༼ཙ༽༄༅། །སྨན་བླའི་མདོ་ཆོག་གི་དྲི་བ་མེ་ཏོག་མདའ་འཇོམས་དང༌། བྱང་པ་བདག་པོ་ལ་དྲི་བའི་སྐོར་བཞུགས།།
ན་མོ་བཱཻ་ཌཱུརྻ་པྲ་བྷ་སྱེ། ས་སྐྱོང་རྒྱལ་པོས་མཆོད་པའི་གནས་ཐོབ་ནས། །ཕ་རོལ་དཔུང་དང་ནད་ཆེན་གཞོམ་སླད་དུ། །དེ་བཞིན་གཤེགས་བདུན་མཆོད་པར་མཛད་རྣམས་ལ། །དོགས་པའི་གནས་འགའ་དྲིའོ་དགེ་བར་གསོན། །དེ་ཡང་འདི་ལྟར་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་ཁྱད་པར་རྒྱས་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་ཞེས་བྱ་བའི་བསྟན་བཅོས་བྱང་ཆུབ་སེམས་དཔའ་ཞི་བ་འཚོས་མཛད་པ་འདི་ལས་བརྩམས་སྟེ། དོགས་པའི་གནས་འགའ་ཞིག་དྲི་བ་ནི། གཞལ་མེད་ཁང་གི་དབུས་སུ། དེ་བཞིན་གཤེགས་པ་བརྒྱད་ཚང་བར་བཞུགས་པ་ནས། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་བཞུགས་པའི་བར་གཞལ་ཡས་ཁང་སྒོ་རྐྱང་གཅིག་བཤད་པ་འདིའི་ལུང་མདོ་སྡེ་གང་ན་ཡོད། མདོ་སྡེ་བརྒྱད་བརྒྱ་པ་ཞེས་བྱ་བ་དེ་ན་ནི། སངས་རྒྱས་ཀྱི་ཞིང་ཐ་དད་པ་བདུན་ན་གཞལ་ཡས་ཁང་གི་བཀོད་པ་མི་འདྲ་བ་བདུན་བཤད་ཅིང༌། འཁོར་དེ་རྣམས་ཀྱི་ངེས་པ་མ་བཤད། ཡང་གཞལ་ཡས་ཁང་གི་སྐྱེད་ཚུལ་རྒྱུད་སྡེ་ནས་འབྱུང་བ་དང་མི་འདྲ་བར་སྨོན་ལམ་གྱི་སྒོ་ནས་བསྐྱེད་པ་ནི་ཅི། ཡང་དེ་བཞིན་གཤེགས་པ་བརྒྱད་ཀ་དཀྱིལ་འཁོར་དེའི་གཙོ་བོ་ཡིན་ནམ། གང་ཡང་རུང་བ་གཅིག་ཡིན། ཡང་ན། སྨན་པའི་རྒྱལ་པོ་དཀྱིལ་འཁོར་དེའི་གཙོ་བོ་ཡིན་ནོ་ཞེས་འཆད་པ་ལྟར་ན། དེའི་ཆོ་ག་བདུན་གྱི་ཐ་མར་མཛད་པ་ཅི། ཡང་བརྒྱད་ཀ་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པར་འཆད་པ་ལྟར་ན། དཀྱིལ་འཁོར་གཅིག་གི་དབུས་སུ་གཙོ་བོ་བརྒྱད་ཅིག་ཆར་དུ་འབྱུང་བ་དེ་ལྟ་བུའི་སྔགས་ལུགས་ཀྱི་མཐུན་དཔེ་གང་ན་ཡོད། ཡང་ཤེར་ཕྱིན་གཙོ་བོ་བྱེད་པ་ལྟར་ན། དེ་དེའི་དཀྱིལ་འཁོར་གྱི་གཙོ་བོ་བྱེད་པའི་ཁུངས་གང་ན་ཡོད། ཇི་སྐད་དུ། ཆོས་པོ་ཏི་ཡང་བཞུགས། ཞེས་པ་ཁུངས་ཡིན་ན་ནི། ཆོས་དཀོན་མཆོག་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་ནས། སངས་རྒྱས་དཀོན་མཆོག་འཁོར་དུ་འབྱུང་བ་དེ་ལྟ་བུའི་བཤད་པ་དང་མཐུན་དཔེ་གཞན་གང་ན་ཡོད། དེ་དུས་ཀྱི་ཆོས་པོ་ཏི་དེ་ཡུམ་ཤེར་ཕྱིན་གྱི་གླེགས་བམ་ཡིན་ནམ། མདོ་སྡེ་འདི་ཉིན་ཡིན། དང་པོ་ལྟར་ན་དེའི་ཤེས་བྱེད་ཀྱི་ཁུངས་གང་ན་ཡོད། གཉིས་པ་ལྟར་ན། ཡུམ་ཆེན་མོ་དཀྱིལ་འཁོར་གྱི་གཙོ་བོར་འཇོག་པ་དང་ཇི་ལྟར་འབྲེལ། དེ་ལྟར་མོད་ཀྱི་གླེགས་བམ་དེའི་བཞུགས་ས་ནི་གང་གི་ཐད་ན་བྱེད། སྨན་བླའི་ཕོ་བྲང་དུ་གྲགས་པ་དེའི་བཞུགས་ཚུལ་ལྟར་བྱེད་ན། དེ་བཞིན་གཤེགས་པ་བརྒྱད་ཞལ་ཕྱིར་བསྟན་པས་ཕྱིན་ཅི་ལོག་ཏུ་ཇི་ལྟར་མི་འགྱུར། བྲི་བྱ་ལ་དེ་ལྟར་བྱུང་ཀྱང་སྒོམ་དོན་ལ་དེ་བཞིན་གཤེགས་པ་བརྒྱད་ཀྱི་ཞལ་ནང་དུ་ཆོས་དཀོན་མཆོག་ལ་སྟོན་རྒྱུ་ཡིན་ན། དཀྱིལ་འཁོར་གྱི་གཙོ་བོ་ཆོས་དཀོན་མཆོག་གི་བསྒྲུབ་མཆོད་འཁོར་བརྒྱད་ཀྱི་ཐ་མར་འཆད་པ་ཅི། བསྟན་བཅོས་མཁན་པོས་དཀྱིལ་འཁོར་གྱི་གཙོ་བོ་ཆོས་དཀོན་མཆོག་གི་སྤྱན་འདྲེན་མ་བཤད་པར་འཁོར་རྣམས་ལ་སྤྱན་འདྲེན་བཤད་པའི་རྒྱུ་མཚན་ཅི། དེ་བཞིན་གཤེགས་པའི་བཀའ་ཞེས་སོགས་སུ། ཆོས་དཀོན་མཆོག་གི་སྒྲུབ་མཆོད་བསྟན་པར་འདོད་ན། དེའི་སྐབས་ཀྱི་ཆོས་དེ་ལུང་རྟོགས་ཆོས་དབྱིངས་གསུམ་པོ་གང་ལ་བྱེད། འདིར་མདོ་ལས། མདོ་སྡེ་དེ་ཉིད་ཞག་བཞི་བཅུ་རྩ་དགུར་ཀློག་ཅིང་མཆོད་པ་འབུལ་བར་བཤད་པ་ཡིན་པ་ལ། འདིར་དེ་བཞིན་གཤེགས་པའི་བཀའ་ཞེས་སོགས་ཚིག་རྐང་སྟོན་ནས་ཕྱག་མཆོད་ཀྱི་ཚིག་བརྗོད་པས། ཆོས་དཀོན་མཆོག་བསྒྲུབ་མཆོད་དུ་ཇི་ལྟར་འགྱུར། བར་གྱི་སྣམ་བུ་ལ་ཞེས་པའི་སྣམ་བུ་དེ་གང་ལ་བྱེད། ས་གཞི་བྱིན་གྱིས་བརླབ་པའི་ཚིག་འདི་མདོ་སྡེ་ལས་འབྱུང་བ་ཡིན་ནམ། བསྟན་བཅོས་མཁན་པོས་མཛད་པ་ཡིན། བྱིན་གྱིས་བརློབ་པའི་ཚེ་ས་གཞི་འདི་ཉིད་དེ་དང་དེའི་ངོ་བོར་བྱིན་གྱིས་བརློབ་པ་ཡིན་ནམ། ཞིང་གཞན་ཞིག་འདིར་འབྱུང་བར་སྨོན་ལམ་འདེབས་པ་ཡིན། གཉིས་པ་ལྟར་ན། སྐབས་འདིར་སའི་ལྷ་མོའི་སྟ་གོན་ལ་སོགས་པ་མི་དགོས་པའི་རྒྱུ་མཚན་ཅི། དེ་མི་དགོས་ན། ས་གཞི་བྱིན་རླབས་ཀྱི་ཚིག་འདི་དག་གིས་གསང་སྔགས་ལུགས་ཀྱི་དཀྱིལ་འཁོར་བསྟན་པར་འདོད་པ་དེ་དང་ཇི་ལྟར་འབྲེལ། ལུགས་དང་པོར་ལྟར་ན་ཡང་དཀྱིལ་འཁོར་བཞེངས་ཟིན་པའི་འོག་རོལ་ཏུ་དེར་བྱིན་གྱིས་བརློབ་པ་ཡིན་ནམ། དེར་བསླབས་ནས་དཀྱིལ་འཁོར་བཞེངས་པ་ཡིན། གཉིས་པ་ལྟར་ན། ས་བླང་བ་སོགས་ཅིའི་ཕྱིར་མི་དགོས། ཡང༌། མདོ་ལུགས་ཁོ་ན་ཡིན་པས་མི་འགལ་བ་འདོད་ན། གསང་སྔགས་ཀྱི་ཆོ་ག་ལ་མ་བརྟེན་པར་སྒྲུབ་པ་པོ་ཐ་མལ་པས་ཞིང་ཁམས་གཞན་གྱི་སངས་རྒྱས་ཞིང་འདིར་སྤྱན་འདྲེན་ཇི་ལྟར་ནུས། ཡང་བུམ་པ་སྟ་གོན་བཤད་པ་འདི་ལ་དགོས་པའི་ཁྱད་པར་ཅི་ཞིག་ཡོད། དུས་ཀྱི་ཁྱད་པར་ཞག་བདུན་ནས་ཞག་ཉི་ཤུ་རྩ་དགུའི་བར་གྱི་ངེས་པར་བཤད་པ་དང༌། ཚེས་བརྒྱད་ནས་ཟླ་བ་ཕྱི་མའི་བཅོ་ལྔ་བར་གྱི་ངེས་པ་བཤད་པ་དེའི་ཁྱད་པར་ཅི། སྤྱན་འདྲེན་གྱི་སྐབས་སུ་ལྷ་དམ་ཚིག་པ་བསྐྱེད་པ་ལ། ཡེ་ཤེས་པ་སྤྱན་འདྲེན་པ་ཡིན་ནམ། གདན་རྐྱང་པ་བསྐྱེད་པ་ལ་གཟུགས་ཀྱི་སྐུ་སྤྱན་འདྲེན་པ་ཡིན། དང་པོ་ལྟར་ན། བྱ་རྒྱུད་དུ་འགྲེལ་ཚུལ་ཇི་ལྟར་བྱེད། གཉིས་པ་ལྟར་ན། གཞལ་ཡས་ཁང་གི་ནང་དུ་དེ་སྐྱེད་ཟིན་ནས་འོག་ཏུ་སྤྱན་འདྲེན་གྱི་ཚིག་འབྱུང་བ་ཇི་ལྟར་ཡིན། ཡང་དེ་བཞིན་གཤེགས་པ་བདུན་གྱི་མཚན་བརྗོད་པ་དང༌། ཕྱག་འཚལ་ལན་བདུན་བདུན་ཁོ་ན་གྲངས་ངེས་པ་འདི་ལ་མདོ་སྡེའི་ཁུངས་གསལ་པོ་ཇི་ལྟར་ཡོང༌། བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས་འདི་ནི་སྨན་པའི་རྒྱལ་པོ་ཁོ་ནའི་གཟུངས་ཡིན་ནམ། བརྒྱད་ཀ་ཐུན་མོང་གི་གཟུངས་ཡིན། དང་པོ་ལྟར་ན། ཆོ་ག་འདི་སྔགས་ལུགས་སུ་བྱེད་པ་དེའི་ཚེ། དེ་བཞིན་གཤེགས་པ་བདུན་གྱི་དབང་དུ་བྱས་པའི་གཟུངས་སྔགས་གང་ཡིན། ཡང༌། ཨོཾ་བྷཻ་ཥ་ཛྱེ། ཞེས་པའི་གཟུངས་འདི་སྨན་པའི་རྒྱལ་པོའི་གཟུངས་སྔགས་ཡིན་པའི་མདོ་རྒྱུད་ཀྱི་ཁུངས་གསལ་པོ་གང་ན་ཡོད། སྐྱབས་གྲོལ་གྱི་སྐབས་སུ་སྐུ་གཟུགས་བདུན་བྱ་ཞེས་བཤད་པ་དེ་སྨན་པའི་རྒྱལ་པོ་ཁོ་ན་ཡིན་ནམ། སྤྱིར་དེ་བཞིན་གཤེགས་པ་བདུན་གྱི་སྐུ་ཡིན། ཡང་མཁན་པོས་མཛད་པའི་གཞུང་འདི་ན་ཆོ་ག་འདིའི་ཡན་ལག་ཏུ་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་པ་དང༌། དེའི་སྐུ་གཟུགས་བཞེངས་དགོས་པར་བཤད་པ་འདི་ལ། མདོ་སྡེའི་ཁུངས་གསལ་པོ་གང་ན་ཡོད། ཡང་མདོ་སྡེ་དེ་ན་ཆོ་ག་འདིའི་ཡན་ལག་ཏུ་མདོ་སྡེ་འདི་ཉིད་ལ་ཕྱག་འཚལ་བྱེད་པ་དང༌། མདོ་སྡེའི་དབང་པོ་འདི་ཞག་བཞི་བཅུ་རྩ་དགུར་བཀླགས་དགོས་པར་བཤད་ན། དེ་ལྟར་བྱེད་པ་ཆོ་ག་འདིའི་གཞུང་གི་ཆ་ཤས་གང་གིས་སྟོན། ཞག་བཞི་བཅུ་རྩ་དགུར་བཀླག་པར་བྱའོ། །ཞེས་བརྗོད་པ་ཙམ་གྱིས་ཀློག་པར་འགྱུར་རམ། ཀློག་མཁན་ཟུར་པ་གཅིག་དགོས་པ་ཡིན། ཡང་ཆོས་དཀོན་མཆོག་ལ་ཕྱག་མཆོད་བྱ་བའི་སྐབས་ཀྱི་ཆོས་དེ་ལུང་རྟོགས་གཉིས་ལས་གང་ཡིན། དང་པོ་ལྟར་ན། ལུང་ཙམ་པོའམ། མདོ་སྡེ་འདི་ཁོ་ན་ལ་བྱེད། ཡང་འཇམ་དཔལ་དང༌། སྐྱབས་འགྲོ་ལ་སོགས་པ་མདོ་སྡེའི་ཞུ་ལན་བྱེད་པ་པོ་གཞན་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱག་མཆོད་ཀྱི་ཡུལ་དུ་བཤད་ནས། ཀུན་དགའ་བོ་མི་འཆད་པའི་རྒྱུ་མཚན་ཅི། ཞག་བཞི་བཅུ་རྩ་དགུ་ལ་རྣམ་པར་ཤེས་པ་སླར་ལོག་ཅེས་པ་ཤི་ཟིན་པའི་རྣམ་པར་ཤེས་པ་སླར་ལོག་པ་ཡིན་ནམ། ཚེ་རིང་དུ་སོང་བ་གང་ཡིན། སྐྱབས་གྲོལ་གྱི་ངོས་འཛིན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བྱེད་པ་དག་ཡོད་ན། དེའི་ཤེས་བྱེད་ཅི། མདོ་རྒྱུད་ཀྱི་གླེགས་བམ་གཞན་ན་སྐྱབས་གྲོལ་གྱི་མིང་ཅན་བཤད་པ་ཡོད་དམ་མེད། དེ་སྐད་འདི་ནི་པཎ་ཆེན་གྱི། །ཆོ་གའི་གཞུང་གིས་དངོས་བསྟན་དང༌། །མདོ་ལས་འབྱུང་བ་སྒྲིག་པའི་ཚུལ། །ཇི་བཞིན་ཤེས་པའི་ཕྱིར་དྲིས་ཀྱི། །ཆོ་གའི་གཞུང་ལ་སྐྱོན་བརྗོད་དང༌། །གཞན་དག་ཁྱད་དུ་གསོད་ཕྱིར་མིན། །དེ་ལྟར་ཤེས་ན་བཀླགས་ཙམ་གྱིས། །དོན་གྲུབ་ཆོ་ག་ཡིད་འོང་འདི། །མི་ཤེས་གཏམ་གྱིས་མ་བསླད་པར། །ཆོ་གའི་གཞུང་བཞིན་ཀློག་པར་མཛོད། །ནམ་ཡང་བསྣན་པར་མི་བྱ་སྟེ། །ཕྲི་བས་ཆོག་པ་དུ་མ་སྣང༌། །སྨན་རྒྱལ་ཁོ་ན་མཆོད་པའི་ཚུལ། །སྐྱབས་གྲོལ་ཞབས་ཀྱིས་བཤད་པ་བཞིན། །དེ་སྐད་འདི་ཡང་ཤཱཀྱ་ཡི། །དགེ་སློང་མཆོག་ལྡན་ལེགས་པའི་བློས། །གཡས་རུ་མཛད་ཀྱི་མཐོང་སྨོན་ནས། །ཕྱོགས་བརྒྱར་སྤྲིངས་པའི་ཡི་གེའོ།། །།བྷ་ཝནྟུ།། ༈ །།བྱང་པ་བདག་པོ་རྣམ་རྒྱལ་གྲགས་པ་ལ་བདེ་གཤེགས་སྙིང་པོ་སྨན་དཔྱད་དུས་འཁོར་གསུམ་གྱི་དྲི་བ། ༄། །ན་མོ་ཝཱ་གི་ཤྭ་ར་ཡ། བདེ་བར་གཤེགས་པའི་སྙིང་པོ་ལ་ཆོས་ཀྱི་སྐུས་ཁྱབ་ལགས་ན། ཐེག་པ་ཆེན་པོ་རྒྱུད་བླ་མར། དེ་ལ་ཆོས་ཀྱི་སྐུ་ཡིན་མིན་གསུམ་དུ་ཕྱེ་བ་དེ་ཇི་ལྟར་ལགས། ཐམས་ཅད་ཀྱང་ཆོས་སྐུ་ལགས་ན། ཆོས་ཀྱི་སྐུ་གསུམ་གྱི་གྲངས་ངེས་མཛད་པར་ཇི་ལྟར་དྲང༌། སྙིང་པོ་ལ་དོན་དམ་པའི་བདེན་པས་ཁྱབ་ན། སངས་རྒྱས་ཀྱི་སྐུ་གསུམ་ཀ་དང་གསུང་རབ་ཡན་ལག་བཅུ་གཉིས་ཀྱང༌། སྙིང་པོར་བཤད་པ་དེ་ཇི་ལྟར་དྲང༌། དེ་དག་ཀྱང་ངེས་དོན་གྱི་དབང་དུ་མཛད་ལགས་ན། སྐུ་ཕྱི་མ་གཉིས་ཀུན་རྫོབ་པའི་སྐུར་བཤད་པ་དེ་ཇི་ལྟར་དྲང༌། སྙིང་པོ་ལ་རྟག་བརྟན་གྱིས་ཁྱབ་ན་རྒྱས་འགྱུར་གྱི་རིགས་སྙིང་པོར་བཤད་པ་ཇི་ལྟར་དྲང༌། དེ་དེར་མི་བཞེད་ན། སྙིང་པོ་དགུ་ཡི་གྲངས་ངེས་པ་ཇི་ལྟར་དྲང༌། ཡང་སོ་སོར་བསྡུད་པའི་སྟོབས་ཀྱིས་མངོན་སུམ་དུ་མཐོང་བའི་དོན་དེ་དག་སྙིང་པོ་དངོས་ཡིན་ན། བསམ་གཏན་མ་ཐོབ་བར་དེ་མངོན་སུམ་དུ་མཐོང་བ་ཡོད་པར་འགྱུར། དེ་ལྟ་ན། འཕགས་པ་མིན་པས་དེ་མངོན་སུམ་དུ་མི་མཐོང་བར་བཤད་པ་དེ་ཇི་ལྟར་དྲང༌། ཆོས་ཀྱི་སྐུ་མཚན་ཉིད་པས་ས་གནས་པའི་མ་མཐའི་ས་མཚམས། ས་དང་པོ་ནས་འཛིན་པར་གསུངས་པ་དེས། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐུ་མཚན་ཉིད་པས་ཁྱབ་པར་བཞེད་པ་ལ་ཇི་ལྟར་མི་གནོད། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་གསར་པ་དེ། སྙིང་པོར་མི་བཞེད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་མངའ་བའི་སྙིང་པོ་ཞིག་ཡོད་པར་གསུངས་པ་དེ་ཇི་ལྟར་དྲང༌། ཞེས་པ་འདི་རྣམས། རྒན་རབས་གཞན་གྱིས་དཔྱད་པ་མཛད་པ་མ་མཐོང་བས། ཐོག་མར་དེ་ཙམ་ཞིག་ཞུའོ། །ཡང་སྨན་དཔྱད་ཀྱི་རྒྱུད་སྡེ་བཞི་པོ། སངས་རྒྱས་ཀྱི་བཀའ་ཉིད་དུ་བཞེད་པ་འདྲ་ལགས་ན། སློབ་དཔོན་དཔའ་བོའི་སྡེས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌། དེའི་འགྲེལ་པ་ཟླ་བ་ལ་མངོན་པར་དགའ་བས་མཛད་པ་དེར། རྒྱུད་བཞི་སྤྱི་དང་སོ་སོའི་མིང་ཙམ་དང༌། དེ་ནས་ཁུངས་སུ་དྲངས་པའི་ལུང་གསལ་པོ་ཅུང་ཟད་ཀྱང་མི་འབྱུང་བ་དེ་ཇི་ལྟར་ལགས། ཁུངས་ཐུབ་ཀྱི་བསྟན་བཅོས་དེ་དང་དེར། སྨན་དཔྱད་ཀྱི་བྱུང་ཚུལ་འཆད་པ་ན། ཚངས་པས་སྐྱེས་དགུའི་བདག་པོ་སོགས་ཕྱི་རོལ་པའི་དྲང་སྲོང་རྣམས་ཁོ་ན་ལ་བརྒྱུད་པའི་ཚུལ་བཤད་ནས། སངས་རྒྱས་ཀྱི་གསུངས་ཚུལ་མདོ་ཙམ་མི་འཆད་པའི་རྒྱུ་མཚན་ཅི་ལགས། དེའི་དུས་ཀྱི་ཚངས་པ་དེ་རྒྱལ་བ་ཉིད་ཡིན་ན། རིག་བྱེད་ཀྱི་བསྟན་བཅོས་ཆ་ཤས་སུ་གྱུར་པའི་ཚེའི་རིག་བྱེད་མཛད་པ་པོ་ཡང༌། རྒྱལ་བ་ཉིད་དུ་ཞལ་གྱིས་བཞེས་དགོས་པས། རང་རེའི་སྟོན་པ་འདིས་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་གོང་དུ་རིག་བྱེད་བཞི་ཡོད་པར་གསུངས་པ་དེ་ཇི་ལྟར་དྲང༌། ཡང་བཀའ་ནི་བཀླགས་པ་ཙམ་གྱི་གོ་བར་ནུས་ལ། བསྟན་བཅོས་ལ་ནི་རྒྱ་འགྲེལ་མེད་པར་གོ་བར་མི་ནུས་པས། བཀའ་དང་བསྟན་བཅོས་ཀྱི་གོ་རིམ་བཟློག་པར་མི་འགྱུར་བ་དེ་ཇི་ལྟར་ལགས། བསྟན་བཅོས་དེ་ཉིད་ཕྱི་རོལ་པའི་ཡིན་པར་བཞེད་ན། ཕྱི་ནང་གི་གསོ་དཔྱད་ཀྱི་ཁྱད་པར་དེ་གང་ལགས། གང་ལ་མེད་པའི་ལེགས་བཤད་ཀྱི་ཁྱད་པར་དེ་ལ་ཇི་ཙམ་ཞིག་ཡོད་ཅེས། ཐོག་མར་འདི་ཙམ་ཞིག་ཞུས་ནས། བཀའ་སྩལ་པའི་ལན་ལ་བརྟགས་ཏེ་ཞིབ་པར་རྗེས་སུ་ཞུ་འཚལ་ལོ། །དེ་ནས་ཞུ་བའི་དོན་གསུམ་པ་ནི། ཇི་སྐད་དུ། ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དང་ཁྱིམ་རྣམས་བྱེད། །ཅེས་གསུངས་པའི་དོན་ལ། འགྲེལ་པ་ལས་རྒྱས་པར་གསུངས་པ་དེ་རྣམས་སྒྲ་ཇི་བཞིན་པ་མིན་པར་འདྲ་ལགས་ཏེ། མངོན་སུམ་དང་འགལ་བའི་དོན་གསུམ་ཚན་ཞིག་ཡོད་པར་གོ་ལགས་སོ། །ཇི་ལྟར་ཞེས་བཀའ་སྩལ་ན། ཟླ་བའི་ཉ་སྐར་དང་མི་མཐུན་པ་དང༌། ཉི་མའི་འཆར་ས་དང་མི་མཐུན་པ་དང༌། ཉི་མ་ཁྱིམ་ལ་གནས་ཚུལ་དང་མི་མཐུན་པའོ། །དང་པོ་ནི། ས་དུམ་བུ་བཅུ་གཉིས་སུ་ས་གའི་ཟླ་བ་དང༌། སྣྲོན་གྱི་ཟླ་བ་དང༌། ཆུ་སྟོད་ཀྱི་ཟླ་བ་སོགས་བཅུ་གཉིས་པོ་དུས་ཅིག་ཆར་དུ་འབྱུང་ན། ཞག་གཅིག་ལ་ཉ་སྐར་བཅུ་གཉིས་པོ་ལྷན་ཅིག་ཏུ་ཚོགས་དགོས་པར་འགྱུར་རོ། །གལ་ཏེ་འགྱུར་གྱིས་ནོངས་པར་ཞལ་གྱིས་བཞེས་ན། ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ཀྱིས་མཛད་པའི་བི་བརྟའི་ནང་ན། སྐར་མ་བཅུ་གཉིས་ཀྱི་སྐད་དོད་ཁོ་ན་སྣང་གི དཔྱིད་ཟླ་འབྲིང་པོ་ལ་སོགས་པའི་སྐད་དོད་མི་བཞུགས་པས་ཇི་ལྟར་ལགས། གཉིས་པ་ནི། ལྷོ་འཛམ་བུ་གླིང་གི་ལྷོ་བགྲོད་མཐར་ཐུག་གི་ཉི་མ་འཆར་ས་དང༌། གླིང་དེའི་བྱང་བགྲོད་མཐར་ཐུག་པའི་ཉི་མ་འཆར་ས་གཅིག་པར་འགྱུར་ཏེ། ཤར་གླིང་དབུས་མའི་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི། ཉི་མ་ཕྱེད་པའི་ས་ཚོད་གཅིག་པའི་ཕྱིར། ཡང་དེའི་དུས་ཀྱི་ཉི་མ་ནུབ་ས་གཉིས་གཅིག་པར་འགྱུར་ཏེ། ནུབ་གླིང་དབུས་མའི་སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་མ་ཕྱེད་པའི་ས་ཚོད་གཅིག་ཡིན་པའི་ཕྱིར། ཡང་ལྷོ་གླིང་དབུས་མའི་དུས་དེ་གཉིས་ཀྱི་ཉི་མ་ཕྱེད་དུས་ཀྱི་ནམ་མཁའི་ས་ཚོད་གཅིག་པར་འགྱུར་ཏེ། ཤར་གླིང་དབུས་མའི་ཉིན་མཚན་མཉམ་པའི་དུས་ཀྱི། ཉི་མ་ནུབ་ས་གཅིག་པ་དང༌། ནུབ་གླིང་དབུས་མའི་དུས་དེ་གཉིས་ཀྱི་ཉི་མ་འཆར་ས་གཅིག་པའི་ཕྱིར། ཐལ་བ་དེ་གསུམ་གྱི་རྟགས་དང་ཁྱབ་པ་ཁས་བླངས། ཆོས་ཅན་གྱི་སྟེང་དུ་ཐལ་ཆོས་ལ་མངོན་སུམ་གྱི་ཚད་མའི་བསལ་བ་ཞུགས་སོ། །གསུམ་པ་ནི། ལྷོ་གླིང་དབུས་མར་དགུན་ཉི་ཟློག་པའི་ཉིན་མཚན་དེ་ལ། བྱང་གླིང་དབུས་མར་དབྱར་ཉི་ཟློག་པ་ཡིན་ན། བྱང་གླིང་དབུས་མ་དེ་ཆོས་ཅན། སྐར་མ་ཆུ་སྟོད་ཀྱི་སྟེང་དུ་གནས་ཤིང༌། གཞུའི་ཁྱིམ་དུ་དབྱར་ཉི་ཟློག་པར་ཐལ། གནས་དང་དུས་དེ་ལྷོ་གླིང་དབུས་མའི་དགུན་ཉི་ཟློག་པ་གང་ཞིག དེ་དང་ཁྱོད་དུ་དབྱར་ཉི་ཟློག་པ་དུས་མཉམ་ཡིན་པའི་ཕྱིར། རྟགས་དང་པོ་མངོན་སུམ། གཉིས་པ་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་བ་ལ་མངོན་སུམ་གྱི་བསལ་བ་ཞུགས་སོ། །ཇི་ལྟར་བྱང་གླིང་དབུས་མའི་དབྱར་གྱི་ཉི་མ་དེ་ལྷོ་བགྲོད་མཐར་ཐུག་ནས་ཟློག་པར་ཐལ། སྐར་མ་ཆུ་སྟོད་ཀྱི་སྟེང་དུ་ཟློག་པ་གང་ཞིག དེ་བྱང་གླིང་དབུས་མའི་ལྷོ་སྐར་མཐར་ཐུག་ཡིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་མངོན་སུམ་གྱིས་བསལ། རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། དེའི་ལྷོ་སྐར་མཐར་ཐུག་ཡིན་ཏེ། ཉི་མ་ལ་ལྟོས་པའི་ལྷོ་བགྲོད་མཐར་ཐུག་གི་ས་ནས་ཤར་ཏེ། ས་དེར་ནུབ་པའི་ཕྱིར། དེར་ནུབ་པ་ཡིན་ཏེ། ལྷོ་གླིང་དབུས་མའི་ལྷོ་བགྲོད་མཐར་ཐུག་ནས་ཤར་བའི་ཕྱིར། ཡང་བྱང་གླིང་དབུས་མ་དེར་ཆོས་ཅན། སྐར་མ་ལག་གི་སྟེང་དུ་ཉི་མ་གནས་ཤིང༌། འཁྲིག་པའི་ཁྱིམ་དུ་དགུན་ཉི་ཟློག་པར་ཐལ། གནས་དུས་དེར། ལྷོ་གླིང་དབུས་མར་དབྱར་ཉི་ཟློག་པ་གང་ཞིག