ཚད་མའི་མདོ་དང་གཞུང་ལུགས་སྡེ་བདུན་གྱི་དེ་ཁོ་ན་ཉིད་བསྡུས་པ། ཁ ༽

འགལ་བ་ལྷག་ལྡན་གཉིས་སོ། །དེ་དེས་མ་བསྡུས་པ་ཡིན་ཏེ། སྔར་གྱི་མཚན་ཉིད་དགུ་པོ་དེ་དག་གང་ཡང་མ་ཚང་བའི་ཕྱིར། འོ་ན་ཕྱོགས་གཉིས་ཀ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཡང་དགུ་པོ་འདིས་ཇི་ལྟར་བསྡུས་ཤེ་ན། འདི་ནི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང་དོན་གཅིག་པའི་ཕྱིར་དེས་བསྡུས་པར་འཐད་དོ། །གཉིས་པ་གཞན་གྱི་ལུགས་མི་འཐད་པ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་འཁོར་ལོ་ཞེས་བྱ་བའི་གཞུང་དེ་ནི་ཡང་དག་པ་མ་ཡིན་ཏེ། བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་དང་མི་མཐུན་པའི་ཕྱིར་དང༌། ནོར་བ་དུ་མ་སྣང་བའི་ཕྱིར། ཇི་ལྟར་མི་མཐུན་ཞེ་ན། ཕྱོགས་ཀྱི་གླང་པོའི་གཞུང་དང་མི་མཐུན་ཏེ། རེའུ་མིག་གི་འགོད་ཚུལ་མདོའི་རང་འགྲེལ་དང་མི་མཐུན་པའི་ཕྱིར་དང༌། རྒྱན་དང་ཡ་མཱ་རའི་གཞུང་འགའ་ཞིག་གསལ་བར་བྲིས་པའི་ཕྱིར། ནོར་བ་ཇི་ལྟར་ཡོད་ཅེ་ན། ཐེ་ཚོམ་ཟ་བའི་མ་ངེས་པའི་དཔེར་བརྗོད་ལོགས་སུ་བྲིས་པའི་ཕྱིར་དང༌། འགལ་མ་ངེས་གཉིས་ལ་མཐུན་དཔེ་དང་མི་མཐུན་དཔེ་གཉིས་གཉིས་བྲིས་པའི་ཕྱིར་དང༌། གཏན་ཚིགས་དེ་གཉིས་ཡིན་ངོ་ཤེས་པ་མཐུན་སྣང་དུ་གྲུབ་པར་བྱས་ནས་མཐུན་དཔེ་འགོད་པ་རྟོག་གེའི་གཞུང་ན་མེད་པའི་ཕྱིར་དང༌། རྡུལ་ཕྲན་རྟག་པའི་མཚན་གཞིར་བཤད་ཅིང༌། དེ་འདྲ་བྱེ་བྲག་པའི་འདོད་པ་ཡང་མ་ཡིན་པའི་ཕྱིར་དང༌། དེ་རེག་བྱ་ཅན་མ་ཡིན་པའི་མཚན་གཞིར་བཤད་ཅིང༌། དེ་ཡང་དེའི་འདོད་པ་མ་ཡིན་པའི་ཕྱིར། ཡང་རིག་སྒྲ་རྩོལ་བྱུང་གིས་མི་རྟག་པ་སྒྲུབ་པའི་ཤེས་འདོད་ཆོས་ཅན་དུ་འཛིན་པ་ཡང་ནོར་བ་ཡིན་ཏེ། རིག་བྱེད་པའི་ངོར་རྟགས་དེའི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་དང༌། མི་རྟག་ན་ནི་རྩོལ་བྱུང་ཕྱིར། །ཞེས་པའི་འཕྲོས་ལས་ཤེས་པའི་ཕྱིར། ཡང༌། བྱས་པའི་རྟགས་ཀྱིས་མི་རྟག་པར་སྒྲུབ་པ་ལ་རིག་བྱེད་ཀྱི་སྒྲ་ཆོས་ཅན་དུ་འཛིན་པ་ཡང་མ་ཤེས་པ་ཡིན་ཏེ། རིག་སྒྲ་མི་རྟག་པར་སྒྲུབ་དགོས་ཀྱི་རིག་བྱེད་པ་དེས་རིག་སྒྲ་མ་བྱས་པར་འདོད་པའི་ཕྱིར། ཡང་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པའམ། རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་མེད་པར་འདོད་པ་དང༌། གཞུང་དེ་ཚད་མར་འདོད་པར་འགལ། ཡང༌། སྐབས་དེ་ནས་བཤད་པའི་དཔེ་དེ་ལྟར་སྣང་ཡིན་ན་ནི། སྐབས་ཀྱི་དགོས་པ་དོར་ལ། ཡང་དག་ཡིན་ན་ནི། ཁྱབ་པ་ངེས་པའི་ལྟོས་གཞི་སྐྱོན་མེད་དུ་ཐལ་ལོ། །ཡང་གཞུང་དེར། རྗེས་སུ་དཔག་པར་བྱ་བ་ལ། །ཡོད་དང་མེད་དང་གཉིས་ཀ་ཡི། །ཞེས་བཤད་པ་དེ་ཡང་འཐད་པ་མ་ཡིན་ཏེ། མཐུན་ཕྱོགས་ལ་རྗེས་སུ་དཔག་བྱའི་སྒྲ་སྦྱར་བ་ཡབ་སྲས་གཉིས་ཀྱི་གཞུང་ན་མེད་པའི་ཕྱིར་རོ། །དེ་ལྟར་ན། གང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་ན། དེའི་བསྒྲུབ་བྱ་ཡང་དག་ཡོད་པས་ཁྱབ། གང་བསྒྲུབ་བྱ་ཡང་དག་དང་ལྡན་པའི་ཆོས་ཅན་གྱི་སྟེང་དུ་ཐ་དད་པར་གྲུབ་པའི་གཏན་ཚིགས་ཡིན་ན། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པས་ཁྱབ་སྟེ། ཤེས་འདོད་ཆོས་ཅན་མ་གྲུབ་པའི་གཏན་ཚིགས་རྣམས་ལ་བསྒྲུབ་བྱ་མི་འབྱུང་བའི་ཕྱིར། འོ་ན་ཇི་སྐད་དུ། རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། །ཞེས་ཤེས་འདོད་ཆོས་ཅན་མེད་པ་ལ་བསྒྲུབ་བྱ་ཡང་དག་བཤད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། དེ་ནི་རློམ་ཚོད་ཀྱི་ཆོས་ཅན་མེད་པ་ལ་བསམ་པ་ཡིན་ལ། བསྒྲུབ་བྱ་ཡང་དག་ཡིན་ན་སོང་ཚོད་ཀྱི་ཆོས་ཅན་ཡོད་དགོས་ཏེ། གཙོ་བོ་ཡོད་པ་མ་ཡིན་པར་སྒྲུབ་པའི་སོང་ཚོད་ཀྱི་ཤེས་འདོད་ཆོས་ཅན་ཡོད་པར་གཞུང་ཉིད་ལས་གསལ་བར་གསུངས་པའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་བསྒྲུབ་བྱ་གོ་བྱེད་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་གནས་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལྟར་གཞན་རྗེས་སུ་འཛིན་པའི་ཐབས་བཤད་ཟིན་ནས། གཉིས་པ་རྗེས་སུ་བཟུང་ནས་གཞལ་བྱའི་གནས་གསུམ་ལ་མཁས་པར་བྱ་བ་ལ་གསུམ་སྟེ། གཞལ་བྱ་ཙམ་གཏན་ལ་འབེབས་བྱེད་ཚད་མ་བཤད། མངོན་གྱུར་གཏན་ལ་འབེབས་བྱེད་མངོན་སུམ་བཤད། ལྐོག་གྱུར་གཏན་ལ་འབེབས་བྱེད་རྗེས་དཔག་བཤད་པའོ། །དང་པོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག་མཐུན་པར། རང་གི་གཞལ་བྱ་ལ་གསར་དུ་མི་སླུ་བའི་རིག་པའོ། །ཞེས་ཟེར་ཞིང༌། དེའི་གོ་དོན་ཡང་དེ་གསར་དུ་རྟོགས་པ་ལ་འཆད་དོ། །འདི་མི་འཐད་པ་ལ་གསུམ་སྟེ། ལུང་མེད་པ། རིགས་པ་དང་འགལ་བ། ཁས་བླངས་པ་དང་འགལ་བས་གནོད་པའོ། །དང་པོ་ནི། མི་སླུ་བའི་དོན་རྟོགས་པ་ལ་འཆད་པའི་གཞུང་མེད་ཅིང༌། མི་སླུ་བ་དང་མ་ཤེས་དོན་གསལ་གཉིས་ཀྱི་རྣམ་དབྱེ་འཆད་པའི་སྐབས་སུ། ཡུལ་གྱི་མི་སླུ་བ་དང༌། ཡུལ་ཅན་གྱི་མི་སླུ་བ་གཉིས་ཀྱི་གོ་དོན་ཐ་དད་དུ་གསུངས་པའི་གཞུང་རྣམས་དང་འགལ་ལོ། །གཉིས་པ་ནི། ཤིང་གི་སྤྱི་འཛིན་རྟོག་བློ་དང༌། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་དང༌། སྤྱི་དང་གཞི་མཐུན་གྱི་ཐ་སྙད་བྱེད་པའི་རྟོག་པ་དོན་མཐུན་རྣམས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། དེ་ཡིན་ཏེ། རང་གི་འཇུག་ཡུལ་རང་མཚན་སྔར་མ་ཐོབ་གསར་དུ་འཐོབ་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། དེ་སྐད་དུ། དོན་ལ་མི་སླུ་ཡོད་པར་འདོད། །ཅེས་དང༌། གང་ལ་དངོས་དང་འབྲེལ་ཡོད་པ། །དངོས་པོ་རྙེད་པའི་རྟེན་ཡིན་ཏེ། །ཞེས་དང༌། ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གསུངས་སོ། །ཡང་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་དང༌། ཚུལ་གསུམ་འཇལ་བའི་ཚད་མ་རྣམས་ཆོས་ཅན། སྒྲ་མི་རྟག་པར་རྟོགས་པར་ཐལ། དེ་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡི་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །ཞེས་རྟགས་ཀྱི་བློ་བསྒྲུབ་བྱ་ལ་མི་སླུ་བར་བཤད་པའི་ཕྱིར། ཡང་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་པ་རང་མཚན་རྟོགས་པར་ཐལ། དེ་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། དངོས་སུའམ། ཤུགས་ལ་ཡིན། དང་པོ་ལྟར་ན། དེ་ཆོས་ཅན། མངོན་སུམ་དུ་ཐལ། རང་མཚན་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། གསུམ་པ་ནི། གཞལ་བྱ་ལ་མི་སླུ་བ་དང༌། གཞལ་བྱ་རྟོགས་པ་གཉིས་ཕན་ཚུན་བརྟེན་པ་ཡིན་པར་ཐལ། རྟོགས་པའི་གོ་དོན་ཡང་མི་སླུ་བ་ལ་བྱེད་པར་ཚད་འབྲས་ཀྱི་སྐབས་སུ་ཁྱེད་ཅག་གིས་ཁས་བླངས་པའི་ཕྱིར། ཚད་མ་དང་གཞལ་བྱ་གཉིས་ཀྱང་རྟོགས་པ་ཕན་ཚུན་བརྟེན་པར་ཐལ། གཞལ་བྱའི་མཚན་ཉིད་ཀྱང་ཚད་མས་རྟོགས་པ་ལ་བྱེད་པར་ཁྱེད་ཅག་གིས་ཁས་བླངས་པའི་ཕྱིར། རྗེས་སུ་དཔག་པའི་ཚད་མ་ཐམས་ཅད་ཆོས་ཅན། རང་གི་གཞལ་བྱ་སྤྱི་མཚན་དེ་ལ་མི་སླུ་བར་ཐལ། དེ་རྟོགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེའི་འཇུག་ཡུལ་དུ་ཐལ། དེ་ཁྱོད་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེས་དེ་མ་རྟོགས་ན་གཞན་སུ་ཞིག་གིས་རྟོགས་པ་ཡིན། དེའི་གཞལ་བྱ་སྤྱི་མཚན་མེད་ན། སྤྱི་མཚན་ཚད་མ་གང་གི་གཞལ་བྱ་ཡིན། མངོན་སུམ་གྱིའོ་སྙམ་ན། གཞལ་བྱ་ཐམས་ཅད་མངོན་སུམ་གྱིས་འཇལ་ཐུབ་ན། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་ཁྱབ་འབྲེལ་དང༌། ཚད་མ་མངོན་སུམ་གཅིག་པུར་འདོད་པ་འགོག་པའི་རིགས་པ་ཁྱེད་ལ་འཆད་རྒྱུ་མེད་དོ། །དེ་ཡང་འདི་ལྟར། མངོན་སུམ་ཆོས་ཅན། རྟོག་པར་ཐལ། ལྐོག་གྱུར་འཇལ་བའི་ཚད་མ་ཡིན་པའི་ཕྱིར། སྤྱི་མཚན་ཆོས་ཅན། མངོན་སུམ་ཁྱོད་ལ་སྣང་འཇུག་ཏུ་ཐལ། ཁྱོད་མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར། གཞན་ཡང༌། ཆོས་གཅིག་ལ་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པར་འགྱུར་ཏེ། རང་གི་གཞལ་བྱ་གསར་དུ་རྟོགས་ན་ཚད་མ་ཡིན་དགོས་པའི་ཕྱིར། འདོད་ན། སྒྲ་རྟག་འཛིན་གྱི་རྟོགས་པས་མ་ངེས་སོ། །གཉིས་པ་རང་གི་ལུགས་ནི། གཞལ་བྱ་དེ་གསར་དུ་དཔྱད་ཅིང་དཔྱད་པ་དང་མཐུན་པའི་འཇུག་ཡུལ་རང་མཚན་ལ་མི་སླུ་བའི་རིག་པ་དེ། འཇུག་ཡུལ་དེ་ལ་ཚད་མ་ཡིན་པའི་མཚན་ཉིད། ཡང་ན་མི་སླུ་བའི་རིག་པ་དང་མ་ཤེས་དོན་གསལ་གཉིས་ཀྱི་ཚོགས་དོན་དེ། ཚད་མའི་མཚན་ཉིད། གཉིས་པ་དབྱེ་བ་ལ། གཞལ་བྱའི་སྒོ་ནས་དབྱེ་ན། མངོན་རྗེས་གཉིས། འཇུག་ཡུལ་ལ་ངེས་པ་འདྲེན་ཚུལ་གྱི་སྒོ་ནས་དབྱེ་ན། རང་ངེས་དང༌། གཞན་ངེས་གཉིས། དང་པོ་འོག་ཏུ་འཆད་ཅིང༌། གཉིས་པ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ་གཞན་གྱི་ལུགས་མི་འཐད་པ་ནི། སྔ་རབས་པ་ཁ་ཅིག མཚོན་བྱ་ཚད་མའི་ཐ་སྙད་ལ་ངེས་པ་འདྲེན་ཚུལ་ལས་འབྱེད་པ་དང༌། བར་གྱི་སློབ་དཔོན་རྣམས་གཞལ་བྱ་ལ་ངེས་པ་འདྲེན་ཚུལ་ལས་དང༌། ཕྱི་རབས་པ་ཁ་ཅིག ཚད་མ་གང་ཞིག རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེང་ན་གནས་པ་དེ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་དང༌། དེ་གང་ཞིག དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པར་ཚད་མ་གཞན་ལས་ངེས་དགོས་པ་དེ་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་དོ་ཞེས་ཟེར་ཞིང༌། དེའི་ཤེས་བྱེད་ཀྱང༌། རྣམ་པར་ངེས་པ་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། །ཅེས་གསུངས་པས་སོ། །ཞེས་འཆད་པ་དེ་དག་ནི་མ་ཤེས་པ་ཡིན་ཏེ། ལུང་གི་དོན་མ་ཡིན་པ་དང༌། ཁས་བླངས་ནང་འགལ་བས་སོ། །དང་པོ་ནི། ལུང་དེ་ནི་འཇུག་ཡུལ་ལ་མི་སླུ་བའི་རྟགས་ཀྱིས་མངོན་སུམ་ཚད་མར་སྒྲུབ་པའི་སྐབས་ཡིན་གྱི། མི་སླུ་བ་ལ་ངེས་པ་འདྲེན་ཚུལ་སྟོན་པའི་གཞུང་མ་ཡིན་པའི་ཕྱིར་དང༌། གཞུང་དེར་ལས་ཞེས་རྣམ་དབྱེ་ལྔ་པ་ཡོད་པ་ཡིན་གྱི། ལ་ཞེས་རྣམ་དབྱེ་གཉིས་པ་ཡོད་པ་མ་ཡིན་པའི་ཕྱིར་དང༌། ཁྱེད་ཀྱིས་གཞལ་བྱ་དང་འཇུག་ཡུལ་གཉིས་ཁྱབ་ཆེ་ཆུང་གི་ཁྱད་མ་ཕྱེད་པས་ནོངས་པའི་ཕྱིར། གཉིས་པ་ནི། ཁྱེད་རང་གཞན་ངེས་ཚད་མའི་མཚན་གཞིར་འདོད་པའི་མཚན་གཞི་གསུམ་པོ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེང་ན་གནས་པ་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། དོན་ལ་མེ་ཡིན་ཅིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་དམར་ལམ་པ་འཇལ་བའི་མངོན་སུམ་དེ་མེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན། དེས་མི་རྟོགས་པར་འགྱུར་རོ། །ཁྱབ་པ་ཁས་བླངས། ཡང་དེ་འདྲ་དེ་གཞན་ལས་ངེས་ཀྱི་ཚད་མར་སོང་སའི་གཞལ་བྱ་མི་སྲིད་པར་ཐལ། དེ་དམར་ལམ་པ་ཙམ་ལ་ཚད་མ་ཡིན་ཀྱང་གཞན་ལས་ངེས་མ་ཡིན། དེ་མེ་རང་མཚན་ལ་གཞན་ལས་ངེས་ཡིན་ཀྱང་ཚད་མར་ཁྱོད་ཀྱིས་མི་འདོད་པའི་ཕྱིར། ཡང༌། དོན་ལ་ཙནྡན་གྱི་མེ་ཡིན་ཅིང༌། རྟོག་པས་དེ་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་གི་རྒྱུད་ཀྱི་དུ་ལྡན་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། ཙནྡན་གྱི་མེ་ལ་རང་སྟོབས་ཀྱི་ངེས་པ་འདྲེན་ནུས་སུ་འགྱུར་རོ། །གཉིས་པ་རང་ལུགས་ནི། ཚད་མ་གང་ཞིག རང་གི་འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང༌། མི་འདྲེན་པའོ། །དེ་ཡང་ཚད་མ་དེ་གཉིས་ཀ་རང་གི་གཞལ་བྱ་གང་ཡིན་པ་དེ་གསར་དུ་རྟོགས་པ་དང༌། འཇུག་ཡུལ་དེ་དང་དེ་ལ་མི་སླུ་བ་ལ་ཁྱད་པར་མེད་ཀྱང༌། འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་འདྲེན་ལས་སོ་སོར་ཕྱེ་བ་ཡིན་ནོ། །དཔེར་ན་སྣང་བ་རང་ལས་ངེས་དང༌། བདེན་པ་གཞན་ལས་ངེས་ཀྱི་མཚན་གཞིར་བཞག་པ་དེས། དམར་ལམ་པ་ཙམ་གསར་དུ་རྟོགས་ཤིང༌། མེ་ལ་ངེས་པ་འདྲེན་པ་ལ་ཚད་མ་གཞན་བརྒྱུད་དགོས་པ་དང༌། སྤྱིར་རང་ལས་ངེས་དང་ཁྱད་པར་གཞན་ལས་ངེས་ཀྱི་མཚན་གཞིར་བཞག་པ་དེས། ནགས་ཚལ་གྱི་ཁ་དོག་ཙམ་གསར་དུ་རྟོགས་ཤིང༌། ཤ་པ་རང་མཚན་ལ་མི་སླུ་བ་ཡིན་པ་ལ་ཁྱད་པར་མེད་ཀྱང༌། དེ་ལ་ངེས་པ་འདྲེན་པ་ལ་ཚད་མ་གཞན་བརྒྱུད་དགོས་པ་ལྟ་བུ་དང༌། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་དེས་སྒྲ་རང་མཚན་གསར་དུ་རྟོགས་པ་དང༌། དེ་ལ་མི་སླུ་བ་ཡིན་ཀྱང༌། དེ་ལ་ངེས་པ་འདྲེན་པ་ལ་ཚད་མ་གཞན་བརྒྱུད་དགོས་པ་ལྟ་བུའོ། །གཉིས་པ་དབྱེ་བ་ལ། ཚད་མ་དང་པོའི་དབྱེ་བ་ནི། ཇི་སྐད་དུ། དོན་རིག་གཉིས་དང་རང་རིག་དང༌། །རྗེས་སུ་དཔག་རྣམས་རང་ལས་ངེས། །ཞེས་པའོ། །གཉིས་པའི་དབྱེ་བ་ནི། ཇི་སྐད་དུ། དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །ཞེས་པའོ། །འོ་ན་འདིར་ཚད་མར་སོང་སའི་གཞལ་བྱ་དང༌། རང་ངེས་གཞན་ངེས་སུ་སོང་སའི་འཇུག་ཡུལ་གཞི་གཅིག་གི་སྟེང་ནས་འཇོག་པ་ཡིན་ནམ་ཞེ་ན། དེ་གཉིས་ཀ་ཡང་འཇུག་ཡུལ་ཁོ་ན་ལ་ལྟོས་ནས་འཇོག་པ་ཡིན་ཏེ། འཇུག་ཡུལ་དང་སྣང་ཡུལ་གྱི་གཞལ་བྱའི་གཞི་མཐུན་སྲིད་པའི་ཚད་མ་རྣམས་ལ་ནི། དེ་དང་དེར་སོང་ས་གཉིས་པོ་ཡུལ་གཅིག་གི་སྟེང་ནས་འཇོག་པ་ཡིན་པ་ལས་འོས་མེད་ལ། དེའི་གཞི་མཐུན་མི་སྲིད་པ་རྣམས་ལ་ནི་སྣང་ཡུལ་གྱི་གཞལ་བྱ་ལ་ལྟོས་ནས་དེ་དང་དེར་འཇོག་པ་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པའི་དོན་སྤྱི་དེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མའི་དངོས་ཀྱི་གཞལ་བྱ་ཡིན་ཀྱང༌། དེ་ཚད་མ་དང་རང་ངེས་སུ་སོང་སའི་འཇུག་ཡུལ་མ་ཡིན་པ་བཞིན་ནོ། །འོ་ན་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་དེས་འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་ཇི་ལྟར་འདྲེན་ཞེ་ན། ནམ་མཁའ་དངོས་མེད་ལ་ངེས་པ་དྲངས་པ་དེ་ཉིད་དངོས་པོ་མི་རྟག་པ་ལ་ངེས་པ་འདྲེན་ནུས་པ་ཡིན་ཏེ། ཇི་སྐད་དུ། གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱི་གོ་བས། ཞེས་རྟག་པ་བྱས་མེད་དུ་རྟོགས་པའི་རྗེས་དཔག་གིས་བྱས་པ་མི་རྟག་པ་ཡིན་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་བཤད་པ་བཞིན་ནོ། །འདིར་འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་རྣམས་ཀྱིས་དྲངས་པའི་ངེས་ཤེས་ནི། འཇུག་ཡུལ་དེ་ལ་མི་སླུ་བའི་རིག་པར་མི་བཞག་སྟེ། ཚད་མ་སྔ་མས་ངེས་པ་འདྲེན་ནུས་ཀྱི་ཚུལ་གྱིས་འཇུག་ཡུལ་དུ་བྱས་ནས་བཟུང་ཟིན་པའི་དོན་དེ་བསྣན་ནས་འཛིན་པ་ཡིན་པའི་ཕྱིར། དེས་ན་དེ་ནི་དཔྱད་ཤེས་སོ། །དེས་རྟོགས་ཟིན་གྱི་དོན་རྟོགས་པའི་ངེས་པ་མེད་དེ། མངོན་སུམ་གྱིས་རང་མཚན་དང༌། དེས་དྲངས་པའི་ངེས་ཤེས་ཀྱིས་གཞན་སེལ་རྟོགས་པའི་ཕྱིར་རོ། །ཡང༌། འཇུག་ཡུལ་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བའི་ཚད་མ་རྣམས་ཀྱི་འཇུག་ཡུལ་ངེས་བྱེད་ཀྱི་ཚད་མ་ནི་དཔྱད་ཤེས་སུ་མི་འཇོག་སྟེ། ཚད་མ་སྔ་མའི་རང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པར་མ་ནུས་པའི་འཇུག་ཡུལ་ལ་ཚད་མ་ཕྱི་མ་དེའི་སྟོབས་ཀྱིས་སྒྲོ་འདོགས་གཅོད་དགོས་པའི་ཕྱིར། དེས་ན་དཔྱད་ཤེས་ཀྱི་འཇོག་མཚམས་ཚད་མ་སྔ་མའི་སྣང་ཡུལ་གྱི་གཞལ་བྱ་དེ་ཉིད་བསྣན་ནས་འཛིན་པ་ལས་དེར་འཇོག་པ་མ་ཡིན་གྱི། འཇུག་ཡུལ་གྱི་གཞལ་བྱ་དཔྱད་ཟིན་པ་དེ་ཉིད་བསྣན་ནས་འཛིན་པ་ལས་དེར་འཇོག་པ་ཡིན་ཏེ། ཇི་སྐད་དུ། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་གསུངས་སོ། །དེ་ལས་གཞན་དུ་ན། སྒྲ་འཛིན་མངོན་སུམ་གྱིས་དྲངས་པའི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང༌། དེར་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡང་དཔྱད་ཤེས་སུ་འགྱུར་ཏེ། ཚད་མ་སྔ་མའི་སྣང་ཡུལ་གྱི་གཞལ་བྱ་དེ་ཉིད་འཛིན་པའི་ཕྱིར་རོ། །འོ་ན་སྒྲ་འཛིན་མངོན་སུམ་སྐད་ཅིག་མ་ལྔ་སྐྱེས་པ་དེའི་ཚེ། ཐམས་ཅད་ཀྱི་འཇུག་ཡུལ་གཅིག་ན་ནི། ཕྱི་མ་རྣམས་དཔྱད་ཤེས་སུ་འགྱུར་ལ། མི་གཅིག་ན་འཇུག་ཡུལ་རྒྱུན་གྱི་སྟེང་ནས་འཇོག་པ་མ་ཡིན་པར་འགྱུར་རོ་སྙམ་ན། ལྔ་པོ་དེ་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ན་ནི། འཇུག་ཡུལ་སོ་སོ་ཐ་དད་པ་ཡིན་ལ། དུས་ཀྱི་ཐུང་བའི་སྐད་ཅིག་མ་ཡིན་ན་ནི། སྐབས་ཀྱི་བྱ་བ་དེ་རྫོགས་པ་ལ་དུས་མཐའི་སྐད་ཅིག་མ་དུ་ཞིག་དགོས་ཞེས་རྣམ་པར་དཔྱད་ནས། འཇུག་ཡུལ་གཅིག་དང་ཐ་དད་དུ་རྣམ་པར་བཞག་གོ །དུས་ཀྱི་ཐུང་བའི་མཐར་ཐུག་པའི་མངོན་སུམ་སྐད་ཅིག་མ་གཅིག་ཁོ་ན་ནི། ཚུ་རོལ་མཐོང་བའི་རྒྱུད་ལ་གཞན་ལས་ངེས་ཀྱི་ཚད་མར་ངེས་པས། འཇུག་ཡུལ་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་ལ། བྱ་བ་རྫོགས་པའི་མངོན་སུམ་གྱིས་ནི་དེ་ལ་ངེས་པ་འདྲེན་པའི་རྐྱེན་ཚང་ཡང༌། གང་ལ་ངེས་པ་འདྲེན་པའི་འཇུག་ཡུལ་གྱི་རྫས་རྒྱུན་ཐ་དད་པ་ཁོ་ནར་ངེས་པ་ཡིན་ཏེ། དཔེར་ན་དབང་མངོན་དང་དེས་དྲངས་པའི་ཡིད་མངོན་བཞིན་ནོ།།  །།གཉིས་པ་མངོན་སུམ་གྱི་རྣམ་པར་གཞག་པ་ལ། ཡང་དག་དང་ལྟར་སྣང་སོ་སོར་ཕྱེ་བ། མངོན་སུམ་ཚད་མའི་འབྲས་བུ་ངོས་གཟུང་ནས་དེ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་འདི་ནི་མདོ་སྡེ་པའི་ལུགས་ཡིན་གྱི། རྣམ་རིག་པ་ནི་དབང་ཡིད་ཀྱི་མངོན་སུམ་ཁས་ལེན་ཡང་དེ་འཁྲུལ་ཤེས་སུ་འདོད་པ་ཡིན་ནོ་ཞེས་ཟེར། དེ་ནི་རིགས་པ་མ་ཡིན་ཏེ། མངོན་སུམ་དང་རྟོག་མེད་ལོག་ཤེས་ཀྱི་གཞི་མཐུན་ཁས་ལེན་པ་ནི་རང་གི་སྡེ་པ་སུའི་ཡང་ལུགས་མ་ཡིན་པའི་ཕྱིར་དང༌། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་མི་འདོད་ཅིང༌། སྡེ་བདུན་མཛད་པའི་གཞུང་རང་ལུགས་སུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་སུ་ཡང་མེད་པའི་ཕྱིར། བག་ཆགས་བརྟན་བྱུང་གི་མངོན་སུམ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་འཆད་པ་འཇིག་རྟེན་པ་དག་གི་ལུགས་ཏེ། དེས་ནི་དེ་མ་འཁྲུལ་བར་ཡང་ཁས་ལེན་ནོ། །གཞན་དུ་ན་ཕྱི་རོལ་གྱི་དོན་ཡོད་པར་འགྱུར་ཏེ། ཕྱི་རོལ་དོན་སྣང་གི་མངོན་སུམ་ཚད་མ་རང་ལུགས་ལ་ཁས་བླངས་པའི་ཕྱིར་རོ། །མདོར་ན། ཕུགས་ཀྱི་འཁྲུལ་རྒྱུས་འཕྲུལ་པར་སྐྱེད་པའི་དོན་སྣང་གི་ཤེས་པ་ཐམས་ཅད་མངོན་སུམ་དང༌། འཁྲུལ་ཤེས་ཀྱི་གཞི་མཐུན་ཡིན་ནོ་ཞེས་ཟེར་བ་དེ་དག་གིས་ནི། ཆོས་ཀྱི་གྲགས་པ་བཞེད་པའི་མངོན་སུམ་གྱི་མཚན་ཉིད་འཇོག་མི་ཤེས་པར་ཟད་དོ། །གཉིས་པ་རང་གི་ལུགས་ནི། འདི་ལྟར་མདོ་སེམས་གཉིས་ཀ་ཐུན་མོང་དུ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་ཁས་ལེན་པ་འདྲ་ཡང༌། མ་འཁྲུལ་བའི་གོ་དོན་ནི་མི་འདྲ་སྟེ། མདོ་སྡེ་པས་ནི། རྟོག་མེད་ཀྱི་ཤེས་པ་གཞིར་བྱས་པ་ལ། འཕྲལ་གྱི་འཁྲུལ་རྒྱུ་བཞིས་འཁྲུལ་པར་མ་སྐྱེས་པ་ལ་འདོད། རྣམ་རིག་པས་ནི། མ་རིག་པའི་དབང་གིས་འཁྲུལ་པར་མ་སྐྱེད་པའི་རིག་པ་ལ་འདོད་དོ། །རྟོག་བྲལ་གྱི་དོན་ནི། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མ་ཡིན་པ་ལ་མཐུན་ནོ། །དེ་ལ་དབྱེ་ན། མདོ་སྡེ་པས་བཞི་དང༌། རྣམ་རིག་པས་གཉིས་སོ། །དེ་ཡང་རྣམ་བརྫུན་པ་ལྟར་ན། གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་རིག་རང་གསལ་ལམ། ཁྱད་པར་གསུམ་ལྡན་གྱི་འཛིན་རྣམ་དེ། དང་པོའི་མཚན་ཉིད། རྣམ་བདེན་པ་ལྟར་ན། གཟུང་རྣམ་ཉམས་སུ་མྱོང་བའི་གསལ་རིག་དེ་དང་པོའི་མཚན་ཉིད་དོ། །ལུགས་འདི་གཉིས་ཀས་ཀྱང༌། སྣང་བཅས་རྣལ་འབྱོར་མངོན་སུམ་ཁས་མི་ལེན་ཏེ། འཕགས་པའི་རྗེས་ཐོབ་ལ་ཕྱི་རོལ་དོན་གྱི་རྣམ་པ་སྣང་བ་ཐམས་ཅད་མ་རིག་པའི་དབང་གིས་སྣང་བ་ཡིན་པས་འཁྲུལ་ཤེས་སུ་ཁས་ལེན་དགོས་པའི་ཕྱིར་དང༌། སངས་རྒྱས་ལ་ནི་དེར་སྣང་བའི་ཚུལ་བསྟན་པ་ཙམ་ཡིན་པར་ཐེག་བསྡུས་དང་མངོན་པ་ཀུན་ལས་བཏུས་གཉིས་ལས་བཤད་པའི་ཕྱིར། དེ་ལྟར་ན། འཕགས་རྒྱུད་ཀྱི་མངོན་སུམ་གང་ཞིག མ་རིག་པའི་དབང་གིས་འཁྲུལ་པར་མ་སྐྱེད་པ་དེ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་དོ། །མདོ་སྡེ་པ་ལ་གཉིས་ཏེ། གཟུང་འཛིན་གྲངས་མཉམ་དུ་སྨྲ་བ་དང༌། སྣ་ཚོགས་གཉིས་མེད་དུ་སྨྲ་བའོ། །དེ་གཉིས་ཀས་མངོན་སུམ་བཞི་ཀ་ཁས་ལེན་པར་འདྲ་ཡང༌། གཉིས་པས་དོན་དུ་སྣང་བའི་མངོན་སུམ་གཉིས་ཀས་ཕྱི་རོལ་གྱི་དོན་རྟོགས་པར་ནི་ཁས་མི་ལེན་ཏེ། དེས་དེ་རྟོགས་ན། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་པའི་ཉེས་པ་དེ་འཇུག་པས་སོ། །དེས་ན་དེས་རང་རིག་པར་ཁས་ལེན་པ་ཡིན་ནོ། །དེ་ལྟ་མོད་ཀྱི། ཕྱི་རོལ་གྱི་དོན་ནི་དོན་གྱི་རྣམ་པ་སྣང་བའི་མངོན་སུམ་གྱི་གཞལ་བྱར་ཁས་ལེན་པ་ལ་ཡིན་ཏེ། དེ་དེ་ལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུར་ཁས་ལེན་པས་སོ། །མ་རྟོགས་ན་གཞལ་བྱར་འགལ་ལོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་དེའི་འཇུག་ཡུལ་དུ་ཁས་ལེན་པས་སོ། །དེ་ལྟར་སོ་སོར་ཕྱེ་ཟིན་ནས། མདོ་སྡེ་པ་དང་པོའི་ལུགས་ཀྱི་མངོན་སུམ་གྱི་དབྱེ་བ་རྒྱས་པར་འཆད་པ་ལ་བཞི་ལས། དབང་པོའི་མངོན་སུམ་ལ་མཚན་ཉིད་ནི། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས། རང་གི་གཟུང་དོན་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པའོ། །དབྱེ་བ་ལ་ལྔ་ལས། རང་གི་བདག་རྐྱེན་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས། རང་གི་གཟུང་དོན་གཟུགས་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ། གཟུགས་འཛིན་དབང་པོའི་མངོན་སུམ་གྱི་མཚན་ཉིད་ཅེས་སོགས་སྦྱར་རོ། །འདིར་རྐྱེན་གསུམ་གྱི་རྣམ་པར་བཞག་པ་ལ། བདག་རྐྱེན་ནི། དབང་པོ་གཟུགས་ཅན་པ་ཡིན་ལ། དེའི་ལག་རྗེས་ནི། ཤེས་པ་ལ་ཡུལ་གྱི་རྣམ་པ་འཆར་བར་བྱེད་པ་ཡིན་ནོ། །དེ་མ་ཐག་རྐྱེན་ནི། ཡིད་ལ་བྱེད་པ་སྔ་མ་སྟེ། དེའི་ལག་རྗེས་ནི། རང་གི་དེ་མ་ཐག་འབྲས་དེ་གསལ་རིག་གི་ངོ་བོར་སྐྱེད་པ་ཡིན་ནོ། །དམིགས་རྐྱེན་ནི། ཕྱི་རོལ་གྱི་དོན་ཡིན་ལ། དེའི་ལག་རྗེས་ནི། རང་གི་གཟུང་དོན་ཅན་གྱི་ཤེས་པ་དེ་ལ་དོན་གྱི་རྣམ་པ་གཏོད་པར་བྱེད་པ་ཡིན་ནོ། །སེམས་ཙམ་པས་ཀྱང་དོན་སྣང་གི་ཤེས་པ་ཁས་ལེན་པ་དེའི་ཚེ། བདག་པོའི་རྐྱེན་དང་དེ་མ་ཐག་རྐྱེན་གཉིས་ཀྱི་བྱེད་པས། དོན་སྣང་གི་ཤེས་པ་རེས་འགའ་སྐྱེ་བར་ནུས་པ་ཡིན་གྱི། དེ་སྐྱེ་བ་ལ་དམིགས་པའི་རྐྱེན་ཞིག་རྒྱུར་དགོས་སོ་ཞེས་ཁས་ལེན་པ་ནི་མ་ཡིན་ཏེ། དེ་ལྟར་སྟོན་པའི་རྣམ་རིག་པའི་གཞུང་མེད་པའི་ཕྱིར་དང༌། དམིགས་པ་བརྟག་པའི་གཞུང་རྩ་འགྲེལ་ལས་ནི། དོན་དུ་སྣང་བ་དེ་ཉིད་དམིགས་རྐྱེན་དུ་བཤད་ཀྱང༌། དེའི་རྒྱུར་བཤད་པ་མེད་དོ། །གཉིས་པ་ཡིད་མངོན་ལ། མཚན་ཉིད། དབྱེ་བ། སྐྱེ་ཚུལ། བདག་རྐྱེན་ངོས་གཟུང་བའོ། །དང་པོ་ནི། རང་གི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས། རང་གི་གཟུང་དོན་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཞེས་སམ། གཞུང་དུ་བདག་རྐྱེན་གྱི་བཤད་པ་མེད་པ་ལྟར་ན། རང་གི་དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་ལས་བྱུང་ཞིང༌། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་མ་བརྟེན་པར། རང་གི་གཟུང་དོན་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པའོ། །གཉིས་པ་དབྱེ་བ་ལ་ལྔ་ལས། རང་གི་དེ་མ་ཐག་རྐྱེན་གཟུགས་འཛིན་དབང་མངོན་ལས་བྱུང་ཞིང༌། བདག་རྐྱེན་མིག་དབང་གཟུགས་ཅན་པ་ལ་མ་བརྟེན་པར། རང་གི་གཟུང་དོན་གཟུགས་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པའོ། །ཞེས་སོགས་གོ་རིམ་བཞིན་དུ་སྦྱར་རོ། །གསུམ་པ་སྐྱེ་ཚུལ་ལ། རྒྱན་མཁན་པོ་ནི། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དང༌། དེས་དྲངས་པའི་ངེས་ཤེས་ཀྱི་བར་དུ་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེད་དགོས་ལ། གཉིས་པ་སོགས་ལ་ཡང་དེ་བཞིན་ནོ་ཞེས་བཞེད་པ་ཡིན་ཏེ། ཇི་སྐད་དུ། གོམས་ན་མདུན་དུ་གནས་པ་ལ། །འདིའོ་ཞེས་སོགས་བློ་འབྱུང་བ། །མངོན་དུ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་འཆད་པས་སོ། །སློབ་དཔོན་ཆོས་མཆོག་ནི། གཟུགས་འཛིན་དབང་མངོན་སྐད་ཅིག་མ་ལྔ་སྐྱེ། ལྔ་ལས་མི་སྐྱེ་བ་དེའི་ཚེ། དབང་མངོན་ལྔ་པ་དེའི་དེ་མ་ཐག་འབྲས་སུ། གཟུགས་འཛིན་ཡིད་མངོན་སྐད་ཅིག་མ་གཅིག་ཁོ་ན་སྐྱེ་བ་ཡིན་ནོ། །ཞེས་གསུངས་པ་དེ་ཡང་ལེགས་པ་མ་ཡིན་ཏེ། མར་མེའི་སྐད་ཅིག་ཐ་མ་གཟུང་དོན་དུ་བྱེད་པའི་དབང་མངོན་དེའི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་ཞིག་ཡོད་པར་ཐལ་བ་དང༌། སྔོན་འཛིན་དབང་མངོན་སྐད་ཅིག་མ་ལྔ་པ་དེའི་དེ་མ་ཐག་འབྲས་སུ་སེར་འཛིན་དབང་མངོན་སྐད་ཅིག་མ་དང་པོ་སྐྱེ་བ་དེའི་ཚེ། དེ་དང་དུས་མཉམ་དུ་སྔོན་འཛིན་ཡིད་མངོན་གཅིག་སྐྱེ་བར་ཐལ་བ་དང༌། གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེས་པའི་ཡིད་མངོན་དེའི་གཟུང་དོན་དུ་གྱུར་པའི་གཟུགས་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱར་ཐལ། གཟུགས་ཡིན་པའི་ཕྱིར། ཞེས་པའི་ཉེས་པ་རྣམས་ཁྱེད་ཀྱིས་མི་བཟློག་པས་སོ། །ཡང་སློབ་དཔོན་ཆོས་མཆོག་ལ་ནང་འགལ་འདི་ལྟར། ཚུར་མཐོང་གི་དབང་མངོན་སྐད་ཅིག་མ་གཉིས་པ་ཕན་ཆད་དཔྱད་ཤེས་སུ་འདོད་པ་དང༌། ཚུར་མཐོང་གི་ཡིད་མངོན་རྒྱུན་མཐའ་ཁོ་ནར་སྐྱེ་བ་ནང་འགལ་གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་ཆོས་ཅན། ཡིད་མངོན་རྒྱུད་ལྡན་གྱི་གང་ཟག་དེ་ལ་ལྟོས་པའི་གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པར་ཐལ། གང་ཟག་དེའི་རྒྱུད་ལ་ཁྱོད་འཇལ་བའི་མངོན་སུམ་ཡོད། ཁྱོད་འཇལ་བའི་དབང་མངོན་ཡོད་མི་སྲིད་པའི་ཕྱིར། རྔོག་ལོ་ཆེན་པོ་ནི། དབང་མངོན་སྐད་ཅིག་མ་གཅིག་སྔོན་དུ་བཏང་ནས། དབང་ཡིད་ཀྱི་མངོན་སུམ་གྲངས་མཉམ་དུ་སྐྱེ་བར་བཞེད། རིགས་པའི་གཏེར་ལས། དོན་དེ་ཉིད་ཞལ་གྱིས་བཞེས་ནས། མིང་འདོགས་ལ་འགྲོས་གསུམ་པ་ཞེས་པའི་ཐ་སྙད་མཛད་ཅིང༌། དེ་ཉིད་བྲམ་ཟེ་བདེ་བྱེད་དགའ་བའི་བཞེད་པ་ཡིན་པར་བཤད་དོ། །བཞི་པ་བདག་རྐྱེན་ངོས་གཟུང་བ་ལ། སྤྱིར་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་རྣམ་པར་ཤེས་པའི་ཚོགས་ལྔ་ཡོད་ལ། ལྔ་པོ་དེ་རང་དུས་སུ་རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་དེའི་བདག་རྐྱེན་མ་ཡིན་ཏེ། དུས་དེར་དེ་ལ་ལྟོས་ཏེ་འདས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། སྤྱིར་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་དེ་ཡིན་ན། རང་གི་བདག་འབྲས་ལ་ལྟོས་པའི་འདས་པ་ཡིན་དགོས་པའི་ཕྱིར། ལྔ་པོ་དེའི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་སྐྱེས་ཟིན་པ་དེའི་ཚེ། ལྔ་པོ་དེའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ཡིན་ཏེ། དེའི་ཚེ་དེ་འདས་མ་ཐག་པའི་ཚོགས་དྲུག་གང་རུང་ཡིན་པའི་ཕྱིར། ལུགས་འདི་ལ་ཉོན་ཡིད་ཁས་ལེན་ཀྱང༌། དེ་འདིའི་བདག་རྐྱེན་དུ་མི་བཞག་སྟེ། དེས་རང་གི་བདག་འབྲས་སུ་གྱུར་པའི་ཤེས་པ་ཕྱི་རོལ་གྱི་དོན་ལྔ་པོ་གང་རུང་གསལ་བར་སྣང་བའི་ཚུལ་གྱིས་འཛིན་ནུས་སུ་སྐྱེད་པའི་བྱེད་པ་མེད་པའི་ཕྱིར། འོ་ན་ཅི་ཞེ་ན། འདིས་ནི་རང་གི་བདག་འབྲས་སུ་གྱུར་པའི་ཡིད་ཀྱི་རྣམ་ཤེས་དེ་ཆོས་ཀྱི་སྐྱེད་མཆེད་ཁོ་ནའི་ཡུལ་ཅན་དུ་ངེས་པར་བྱེད་དོ། །དེ་ལྟར་ཤེས་པ་ན། འདིར་ཡིད་དབང་ལ་རྒྱུན་མེད་པར་བདེ་བླག་ཏུ་གྲུབ་སྟེ། དྲུག་པའི་རྣམ་པར་ཤེས་པ་ཡིན་ན། སྐབས་འདིའི་ཡིད་དབང་ཡིན་པར་འགལ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་གང་རུང་ཡིན་ན། རང་དུས་སུ་ཡིད་དབང་མ་ཡིན་པས་ཁྱབ། རང་ཉིད་འདས་མ་ཐག་པའི་ཚེ་ཡིད་དབང་ཡིན་ཀྱང༌། དེའི་ཚེ་དེ་ཡིད་དབང་ཡིན་པའི་ཆ་དེ་ལ་རྒྱུན་མེད་པའི་ཕྱིར། ཇི་ལྟར་མེད་ཅེ་ན། གཟུངས་འཛིན་ཡིད་མངོན་སྐད་ཅིག་དང་པོའི་དུས་སུ་འདས་མ་ཐག་པའི་གཟུགས་འཛིན་དབང་མངོན་ཆོས་ཅན། ཁྱོད་ཡིད་དབང་དུ་འཇོག་པའི་ཆ་དེ་ལ་རྒྱུན་ཡོད་པ་མ་ཡིན་ཏེ། ཁྱོད་ཀྱི་དངོས་རྒྱུ་ཡིན་ན་ཡིད་དབང་ཡིན་པར་འགལ། དངོས་འབྲས་ཡིན་ནའང་དེར་འགལ་བའི་ཕྱིར། དེ་ཡིན་ཏེ། དེ་དང་དེ་ཡིན་ན་རྣམ་ཤེས་འདས་མ་ཐག་པ་མ་ཡིན་དགོས་པའི་ཕྱིར། དེ་ཡིན་ཏེ། ཁྱོད་ཀྱི་དངོས་རྒྱུ་ཡིན་ན་འདས་ནས་རེ་ཤིག་ལོན་པས་ཁྱབ། དངོས་འབྲས་ཡིན་ན་མ་འདས་པས་ཁྱབ་པའི་ཕྱིར། དང་པོ་ཁྱབ་སྟེ། ཁྱོད་འདས་མ་ཐག་པ་ཡིན་པའི་ཕྱིར། བདག་རྐྱེན་དུས་མཐའི་སྐད་ཅིག་མ་གཅིག་ཡིན་པ་དེའི་ཕྱིར། དམིགས་རྐྱེན་ཀྱང་དུས་མཐའི་སྐད་ཅིག་མ་གཅིག་ཏུ་གྲུབ། དེའི་ཕྱིར་ཡིད་ཀྱི་མངོན་སུམ་དུས་མཐའི་སྐད་ཅིག་མ་གཅིག་ཏུ་གྲུབ་པ་ཡིན་ནོ། །གསུམ་པ་རང་རིག་མངོན་སུམ་ལ་མཚན་ཉིད་དང༌། མཚན་གཞིའོ། །དང་པོ་བཞིའི་ཟླས་ཕྱེ་བའི་རང་རིག་གི་མཚན་ཉིད་ནི། ཡུལ་གྱིས་ཁ་མ་སྒྱུར་བའི་གསལ་རིག་གི་ཆའོ། །གཉིས་པ་ལ་ལུགས་གཉིས་ཏེ། བོད་ཕྱི་མ་རྣམས། ཤེས་པ་ཐམས་ཅད་ལ་རང་ལས་ཐ་དད་པའི་མྱོང་བྱེད་རང་རིག་རེ་རེ་ཡོད་པ་ཡིན་གྱི། རང་གིས་རང་རིག་པ་མ་ཡིན་པར་འདོད། བོད་སྔ་རབས་པ་རྣམས། ཤེས་པ་ཐམས་ཅད་ཀྱི་སྟེང་ན་ཡུལ་གྱི་ཁ་མ་སྒྱུར་བའི་གསལ་རིག་གི་ཆ་རེ་རེ་ཡོད་ལ། དེ་ཡོད་པ་ཙམ་གྱིས་ཤེས་པ་ཐམས་ཅད་རང་གིས་རང་རིག་པ་དང༌། རིག་བྱེད་དོན་གཞན་ལ་མི་ལྟོས་པ་ཞེས་བྱ་བའི་ཐ་སྙད་འདོགས་པར་བཞེད། ཕྱི་མ་འདིར་རང་ལུགས་སུ་ཁས་ལེན་པ་ཡིན་ལ། དེའི་ཚེ་ན་གྲུབ་དོན་འདི་དག་འབྱུང་སྟེ། ཤེས་པ་གང་དང་གང་གི་སྟེང་གི་གསལ་རིག་གི་ཆ་དེ་ཡིན་ན། སྤྱིར་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པས་ཁྱབ། དེ་གང་ལ་མ་འཁྲུལ་བའི་རིག་པར་སོང་སའི་ཡུལ་མེད་པས་ཁྱབ། དེ་རྟོག་པ་མ་ཡིན་པའི་ཤེས་པ་ཡིན་ཀྱང༌། རང་ཡུལ་རང་མཚན་གསལ་བར་སྣང་བའི་རྟོག་མེད་ཀྱི་ཤེས་པ་དེར་ཁས་མི་ལེན་པས་ཁྱབ། དེའི་རྒྱུ་མཚན་ཡང༌། དེ་ཡིན་ན་སྤྱིར་བདག་རྐྱེན་དབང་པོ་ལ་བརྟེན་པ་མ་ཡིན་པས་ཁྱབ། བྱེ་བྲག་ཏུ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་གང་རུང་མ་ཡིན་པས་ཁྱབ་པའི་རྒྱུ་མཚན་གྱིས་སོ། །སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་རྣམས་ཕྱི་རོལ་ཡུལ་གྱིས་ཁ་མ་སྒྱུར་བའི་མངོན་སུམ་ཡིན་པའི་ཕྱིར། རང་རིག་མངོན་སུམ་དུ་ཁས་ལེན་དགོས་ཏེ། ཇི་སྐད་དུ། མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་རང་ལས་ཐ་མི་དད་པའི་རང་མཚན་མཐོང་བར་བཤད་པས་སོ། །ཡང༌། གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པ་ལྟར་ན། སྔོར་སྣང་དབང་ཤེས་དེ་རང་རིག་པ་དང་དོན་རིག་པ་གཉིས་ཀ་ཡིན། སྔོ་སྣང་དབང་ཤེས་ཡིན་ན་དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་མ་ཡིན་དགོས། སྣ་ཚོགས་གཉིས་མེད་དུ་སྨྲ་བ་ལྟར་ན། དེ་རང་རིག་པ་ཁོ་ན་ཡིན་གྱི། དོན་རིག་པ་མ་ཡིན། དེ་ལྟ་ནའང༌། དེ་རང་རིག་མངོན་སུམ་དུ་ཁས་མི་ལེན་པ་སེམས་ཙམ་རྣམ་བདེན་པ་ལྟར་ན་ཡང༌། དེ་དང་འདྲ་ལ། ཁྱད་པར་ནི། ཕྱི་རོལ་གྱི་དོན་གཞལ་བྱར་བྱེད་མི་བྱེད་དོ། །རྣམ་རྫུན་པ་ལྟར་ན། དོན་སྣང་གི་ཤེས་པ་ཡིན་ན་རང་རིག་མ་ཡིན་པས་ཁྱབ་སྟེ། གཟུང་རྣམ་ཡིན་ན་དེ་མ་ཡིན་དགོས་པའི་ཕྱིར་ཏེ། གཟུང་རྣམ་ཡིན་ན་ཤེས་པ་མ་ཡིན་དགོས་པའི་ཕྱིར། དེ་ལྟར་ཤེས་པ་ན། རྣམ་རྫུན་པའི་ལུགས་ལ། རང་རིག་ཡིན་ན་འཛིན་རྣམ་དང་མངོན་སུམ་བཞིའི་ཟླས་ཕྱེ་བའི་རང་རིག་མངོན་སུམ་ཡིན་པས་ཁྱབ། གཞན་གསུམ་པོ་ལྟར་ན། རང་རིག་ལ་གཉིས་ཏེ། རང་རིག་ཙམ་པོ་དང༌། མངོན་སུམ་བཞིའི་ཟླས་ཕྱེ་བའི་རང་རིག་གོ །དང་པོ་ནི། ཤེས་པ་ཐམས་ཅད་ལ་བྱ་བ་ཡིན་ཏེ། དོན་སྣང་གི་ཤེས་པའི་དངོས་ཀྱི་རིག་བྱ་ཡིན་ན། དོན་གྱི་རྣམ་པ་ཡིན་པས་ཁྱབ། དེ་ཡིན་ན་ཤེས་པ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། མཚན་ཉིད་བཞག་མ་ཐག་པ་དེ་ཉིད་དོ། །དེ་ལྟར་གཉིས་སུ་འབྱེད་པའི་རྒྱུ་མཚན་ཡང༌། ཚད་འབྲས་གསུམ་པའི་འབྲས་བུར་བཞག་པའི་རང་རིག་དེ་དང་ཚད་འབྲས་གཉིས་པ་ཞེས་གྲགས་པ་དེའི་སྐབས་སུ་འབྲས་བུར་བཞག་པའི་རང་རིག་གཉིས་པོ་དེ་རང་རིག་མཚན་ཉིད་པ་ཡིན་པར་འདྲ་ཡང༌། ཁྱབ་ཆེ་ཆུང་གི་ཁྱད་པར་མི་མཐུན་པར་བཤད་པ་ལས་ཤེས་སོ། །དེ་གཉིས་ཀ་དེར་འདྲ་བ་ཡིན་ཏེ། དེ་གཉིས་ཀའི་ཉམས་སུ་མྱོང་བྱ་ཤེས་པར་མཚུངས་པའི་ཕྱིར། བཞི་པ་རྣལ་འབྱོར་མངོན་སུམ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་སྔ་ཕྱི་རྣམས། འདི་ལ་བདག་རྐྱེན་གྱི་རྣམ་གཞག་མཛད་པ་ནི་ལེགས་པ་མ་ཡིན་ཏེ། མདོ་དང་སྡེ་བདུན་གྱི་གཞུང་འཆད་པའི་སྐབས་སུ། བདག་རྐྱེན་གྱི་བྱེད་ལས་ནི། ཤེས་པ་དེ་ཕྱི་རོལ་གྱི་ཡུལ་འཛིན་ནུས་སུ་བྱེད་པ་ཡིན་ལ། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་རྣམས་ལ་ཕྱི་རོལ་གྱི་ཡུལ་སྣང་བ་མེད་པའི་ཕྱིར་དང༌། རྣམ་རིག་པའི་སྐབས་སུ། སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་ཐམས་ཅད་ཀྱང་ཀུན་རྫོབ་པའི་སྣང་ཆ་ལ་ཚད་མར་ཁས་མི་ལེན་པའི་ཕྱིར། འོན་ཀྱང་དག་པའི་སྣང་བ་ཤར་བའི་སྣང་བཅས་རྣམས་ནི་གཉིས་སྣང་གི་ཆ་ལ་ཚད་མར་ཁས་མི་ལེན་ཀྱང༌། ཡུལ་དེའི་ངོ་བོ་ལམ་གྱི་བདེན་པར་གནས་པའི་ཆ་དེ་ལ་ཚད་མར་ཁས་ལེན་དགོས་ལ། དེ་ལ་ལྟོས་ནས་སྣང་བཅས་ཡིན་མིན་རྣམ་པར་བརྟག་དགོས་པ་ཡིན་ནོ། །གཉིས་པ་རང་གི་ལུགས་ནི། རང་རྒྱུ་ཞི་གནས་ཁྱད་པར་ཅན་བསྒོམ་པ་ལས་བྱུང་ཞིང༌། རང་གི་གཞལ་བྱ་རང་མཚན་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ལྷག་མཐོང་ཁྱད་པར་ཅན་ནོ། །དབྱེ་བ་ལ། སྣང་མེད་དང༌། སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་གཉིས། དང་པོ་ལ། མཚན་ཉིད་ནི། རྣལ་འབྱོར་མངོན་སུམ་གང་ཞིག ཀུན་རྫོབ་བདེན་པའི་སྣང་བ་དང་བྲལ་བའོ། །དབྱེ་ན། འཕགས་པ་གསུམ་གྱི་མངོན་སུམ་གྱི་དབྱེ་བས་གསུམ་དུ་འབྱེད་པ་ཡིན་ལ། དེ་ཡང་སེམས་ཙམ་རྣམ་བདེན་པ་ལྟར་ན། གཟུང་བ་ཆོས་ཀྱི་བདག་མེད་ལས་ལྷག་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་གཞག་ཁས་མི་ལེན། སྡེ་བདུན་གྱི་མཐར་ཐུག་གི་དགོངས་པ་རྣམ་རྫུན་དུ་གནས་པ་ལྟར་ན། གང་ཟག་གི་བདག་མེད་རྟོགས་པའི་དང༌། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་དང༌། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གསུམ་དུ་དབྱེ་ནས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་རྒྱལ་ཁས་ལེན་ནོ། །ཡུལ་བདག་མེད་གཉིས་ཀྱི་ངོས་འཛིན་ནི། གང་ཟག་གི་བདག་དང༌། གཟུང་བ་དང་འཛིན་པ་རང་གི་ངོ་བོས་སྟོང་པའི་འགྱུར་མེད་ཡོངས་གྲུབ་ལ་འདོད་པ་ཡིན་ལ། དེའི་ངོས་འཛིན་ཡང༌། དགག་བྱ་དེ་དང་དེས་སྟོང་པའི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་འདོད་དགོས་པ་ཡིན་ཏེ། དགག་བྱ་བདག་གཉིས་བཀག་ཙམ་གྱི་མེད་དགག་ནི། འདིར་དོན་དམ་བདེན་པར་འཇོག་མི་ནུས་པའི་ཕྱིར། དེ་ཆོས་ཅན། དེ་མ་ཡིན་ཏེ། སྤྱི་མཚན་ཡིན་པའི་ཕྱིར། དེ་ལྟ་ན། དེ་ལྟ་བུའི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་ཆོས་ཅན། རང་རིག་མངོན་སུམ་ཡིན་ཏེ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཡིན་པའི་ཕྱིར། གཉིས་པ་སྣང་བཅས་ཀྱི་མཚན་ཉིད་ནི། རྣལ་འབྱོར་མངོན་སུམ་གང་ཞིག ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དང་བཅས་པའོ། །འོ་ན་འཕགས་པའི་རྗེས་ཐོབ་ཏུ་རྟེན་འབྲེལ་སྣ་ཚོགས་ཀྱི་རྣམ་པ་སྣང་བའི་མངོན་སུམ་ཐམས་ཅད་སྣང་བཅས་རྣལ་འབྱོར་མངོན་སུམ་དུ་ཁས་ལེན་ནུས་སམ་ཞེ་ན། དེར་དེ་སྣང་ཚུལ་ལ་གཉིས་ཏེ། བདག་རྐྱེན་དབང་ཡིད་ལ་བརྟེན་ནས་སྣང་བ་དང༌། བདག་མེད་པའི་དོན་ལ་མཉམ་པར་བཞག་པའི་ཞི་གནས་ལ་བརྟེན་ནས་སྣང་བའོ། །དང་པོ་ལ་གཉིས་ཏེ། ཐ་མལ་པའི་དབང་ཡིད་ལ་བརྟེན་ནས་སྣང་བ་དང༌། བསམ་གཏན་གྱིས་སྦྱངས་པའི་དབང་ཡིད་ལ་བརྟེན་ནས་དེར་སྣང་བའི་མངོན་སུམ་མོ། །དེ་གཉིས་ཀ་ཡང༌། སྤྱིར་མངོན་སུམ་བཞིའི་ཟླས་ཕྱེ་བའི་དང་པོ་གཉིས་གང་རུང་དུ་ཁས་ལེན་ལ། བྱེ་བྲག་ཏུ་བསམ་གཏན་གྱི་སྐྱོན་སྦྱངས་པའི་དབང་ཡིད་ལ་བརྟེན་པ་རྣམས་ནི། མངོན་ཤེས་སུ་ཁས་ལེན་པར་བྱེད་དོ། །དེས་ན་བདག་རྐྱེན་དབང་ཡིད་གང་རུང་ལ་མ་བརྟེན་པར་ཞི་གནས་ཁྱད་པར་ཅན་བསྒོམས་པའི་སྟོབས་ལས་རང་ཡུལ་ཀུན་རྫོབ་སྣ་ཚོགས་པ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ། སྣང་བཅས་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་དོ། །དེ་ཡང་ཡུལ་ཀུན་རྫོབ་པའི་སྣང་ཆ་ནི། བདག་རྐྱེན་གྱི་དབང་ཡིད་ལ་བརྟེན་པ་ཡིན་ལ། རྣལ་འབྱོར་མངོན་སུམ་དུ་སོང་བའི་ཆ་ནི། དེ་ལ་བརྟེན་པ་མ་ཡིན་ཏེ། དེ་སྒྱུ་མ་ལྟ་བུར་རྟོགས་པའི་ཆ་ནས་མངོན་སུམ་དུ་བཞག་དགོས་པའི་ཕྱིར་རོ། །དབྱེ་ན། འཕགས་པ་གསུམ་གྱི་དབྱེ་བས་གསུམ་དུ་ཡོད་དོ། །དེ་ལ་དབྱེ་ན། ཉན་ཐོས་སློབ་མི་སློབ་གཉིས་དང༌། ཐེག་ཆེན་སློབ་མི་སློབ་གཉིས་དང༌། རང་རྒྱལ་མི་སློབ་པའི་དབྱེ་བས་ལྔ། བསེ་རུ་ལྟ་བུའི་རང་རྒྱལ་སློབ་པ་ལ་སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་མེད་དེ། དེས་ནི་དྲོད་ནས་ཟད་ཤེས་ཀྱི་བར་མཉམ་གཞག་ཐུན་གཅིག་ལ་མངོན་དུ་བྱེད་པའི་ཕྱིར། མདོ་སྡེ་པ་ལྟར་ན། དགྲ་བཅོམ་གསུམ་གྱི་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ལ། ཡུལ་སྣང་ཚུལ་གྱི་ཁྱད་པར་མི་འདྲ་བ་མེད་ཀྱང༌། སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་གསུམ་པོ་སོ་སོར་འབྱེད་དགོས་པ་ཡིན་ཏེ། དེ་གསུམ་གྱི་ཤེས་བྱ་ཇི་སྙེད་པ་མཐོང་ཚུལ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། འཕགས་པ་གསུམ་གྱི་མངོན་སུམ་གསུམ། །ཞེས་བཤད་པ་དེ་ཅི་ཞེ་ན། རྟེན་གྱི་སྒོ་ནས་གསུམ་དུ་ཕྱེ་བ་ཡིན་ནོ། །རང་རྒྱལ་ལ་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རྣམ་གཞག་དེ་ནི། མངོན་པར་རྟོགས་པའི་རྒྱན་རྗེས་འབྲང་དང་བཅས་པའི་ལུགས་ཡིན་མོད། ལུགས་དེ་ལ་ནི་རང་རྒྱལ་འཕགས་པ་ལ་སློབ་པ་ཡོད་པ་ཤིན་ཏུ་གསལ་བས་རྣམ་དབྱེ་ཞིབ་མོ་རྣམས་དམིགས་ཕྱེད་པར་བྱ་དགོས་སོ། །འདི་སྒྲུབ་བྱེད་ཀྱི་སྐབས་སུ། ལེའུ་གཉིས་པར། རྟེན་བརྟེན་པ་དང༌། བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས་པ་དང༌། གོམས་པ་རང་གི་ངང་གིས་འཕེལ་བ་དང་གསུམ་གསུངས། དང་པོའི་སྐབས་སུ། རིག་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་ཚུལ་ནི་མཐུན་ལ། མ་མཐའ་ཐུག་མེད་དུ་སྒྲུབ་པ་ལ། མདོ་སྡེ་པ་ལྟར་ན། ཐ་མལ་པའི་སེམས་ཅན་འཆི་ཁ་མའི་རིག་པ་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་ཏེ། བདག་འཛིན་དང་བཅས་པའི་རིག་པ་ཡིན་པའི་ཕྱིར། ཞེས་འགོད་ལ། རྣལ་འབྱོར་སྤྱོད་པ་བ་ལྟར་ན། རིག་པ་ཡིན་པའི་ཕྱིར་ཞེས་འགོད་པར་བྱེད་དོ། །གལ་ཏེ་འོ་ན། དགྲ་བཅོམ་པ་ཐ་མའི་ཡིད་དེ་ཡིད་ཁམས་མ་ཡིན་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་མོད། དེས་ལྷག་མེད་ཀྱི་དབྱིངས་ན་རིག་པ་ཡོད་པ་ལ་མི་གནོད་དེ། དེ་སྐབས་ཀྱི་རིག་པ་དེ་བདག་རྐྱེན་དབང་པོ་ལ་བརྟེན་པའི་ཤེས་པར་ཁས་མི་ལེན་པའི་ཕྱིར་དང༌། ཡིད་ཁམས་ཡིན་ན་རང་འབྲས་རིག་པ་ཕྱི་མ་ཡིད་ཀྱི་ཤེས་པར་སྐྱེ་དགོས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པའི་ཕྱིར་རོ། །ཞར་ལ་ཤེས་བྱ་མཁྱེན་ཚུལ་ལ། མདོ་སྡེ་པས་ཀྱང༌། སངས་རྒྱས་ཀྱི་སར་ནི་བྱེ་བྲག་ཏུ་སྨྲ་བ་དང་མཐུན་པར། ཕྱི་རོལ་གྱི་དོན་རྣམ་མེད་རྗེན་ཆེར་དུ་འཇལ་བར་ཁས་ལེན་དགོས་པ་ཡིན་ཏེ། གཞན་དུ་ན། དེ་ལ་ཕྱི་རོལ་གྱི་དོན་ལྐོག་གྱུར་དུ་ཐལ་བའི་ཕྱིར་དང༌། རྣམ་པ་ཤར་བ་ལ་དངོས་རྟོགས་ཀྱི་དོན་དུ་འདོད་ནའང༌། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་ཀྱི་དུས་སུ་འདས་ནས་ཡུན་རིང་པོ་ལོན་པའི་སྔོན་པོ་དེའི་རྣམ་པ་ཤར་བར་ཐལ། དེ་དངོས་སུ་མཁྱེན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་རྣམ་པ་གཏོད་བྱེད་ཀྱི་དངོས་ཀྱི་རྒྱུ་མེད་པའི་ཕྱིར་དང༌། དེ་དེའི་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་པའི་ཕྱིར། དེ་སྐད་དུ་ཡང༌། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཞིང༌། །ཞེས་གསུངས་སོ། །ཟད་པར་སའི་ཏིང་ངེ་འཛིན་སོགས་ཀྱིས་ནི། ཕྱི་རོལ་གྱི་དོན་དངོས་སུ་མཁྱེན་པ་མ་ཡིན་ཏེ། རྣམ་མེད་དུ་མཁྱེན་པ་ཡང་མ་ཡིན། རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡང་མེད་པའི་ཕྱིར། དེས་སོགས་ལ་ཚད་མར་ཁས་མི་ལེན་ཀྱང༌། སྤྱིར་ཚད་མར་ཁས་མི་ལེན་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། དཔེར་ན་རྣམ་མཁྱེན་གྱིས་སེམས་ཅན་གཞན་ལ་སྣང་ཚུལ་མཁྱེན་པ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་པ་ལྟར་ན། སངས་རྒྱས་ཀྱི་སར་ཕྱི་རོལ་གྱི་དོན་མཁྱེན་པའི་མངོན་སུམ་ཡོད་པ་མ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་བའི་ཕྱིར། ལུགས་དེ་ལ། སངས་རྒྱས་ཀྱི་ས་ན་ཀུན་རྫོབ་བདེན་པ་ཡང་ཡོད་པ་མ་ཡིན་ཏེ། དེ་ན་ཀུན་བརྟགས་དང་གཞན་དབང་མེད་པའི་ཕྱིར་དང༌། ཡོངས་གྲུབ་ཡིན་ན་དོན་དམ་པའི་བདེན་པ་ཡིན་དགོས་པའི་ཕྱིར། དེར་དེ་མེད་དེ། དེར་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་ཕྱིར་དང༌། སྣང་བ་ལྟར་སྒྲོ་འདོགས་བྱེད་ཀྱི་རྟོག་པ་ཡང་མེད་པའི་ཕྱིར། སངས་རྒྱས་ལ་ཕྱི་རོལ་དོན་གྱི་རྣམ་པ་སྣང་བར་བཤད་པ་ནི། དེར་ཚུལ་བསྟན་པ་ཙམ་ཡིན་པར་ས་སྡེ་ལས་བཤད་དོ། །གཉིས་པ་མངོན་སུམ་ལྟར་སྣང་ལ་མཚན་ཉིད་ནི་འཁྲུལ་པའི་རིག་པའོ། །རྒྱས་པར་དབྱེ་ན། མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་བདུན་དུ་གསུངས་ལ། རྣམ་འགྲེལ་ལས། མངོན་སུམ་ལྟར་སྣང་རྣམ་པ་བཞི། །ཞེས་རྟོག་པ་དྲུག་པོ་དེ་དབང་རྟེན་ཅན་གྱི་རྟོག་པ་སོགས་གསུམ་དུ་བསྡུས་སོ། །དེ་དག་ཀྱང་བསྡུ་ན། རྟོག་པ་དང་རྟོག་མེད་འཁྲུལ་ཤེས་གཉིས་སུ་འདུས་སོ། །དེ་དག་གི་ནང་ནས་རྟོགས་དཀའ་བ་རྟགས་འཛིན་སེམས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྣམ་གཞག་སྤྱིར་བཤད་པ་དང༌། ངོས་འཛིན་སོ་སོར་ཕྱེ་བའོ། །དང་པོ་ནི། སྤྱིར་རྟགས་འཛིན་ཞེས་པ་ཚུལ་གསུམ་པ་ཅན་གྱི་རྟགས་འཛིན་པ་སྟེ་ཚུལ་གསུམ་ཙམ་དང༌། ཁྱད་པར་ཅན་གྱི་དབྱེ་བས་གཉིས་སོ། །དང་པོ་ལ་ལྟོས་གཞི་སོ་སོའི་སྟེང་དུ་ཚུལ་གསུམ་ཙམ་པོ་འཇལ་བ་དང༌། དེས་དྲངས་པའི་ངེས་ཤེས་ཏེ་གཉིས་སོ། །ཁྱད་པར་ཅན་ལ་ཚུལ་གསུམ་རིམ་ཅན་དུ་དྲན་པ་དང༌། སྒྲུབ་ངག་ཚར་གཅིག་གི་བྱེད་པས་ཅིག་ཆར་དྲན་པ་སྟེ་གཉིས་སོ། །དེ་ལྟར་ཚད་མ་དང་དཔྱད་ཤེས་དང་དྲན་པ་གསུམ་ལས། ཚད་མ་ནི་རྟགས་འཛིན་སེམས་སུ་མི་རུང་སྟེ། ཚད་མའི་མདོར། མངོན་རྗེས་གཉིས་ལས་ལོགས་སུ་བཀར་བའི་ཕྱིར། དྲན་པ་ཡང་དེར་མི་རུང་སྟེ། དྲན་དང་ཞེས་རྟགས་འཛིན་ལས་ལོགས་སུ་བཀར་བའི་ཕྱིར། དེས་ན་ཚུལ་གསུམ་ཙམ་པོ་དེ་ལས་གང་རུང་རེ་རེ་ངེས་པའི་དཔྱད་ཤེས་སོ། །ཚུལ་གསུམ་གང་རུང་རེ་རེ་འཇལ་བའི་ཚད་མ་སྔོན་དུ་སོང་བ་ཙམ་གྱིས་མི་ཆོག་སྟེ། གཏན་ཚིགས་ལྟར་སྣང་ལ་རྟགས་འཛིན་གྱི་སེམས་མི་འཇོག་པའི་ཕྱིར། གཞན་དུ་ན། དེ་ལ་བརྟེན་པའི་རྟགས་ཅན་རྗེས་དཔག་འཆད་རིགས་པར་འགྱུར་རོ། །འོ་ན་རྟགས་དང་རྗེས་དཔག་ལས་ལོགས་སུ་རྟགས་འཛིན་སེམས་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྟགས་དང་རྗེས་དཔག་གཉིས་འཇུག་ཡུལ་ལ་མི་སླུ་བའི་ཤེས་བྱེད་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ། དངོས་གང་ཞེས་པ་ནས། སླུ་བྱེད་ཉིད་མ་ཡིན་ཞེས་པའི་བར་གསུངས་པས་སོ། །དེ་ལྟར་འཆད་དགོས་པ་ཡང་ཡིན་ཏེ། རྗེས་དཔག་དང་བསྒྲུབ་བྱ་རང་མཚན་གྱི་བར་དུ་རྟགས་འཛིན་སེམས་ཀྱི་བརྒྱུད་པས་མ་སྦྲེལ་ན། རྗེས་དཔག་བསྒྲུབ་བྱ་རང་མཚན་དེ་ལས་བྱུང་བར་ངེས་དཀའ་བའི་ཕྱིར། དཔེར་ན་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་དེ། དུ་བའི་ཡུལ་ཅན་གྱི་བློ་ལས་སྐྱེས་པར་མ་ཤེས་ན། མེ་རང་མཚན་ལས་སྐྱེས་པར་ངེས་དཀའ་བ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། སོ་སོའི་ངོས་འཛིན་ནོ། །དང་པོ་ནི། ལྟོས་གཞི་སོ་སོའི་སྟེང་དུ། ཚུལ་གསུམ་ཙམ་པོ་འཇལ་བའི་ཚད་མས་དྲངས་པའི་ཚུལ་གསུམ་གང་རུང་ངེས་པའི་བློ་གཞིར་བྱས་པ་ལ་རང་གི་བརྒྱུད་འབྲས་རྟགས་ཅན་རྗེས་དཔག་གི་འཇུག་ཡུལ་ལ་མི་སླུ་བའོ། །གཉིས་པ་ནི། འབྲས་རང་མ་དམིགས་པའི་གཏན་ཚིགས་ཀྱི་དབྱེ་བས་གསུམ་མོ། །མཚན་ཉིད་ནི། རིམ་པ་བཞིན་འབྲས་བུའི་ཚུལ་གསུམ་ཙམ་པོ་འཇལ་བའི་ཚད་མས་དྲངས་པའི་དཔྱད་ཤེས་རང་འབྲས་རྗེས་དཔག་ཅེས་སོགས་དང་རང་བཞིན་གྱི་ཚུལ་གསུམ་ཙམ་པོ་འཇལ་བའི་ཞེས་སོགས་དང༌། མ་དམིགས་པའི་ཚུལ་གསུམ་ཙམ་པོ་ཞེས་སོགས་སྦྱར་རོ། །འདི་སྐབས་ཀྱི་ཚད་མ་དེ་ལ་ནི། ཚུལ་གསུམ་ཀ་གཏན་ལ་ཕེབས་པ་ཅིག་དགོས་ལ། དཔྱད་ཤེས་དེ་ལ་ནི། ཚུལ་གསུམ་གང་རུང་རེ་རེ་ངེས་པས་ཆོག་ཅིང༌། དྲན་བློ་ལ་ནི་གང་རུང་རེ་རེ་ནས། རིམ་ཅན་དུ་དྲན་པ་དང༌། དཀྱུས་ཐོག་གཅིག་ལ་གསུམ་ཀ་དྲན་པ་རྣམས་སྲིད་པ། འདི་དག་ལ་ནི་རྟགས་ཀྱི་བློ་ཞེས་བྱ་ལ། རྗེས་དཔག་ལ་ནི་རྟགས་ཅན་གྱི་བློ་ཞེས་བྱ། དེ་གཉིས་ཀ་ཡང༌། རང་གི་འཇུག་ཡུལ་གཅིག་ལ་བརྒྱུད་ནས་འབྲེལ་བའི་རྒྱུ་མཚན་གྱིས། འཇུག་ཡུལ་གཅིག་ལ་མི་སླུ་བ་ཉིད་དུ་མཚུངས་པར་གཞུང་ལས་བཤད་དོ། །དེ་ལྟ་ནའང༌། མི་སླུ་བའི་ཚུལ་ལ་ཁྱད་པར་མེད་པ་ནི་མ་ཡིན་ཏེ། རྟགས་ཀྱི་བློས་ནི་འཇུག་ཡུལ་དེ་ལ་ཞུགས་པ་དང་འཐོབ་པ་ཡོད་ཀྱང༌། དཔྱད་པ་མེད་པས་ན། མི་སླུ་བ་ཙམ་པོ་དང༌། ཡུལ་གྱིས་མི་སླུ་བའི་དོན་ཚང་བ་ཞེས་བྱ། རྟགས་ཅན་གྱི་བློས་ནི་འཇུག་ཡུལ་དེ་ལ་དཔྱད་ཞུགས་ཐོབ་གསུམ་ཚང་བས། མི་སླུ་བ་ཁྱད་པར་ཅན་དང༌། ཡུལ་ཅན་གྱི་མི་སླུ་བ་ཞེས་བྱ་བའི་དོན་ཚང་བ་དང་འཇུག་ཡུལ་དེ་ལ་ཚད་མར་སོང་བ་ཞེས་བྱ་བར་འཇོག་དགོས་པའི་ཕྱིར། གསུམ་པ་སོ་སོའི་ངོས་འཛིན་ལ། སྒྲུབ་རྟགས་ཀྱི་རྟགས་འཛིན་སེམས་ཀྱི་དང༌། དགག་པའི་རྟགས་འཛིན་སེམས་ཀྱི་ངོས་འཛིན་དང༌། དེ་དག་གི་འཐད་པའོ། །དང་པོ་ནི། ཚུལ་གསུམ་ཙམ་པོ་ཚད་མས་ངེས་པ་སྔོན་དུ་སོང་བ་ཅན་གྱི་ཕྱོགས་ཆོས་ངེས་པའི་དཔྱད་ཤེས་ཤིག་སྟེ། ཇི་སྐད་དུ། དེ་ཕྱིར་དངོས་པོ་རྟོགས་བྱ་ལ། །ཁྱབ་བྱེད་དེའི་ངོ་བོའམ། །རྒྱུ་དག་ཁྱབ་པར་བྱ་སེམས་ཀྱི། །རྒྱུ་མཚན་ཞེས་བཤད་པས་སོ། །མཚན་གཞི་ནི། ལ་དུ་ཡོད་དང༌། སྒྲ་བྱས་པར་ངེས་པའི་དཔྱད་ཤེས་ལྟ་བུའོ། །སྒྲུབ་རྟགས་ཀྱི་རྟགས་འཛིན་སེམས་ཀྱི་ངོས་འཛིན་ལ། ཁྱབ་འབྲེལ་ངེས་པའི་རང་ལྡོག་ནས་འཆད་པ་གཞུང་ན་མེད་དོ། །དགག་པའི་རྟགས་འཛིན་སེམས་ཀྱི་ངོས་འཛིན་ནི། ཚུལ་གསུམ་ཙམ་པོ་ངེས་པའི་ཚད་མ་སྔོན་དུ་སོང་བ་ཅན་གྱི་ཁྱབ་འབྲེལ་ངེས་པའི་དཔྱད་ཤེས་ཤིག་སྟེ། ཇི་སྐད་དུ། དགག་པ་ཉིད་ནི་ཐམས་ཅད་དུ། །ཞེས་པ་ནས། འགལ་དང་དེ་ནི་ཐབས་བཅས་པ། །ཞེས་པའི་བར་གྱིས། དགག་པའི་ཡུལ་ཅན་གྱི་རྗེས་དཔག་འཇུག་ཡུལ་ལ་མི་སླུ་བའི་ཤེས་བྱེད་དུ། འགལ་འབྲེལ་ངེས་བྱེད་ཀྱི་ཚད་མ་སྔོན་དུ་སོང་བ་ལ་རག་ལས་པར་བཤད་པའི་ཕྱིར། མཚན་གཞི་ནི། དཔེར་ན་མེ་དུའི་འབྲེལ་པ་དང༌། ཚ་གྲང་འགལ་བར་ངེས་པའི་དཔྱད་ཤེས་ལྟ་བུའོ། །གསུམ་པ་ནི། ཚུལ་གསུམ་ཀ་ངེས་པའི་དཔྱད་ཤེས་ལ་རྟགས་འཛིན་སེམས་སུ་མི་འཇོག་སྟེ། བར་དུ་གཅོད་བྱེད་ཀྱི་དྲན་པ་དང་ཁྱད་མེད་དུ་ཐལ་བའི་ཕྱིར་དང༌། ཚུལ་གསུམ་ཤེས་ཤིང་མ་དྲན་པ་ལ་སྒྲུབ་ངག་བཀོད་ནས་དྲན་བློ་སྐྱེད་དགོས་པའི་ཕྱིར། དེ་ལྟ་ནའང༌། སྒྲུབ་པའི་རྟགས་འཛིན་ལ་ཕྱོགས་ཆོས་ཁོ་ནའི་ཡུལ་ཅན་དང༌། དགག་པའི་རྟགས་འཛིན་ལ་ཁྱབ་འབྲེལ་ཁོ་ནའི་ཡུལ་ཅན་དུ་འཆད་པ་ལ་ཤེས་བྱེད་མེད་དེ། གཞུང་ལས་བཤད་པ་ནི་གཉིས་ཀ་མཚོན་བྱེད་ཙམ་ཡིན་པའི་ཕྱིར་ཞེ་ན། རྟགས་གཉིས་ཀྱི་རྟགས་འཛིན་སེམས་ཀྱི་ངོས་འཛིན་ཕྱོགས་ཁྱབ་སོ་སོར་ངེས་པ་ནི་རིགས་པས་ཀྱང་འགྲུབ་པ་ཡིན་ཏེ། ལ་དུ་ཡོད་དང༌། སྒྲ་བྱས་པར་ངེས་པའི་དཔྱད་ཤེས་ནི། རང་གི་ཉེར་ལེན་དུ་གྱུར་པའི་ཚད་མ་དེ་དང་དེ་ལ་འབྲེལ། དེ་ཡང་རྟགས་དུ་བ་དང་བྱས་པ་ལ་འབྲེལ། དེ་ཡང་རང་གི་བསྒྲུབ་བྱའི་དངོས་པོ་མེ་དང་མི་རྟག་པ་རང་མཚན་ལ་འབྲེལ་བའི་རྒྱུ་མཚན་གྱིས་མི་སླུ་ཞེས་འཆད་དགོས་པ་ཡིན་གྱི། སྐབས་དེར་ཕྱོགས་ཆོས་ཙམ་ངེས་པའི་དཔྱད་ཤེས་ཡོད་ན་དེ་ཉིད་ཀྱིས་ཆོག་ལ། མེད་ན་ཁྱབ་འབྲེལ་ངེས་པའི་དཔྱད་ཤེས་ནི་རང་འབྲས་སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་གི་འཇུག་ཡུལ་ལ་མི་སླུ་བར་མ་ངེས་པའི་ཕྱིར། འབྲས་རང་གི་ཁྱབ་འབྲེལ་ངེས་པའི་དཔྱད་ཤེས་ཀྱི་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་ཁྱབ་འབྲེལ་ངེས་བྱེད་དུ་ཡང་འགྲོ་བས་སོ། །དགག་པའི་རྟགས་འཛིན་སེམས་ཀྱི་ངོས་འཛིན་ཡང་དེ་ལྟར་ངེས་པ་ཡིན་ཏེ། དཔེར་ན། མེ་མེད་དང་དུ་མེད་ཀྱི་འབྲེལ་པ་ངེས་པའི་དཔྱད་ཤེས་དེ། རང་གི་འཇུག་ཡུལ་དུ་མེད་ཀྱི་དངོས་པོའམ་དུ་བ་རང་མཚན་ལ་འབྲེལ་པ་ཡིན་གྱི། མཚན་མོའི་རྒྱ་མཚོ་མེ་མེད་དུ་ངེས་པའི་དཔྱད་ཤེས་དེ། བསྒྲུབ་བྱ་དུ་མེད་ཀྱི་དངོས་པོའམ། དགག་བྱ་དུ་བ་རང་མཚན་གང་ལ་ཡང་འབྲེལ་བར་འཇོག་མི་ནུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། མེ་མེད་ཀྱི་དངོས་པོ་ནི། དུ་མེད་ཀྱི་དངོས་པོའི་རྒྱུ་ཡིན་གྱི། འབྲས་བུར་མི་རིགས་པའི་ཕྱིར་དང༌། མེ་མེད་དུ་བའི་འབྲས་བུར་ཁས་ལེན་ན་ཧ་ཅང་ཐལ་བའི་ཕྱིར་དང༌། མེ་དུའི་འབྲེལ་པ་ངེས་པའི་དཔྱད་ཤེས་ནི། དུ་མེད་ཀྱི་དངོས་པོ་དང་དུ་བ་རང་མཚན་གཉིས་ཀ་ལས་བྱུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། མེ་དུའི་འབྲེལ་བ་ངེས་པའི་ཚུལ་ལ། ཐོག་མར་མེ་དུ་གཉིས་ཀ་དམིགས། དེ་ནས་མེ་མ་དམིགས། དེ་ནས་དུ་བ་མ་དམིགས་པར་ངེས་པའི་དཔྱད་ཤེས་དེ་ལ། མེ་དུའི་འབྲེལ་པ་ངེས་པའི་བློ་ཞེས་ཟེར་བའི་ཕྱིར་དང༌། མི་དམིགས་པ་ལས་གྲུབ་པ་ཡིན། །ཞེས་པའི་དོན་ཡང་དེ་ལས་གཞན་མེད་པའི་ཕྱིར། ཡང་དེ་བཞིན་དུ་འགལ་དམིགས་ཀྱི་རྟགས་འཛིན་སེམས་ངོས་འཛིན་ཚུལ་ཡང་འཇུག་ཡུལ་གྲང་རེག་ནུས་མེད་ཀྱི་དངོས་པོའམ་གྲང་རེག་རང་མཚན་པ་གང་ལ་བྱེད་ཀྱང་འདྲ་སྟེ་ཚ་གྲང་འགལ་བར་ངེས་བྱེད་ཀྱི་དཔྱད་ཤེས་དེ་ཉིད་འཇུག་ཡུལ་རང་མཚན་དེ་ལ་འབྲེལ་བར་འཆད་ནུས་པ་ཡིན་གྱི། དེ་དུས་ཀྱི་ཕྱོགས་ཆོས་ངེས་པའི་དཔྱད་ཤེས་དེ་དང་དེ་ལ་འབྲེལ་པར་འཆད་ནུས་པ་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། རྟགས་ཚ་རེག་དེ་བསྒྲུབ་བྱ་གྲང་རེག་ནུས་མེད་ཀྱི་རྒྱུར་འཆད་པ་ཡིན་གྱི། འབྲས་བུར་འཆད་མི་ནུས་པའི་ཕྱིར་དང༌། ཚ་རེག་ངེས་པའི་དཔྱད་ཤེས་གྲང་རེག་གི་འབྲས་བུར་བཤད་ན་ཧ་ཅང་ཐལ་བའི་ཕྱིར། རྣམ་པ་གཅིག་ཏུ་ན། གྲང་རེག་གི་རྒྱུན་ལོག་རྗེས་ཀྱི་ཚ་རེག་རྟགས་སུ་བཀོད་པའི་ཚེ། གྲང་རེག་ནུས་མེད་ཀྱི་དངོས་པོ་ལ་དཔག་འདོད་ཞུགས་ན་འབྲས་བུའི་སྒྲུབ་རྟགས་དང༌། གཞི་དེར་གྲང་རེག་ནུས་མེད་ཀྱི་དངོས་པོ་འབྱུང་རུང་དུ་སྒྲུབ་པ་ལ་རྒྱུ་ཚ་རེག་སྟོབས་ཆེན་པ་རྟགས་སུ་བཀོད་པའི་ཚེ་རང་བཞིན་གྱི་སྒྲུབ་རྟགས་ཀྱི་ཚུལ་དུ་ཤེས་དགོས་སོ། །ཇི་སྐད་དུ། གཞན་མེད་དེ་ཡང་གང་ལས་རྟོགས། །འགལ་ཕྱིར་ཞེས་པའི་དོན་ཡང་དེ་དག་ལས་གཞན་མེད་དོ། །ཇི་སྐད་བཤད་པ་དེ་དག་ནི། ཚུལ་གསུམ་ཀ་ཤེས་ཤིང་དྲན་ལམ་ན་མེད་པ་དང༌། ཡོད་ཀྱང་རྒོལ་བས་ངག་ཏུ་མི་འབྱིན་པའི་རྟགས་འཛིན་སེམས་ཀྱི་ངོས་འཛིན་ཚུལ་ཡིན་ལ། གང་རུང་ཅིག་རྒོལ་བས་ངག་ཏུ་འབྱིན་པ་དེའི་ཚེ། ངག་ཏུ་ཕྱུང་བའི་ཀུན་སློང་དེ་ནི། བར་དུ་གཅོད་བྱེད་ཀྱི་དྲན་པ་ཡིན་པས་རྟགས་འཛིན་སེམས་སུ་མི་རུང་ལ། དེ་ཡང་སྒྲུབ་རྟགས་ཀྱི་ཚེ། དྲན་བློའི་སྔར་བྱུང་བའི་ཕྱོགས་ཆོས་ངེས་པའི་དཔྱད་ཤེས་དང༌། དགག་རྟགས་ཀྱི་ཚེ་ཁྱབ་འབྲེལ་ངེས་པའི་དཔྱད་ཤེས་དེ་ཉིད་ལས་གཞན་ལ་ངོས་མི་འཛིན་ནོ། །གལ་ཏེ་དེ་ལྟར་ངེས་པ་མ་ཡིན་ཏེ། སྒྲུབ་རྟགས་ཀྱི་ཚེ་ཕྱོགས་ཆོས་ཁར་འབྱིན་པ་ལ་ཁྱབ་པ་རྐྱང་པ་བརྗོད་པ་དེའི་ཚེ། བྱས་ན་མི་རྟག་པས་ཁྱབ་པ་ལྟ་བུ་དྲན་པའི་བློ་དེའི་དངོས་རྒྱུ་ནི་སྔར་གྱི་ཁྱབ་འབྲེལ་ངེས་པའི་དཔྱད་ཤེས་དེས་བྱས་པའི་ཕྱིར། དགག་པའི་གཏན་ཚིགས་ལ་ཡང་དེ་བཞིན་ནོ་ཞེ་ན། དྲན་པའི་དངོས་རྒྱུ་ཡིན་པ་ཙམ་གྱིས་རྟགས་འཛིན་སེམས་སུ་གཞག་མི་ནུས་ཏེ། རྟགས་འཛིན་སེམས་ཀྱི་དོན་ལྡོག་གི་གཙོ་བོ་ནི། སྒྲུབ་རྟགས་ཀྱི་ཚེ་རློམ་ཚོད་ཀྱི་བསྒྲུབ་བྱ་རང་མཚན་ལ་འབྲེལ་པ་དང༌། དགག་རྟགས་ཀྱི་ཚེ་རང་རང་གི་རྟགས་ཅན་རྗེས་དཔག་གི་འཇུག་ཡུལ་གང་ཡིན་པ་དེ་ལ་བརྒྱུད་ནས་འབྲེལ་པ་ཞིག་དགོས་པའི་ཕྱིར་རོ། །གསུམ་པ་མངོན་སུམ་ཚད་མའི་འབྲས་བུ་བཤད་པ་ལ། དངོས་དང་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ། སྐབས་སུ་བབ་པ་མངོན་སུམ་གྱི་ཚད་འབྲས་དང༌། ཞར་བྱུང་རྗེས་དཔག་གི་ཚད་འབྲས་སོ། །དང་པོ་ལ་གཉིས་ལས། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཀྱི་སློབ་དཔོན་རྣམས་མཐུན་པར། འབྲས་བུའི་རྣམ་པར་རྟོག་པ་གསུམ་གྱི་རྣམ་གཞག་དང༌། ཚད་མ་དང་གཞལ་བྱ་ཡང་གསུམ་གསུམ་གྱི་རྣམ་གཞག་དང་གྲངས་ངེས་བྱེད་པ་ནི་ལེགས་པ་མ་ཡིན་ཏེ། མདོ་དང་རྣམ་འགྲེལ་ངེས་རྣམས་ལས་འབྲས་བུའི་རྣམ་པར་རྟོག་པ་དང༌། ཚད་མ་དང་གཞལ་བྱའི་རྣམ་པར་བཞག་པ་གཉིས་གཉིས་ལས་ལྷག་པ་མ་གསུངས་པའི་ཕྱིར་དང༌། ཚད་འབྲས་གཞལ་གསུམ་དུ་སྦྱར་བའི་རྣམ་པར་བཞག་པ་ནི་གསུམ་ལས་ལྷག་པ་ཡང་གསལ་བར་བཤད་པའི་ཕྱིར་དང༌། གཞུང་གི་གཅོད་མཚམས་དང༌། གྲུབ་མཐའ་སྨྲ་བ་སོ་སོ་ལ་སྦྱོར་ཚུལ་སོགས་ཀྱང༌། བོད་ཀྱི་ཊཱི་ཀ་བྱེད་པ་རྣམས་ཀྱིས་ལེགས་པར་མ་སྨྲས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ་གཉིས་ཏེ། སྤྱིའི་རྣམ་པར་བཞག་པ་དང༌། སོ་སོའི་རྣམ་པར་བཞག་པའོ། །དང་པོ་ལ། འབྲས་བུའི་རྣམ་པར་རྟོག་པ་ནི་གཉིས་ཁོ་ན་སྟེ། གང་ཞེ་ན། ཕྱི་རོལ་གྱི་དོན་རྟོགས་པ་དང༌། རང་རིག་པའོ། །ཚད་མ་ཡང་གཉིས་ཁོ་ན་སྟེ། གཟུང་བའི་རྣམ་པ་དང༌། འཛིན་པའི་རྣམ་པའོ། །གཞལ་བྱ་ཡང་གཉིས་ཁོ་ན་སྟེ། ཕྱི་རོལ་གྱི་དོན་དང༌། ཤེས་པའོ། །བར་གྱི་མཁས་པ་ཁ་ཅིག དཔྱད་ན་རང་རིག་པ་ཡིན་ཀྱང་ཐ་སྙད་དུ་དོན་རིག་པ་འབྲས་བུ་ཞེས་གསུང་པ་དང༌། ཕྱིས་ཀྱི་མཁས་པ་མ་ཡིན་པ་དག ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་གཟུགས་སྒྲ་སོགས་རྟོགས་པ་འབྲས་བུ་ཞེས་ཟེར་བ་གཉིས་ཀ་ལ། མདོ་དང་རྣམ་འགྲེལ་མཛད་པའི་ལུང་གི་ཁུངས་མེད་དོ། །ཚད་འབྲས་གཞལ་གསུམ་དུ་སྦྱར་བའི་རྣམ་པར་བཞག་པ་ནི། དངོས་བསྟན་ལ་བཞི་གསུངས་ཏེ། ཕྱི་རོལ་གྱི་དོན་གཞལ་བྱ་ལ་དོན་འདྲ་བ་ཚད་མ་དང༌། དོན་རྟོགས་པ་འབྲས་བུར་བཞག་པའི་རྣམ་གཞག་ཅིག་དང༌། ཕྱི་དོན་གཞལ་བྱ་ལ། གཟུང་རྣམ་ཚད་མ་དང༌། རང་རིག་པ་འབྲས་བུར་བཞག་པའི་རྣམ་གཞག་ཅིག་དང༌། གཟུང་རྣམ་གཞལ་བྱ་ལ། འཛིན་རྣམ་ཚད་མ་དང༌། རང་རིག་འབྲས་བུར་བཞག་པའི་རྣམ་གཞག་ཅིག་དང༌། ཤེས་པ་རང་ཉིད་གཞལ་བྱ་ལ། དེ་འཇལ་བར་བྱེད་པའི་འཛིན་རྣམ་ཚད་མ་དང༌། རང་རིག་འབྲས་བུར་བཞག་པའི་རྣམ་གཞག་ཅིག་སྟེ། བཞི་གཞུང་ཉིད་དུ་གསལ་བར་གསུངས་ལ། གཟུང་རྣམ་བདེན་མེད་དུ་སྒྲུབ་པའི་རིགས་པ་ལ་དཔག་ནས་རིགས་གཏེར་མཛད་པས། གཟུང་རྣམ་སྒྲོ་བཏགས་གཞལ་བྱ་ལ། འཛིན་རྣམ་ཚད་མ་དང༌། རང་རིག་བཏགས་པ་བ་འབྲས་བུར་བཞག་པའི་རྣམ་གཞག་ཅིག་ཀྱང་མཛད་དོ། །དེ་དག་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་པ་ནི། རྣམ་གཞག་ལྔ་པོ་དེ་གོ་རིམ་བཞིན་དུ། གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པ་དང༌། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པ་དང༌། སེམས་ཙམ་རྣམ་བདེན་པ་དང༌། རང་རིག་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་སྤྱི་དང༌། རྣམ་རྫུན་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་སོ་སོའི་རྣམ་གཞག་ལ། རྣམ་གཞག་རྣམ་པ་གསུམ་ལས། དང་པོ་ལ། མི་འཐད་པའི་ཆ་ནི། བོད་ཕྱི་རྣམས་མཐུན་པར། ཕྱི་དོན་གཞལ་བྱ་དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་ཞེས་ཟེར་བ་ནི་མ་གོ་བ་ཡིན་ཏེ། འདི་དོན་རྟོགས་ཚད་མའི་མཚན་ཉིད་འཇོག་པའི་སྐབས་མ་ཡིན་པའི་ཕྱིར་དང༌། སྤྱིར་ཡང་ཚད་འབྲས་གཉིས་མཚན་མཚོན་དུ་ཁས་ལེན་དགོས་པ་ལ་ལུང་རིགས་ཀྱི་ཤེས་བྱེད་མེད་པའི་ཕྱིར་དང༌། དོན་གྱི་རྣམ་པ་ཤར་བ་འབྲས་བུ་སྒྲུབ་བྱེད་ཀྱི་ཚད་མའི་གོ་དོན་དུ་འཇོག་པ་ལ་ཁུངས་ཡོད་ཀྱང༌། མི་སླུ་བའི་རིག་པ་དེའི་ཟུར་དུ་འཇོག་པ་ལ་ལུང་གི་ཁུངས་མེད་པའི་ཕྱིར་དང༌། གལ་ཏེ་ཁུངས་ཡོད་དུ་ཆུག་ཀྱང༌། མི་སླུ་བའི་རིག་པ་དེ་ཚད་མའི་སྒྲུབ་བྱེད་དུ་འགྱུར་བ་ཡིན་གྱི། གཞལ་བྱ་རྟོགས་པའི་སྒྲུབ་བྱེད་དུ་འགྱུར་བ་མ་ཡིན་པའི་ཕྱིར་དང༌། འདིར་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་འཆད་པ་སྐབས་སུ་བབ་པ་ཡིན་གྱི། ཚད་མའི་སྒྲུབ་བྱེད་གོང་དུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ཕྱི་རོལ་གྱི་དོན་གཞལ་བྱ་ཁྱད་པར་གཉིས་ལྡན་ནམ། གསུམ་ལྡན་གྱི་དོན་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུའོ། །ཁྱད་པར་གཉིས་ནི། དོན་སོ་སོར་འབྱེད་ནུས་པ་དང༌། དོན་སྣང་གི་ཚད་མ་དེའི་བདག་ཉིད་དུ་གྱུར་པའོ། །ཁྱད་པར་གསུམ་ནི། དོན་དང་འདྲ་བ་དང༌། དོན་ལས་སྐྱེས་པ་དང༌། ངེས་ཤེས་དང་གསུམ་ཚོགས་པའོ། །འདིར་ཚད་མ་ནི་ཤེས་འདོད་ཆོས་ཅན་ནོ། །དོན་རྟོགས་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །ཁྱད་པར་གཉིས་ལྡན་གྱི་དོན་འདྲ་བ་ནི་དེའི་སྒྲུབ་བྱེད་ཚད་མའོ། །ཚད་མ་དེས་ཕྱི་རོལ་གྱི་དོན་གཞལ་བ་ནི། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའོ། །དཔེར་ན་བུ་ཕའི་གཟུགས་དང་འདྲ་བར་སྐྱེས་པ་ལ་བུས་ཕའི་གཟུགས་འཛིན་ནོ་ཞེས་བརྗོད་པ་བཞིན་ནོ། །དེའི་ཚེ་ན་ཕའི་གཟུགས་ནི་གཞལ་བྱའི་དཔེའོ། །དེའི་གཟུགས་འཛིན་པ་ནི་འབྲས་བུའི་དཔེའོ། །ཕའི་གཟུགས་དང་འདྲ་བ་ནི་སྒྲུབ་བྱེད་ཚད་མའི་དཔེའོ། །བུ་ནི་ཤེས་འདོད་ཆོས་ཅན་གྱི་དཔེའོ། །དེ་ལྟར་རྣམ་པར་བཞག་པ་འདི་ནི། འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་བཞག་པ་ཡིན་གྱི། བསྟན་བཅོས་མཛད་པས་ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་པའི་ཚེ་ཡང༌། རང་གི་རིགས་པས་རྣམ་པར་དཔྱད་པའི་རྣམ་གཞག་ནི་འདི་མ་ཡིན་ཏེ། རང་གི་རིགས་པས་འཇོག་པའི་རྣམ་གཞག་ལ། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་ཕྱི་རོལ་གྱི་དོན་རྟོགས་པ་འགོག་པའི་ཕྱིར་རོ། །རྣམ་གཞག་གཉིས་པ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་ཐམས་ཅད་མཐུན་པར། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་རྣམ་གཞག་འདི། རྣམ་གཞག་གཉིས་པ་ཡིན་ཅིང༌། དེ་ཡང་དོན་རིག་གང་ཡིན་ཞེས་པ་ནས། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པའི་བར་གྱིས་བསྟན་པ་ཡིན་ནོ་ཞེས་ཟེར་ཞིང༌། གཞུང་གི་ཚོགས་དེ་དག་ཀྱང་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་གཞུང་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་ལེགས་པ་མ་ཡིན་ཏེ། སྐབས་དེར་འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་ཞིག་བསྟན་ཀྱང༌། ཚད་མ་དང་གཞལ་བྱ་གཉིས་དང་སྡེབས་ནས་བཤད་པ་མེད་པའི་ཕྱིར་དང༌། དེ་འདྲའི་ཚད་འབྲས་གཞལ་གསུམ་སྦྱར་བའི་རྣམ་པར་བཞག་པ་དེ་ནི། ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་གསུམ་པ་ཡིན་པར་གཞུང་ཉིད་ལས་ཤིན་ཏུ་གསལ་བའི་ཕྱིར་དང༌། རྡུལ་ཕྲན་དེ་དག་གང་གིས་ན། །ཞེས་པར་རྡུལ་ཕྲན་ཞལ་གྱིས་བཞེས་པའི་ཕྱིར་དང༌། དེ་འདྲ་བ་དང་དེ་ལས་བྱུང༌། །ཞེས་པའི་རྩོད་ལན་གྱི་ནུས་པ་ལ་བརྟགས་ན། དོན་སྣང་གི་ཤེས་པ་ཕྱི་རོལ་དོན་ལས་སྐྱེས་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ། རྣམ་གཞག་གཉིས་པ་དང་གསུམ་པ་གཉིས་ཀའི་འབྲས་བུ་ཐུན་མོང་དུ་སྒྲུབ་པའི་གཞུང་ནི། དོན་རིག་གང་ཡིན། ཞེས་པ་ནས། དོན་རིག་པར་ནི་འགྱུར་བ་ཡིན། །ཞེས་པའི་བར་ཡིན་ལ། རྣམ་གཞག་གཉིས་པ་དངོས་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་པ་ནས། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པའི་བར་གྱིས་འཆད་དོ། །དེ་ཡང་ཕྱི་རོལ་གྱི་དོན་གཞལ་བྱ། །གཟུང་བའི་རྣམ་པ་ཚད་མ། རང་རིག་པ་འབྲས་བུའོ། །འདིར་ཡང༌། ཕྱི་རོལ་དོན་དུ་སྣང་བའི་མངོན་སུམ་ནི་ཤེས་འདོད་ཆོས་ཅན། རང་རིག་པ་ནི་བསྒྲུབ་བྱའི་ཆོས་སོ། །གཟུང་བའི་རྣམ་པའམ། ཕྱི་རོལ་དོན་གྱི་རྣམ་པ་ཤར་བའི་ཤེས་པ་ཡིན་པ་ནི་སྒྲུབ་བྱེད་དོ། །རྣམ་གཞག་འདི་མདོ་སྡེ་པས་སེམས་ཙམ་པའི་ངོར་འཇོག་པ་མ་ཡིན་ཏེ། དེའི་ངོར་དོན་སྣང་གི་ཤེས་པས་རང་རིག་པ་གྲུབ་ཟིན་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