རྗེ་བླ་མ་ཉིད་ཀྱི་ཐུགས་དམ་དུ་གསེར་གྱི་བརྒྱད་སྟོང་པ་བཞེངས་པའི་ལོ་རྒྱུས་དང་དཀར་ཆག་འགའ་ཞིག

༼ཙ༽༄༅། །རྗེ་བླ་མ་ཉིད་ཀྱི་ཐུགས་དམ་དུ་གསེར་གྱི་བརྒྱད་སྟོང་པ་བཞེངས་པའི་ལོ་རྒྱུས་སོགས། དཀར་ཆག་འགའ་ཞིག་བཞུགས་སོ།།

ཨོཾ་སྭསྟི་སིདྡྷཾ། ལྷ་དབང་དབང་པོའི་དགྲ་དང་པད་དཀར་མིག །མིག་གསུམ་པས་མཆོད་མཆོད་སྦྱིན་བརྒྱ་པའི་ལྷ། །ལྷ་ཡི་ལྷ་ཁྱོད་ཁྱོད་རང་ཉིད་དང་མཚུངས། །མཚུངས་མེད་ཀུན་མཁྱེན་མཁྱེན་བརྩེའི་དབང་པོར་འདུད། །ཆོས་རྣམས་ཀུན་དང་དེ་མཁྱེན་བྱེད་པོ་ཉིད། །སྔ་ཕྱི་མིན་པར་ཆབས་ཅིག་སངས་རྒྱས་པའི། །ཐབས་ཚུལ་འགྲན་མེད་ཤེས་རབ་ཕ་རོལ་ཕྱིན། །ཐོག་མར་འཆད་མཁས་བུ་རམ་ཤིང་པ་དེས། །བཞི་སྟོང་གིས་ལྷག་བརྒྱད་ཁྲིའི་སྒོ་ཆེན་པོ། །གཞན་དང་གཞན་གྱི་དང་པོར་ཡོད་མིན་པའི། །ངེས་སྟེར་གླིང་གཞིའི་ཆོ་འཕྲུལ་རྣམ་པ་གསུམ། །ཐོག་མར་བཤད་པས་ཆོས་འདིའི་ཡ་མཚན་ཤེས། །ཆོས་ཚུལ་གཞན་དང་གཞན་པ་གང་གང་གསུང་ཚེ་དེ་དེས་གདུལ་བྱའི་རིགས་ཅན་སོ་སོ་གང་གང་གིས་ནི་ཆོས་ཚུལ་དེ་དང་དེའི་གདན་བཤོམ་ཤེས་རབ་ཕ་རོལ་ཕྱིན་འདི་འཆད་ཚེ་གཞན་གྱིས་མ་ཡིན་ཐུབ་དབང་ཉིད་ཀྱིས་སེང་གེའི་ཁྲི་ཆེན་མངོན་པར་བཤམས། །ཁྲི་ཆེན་དེ་ལ་མཉམ་པར་བཞག་པའི་རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་ཅན་དེས་ས་ཆེན་རྣམ་པ་དྲུག་གཡོས་མཛད་པ་མི་མཇེད་ཞིང་འདི་ཡི་ནི་མི་ཁོམ་བརྒྱད་པོ་མ་ལུས་ཟད་མཛད་འཇམ་དཔལ་གྱི་ནི་ཞིང་བཟང་པདྨ་ཅན་བཞིན་བྱིན་གྱིས་བརླབས། །གསུང་གང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་ཕྱོགས་བཅུར་གངྒཱའི་ཀླུང་རྡུལ་དང་མཚུངས་འཇིག་རྟེན་ཁམས་ཀུན་ཟིལ་གྱིས་གནོན་བྱེད་ཁ་དོག་སྣ་ཚོགས་འབར་བའི་འོད་ཕྲེང་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་པོ་ནི་བ་སྤུའི་ཁུང་བུ་རེ་ལས་རྣམ་པར་སྤྲོས། །ཐུགས་གང་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་གྱིས་ནི་ཕྱོགས་བཅུའི་རྒྱལ་བ་གང་དང་གང་ཞིག་རང་རང་མཛད་པ་སོ་སོར་ངེས་པའི་ཁེངས་པ་བཏང་ནས་དེ་དེའི་འཁོར་གྱི་རྒྱལ་སྲས་མ་ལུས་པ་ནི་འདབ་སྟོང་པདྨོའི་སྐྱེས་ཆེན་དང་བཅས་དེར་ལྷགས་གུས་པས་ཕྱག་བྱས་སོ། །འཇིག་རྟེན་ཁམས་ཀུན་རྒྱལ་བའི་རིང་སྲེལ་གྱིས། །བྱུར་བུར་གཏམས་ལ་ཟབ་ཅིང་རྒྱ་ཆེ་བའི། །མཆོད་པས་མཆོད་ལས་ཡུམ་འདིའི་ཚིག་གཅིག་ཙམ། །ཡི་གེར་བྲིས་པའི་བསོད་ནམས་ལྷག་པར་གསུངས། །ཆོས་ཀུན་འཛིན་དང་བསྡུད་མཛད་ཀུན་དགའ་བོས། །ལུང་གཞན་བརྗེད་ཀྱང་དེ་ཙམ་སྐྱོན་མི་འཚལ། །ཡུམ་འདིའི་ཚིག་གཅིག་སྐྱུར་བའི་ཉེས་ལྕི་ཞེས། །ལན་གསུམ་བར་དུ་ཐུབ་པས་རྗེས་གཏད་མཛད། །ཆོས་འཕགས་སློབ་མར་བཅས་པའི་སྔོན་བྱུང་གི །གཏམ་གྱི་སྦྱོར་བ་རྒྱས་པར་ཐོས་པ་ན། །ཆོས་འདིའི་ངོ་མཚར་བློ་ལ་གཤིན་ཞིང་ལྗེན། །ཚད་མས་དྲངས་ཤིང་ངེས་པ་འདི་ཤེས་བྱོས། །སྒྲུབ་པའི་མཆོད་པས་རྒྱལ་བ་དགེས་མཛད་པ། །ཀུན་གྱི་ནང་ནས་ཡུམ་འདི་འབྲི་འཆང་ཀློག །རབ་དང་ཕུལ་གྱུར་མཆོད་པ་བླ་མེད་ཅེས། །ཐུབ་པས་གསུངས་ཕྱིར་ཡུམ་འདི་བསྔགས་པར་འོས། །ཆོས་འདིའི་ལུང་ཙམ་གང་ན་བཞུགས་གྱུར་པ། །དེར་ནི་འདོད་པའི་དབང་ཕྱུག་འཁོར་བཅས་ཀྱི། །མེ་ཏོག་མདའ་ལྔ་རིང་དུ་འབོར་བྱེད་པ། །སྦྲུལ་གདུག་པ་དང་རྩི་མ་གི་བཞིན་ནོ། །གཞན་འཕྲུལ་དབང་བྱེད་བདག་པོས་མེ་ཏོག་གཞུ། །རྒྱལ་དང་དེ་སྲས་རྣམས་ལ་རིང་ནས་འགེངས། །མཆོད་སྦྱིན་བརྒྱ་པས་ཆོས་འདི་དྲན་ཙམ་ན། །ཡན་ལག་བཞི་ཚང་བདུད་དཔུང་དབྱིངས་སུ་ཞི། །སྲུང་བྱེད་གཞན་ལ་རག་ལས་ཡོད་མིན་པའི། །ཐུབ་ཆེན་སྟོན་པའང་བརྒྱ་བྱིན་གྱིས་བསྲུང་ན། །བདུད་ཀྱི་གནས་ཆེན་གཞོམ་ལ་སྤྲོ་འདི་ཀུན། །མ་བསྐུལ་བར་ཡང་ཆོས་འདི་ཅི་མི་བསྲུང༌། །འཇིག་རྟེན་མེས་པོས་སྣོད་བཅུད་མ་ལུས་པ། །ཅི་དགར་བསྐྲུན་ཞེས་འཆད་དེ་གསལ་བར་བརྫུན། །རྟེན་འབྲེལ་སྟོང་ཉིད་ཟབ་མོའི་བྱེད་པོ་ཡིས། །སྒྱུ་མའི་རྣམ་རོལ་སྣ་ཚོགས་སྤྲུལ་འདི་བདེན། །སྟོང་ཉིད་མརྒད་འཁྱིལ་བའི་ཆུ་གཏེར་དུ། །གཞན་གཞུང་རླབས་ཕྲེང་གྱ་གྱུས་མ་དཀྲུགས་ཤིང༌། །རང་གཞུང་ངེས་དོན་ནོར་བུས་མ་བསླུས་པའི། །རྒྱལ་ཡུམ་རྒྱ་མཚོའི་དཔལ་གང་དེང་འདིར་འཁྲུངས། །ལྕེ་བརྒྱ་ལྡན་པའི་ཆུ་འཛིན་གྱིས་བླངས་ཤིང༌། །འཕྲིན་ལས་ཀླུང་བརྒྱ་རྟག་པར་འབབ་མཁས་ཀྱང༌། །ཉན་བཤད་ལུང་རྟོགས་ཆར་ཆེན་ཕེབས་པ་ན། །ཆོས་ཀྱི་མཚོ་ཆེན་ནམ་ཡང་ཟད་མི་མངའ། །བྱམས་པས་གཟིགས་པའི་ངེས་དོན་མི་འདོར་ཞིང༌། །ཀླུ་སྒྲུབ་གཞུང་གི་རིགས་པས་མ་བཏང་བའི། །རྒྱལ་ཡུམ་ཤིང་རྟ་འདྲེན་པའི་ཁ་ལོ་པ། །གཞན་དང་མི་མཉམ་མཆོག་ལྡན་ལེགས་པའི་བློ། །ཆོས་འདིར་མི་ཕྱེད་དད་པའི་གདུང་ཤུགས་དང༌། །སྦྱིན་པོ་རྣམས་ཀྱི་ཚོགས་མང་རྫོགས་བྱའི་ཕྱིར། །འགྱུར་མཛད་གཞན་ལས་ཁྱད་འཕགས་རྔོག་ལོ་ཡིས། །ལེགས་བསྒྱུར་ཡུམ་འདིའི་བདག་རྐྱེན་འདིར་གྲུབ་པ། །མ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བ་དང༌། །ཤེར་ཕྱིན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །རྒྱལ་པོ་ཆོས་བཞིན་མཛད་དང་རྒྱལ་ཁམས་ཀུན། །དར་ཞིང་རྒྱས་དང་དགེ་བའི་བཀྲ་ཤིས་སྤྱོན། །འདི་ཡི་རྒྱུ་སྦྱོར་བདག་རྐྱེན་ལག་ལེན་པ། །བླ་མའི་ཞབས་ཐོག་ཚུལ་བཞིན་སྒྲུབ་པ་ཡི། །ཉེ་གནས་སངས་རྒྱས་སེང་གེས་བགྱིས་པ་དང༌། །དག་བྱེད་བློ་བཟང་ཀུན་དགའི་མཚན་ཅན་དང༌། །དབོན་གྱུར་དཀོན་མཆོག་རྒྱལ་མཚན་མཆེད་ཀྱིས་མཛད། །གསེར་འདུལ་ལྟོ་དཀར་མཁས་པའི་གྲགས་ཐོབ་པ། །རིགས་བཟང་ལང་ཚོའི་དཔལ་འཛིན་འདི་ཞེས་དང༌། །དཀྱུས་ཡིག་མཁས་པ་འདི་དང་འདི་རྣམས་ཀྱིས། །དད་དང་གུས་དང་དགེ་ལ་སྤྲོ་བ་ཡི། །བསམ་པས་བསྒྲུབས་འདི་བྱང་ཆུབ་ཆེན་པོར་བསྔོ། །རྔ་ཆེན་གྱི་ལོ། ས་གས་ཉ་བའི་ཡར་ཚེས་བཅོ་ལྔ་ལ། ཞེས་པ་འདི་ནི་དཔལ་གླང་རི་ཐང་གི་གཞལ་མེད་ཁང་དུ་གྲུབ་པའོ།།  ༈  །།བརྒྱད་སྟོང་པ་དང་ཕལ་ཆེན་བཞེངས་པའི་ལོ་རྒྱུས་སོ།། ༄། །སྭསྟི་པྲ་ཛ་བྷྱེཿ བདེ་འབྱུང་གཙུག་གི་ཟླ་གཞོན་ལང་ཚོ་ཡིས། །དལ་བུར་བཏེགས་པའི་ཞབས་སེན་འོད་དམར་ཅན། །སྲིད་གསུམ་ཉིན་མོར་བྱེད་པའི་དཔལ་མངའ་བ། །ཐུབ་ཆེན་ཀུན་གྱི་བླ་མས་འདིར་སྐྱོངས་ཤིག །ཐུབ་རྣམས་དགེས་པའི་བཞིན་མཛེས་མེ་ཏོག་གིས། །ཉེ་བར་སིམ་པའི་རྒྱལ་ཡུམ་སྒེག་འཆང་མ། །རྟག་ཏུ་རྒྱལ་བའི་སྲས་ཀྱི་ཁུར་འཛིན་པ། །གང་ཁྱོད་འགྲོ་ཀུན་མུན་པའི་ལམ་ལས་བསྲུངས། །སྦྲང་རྩིའི་དགྲ་བོས་མ་མྱངས་རོ་བརྒྱ་པ། །རྣམ་དཔྱོད་ཧུབ་ཀྱིས་འཐུངས་ནས་གཞན་ཕན་གྱི། །དཔག་བསམ་ཡོངས་འདུའི་ཕྲག་པར་ཉེར་མཚོན་པ། །ཐུབ་བསྟན་འཛིན་པའི་ཚོགས་རྣམས་ཞབས་བརྟན་ཤིག །རིན་ཆེན་དཀོན་མཆོག་གསུམ་པོའི་ཕྲིན་ལས་ཀྱིས། །དེས་བསྐྲུན་ཕྱ་མཁར་མཐོན་པོའི་ཕོ་བྲང་དུ། །ས་ཆེན་སྐྱོང་མཛད་བརྒྱུད་མར་བྱུང་པ་ནི། །ཆོས་སྲིད་འཕན་དར་རྒྱས་པའི་ཡུལ་གྱི་རྒྱན། །གང་དེར་ཡུམ་གཅིག་དཔལ་འཛོམ་བཟང་མོ་ཡི། །བསོད་ནམས་ནོར་འཛིན་དཔལ་མོའི་ཕང་པ་ནས། །གང་འཁྲུགས་གླེགས་བམ་ལྷུན་པོའི་ལྟད་མོ་ནི། །རབ་མཉམ་དབང་སྔོན་བརྩེགས་པའི་ངོས་འཇམ་ལ། །ཡིད་འོང་བཙོ་མའི་གསེར་གྱི་ཐིག་ཕྲེང་ཅན། །ངོ་མཚར་ཆོས་ཀྱི་རྔ་དབྱངས་གསར་པ་འདིས། །བརྒྱ་བྱིན་སྙིང་གི་ཆུ་གཏེར་ནམ་ཡང་འཛིན། །གང་འདི་བྲིས་དང་ཀློག་དང་མཆོད་པ་ཡིས། །དགེ་ལེགས་དག་བྱེད་དཔལ་མོའི་རྒྱུན་གང་གིས། །མི་དབང་ཆོས་མཛད་གང་དེའི་དགོངས་པ་ནི། །མཁའ་དང་མཉམ་པ་གང་ཞིང་རྫོགས་གྱུར་ཅིག །དེ་ནས་མི་བདག་ནམ་མཁའི་རྒྱལ་མཚན་དཔལ། །ས་བདག་རྒྱལ་པོ་སྲས་ཡུམ་མཆེད་དང་བཅས། །དུས་ཀྱི་སྒྲ་གཅན་གདུག་པའི་ཁ་རླངས་དང༌། །ཕ་རོལ་མི་བསྲུན་ཕྲག་དོག་དྲག་པོ་ཡི། །ཁྱབ་འཇུག་ལག་པས་ནམ་ཡང་མི་སྒྲིབ་པར། །བསོད་ནམས་རྟ་བརྒྱས་དྲངས་པའི་ཁྲིར་འཁོད་ནས། །ཕྲིན་ལས་འོད་སྟོང་ཕྱོགས་བརྒྱར་གསལ་བ་དང༌། །མངའ་འབངས་མཚོ་བཞིན་གོང་ནས་གོང་འཕེལ་ཤོག །རྒྱལ་ཡུམ་སྙིང་པོ་སྟོང་ཕྲག་བརྒྱ་པ་དང༌། །ཤིན་ཏུ་རྒྱས་པའི་སྡེ་སྣོད་ཕལ་པོ་ཆེ། །མཐིང་ཤོག་ངོས་ལ་གཙོ་ཆེན་འོད་འབར་བ། །གང་འདིས་བསྟན་པའི་སྙིང་པོ་གསུང་གི་རྟེན། །ལྷ་རྫས་རིན་ཆེན་སྣ་ཚོགས་ཉེར་བསགས་ནས། །བཟོ་རིགས་མཁས་པ་ལས་ཀུན་ཐམས་ཅད་པས། །དགེ་བར་བསྐྲུན་པའི་བཀོད་ལེགས་མཆོད་ཕྲེང་ཅན། །གང་འདིས་རྒྱལ་བའི་ཐུགས་ཀྱི་བང་མཛོད་བཟུང༌། །དེ་ནས་ལེགས་བཤད་ཆོས་ཀྱི་སྒོ་བརྒྱ་པ། །ངོ་མཚར་གཎྜེའི་སྒྲ་དབྱངས་བརྒྱ་ཕྲག་གིས། །བློ་གསལ་རྒྱ་མཚོ་རྟག་པར་བསྡུད་མཁས་པའི། །གཙུག་ལག་ཁང་ཆེན་བསྟན་པའི་བང་མཛོད་འཛིན། །དེ་ལྟར་གྲུབ་པའི་རྣམ་དཀར་ལམ་གསུམ་པས། །ཆོས་ཀུན་དགའ་བཞིའི་ཐུགས་ཀྱི་རྡོ་རྗེ་འཆང༌། །གང་དེའི་དགོངས་པ་གོང་ནས་གོང་དག་ཏུ། །ཡོངས་རྫོགས་ཆོས་ཀྱི་ཉི་མ་འཆར་གྱུར་ཅིག །མི་དབང་དོན་ཡོད་རྒྱལ་པོར་མཚན་གསོལ་བ། །གང་གི་ཐུགས་རྒྱུད་དྲི་མས་མ་གོས་པར། །རྣམ་དཀར་ཚོགས་གཉིས་མྱུར་དུ་རྫོགས་བྱས་ནས། །ཆོས་ཀྱི་རྒྱལ་པོའི་གོ་འཕངས་ལ་རེག་ཤོག །དེ་ནས་བློ་གྲོས་ཆོས་ཀྱི་རྒྱལ་མཚན་ཡང༌། །དཔལ་ལྡན་ཕྲིན་ལས་བཟང་པོས་ཉེར་མཚོན་ནས། །ས་གསུམ་འགྲོ་བའི་དཔལ་དུ་ཞབས་བརྟན་ཅིང༌། །རྣམ་དཀར་ཕྲིན་ལས་རྒྱས་པའི་བཀྲ་ཤིས་ཤོག །རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །ཟག་མེད་དགའ་བཞིའི་དཔལ་གྱུར་དམ་པའི་ཆོས། །ཕྲིན་ལས་བཟང་པོའི་དཔལ་འཛིན་རྒྱལ་བའི་སྲས། །དཀོན་མཆོག་གསུམ་དངོས་དེ་ཡི་བཀྲ་ཤིས་ཤོག།  །།མངྒ་ལཾ།།  །།  ༄༅། །རྒྱལ་ཁྲི་དཔོན་པས་དཀོན་བརྩེགས་བཞེངས་པའི་དཀར་ཆག ཨོཾ་སྭསྟི་སིདྡྷཾ། གང་སྐུ་སྐུ་གསུམ་ངོ་བོ་རྡོ་རྗེ་འཛིན། །དེ་གསུང་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །ཁྱོད་ཐུགས་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །དངོས་གྲུབ་གྲུབ་པ་མཆོག་རྣམས་འདིར་སྩོལ་ཅིག །འོད་དཔག་མེད་པའི་རྣམ་འཕྲུལ་ཨ་ཏི་ཤ །ཐུགས་རྗེའི་མངའ་བདག་བཤེས་གཉེན་སྟོན་པའི་མཚན། །སྐལ་ལྡན་ཤིང་རྟ་ཉིད་འཁྲུངས་སངས་རྒྱས་དབོན། །བརྒྱུད་པར་བཅས་ལ་དེང་འདིར་སྐྱབས་སུ་མཆི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །རིང་དུ་གནས་ཤིང་ནམ་ཡང་མ་ཉམས་པ། །ཁ་བ་ཅན་ལྗོངས་ཡིད་བཞིན་མཚོ་ཆེན་འདིར། །ཐུབ་པའི་ཞལ་སྐྱིན་ཇོ་ཤཱཀ་རྣམ་གཉིས་བཞུགས། །དེ་ཡིས་བྱིན་བརླབས་དབུ་རུ་བྱང་གི་ཕྱོགས། །བཙན་ཕྱུག་འཕན་དར་འཛོམ་པའི་ཡུལ་གྲུ་ནི། །རྒྱ་མཚོ་ཇི་བཞིན་འབྱོར་པའི་ཚོགས་ཀྱིས་གང༌། །ཉི་མ་བཞིན་དུ་བསྟན་པའི་འོད་དཀར་འཆར། །སྐྱེ་བོ་ཕལ་ཆེར་དད་པའི་ཞིང་ས་ལ། །དགེ་ལེགས་ལོ་ཐོག་བསྐྲུན་མཁས་ནོར་འཛིན་བཞིན། །ཡུལ་གྱི་ལྗོངས་འདིར་སྔོན་གྱི་དུས་ཤིག་ན། །ཕ་རོལ་དྲེགས་པས་ནམ་ཡང་མི་གནོན་པ། །སྲིད་ཞིའི་དབང་ཕྱུག་རྒྱ་མ་སི་ཏུའི་མཚན། །དོན་གྲུབ་རྒྱལ་མཚན་ཞེས་བྱ་ཀུན་ལས་མཐོ། །དེ་སྲས་རྡོ་རྗེ་ཚེ་བརྟན་ཡེ་ཤེས་མཆོག །རིགས་བརྒྱུད་མཆོག་ཏུ་གྲགས་པ་ནམ་མཁའི་མཚན། །དེ་སྲས་གསུམ་པ་ཆོས་དང་སྲིད་ཀྱི་ནི། །གཞུང་ལུགས་མཐའ་དག་རྫོགས་པར་ཆུབ་མཛད་ནས། །གཞན་གྱིས་མི་འཕྲོགས་དད་བརྩོན་མཁྱེན་པ་ཡིས། །དག་པའི་ཞིང་དུ་བདེ་བར་གཤེགས་གྱུར་པ། །བསོད་ནམས་རྒྱལ་མཆོག་རབ་བརྟན་དཔལ་བཟང་པོའི། །ཐུགས་ཀྱི་དགོངས་པ་ཟབ་མོ་བསྐང་ཕྱིར་དུ། །དཀོན་མཆོག་རི་དབང་བརྩེགས་པའི་ལྷུན་པོ་འདི། །ཕ་རོལ་དྲེགས་པའི་རི་བོས་མི་གནོན་ཞིང༌། །ཚུ་རོལ་ནང་གི་རོལ་མཚོ་མ་འཁྲུགས་པར། །ལྷག་བསམ་ནོར་འཛིན་སྒེག་མོའི་འཕང་པར་འཁྲུངས། །སྔོན་དུས་སྲིད་པའི་བྱེད་པོས་ལྷ་ཡུལ་ནས། །དག་བྱེད་ཚངས་པའི་བུ་མོ་ལམ་གསུམ་པ། །འཕྲོག་བྱེད་རལ་པའི་ཁུར་དུ་མ་སིམ་པར། །མེས་པོའི་དྲི་མ་སྦྱོང་བྱེད་ས་སྟེངས་ཕབ། །རྫོགས་སངས་རྒྱས་ཀྱི་མཛད་པ་མཐའ་དག་ལས། །མཆོག་གྱུར་གསུང་གི་མཛད་པ་ཡ་མཚན་ཅན། །དག་བྱེད་ཁྲུས་ཀྱི་དཔལ་མོའི་རྒྱུན་གང་གིས། །ཡབ་དང་མེས་པོའི་ཚོགས་ཀྱི་ཉེས་ཀུན་བཀྲུས། །ཕྱིས་འབྱོན་བརྒྱུད་པའི་ཆུ་བོ་མི་འཆད་ཅིང༌། །འབྱོར་པའི་མཚོ་ཆེན་རྟག་ཏུ་གང་བ་དང༌། །བསྟན་ཇུས་ལྷུན་པོ་གཞན་ལས་ཆེར་མཐོ་བ། །དཀོན་མཆོག་རིན་ཆེན་བརྩེགས་པའི་ཁོར་ཡུག་ཅན། །དེ་བསྐྲུན་བྱེད་པོའི་བསོད་ནམས་དཔག་བསམ་ཤིང༌། །མི་དབང་ས་བདག་ནམ་མཁའི་མཛོད་བཟུང་ནས། །ཚེ་དང་བསོད་ནམས་རི་དབང་ལྟར་བརྟན་པ། །ནམ་ཡང་མཁའ་ལྟར་ཡངས་པའི་མངའ་རིས་སུ། །མངོན་པར་མཐོ་དང་ངེས་པར་ལེགས་ཐོབ་པ། །ལེགས་ལྡན་མགོན་པོས་རྗེས་བཟུང་སྲིད་པའི་དཔལ། །ཆོས་ཀྱི་འབྱོར་པས་ངེས་པར་རྒྱུད་ཕྱུག་པ། །མཆེད་དང་དཔལ་མོར་བཅས་པའི་འཆི་མེད་རྒྱུན། །མི་ཟད་གཏེར་གྱི་བུམ་པ་ཉིད་གྱུར་ཅིག །དེ་ལྟར་དེ་བསྐྲུན་བྱེད་པའི་ཡི་གེ་པ། །མཁས་པའི་བརྒྱུད་འཛིན་འདི་དང་འདི་ལ་སོགས། །བཅུ་ཕྲག་གསུམ་དང་འོད་འབར་གླེགས་ཤིང་པ། །འདི་ཞེས་བྱ་དང་དག་བྱེད་སྦྱངས་པ་ཅན། །སྡེ་སྣོད་འཛིན་པ་འདི་དང་འདི་དག་གོ །རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །ནམ་ཡང་བསླུ་མེད་རིན་ཆེན་དཀོན་མཆོག་གསུམ། །བསྟན་པ་བསྲུང་མཛད་དམ་ཅན་རྒྱ་མཚོའི་ཚོགས། །ཀུན་གྱི་བཀྲ་ཤིས་གང་ཡོད་གནས་འདིར་བྱོན།།  །།མངྒ་ལཾ།།  ༈  །།རྒྱམ་བྱང་སེམས་མས་ཐུགས་དམ་གླེགས་བམ་བཞེངས་པའི་དཀར་ཆག། ༄། །ཨོཾ་སྭསྟི་སིདྡྷཾ། འཇིག་རྟེན་མེས་པོའི་གཙུག་རྒྱན་ཟླ་བ་ལ། །གང་གི་ཞབས་སེན་དམར་པོའི་འོད་རིས་ཅན། །མིག་སྟོང་ལྡན་པའི་སྙིང་ལ་བདེ་སྟེར་བ། །མཚུངས་མེད་སྟོན་པ་དེ་ལ་མགོས་ཕྱག་འཚལ། །ལན་གཅིག་ཐོས་ན་རྣ་བའི་དཔལ་བསྐྱེད་ཅིང༌། །མང་པོར་བསམས་ན་སྙིང་གི་གདུང་བ་སེལ། །ཡུན་དུ་བསྒོམ་ན་འཆི་མེད་གནས་སྩོལ་བའི། །དམ་པའི་ཆོས་ཁྱོད་ཀུན་ནས་བསྔགས་པར་འོས། །ཉེ་དབང་དབང་པོའི་དགྲ་དང་པད་དཀར་མིག །མིག་གསུམ་པས་མཆོད་མཆོད་སྦྱིན་བརྒྱ་པའི་ལྷ། །ལྷ་མཆོག་དེ་ཡུམ་ཡུམ་མཆོག་ཕ་རོལ་ཕྱིན། །ཕྱིན་དྲུག་ཀུན་ལས་ཁྱད་འཕགས་འཕགས་མའི་གསུང༌། །རྒྱལ་བའི་སྐུ་གདུང་རིང་བསྲེལ་སྙིང་པོ་ཅན། །ཕྲ་རབ་རྡུལ་གྱི་གྲངས་སྙེད་བསྐྲུན་པ་དེས། །ཡུམ་གྱུར་ཕ་རོལ་ཕྱིན་མའི་ཚིག་འབྲུ་གཅིག །བྲིས་མཆོད་བསོད་ནམས་ཆར་མི་ཕོད་ཅེས་གསུངས། །སྔོན་ཚེ་འཇིག་རྟེན་སྐྱབས་གཅིག་སྟོན་པ་ལ། །འདོད་པའི་དབང་ཕྱུག་ཚོགས་ཀྱིས་ཐོ་བརྩམས་ཚེ། །བརྒྱ་བྱིན་དབང་པོས་ཡུམ་འདི་བསམས་ཙམ་གྱིས། །མེ་ཏོག་གཞུ་ཅན་དཔུང་ལས་རྣམ་པར་རྒྱལ། །ཡུལ་ཕྱོགས་གང་ན་རྩི་མ་གི་ཡོད་པའི། །དྲི་ཙམ་གྱིས་ཀྱང་སྦྲུལ་གདུག་ཕྱིར་ལྡོག་བྱེད། །ཡུམ་འདིའི་ཆ་ཤས་ཀྱིས་ཀྱང་བདུད་དཔུང་དང༌། །དུས་མིན་འཆི་སོགས་གཞན་གྱིས་གླགས་མི་ལྟ། །དེ་ཕྱིར་ཡུམ་འདི་གླེགས་བམ་ལ་བྲིས་ནས། །སྦྱིན་དང་མཆོད་དང་ཀློག་པར་གང་བྱེད་པ། །དེ་ལ་འཇིག་རྟེན་སྐྱོང་བ་རྣམ་བཞི་ཡིས། །ཉེ་བར་དགོངས་ནས་ཉེས་ཀུན་སེལ་བ་དང༌། །གྲུབ་པ་མཆོག་རྣམས་བདེ་བླག་སྩོལ་ལོ་ཞེས། །རིགས་པར་གསུངས་ལ་མི་ཕྱེད་དད་ཐོབ་ནས། །འཕགས་མའི་མཆོད་སྦྱིན་ཐོབ་པ་དེས་བསམས་པ། །དེ་ལས་བྱུང་བའི་རྣམ་དཀར་བགྲང་ཡས་ཀྱིས། །བསོད་ནམས་རྒྱལ་མཆོག་རབ་བརྟན་དཔལ་བཟང་པོའི། །ཐུགས་རྒྱུད་སྦྱངས་ཤིང་ཡོན་ཏན་ཚོགས་ཀྱིས་གང༌། །ཀུན་དགའི་ཆོས་ཀྱི་འཚོ་བ་རང་ཉིད་ཀྱང༌། །ཡུམ་མཆོག་ཕ་རོལ་ཕྱིན་མ་ཉིད་གྱུར་ཅིག །གང་སྐུ་སྐུ་ལྔའི་བདག་ཉིད་རྡོ་རྗེ་འཆང༌། །དེ་གསུང་གསུང་གི་དབང་ཕྱུག་བདག་མེད་མ། །ཉིད་ཐུགས་ཐུགས་རྗེའི་བདག་ཉིད་ཀུན་དགའི་མཚན། །བཀྲ་ཤིས་ཤིས་བརྗོད་མཛད་པའི་དགེ་ལེགས་སྤྱོན། །རྫོགས་སངས་རྒྱས་དང་དམ་པའི་ཆོས་ཉིད་དང༌། །མཆོག་ཚོགས་འདུས་པའི་བྱིན་བརླབས་གང་ཡོད་དང༌། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་སྤྱོན།།  །།མངྒ་ལཾ།།  །།བྷ་ཝནྟུ།།  །ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*