དེ་དང་ཁྱོད་དུ། དགུན་ཉི་ཟློག་པའི་དུས་མཉམ་པའི་ཕྱིར། རྟགས་སྔ་མ་མངོན་སུམ། གཉིས་པ་ཁས་བླངས། ཐལ་བ་ལ་མངོན་སུམ་དང་ཁས་བླངས་ཀྱི་བསལ་བ་ཞུགས་སོ། །མངོན་སུམ་གྱི་བསལ་བ་ཞུགས་ཚུལ་ནི་སྔ་མ་དང་འདྲ་ལ། གཉིས་པ་ནི། གཞུའི་རྣམ་པའི་དུས་ཁྱིམ་དག་ལ་ཞེས་སོགས་ཀྱིས་ནག་པ་ནས་ནམ་གྲུའི་བར་གྱི་སྐར་མ་ཕྱེད་དང་བཅུ་བཞི་ལྷོ་ཕྱོགས་སུ་གཞུའི་རྣམ་པར་གནས་ཤིང༌། ཆུ་ལས་བདུན་ཁྲི་ལྔ་སྟོང་འཕགས་པ་དང༌། ཐ་སྐར་ནས་ནག་པའི་ཕྱེད་ཀྱི་བར་གྱི་སྐར་མ་ཕྱེད་དང་བཅུ་བཞི་པོ་དེ། བྱང་ཕྱོགས་སུ་པད་འདབ་བཟང་པོ་བཞིན་དུ་གནས་པ་དང༌། སའི་སྟེང་ནས་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་འཕགས་པར་གསུངས་སོ། །ཞེས་རྣམ་པར་དཔྱད་པའི་ཞུས་ལེན་བཀའ་སྩལ་དུ་གསོལ། འདིར་ཞུས་ཅི་གསུངས་བརྟག་པའི་ཕྱིར་མིན་ཏེ། །ཁྱད་དུ་གསོད་པའི་ཕྱིར་དུ་ཡིན་རེ་སྐན། །རྩོད་ཙམ་ལྷུར་ལེན་དག་གིས་ཅི་ཞིག་བྱ། །གངས་ཅན་འདི་ན་ཆེན་པོར་རློམ་རྣམས་ཀྱང༌། །དཔྱོད་ལྡན་མང་དུ་གསན་པ་འགའ་མི་སྣང༌། །ཁུངས་མེད་རྟོག་གེའི་ཚིག་སྦྱོར་གྱིས་ཁེངས་ཏེ། །རིག་གནས་བདུད་རྩི་ཤོང་བའི་སྣོད་མ་གྱུར། །མང་དུ་གསན་ཁྱོད་དྲི་བའི་ཡུལ་དུ་ཁུམས། །ཆོས་ཀྱི་འབེལ་གཏམ་ཡིད་འོང་པདྨོའི་ཕྲེང༌། །སྙན་གྲགས་ནོར་བུའི་མདངས་དང་ལྷན་ཅིག་ཏུ། །དོན་གཉེར་རྣམ་དཔྱོད་གསལ་བའི་མེ་ལོང་ལ། །ནམ་ཡང་རྟག་ཏུ་གསལ་བར་འཆར་གྱུར་ཅིག །ཅེས་ཡུལ་དབུས་ཀྱི་ཐོས་པ་འཛིན་པའི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། མངའ་རིས་སྨད་ཀྱི་སའི་ཐིག་ལེ་ནས་བྱང་ངམ་རིངས་ཡིད་བཞིན་གྱི་མཚོ་ཆེན་པོའི་འགྲམ། མ་ལ་ཡའི་སྐྱེད་མོས་ཚལ་གྱི་ངོགས། དཔལ་ཀཱ་ལ་པའི་ཕོ་བྲང་མཐོན་པོའི་དབུས་སུ། རིགས་ལྡན་ཆོས་ཀྱི་རྒྱ་མཚོ་རྣམ་རྒྱལ་གྲགས་པ་བཟང་པོའི་དྲུང་དུ་གུས་པར་ཕུལ་བའི་ཞུ་ཡིག། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply