། །ཁ་སྐོང་ཡན་ལག་ཚང་ཙམ་ཞིག །ཐོག་མར་དགེ་འདི་མེད་མི་རུང༌། །བསྟན་པ་ནུབ་ལ་ཐུག་གྱུར་ན། །གནས་སྟེར་ནུས་པ་ཁྱིམ་པ་དང༌། །མཁན་པོ་བསྟན་མེད་ཉིད་ཀྱང་ནི། །རུང་བ་ཁྱོད་ཀྱི་གཞུང་ལས་འབྱུང༌། །འདུལ་བ་འཛིན་ལ་གཅེས་སྤྲས་སུ། །བྱ་བར་གསུངས་པས་སངས་རྒྱས་ཀྱི། །ཞལ་ནས་གསུངས་པའི་སོ་ཐར་དང༌། །ལས་བརྒྱ་ཚིག་ཏུ་ཐོན་ལ་དགོངས། །གནས་སྟེར་ནུས་ལ་དེ་ཙམ་ཡང༌། །དགོས་པ་མིན་པར་ལྔ་ཕྲུགས་ཀྱི། །ལྷན་ཅིག་སྦྱར་བའི་གཞུང་མཛད་པས། །གསལ་བར་རྟོགས་ལ་ཕྱག་འཚལ་ལོ། །དགེ་སློང་རེ་རེའི་འཁོར་དག་ཏུ། །དགེ་ཚུལ་གཅིག་ལས་མི་ལྷག་ཅིང༌། །དགེ་ཚུལ་རེ་ཡང་དགེ་སློང་ལ། །ངེས་པར་བརྟེན་ཞེས་ཁྱོད་ཀྱིས་གསུངས། །དགེ་ཚུལ་རྐྱང་པའི་ཚོགས་ཀྱི་ནི། །དགེ་འདུན་སྡེ་བཟུང་འདིར་མི་སྲིད། །དགེ་སློང་རྐྱང་པའི་ཚོགས་ཀྱི་ནི། །དེ་འཛིན་ནུས་སོ་དེ་ཡི་ཚེ། །དགེ་བསྙེན་མེད་མི་རུང་ཡིན་ཕྱིར། །རྫོགས་སངས་རྒྱས་ཀྱི་འཁོར་བཞི་པོ། །ཚང་བ་མེད་དུ་མི་རུང་བར། །གསུང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཐའ་གཉིས་བསལ་ནས་སོ་ཐར་གྱི། །བསྟན་པ་འཛིན་ནུས་དགོན་པ་ནི། །ཁོ་ནར་གནས་དགོས་མ་ཡིན་པས། །གྲོང་ཁྱེར་དབུས་ཀྱི་གཙུག་ལག་ཁང༌། །སྡེ་ཚན་མི་འདྲ་མང་པོ་ཡང༌། །མཚམས་ཆེན་གཅིག་གི་བསྐོར་ནང་དུ། །དབྱར་གནས་ཀྱིས་མཚོན་བྱ་རུང་བར། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཟླ་བ་གསུམ་དུ་དབྱར་གནས་པར། །ཁས་བླངས་པ་ནི་དཔག་བསམ་གྱི། །ལྗོན་ཤིང་དང་ནི་ཡིད་བཞིན་གྱི། །ནོར་བུ་ལྟ་བུར་འདི་ན་དགེ །དབྱར་གྱི་རྙེད་པ་བདེ་བླག་ཏུ། །རྟེན་ཅིང་འབྲེལ་བར་འབྱུང་ལས་དང༌། །གནས་མལ་དང་ནི་གནས་རྙེད་དང༌། །ཆོས་གོས་ཚེགས་ཡོད་མིན་པ་དང༌། །འཕྲལ་དུ་མི་རྩོད་ཕྱི་མཐར་ཡང༌། །རྩོད་པའི་རྒྱུ་རྣམས་ཞི་བར་བྱེད། །དགག་དབྱེ་བསྲ་བརྐྱང་དབྱར་གནས་པ། །མེད་པར་མི་འབྱུང་དེ་ཡོད་ལས། །དེ་འབྱུང་དཔག་བསམ་ཤིང་ལྟ་བུར། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གསོ་སྦྱོང་དུས་ཀྱི་སྟ་གོན་དུ། །སྔར་ཡོད་ལྟུང་བ་ཕྱིར་འཆོས་པ། །མེད་དུ་མི་རུང་དེ་དེ་ལྟར། །མི་ནུས་ན་ཡང་འདོན་པ་ལྔ། །སོ་སོའི་སྐབས་སུ་དེ་མཐོལ་བ། །ངེས་པར་དགོས་པ་དེ་ནས་ནི། །ཕྱིར་འཆོས་པ་ལ་བདེ་བླག་ཏུ། །འཇུག་ཕྱིར་ཉ་ཤིའི་གསོ་སྦྱོང་ནི། །ལྟུང་ལས་ལྡང་བྱེད་ཐབས་མཆོག་ཏུ། །གསུངས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཚམས་ཆེན་བཅད་པས་ལས་སོ་སོའི། །སྒྲུབ་བྱེད་ཀྱིས་ནི་གང་སྒྲུབ་ཚེ། །འདུལ་བ་འཛིན་པ་གཅིག་གིས་ཀྱང༌། །ཁྱབ་ཆེ་དེ་རྙེད་སླ་བ་དང༌། །མི་འབྲལ་སྣང་བ་འཆགས་པ་དང༌། །དགེ་འདུན་དབྱེན་གྱི་རྒྱུ་ཚོགས་པ། །འབྱུང་རུང་མཐའ་དག་ཁེགས་པ་དང༌། །ས་གཞན་གནས་པའི་ཆད་པ་ཅན། །ཀུན་ཀྱང་མཚམས་ལས་མི་འདའ་བར། །བྱེད་པར་དགོངས་ལ་ཕྱག་འཚལ་ལོ། །མཚམས་ཆུང་མང་པོའི་མཚམས་ཆེན་གྱི། །སྐོར་ལ་དགོས་པ་དེ་དང་དེ། །ཁོ་ནར་མ་ཟད་ལ་ལའི་དུས། །ཁྱབ་ཆེན་ལས་ལ་འཇུག་ཀའི་ཚེ། །སོ་སོའི་དཀྱིལ་འཁོར་པ་དག་ཏུ། །དགེ་འདུན་ལས་ཀྱི་བྱེ་བྲག་ཅན། །དམིགས་ཀྱིས་བསལ་རྣམས་གེགས་མེད་པར། །གྲུབ་པ་ཉིད་ཕྱིར་ལུས་དང་སེམས། །བདེ་བར་གནས་མཛད་ལ་ཕྱག་འཚལ། །བདེ་བར་གནས་རྐྱེན་གཙུག་ལག་ཁང༌། །སྟན་དང་དམིགས་བསལ་མ་གསུངས་པའི། །རྫས་ནོར་མང་པོ་དག་ལ་ཡང༌། །བྱིན་རློབ་འབད་རྩོལ་མི་དགོས་པར། །གོས་དང་སྨན་ལ་ཚད་དང་ནི། །བྱིན་རླབས་ཇི་ལྟར་ལོངས་སྤྱོད་ཚུལ། །གནང་བས་ཚུལ་ཁྲིམས་བསྲུང་མཛད་རྣམས། །བདེ་བར་འཚོ་ལ་ཕྱག་འཚལ་ལོ། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་མཆོད་ཕྲེང་དྲི་ཞིམ་པ། །ཙནྡན་ས་མཆོག་ལྟར་དགེ་བ། །འགྲོ་ལ་རིང་དུ་གནས་པར་ཤོག།  །།ཤུབྷཾ།། 

༄༅། །སྭསྟི། བསྙེངས་བྲལ་ཟླ་བ་གྲགས་པའི་ཞབས་ཀྱི་རྟོགས་པ་བརྗོད་ནས་ཞུ་བའི་ཕྲིན་ཡིག་བདེན་བརྫུན་གྱི་ཤན་རྣམ་པར་འབྱེད་པ་ངེས་དོན་གཏམ་གྱི་རོལ་མོ་འདྲེན་པའི་ངག་གི་ཤིང་ལྟ་ཞེས་བྱ་བ།

«ཡེ་ཤེས་ཀྱིས།་་་་་»དོན་དམ་གཟིགས་པའི་ཆ་ཤས་མ་ཉམས་ཤིང༌། «འཇིག་རྟེན་ལ།་་་་་»།ཀུན་རྫོབ་གྲགས་པའི་འོད་དཀར་མ་འགྲིབས་པར། །རྟེན་འབྲེལ་ནམ་མཁའི་ལམ་ལ་ལྷམ་མེ་བ། །ཟླ་བ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་རྫོབ་ཆོས་ལུགས་འཇིག་རྟེན་གཞུང་བཞིན་དུ། །«འཁྲུལ་འཁོར།་་་་་»ཞལ་གྱིས་བཞེས་ནས་བསོད་ནམས་ཚོགས་མང་པོས། །འགྲོ་ཀུན་ཕན་བདེའི་ལམ་དུ་འདྲེན་བརྩོན་པའི། །ཤིང་རྟའི་སྲོལ་འབྱེད་ཁྱོད་ལ་ཕྱག་བགྱིའོ། །དོན་དམ་ཆོས་ཚུལ་«གནས་སྐབས་དབུ་མའི།་་་་་»གྲུབ་མཐའི་གཞུང་ཇི་བཞིན། །རིགས་པར་བཤད་ནས་«་་་་་མཐར་ཐུག »སྲིད་ཞིའི་རྟོག་པ་ཀུན། །རང་བཞིན་མྱ་ངན་འདས་པའི་ལམ་ཆེན་པོར། །བདེ་བར་འདྲེན་མཛད་ཁྱོད་ལ་ཕྱག་བགྱིའོ། །བླང་དོར་ཇི་སྙེད་རྣམ་ཤེས་ཡུལ་གྱི་ཆོས། །ཡེ་ཤེས་ཡུལ་དུ་ངོ་བོས་སྟོང་པའི་ཚུལ། །མི་འགལ་དོན་གཅིག་འདུ་བ་ཟུང་འཇུག་གི །ལམ་དུ་སྟོན་མཛད་ཁྱོད་ལ་ཕྱག་བགྱིའོ། །ཆོས་ཀུན་གདོད་ནས་ཡོད་མ་མྱོང་བ་ན། །རྟག་དང་ཆད་པའི་མཐའ་ལས་གྲོལ་ལོ་ཞེས། །དབུ་མའི་ལམ་ནས་མཐར་འཛིན་གཞིལ་མཛད་པའི། །མཐའ་བྲལ་གསུང་བ་དེ་ལ་ཕྱག་བགྱིའོ། །ཆོས་ཀུན་རང་རང་ངོ་བོས་སྟོང་པ་ལ། །སྤྲོས་པའི་མཚན་མ་«་་་་་ཡེ་ཤེས་ཀྱི་ངོར། »ཅི་ཡང་མི་གཟིགས་པར། «རྣམ་ཤེས་ཀྱི་ངོར་་་་་»།རྟེན་དང་ལྟོས་པའི་རྟེན་འབྲེལ་གསུང་བ་ལ། །འཇིགས་མེད་སྨྲ་མཁས་ཁྱོད་ལ་འདི་སྤྲིངས་སོ། །ཁྱོད་གཞུང་འཆད་མཁས་ཉིན་བྱེད་ནུབ་པ་ན། །གྲགས་འདོད་ཁུར་གྱིས་ངལ་བའི་ཁྱབ་འཇུག་གིས། །རྣམ་དཔྱོད་འཁྱོག་པོའི་ལག་པ་རིང་བརྐྱང་ནས། །ཉིད་གཞུང་འོད་རིས་བསྒྲིབས་པ་ཡིན་སྙམ་བྱེད། །འཆད་རྩོམ་ཉི་ཟླའི་མིག་ཡངས་རྣམ་དཔྱོད་ཀྱི། །གདོང་མཛེས་ལྟར་བའི་ཀུན་གསལ་ལང་ཚོ་ཡིས། །སྤོབས་པའི་གོ་སྐབས་ཡངས་པར་ཕྱེ་བ་ན། །ཟླ་བར་གྲགས་གཞུང་བདེ་བར་རྒྱུ་མིན་ནམ། །འགྲོ་ཀུན་བསོད་ནམས་ལམ་དུ་འཇུག་པ་ན། །འཇིག་རྟེན་གཞུང་དང་མཐུན་པར་ཁྱོད་ཀྱིས་བཤད། །ལྷན་སྐྱེས་འཁྲུལ་པས་བཏགས་«་་་་་རྣམ་དམ་དང་བདེན་གྲུབ། »པ་གང་གང་ལ། །ཡོད་མེད་འདོར་ལེན་བྱེད་པར་ཁྱོད་བཞེད་དམ། །འཇིག་རྟེན་ལུགས་ཀྱི་དོན་དམ་ཇི་སྙེད་པ། །ཐ་སྙད་བདེན་པའི་མཚན་གཞིར་ཁྱོད་ཀྱིས་བཤད། །«ལྷན་ཅིག་སྐྱེས་པའི་མ་རིག་པས་བརྟགས་པའི།་་་་་»བདག་དང་བདེན་གྲུབ་ཐ་སྙད་«་་་་་དུ་ཡང་མེད་པས་ཀུན་རྫོབ་བདེན་པ་མིན་ཞེས་»བདེན་པ་ཡང༌། །ཁས་ལེན་མིན་པ་ཁྱོད་ཀྱི་«་་་་་ཀུན་རྫོབ་བདེན་པ་འཇོག་པའི། »གཞུང་ཡིན་ནམ། །མུ་སྟེགས་ཀྱིས་བརྟགས་བདག་དང་བདེན་པ་སོགས།«་་་་་ཡེ་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན་འདོགས།» །འཇིག་རྟེན་གཞུང་གི་ཀུན་རྫོབ་བདེན་པར་བཤད། །«འཇིག་རྟེན་དང་རྣལ་འབྱོར་པའི་ཡང་ལོག་གི་་་་་»ཀུན་རྫོབ་བདེན་པའི་རྣམ་གྲངས་ཇི་སྙེད་པ། །ཐམས་ཅད་མཁྱེན་བློས་གཟིགས་ལ་ཁྱོད་བཞེད་དམ། །འཇིག་རྟེན་ལུགས་ཀྱི་«་་་་་ཀུན་རྫོབ་དང་དོན་དམ་གྱི། »བདེན་པ་གཉིས་པོ་ལ། །ཡང་ལོག་ཀུན་རྫོབ་ཅེས་བྱར་ཁྱོད་ཀྱིས་བཤད། «ཐལ་འགྱུར་བ་ཡང་དག་ཀུན་རྫོབ་མི་འདོད་ཅེས།་་་་་»།ཀུན་རྫོབ་གང་ཡིན་ལོག་པའི་ཀུན་རྫོབ་ཏུ། །འཆད་པ་དེ་ཡང་ཁྱོད་ཀྱི་གཞུང་ཡིན་ནམ། །འཇིག་རྟེན་ལུགས་དང་དབུ་མའི་གཞུང་དག་ཏུ། །ཀུན་རྫོབ་གང་ཡིན་འཁྲུལ་པའི་སྣང་བར་«་་་་་མཐོང་བ་རྫུན་པའང་ཀུན་རྫོབ་བདེན་པར་གསུངས་ཞེས། »བཤད། །ཐམས་ཅད་མཁྱེན་བློའི་ཡུལ་དུ་ཀུན་རྫོབ་ཀུན། །རང་སྣང་ཚུལ་གྱིས་མཁྱེན་པར་ཁྱོད་བཞེད་དམ། །གཉིད་སད་བློ་ལ་རྨི་ལམ་ཇི་བཞིན་དུ། །རྫོགས་སངས་རྒྱས་བློར་ཡུལ་སྣང་མེད་ཅེས་གསུངས། །ཐམས་ཅད་མཁྱེན་བློས་གཟིགས་པ་ལོག་གྱུར་ན། །ཐ་སྙད་ཡུལ་དུའང་མེད་པར་ཁྱོད་བཞེད་དམ། །བདེན་དང་སྒྱུ་མ་སྣང་མེད་ཅེས་བྱ་བའི། །ཀུན་རྫོབ་ཤེས་ཚུལ་རྣམ་གསུམ་ཁྱོད་ཀྱི་བཤད། «པར། སད་པར་གྱུར་ན་གསུམ་ཅར་ཡོད་མིན་ལྟར།་་་་་»རྫོགས་སངས་རྒྱས་ལ་ཀུན་རྫོབ་སྣང་ཞེས་པ། །ཀླུ་སྒྲུབ་གཞུང་ལུགས་ཡིན་པར་ཁྱོད་བཞེད་དམ། །བདེན་ «ཚད་མ་རྣམ་ངེས་ཀྱི་ལུང་གིས་རང་ལུགས་སྒྲུབ་པར། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། ཅེས་སོགས།་་་་་»བརྫུན་ཁྱད་པར་ཚད་མའི་ལམ་དུ་ནི། །ཡོད་དང་མེད་ལ་འཆད་པར་«་་་་་གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། འཇིག་རྟེན་ལུགས་ཀྱི་ཚད་མས་ཚད་མའི་གོ་ཆོད་པར་བྱས་ནས། »ཁྱོད་ཀྱིས་བཤད། །ཀུན་རྫོབ་ཚད་མའི་ཡུལ་ན་ཡོད་བཞིན་དུ། །རྫུན་པར་འཆད་པ་ཁྱོད་ཀྱི་གཞུང་ཡིན་ནམ། །ཀུན་རྫོབ་རྫུན་ཞིང་མྱ་ངན་འདས་གཅིག་པུ། །བདེན་པར་འཆད་པ་ཁྱོད་ཀྱི་གནས་སྐབས་ལུགས། །བདེན་གཉིས་རང་ལུགས་«འཕགས་པའི།་་་་་»ཚད་མས་གྲུབ་མཉམ་དུ། །ཁྱོད་«་་་་་གཉིས་ཀའང་རང་ལུགས་ལ་བདེན་པ་ཙམ་ཡིན་ཞེས། »ཀྱིས་བཤད་པའི་གནས་སྐབས་ཡོད་དམ་ཅི། །མདོ་སེམས་ལ་སོགས་རང་གི་གྲུབ་པའི་མཐས། །རྣམ་པར་བརྟགས་ནས་ཐ་སྙད་བདེན་པར་འཇོག །ཁྱོད་ཀྱིས་འཇིག་རྟེན་གཞུང་ལ་མ་བརྟེན་པར། །«ཀུན་རྫོབ་བདེན་པ་དབུ་མ་རང་ལུགས་ཀྱི་ཚད་མས་གྲུབ་བོ་ཞེས།་་་་་»ཐ་སྙད་བདེན་པའི་འཇོག་ལུགས་ཇི་ལྟར་བཞེད། །ཐ་སྙད་འཇོག་པའི་ཚད་མ་ཇི་སྙེད་པ། །དབུ་མའི་གཞུང་གི་«་་་་་བླུན་པོ་ཚད་མར་རིག་པ་མ་ཡིན་ནོ། །ཞེས། »ཚད་མ་མིན་པར་བཤད། །«དོན་སྨྲ་བ་ལ་གྲགས་པའི་དབང་མངོན་སོགས།་་་་་»གཉིས་སྣང་འཁྲུལ་པས་བསླད་པའི་ཤེས་པ་ཡང༌། །ཚད་མར་འཆད་པ་ཁྱོད་ཀྱི་གཞུང་ཡིན་ནམ། །དབུ་མའི་གྲུབ་མཐར་«་་་་་བར་དུ་བདག་ཟློག་པའི་རིགས་པ། »ཞུགས་ནས་ཀུན་རྫོབ་ཆོས། །རང་རང་ངོ་བོས་སྟོང་པར་ཁྱོད་ཀྱིས་བཤད། །མིག་དང་གཟུགས་སོགས་རང་རང་ཡིན་ཞེས་པ། །དབུ་མའི་གཞུང་ལུགས་ཡིན་པར་ཁྱོད་བཞེད་དམ། །ཇི་སྲིད་དོན་དམ་བདེན་པ་ཁས་ལེན་པ། །དེ་སྲིད་དེ་«་་་་་མཚན་གཞི་དོན་དམ་པའི་བདེན་པར་ཁས་ལེན་དགོས་པས། »དེ་རང་སྟོང་མིན་པར་བཤད། །«བུམ་པའི་ཆོས་ཉིད།་་་་་»དོན་དམ་«པ་ཡིན་པ།་་་་་»བདེན་དང་ངོ་བོས་སྟོང་ཞེས་པ། །གཞི་གཅིག་འདུ་བ་«་་་་་བདེན་པ་དང་རང་སྟོང་འགལ་བས། »ཁྱོད་ཀྱི་གཞུང་ཡིན་ནམ། །ཆོས་ཀུན་སྤྲོས་དང་བྲལ་བར་འཆད་པ་ན། །དོན་དམ་བདེན་པའི་མཚན་གཞི་ཁྱོད་མི་བཞེད། །མཐའ་བྲལ་དེ་ཉིད་དོན་དམ་བདེན་ནོ་ཞེས། །ཁས་ལེན་བྱེད་པ་ཁྱོད་ཀྱི་གཞུང་ཡིན་ནམ། །དངོས་ཀུན་དེ་ཉིད་དེ་ཡིས་སྟོང་པ་གང༌། །རང་སྟོང་ཞེས་བྱའི་དོན་དུ་ཁྱོད་ཀྱིས་«་་་་་གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་སོགས། »བཤད། །རང་རང་དེ་ཉིད་ཡིན་པར་ཁས་བླངས་ནས། །རང་སྟོང་འདོད་པ་ཁྱོད་ཀྱི་བཞེད་ཡིན་ནམ། །«བུམ་པ་བུམ་པ་མིན་ཞེས་ཁས་ལེན་པས།་་་་་»དེ་ཉིད་དེ་ཡི་ངོ་བོས་མི་སྟོང་བ། །ཐ་སྙད་བདེན་པའི་འཇོག་ཚུལ་ཡིན་པར་བཤད། །ཀུན་རྫོབ་ཏུ་ཡང་ཆོས་ཀུན་རང་བཞིན་གྱིས། །སྟོང་ཞེས་འཆད་པ་«་་་་་ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཞེས། »ཁྱོད་ཀྱི་གཞུང་ཡིན་ནམ། །རིགས་དྲུག་སོ་སོའི་ཡུལ་སྣང་ཇི་སྙེད་པ། །«ཆུ་འབབ་་་་་་»སྐྲ་«་་་་་ཀླུང་ལ་ཞེས་སོགས། »ཤད་འཛིན་བློའི་ཡུལ་དང་མཚུངས་པར་བཤད། །«ཕྱི་རོལ་གྱི་དོན་ཡོད་པར་ཁས་བླངས་ནས་ཆུ་དང་བརྣག་སོགས།་་་་་»གང་སྣང་དེ་ཀུན་ཡོད་པ་ཁྱོད་གཞུང་གི །ཐ་སྙད་བདེན་པའི་འཇོག་ཚུལ་ཡིན་ནམ་ཅི། །གང་གི་བཏགས་དོན་འཚོལ་བའི་རིགས་པ་ཡིས། །མ་རྙེད་པ་དེ་བདེན་མེད་ཚད་དུ་བཤད། །བདེན་མེད་ངེས་པའི་ཐོག་མར་བདེན་གྲུབ་ཚད། །སྟོན་དགོས་ཤེས་པ་ཁྱོད་ཀྱི་གཞུང་ཡིན་ནམ། །«བདེན་གྲུབ་དང་བདེན་མེད་གཉིས་ལས་ཕྱི་མ་ངེས་སླ་བའི་ཤེས་བྱེད་ནི།་་་་་»རང་བཞིན་མེད་པའི་དཔེ་དང་ཤེས་བྱེད་ཀྱི། །གཏན་ཚིགས་ཡོད་ཕྱིར་གཞན་ལ་བསྟན་པར་སླ། །རང་བཞིན་སྒྲུབ་པའི་དཔེ་དང་ཤེས་བྱེད་ཀྱི། །གཏན་ཚིགས་མེད་ཕྱིར་བསྙད་བྱ་མིན་ཞེས་གསུངས། །མཐའ་བྲལ་དཔྱོད་ཚེ་ཀུན་རྫོབ་ལྟ་ཅི་འཚལ། །དོན་དམ་དམ་བཅའ་མེད་པར་ཁྱོད་ཀྱིས་བཤད། །གཞན་གསུང་བཀག་ནས་རང་གཞུང་སྒྲུབ་པ་ནི། །མཐའ་བྲལ་ཆེན་པོའི་འཆད་ཚུལ་དུ་བཞེད་དམ། །«བུམ་སོགས་རང་རང་ཡིན་པར་ཁས་བླངས་ནས།་་་་་»ཆོས་ཀུན་རང་རང་ངོ་བོས་མི་སྟོང་བ། །རང་སྟོང་ཞེས་བྱའི་དོན་དུ་ཁྱོད་མི་བཞེད། །«དེ་དེས་མི་སྟོང་བར་གཞན་བདེན་གྲུབ་ཀྱིས་སྟོང་ཞེས།་་་་་»ཚད་གྲུབ་ཆོས་རྣམས་ཚད་མས་མ་གྲུབ་པའི། །བདེན་པས་སྟོང་པ་གཞན་སྟོང་ཚུལ་མིན་ནམ། །བདག་དང་ཤིང་རྟའི་འདོགས་ཚུལ་མཚུངས་བཤད་ནས། །དེ་ཉིད་དེས་སྟོང་བདག་མེད་གཉིས་ཀྱི་དོན། །ཡིན་པར་བཤད་མོད་བདག་དང་ཤིང་རྟ་གཉིས། །ཡོད་«་་་་་ཚད་མས་གྲུབ། »མཉམ་འཆད་པ་ཁྱོད་ཀྱི་གཞུང་ཡིན་ནམ། །ཆོས་དང་གང་ཟག་དེ་ཉིད་ཀྱིས་སྟོང་པ། །བདག་མེད་གཉིས་པོའི་དོན་དུ་ཁྱོད་ཀྱིས་བཤད། །ཁྱོད་ཆོས་«་་་་་བདེན་མེད། »གཅིག་པུ་ཆོས་ཅན་སོ་སོ་ཡིས། །རྣམ་པར་དབྱེ་བ་ཁྱོད་ཀྱི་གཞུང་ཡིན་ནམ། །གཞི་དང་རྟགས་དཔེ་གཞན་གྱིས་ཁས་བླངས་པ། །གཞན་གྲགས་ཞེས་བྱའི་དོན་དུ་ཁྱོད་ཀྱིས་བཤད། །ཚུལ་གསུམ་ཚད་མས་གྲུབ་པ་གཞན་གྲགས་ཀྱི། །དོན་དུ་འཆད་པ་ཁྱོད་ཀྱི་གཞུང་ཡིན་ནམ། །དོན་དམ་དཔྱོད་ཚེ་བསྒྲུབ་བྱ་བསྒྲུབ་པ་ནི། །རང་རྒྱུད་རྟགས་ཀྱི་དམ་བཅར་ཁྱོད་ཀྱིས་བཤད། །དགག་བྱ་འགོག་དང་བསྒྲུབ་བྱ་བསྒྲུབ་པ་གཉིས། །དོན་གཅིག་འདུ་བ་ཁྱོད་ཀྱི་གཞུང་ཡིན་ནམ། །སེམས་དང་སེམས་བྱུང་ཇི་སྙེད་གཉིས་སྣང་གི །བག་ཆགས་འཁྲུལ་པའི་སྣང་བར་ཁྱོད་ཀྱིས་བཤད། །རྫོགས་སངས་རྒྱས་ཀྱང་སེམས་དང་སེམས་བྱུང་གི །རྒྱུ་བས་ཆོས་ཀུན་གཟིགས་པར་ཁྱོད་བཞེད་དམ། །དབུ་མར་ཞུགས་ནས་ཡེ་ཤེས་ལ་རྟོན་གྱི། །རྣམ་པར་ཤེས་ལ་ཡིད་རྟོན་མེད་པར་«ཚིག་གསལ་དུ།་་་་་»བཤད། །འཕགས་པའི་མཁྱེན་བློ་ཡིད་ཀྱི་རྣམ་ཤེས་སུ། །འཆད་པ་དེ་ཡང་ཁྱོད་ཀྱི་གཞུང་«་་་་་ཡེ་ཤེས་ཐམས་ཅད་ཀྱང་དེ་གཉིས་སུ་འཚོར་བཅད་ནས། »ཡིན་ནམ། །ཐུབ་པའི་དམ་ཆོས་སྟོན་ཚུལ་རྣམ་གསུམ་ལས། །དང་པོར་བདག་དང་བར་དུ་བདག་མེད་དག །ངེས་བསྟན་ཐ་མར་ཁས་ལེན་མེད་ཅེས་པ། །ཁྱོད་ཀྱི་ངེས་དོན་འཆད་པའི་མན་ངག་ཡིན། །ཐོག་མར་«་་་་་ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་ཚེ། »བདེན་གྲུབ་མིང་ཡང་མི་འདོད་ཅིང༌། །«དོན་དམ་བདེན་པ་ཁས་ལེན་པའི་ཚེ།་་་་་»བར་དུ་«་་་་་བདེན་གྲུབ་ཁས་མི་ལེན་པར། »བདེན་མེད་ངོ་བོས་སྟོང་པ་དང༌། །ཐ་མར་«་་་་་སྤྲོས་བྲལ་འཆད་པའི་ཚེའང༌། »ཆོས་ཀུན་ཡོད་པར་ཁས་ལེན་པ། །གྲགས་དཀར་ཁྱོད་ཀྱི་གཞུང་ལུགས་མིན་སྙམ་བྱེད། །མཉམ་གཞག་ཚེ་ན་ཆོས་ཀུན་སྟོང་ངོ་ཞེས། །ཡིད་བྱེད་དེ་འདྲ་ལྟ་བའི་དུག་ཏུ་བཤད། །བདེན་པས་སྟོང་ཞེས་ཡིད་ཀྱིས་མ་བཟུང་ན། །«བདེན་འཛིན་དང་འཛིན་སྟངས་མི་འགལ་ཞེས།་་་་་»སྤྲོས་བྲལ་རྟོགས་བློ་མིན་པར་ཁྱོད་བཞེད་དམ། །དངོས་གཞིའི་ཚེ་ན་སོར་རྟོག་ཤེས་རབ་ཀྱང༌། །«ཤིང་གཉིས་དྲུད་པ་ལས་འབྱུང་བའི་དཔེས།་་་་་»ཡེ་ཤེས་མེ་ཡིས་བསྲེག་བྱར་ཁྱོད་ཀྱིས་བཤད། །ཡང་ཡང་སེམས་དང་འཇལ་དང་ངེས་རྟོག་པ། །མཉམ་གཞག་དངོས་གཞིར་གྲགས་དཀར་ཁྱོད་བཞེད་དམ། །ཀླུ་སྒྲུབ་བཞེད་གཞུང་སྤྲོས་པའི་མཐའ་བྲལ་བ། །«ཐོགས་མེད་དང་ཆོས་སྐྱོང་སོགས།་་་་་»སྲོལ་འབྱེད་གཞན་གྱི་ལམ་ནས་མ་དྲངས་པར། །ཆོས་ཀུན་རང་རང་ངོ་བོས་སྟོང་པའི་ཚུལ། །གསལ་བར་འདོམས་མཁས་ཁྱོད་ལ་ཕྱག་འཚལ་ལོ། །ཉིད་གཞུང་ཇི་བཞིན་བཤད་ན་ཀུན་གྱི་བློར་མི་ཤོང༌། །གཞན་ཟེར་དེ་ཉིད་སྨས་ན་ཁྱོད་གཞུང་འཇིག་པར་དོགས། །མི་སྨྲའི་བརྟུལ་ཞུགས་འཛིན་ནམ་ཁྱོད་གཞུང་ཉིད་འཆད་ཅེས། །མཁྱེན་བཟང་ཟླ་བ་གྲགས་དཀར་ལྡན་པ་ལ་སྤྲིངས་སོ། །ཟླ་བའི་གཞུང་ལུགས་ངེས་དོན་ཆ་ཤས་མཛོད། །རང་བཟོའི་སྒྲ་གཅན་གྱིས་ཟོས་རྣམ་བརྟགས་པས། །གང་ནས་བསྒྲིབས་དེ་ཐོག་མར་བསལ་གྱུར་ནས། །འོད་དཀར་སྣང་བས་ཁྱོད་གཞུང་མཛེས་བྱེད་ཤོག །གངས་ཅན་འདི་ན་གྲགས་པ་གསལ་ལྡན་འགས། །ཟླ་གཞུང་ཤིང་རྟ་འཁྱོག་པོར་དྲངས་མཐོང་ནས། །མཐའ་གཉིས་སེལ་བའི་རབ་མཉམ་ཁ་ལོ་པས། །ངེས་དོན་ལམ་དུ་དྲངས་པ་མི་མཚར་རམ། །ཞེས་དཔལ་ལྡན་ཟླ་བ་གྲགས་པའི་ཞལ་མངའ་ནས་ཀྱི་ངེས་དོན་གྱི་རྔ་སྒྲས། བློ་གྲོས་ཀྱི་ཁང་བཟང་དགེ་བར་བྱས་པའི་སྤོང་བ་པ། འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*