་པ་ནི། དེའི་ངོར་བསྒྲུབ་བྱ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། རྒྱུ་ནི་དོན་ཡང་ཡིན་པས་ན། །ཞེས་པ་ཡང༌། དེའི་ངོར་བསྒྲུབ་བྱ་ཡིན་པས་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར། འོ་ན་ཅི་ཞེ་ན། འདི་ནི་མདོ་སྡེ་པ་གཉིས་པས་མདོ་སྡེ་པ་དང་པོའི་ངོར་འཇོག་པའོ། །དེ་ལྟར་བཞག་པ་འདི། བསྟན་བཅོས་མཛད་པས་རང་ལུགས་སུ་ཞལ་གྱིས་བཞེས་པ་འདི་ཆོས་ཅན། དགོས་པ་ཡོད་དེ། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ་ལ་མྱུར་དུ་འཇུག་པའི་ཐབས་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །རྣམ་གཞག་གསུམ་པ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཀྱི་མཁས་པ་རྣམས་ཞལ་འཆམ་པར། ཕྱི་དོན་གཞལ་བྱ་ལ། གཟུང་རྣམ་ཚད་མ་དང༌། དཔྱད་ན་རང་རིག་པ་ཡིན་ཀྱང་ཐ་སྙད་དུ་དོན་རིག་པ་འབྲས་བུའོ་ཞེས་གསུང་པ་དེ་དག་ལེགས་པ་མ་ཡིན་ཏེ། དཔྱད་ན་ཞེས་པ་དང༌། ཐ་སྙད་དུ་དོན་རིག་པ་ཞེས་པ། འབྲས་བུ་འཆད་པའི་ཚིག་ཟིན་གྱི་ཟུར་དུ་སྦྱོར་རྒྱུ་མ་ཡིན་པའི་ཕྱིར་དང༌། ཚད་འབྲས་དང་པོ་མ་གཏོགས་རྣམ་གཞག་ཕྱི་མ་རྣམས་ལ་དོན་རིག་འབྲས་བུར་འཆད་པའི་གཞུང་མེད་པའི་ཕྱིར་དང༌། རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་པ་ནི་འབྲས་བུ་ལ་རྩོད་པ་སྤོང་བའི་གཞུང་ཡིན་གྱི། འབྲས་བུ་དངོས་འཆད་པའི་གཞུང་མ་ཡིན་པའི་ཕྱིར་དང༌། ཕྱི་དོན་གཞལ་བྱ་ལ། རང་རིག་འབྲས་བུར་བྱས་པ་འདི་རྣམ་གཞག་གཉིས་པར་ཚད་མའི་མདོ་ལས་གསལ་བའི་ཕྱིར་རོ། །བོད་ཕྱི་མ་མི་མཁས་པ་དག་ན་རེ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུའོ། །ཞེས་ཟེར་བ་ནི་ཅིར་ཡང་རུང་བ་མ་ཡིན་ཏེ། དེ་འདྲའི་འབྲས་བུའི་རྣམ་པར་རྟོག་པ་འདིའི་བཤད་བྱའི་མདོ་གང་ལ་བྱེད། ཡང་ན་རང་རིག་འདིར་འབྲས་བུ། །ཞེས་པའི་མདོ་དེའོ་ཞེ་ན། འོ་ན་འབྲས་རྟོག་འདི་ཆོས་ཅན། རང་རིག་གི་ཚད་འབྲས་སུ་ཐལ། མདོ་དེས་བསྟན་པའི་འབྲས་རྟོག་ཡིན་པའི་ཕྱིར། གལ་ཏེ། བྱ་དང་བཅས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན། ཅེས་པའི་མདོ་དེའོ་ཞེ་ན། འོ་ན་འབྲས་རྟོག་འདི་ཆོས་ཅན། མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་འབྲས་རྟོག་ཏུ་ཐལ་ལོ། །ཡང་དེ་ལ་གསར་དུ་མི་སླུ་བའི་རིག་པ་དེ། འབྲས་བུར་སྒྲུབ་བྱེད་ཀྱི་ཚད་མའི་ཟུར་དུ་འཇོག་པ་མི་འཐད་དེ། དེ་དེར་འཇོག་པའི་ཁུངས་མེད་པའི་ཕྱིར་དང༌། སྤྱིར་ཚད་མའི་མཚན་ཉིད་ཀྱི་ཟུར་དུ། གཞལ་བྱ་རྟོགས་པ་དང༌། འཇུག་ཡུལ་ལ་མི་སླུ་བ་གཉིས་ཡོད་པའི་དང་པོ་ལ་མ་ཆོད་པའི་འབྲས་བུ་དང༌། གཉིས་པ་ལ་ཆོད་པའི་འབྲས་བུའི་ཐ་སྙད་བྱས་ནས། འདིར་དང་པོའི་སྒྲུབ་བྱེད་འཆད་པ་སྐབས་སུ་བབ་པའི་ཕྱིར་དང༌། གཉིས་པའི་སྒྲུབ་བྱེད་ནི། དངོས་གང་ཇི་ལྟ་བུར་གྱུར་པ། །ཞེས་སོགས་སུ་བཤད་ཟིན་པའི་ཕྱིར་དང༌། དེ་བས་ན་འབྲས་རྟོག་འཆད་པའི་སྐབས་འདིར། མི་སླུ་བ་ནི་བསྒྲུབ་བྱ་དང༌། སྒྲུབ་བྱེད་གང་དུ་བཤད་ཀྱང་སྐབས་སུ་བབ་པ་མ་ཡིན་ནོ། །སྤྱིར་ཡང་གཞལ་བྱ་རྟོགས་པའི་ཤེས་བྱེད་དུ་མི་སླུ་བ་འགོད་པ་ནི་རྣམ་པར་འཁྱམ་པ་ཡིན་ཏེ། དངོས་མེད་རྟོགས་པའི་རྗེས་དཔག་ཐམས་ཅད་ཀྱིས་ཀྱང་རང་གི་འཇུག་ཡུལ་རྟོགས་པར་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟར་འབྲས་བུ་དང་ཚད་མ་མི་འཐད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞལ་བྱའི་འཇོག་ཚུལ་ཀྱང་མི་འཐད་པ་ནི། སྔོན་པོ་ཤེས་པའི་བདག་ཉིད་དུ་འདོད་པའི་གྲུབ་མཐའ་སྨྲ་བ་འདི་སུ་ཡིན། རྣལ་འབྱོར་སྤྱོད་པ་པའོ་སྙམ་ན། རྣམ་བདེན་རྫུན་གཉིས་ལས་གང་ཡིན། རྣམ་རྫུན་པའོ་སྙམ་ན། དེས་སྔོ་སྣང་དབང་ཤེས་ཀྱང་བདེན་པར་མི་འདོད་ན། སྔོན་པོ་བདེན་པར་འདོད་པ་ལྟ་ཅི་སྨོས། རྣམ་བདེན་པའོ་ཞེ་ན། དེས་དེ་འདྲའི་རྣམ་གཞག་དེ་རྒོལ་བ་སུའི་ངོར་འཇོག་པ་ཡིན། རྣམ་བདེན་པ་ལས་གཞན་སུའི་ངོར་ཡང་འཇོག་པ་མི་འཐད་དེ། དེའི་ངོར་གཞལ་བྱ་དེ་ཉིད་སྒྲུབ་དགོས་པའི་ཕྱིར། གཞན་ཡང༌། རྣམ་གཞག་འདི་འབྲས་རྟོག་དང་པོ་དང་ཟློས་པར་འགྱུར་ཏེ། སྐབས་དེར་དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་དེ། དེ་དངོས་སུ་རྟོགས་པའི་ཚད་མའི་སྒྲུབ་བྱེད་དུ་གྲུབ་ཟིན་པའི་ཕྱིར། རྟགས་ཁས་བླངས་སོ། །གཉིས་པ་རང་ལུགས་ནི། གཟུང་རྣམ་གཞལ་བྱ་འཛིན་རྣམ་ཚད་མ། རང་རིག་འབྲས་བུའོ། །དེ་སྐད་དུ་ཡང༌། སྣང་བ་ཅན་གང་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམ་རིག་པའོ། །ཞེས་རྣམ་གཞག་གསུམ་པའི་འཇོག་ཚུལ་གསལ་བར་གསུངས་པའི་ཕྱིར་དང༌། དེའི་སྔ་ལོགས་དེ་མ་ཐག་ཏུ། །ཡང་ན་རང་རིག་འདིར་འབྲས་བུ། །དེ་ཡི་ངོ་བོ་ལས་དོན་དེས། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཅེས་པས་རྣམ་གཞག་གཉིས་པ་ཤིན་ཏུ་གསལ་བའི་ཕྱིར། གཉིས་པ་ཞར་བྱུང་རྗེས་དཔག་གི་ཚད་འབྲས་ལ། ཇི་སྐད་དུ། འབྲས་བུ་སྔར་བཞིན། ཞེས་གསུངས་པའི་དོན་ལ་བརྟགས་ན། གཞན་རིག་གི་རྣམ་པར་བཞག་པ་དང༌། རང་རིག་གི་རྣམ་པར་བཞག་པའོ། །དང་པོ་ལ། རྣམ་གཞག་དང་པོ་དང༌། རྣམ་གཞག་གཉིས་པའོ། །དང་པོ་ནི། ལ་མེའི་ཚོགས་དོན་གཞལ་བྱ། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་མེད་རྣམ་པར་བསལ་ཙམ་ཡུལ་དུ་བྱེད་པའི་བློ་ཚད་མ། ཚོགས་དོན་དེ་རྟོགས་པ་འབྲས་བུར་བྱས་པ་ནི། གཟུང་འཛིན་གྲངས་མཉམ་པའི་ལུགས་སོ། །རྣམ་གཞག་གཉིས་པ་ནི། ཚད་མ་དང་གཞལ་བྱ་དེ་བཞིན་དུ་སྦྱར་བ་ལ། ལའི་སྟེང་དུ་མེ་མེད་རྣམ་པར་བསལ་ཙམ་དུ་སྣང་བའི་ཤེས་རྣམ་རང་མཚན་རྟོགས་པའི་རང་རིག་འབྲས་བུའོ། །དེ་ནི་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་ལུགས་སོ། །འོ་ན་མདོ་སྡེ་པ་གཉིས་པའི་གྲུབ་མཐའ་ལ། རྗེས་དཔག་གིས་ཀྱང་ཕྱི་རོལ་གྱི་དོན་མ་རྟོགས་པར་འདོད་དམ་ཞེ་ན། ཕྱི་རོལ་གྱི་དོན་རང་མཚན་འཇུག་ཡུལ་དུ་བྱེད་ཀྱང་རྟོགས་པ་ནི་མ་ཡིན་ཏེ། ལུགས་འདི་ལ་ཕྱི་རོལ་གྱི་དོན་རང་མཚན་འཇུག་ཡུལ་གྱི་གཞལ་བྱ་ལྐོག་གྱུར་དུ་ཁས་ལེན་པའི་ཕྱིར། འོ་ན་སྔ་མ་དང་ཁྱད་པར་ཅི་ཞེ་ན། མདོ་སྡེ་པ་དང་པོས་ནི། དེ་འདྲའི་རྗེས་དཔག་དེས་དོན་རིག་པར་ཁས་ལེན་པ་ཡིན་གྱི། རང་རིག་འབྲས་བུར་ཁས་མི་ལེན། གཉིས་པས་ནི། རྗེས་དཔག་དེ་རང་རིག་པ་དང༌། དོན་འཇུག་ཡུལ་དུ་བྱེད་པ་གཉིས་ཀ་མཚན་ཉིད་པར་ཁས་ལེན་པ་ཡིན་ནོ། །གཉིས་པ་རང་རིག་གི་ཚད་འབྲས་ཀྱི་རྣམ་གཞག་ལ། རྣམ་བདེན་རྫུན་གཉིས་ལས། དང་པོ་ནི། རྗེས་དཔག་གི་གཟུང་རྣམ་གཞལ་བྱ། །ཞེས་སོགས་སྔར་བཞིན་ནོ། །གཉིས་པ་ཡང་དེའི་གཟུང་རྣམ་སྒྲོ་བཏགས་གཞལ་བྱ། །ཞེས་སོགས་སྔ་མ་བཞིན་ནོ། །འདིར་འབྲས་བུའི་ཟླས་ཕྱེ་བའི་ཚད་མ་ནི། ཚད་མིན་གྱི་ཟླས་ཕྱེ་བའི་ཚད་མ་ལ་ངེས་པར་བྱེད་པ་མ་ཡིན་ཏེ། སྒྲུབ་བྱེད་ཚད་མ་ལ་བྱེད་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་རྣམ་གཞག་དེ་ཉིད་ངེས་པར་བྱ་བ་ལ། ཚད་མའི་རྣམ་གཞག་ངེས་པའི་ཕྱིར་དུ་བློ་ཚུལ་གཉིས་སུ་སྒྲུབ་པ་དང༌། འབྲས་བུའི་རྣམ་གཞག་ངེས་པའི་ཕྱིར་དུ་བློ་རང་རིག་ཏུ་སྒྲུབ་པའོ། །དང་པོ་ལ། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པས་ཁས་ལེན་པའི་ཚད་མའི་རྣམ་གཞག་ངེས་པའི་ཕྱིར་དུ་ཕྱི་རོལ་གྱི་དོན་ཁས་བླངས་ནས་བློ་ཚུལ་གཉིས་སུ་སྒྲུབ་པ་དང༌། རྣལ་འབྱོར་སྤྱོད་པ་པ་གཉིས་ཀྱིས་ཁས་ལེན་པའི་ཚད་མའི་རྣམ་གཞག་ངེས་པའི་ཕྱིར་དུ་ཕྱི་རོལ་གྱི་དོན་བཀག་ནས་བློ་ཚུལ་གཉིས་སུ་སྒྲུབ་པའོ། །དང་པོ་ནི། ཡུལ་ཤེས་པ་དང་ཞེས་སོགས་ཀྱི་དོན་བཤད་པ་ལྟར་རོ། །གཉིས་པ་ལ། རྟགས་འགོད་པ་དང༌། ཚུལ་སྒྲུབ་པའོ། །དང་པོ་ནི། སྔོ་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བའི་རྣམ་པ་ཆོས་ཅན། དོན་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། །ཞེས་པའོ། །རྟགས་འདི་མདོ་སྡེ་པའི་ངོར་འགོད་པ་མ་ཡིན་ཏེ། འདི་ནི་བློ་ཚུལ་གཉིས་པ་ཅན་དུ་སྒྲུབ་པའི་རིགས་པ་ཡིན་ལ། མདོ་སྡེ་པའི་ངོར་དེ་སྒྲུབ་མི་དགོས་པའི་ཕྱིར། འདི་ནི་དེ་ལྟར་སྒྲུབ་དགོས་པའི་རྒོལ་བའི་ངོར། མདོ་སེམས་ཐུན་མོང་གི་རིགས་པས་བསྒྲུབས་པའོ། །དེ་སྒྲུབ་ཚུལ་ལ་གཉིས་ཏེ། ཐོག་མར་གཟུང་རྣམ་སྒྲུབ་པ་དང༌། དེ་བསྒྲུབས་ཟིན་ནས། གཟུང་འཛིན་གྱི་ཚུལ་གཉིས་ཤེས་པ་གཅིག་གི་ཚུལ་དུ་སྒྲུབ་དགོས་པ་ལས། འདི་ནི་གཉིས་པའི་དབང་དུ་བྱས་པའོ། །སྤྱིར་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ལ་གཉིས་ཏེ། བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པ་དང༌། ཕྱི་དོན་འགོག་བྱེད་ཀྱི་རིགས་པའོ། །དང་པོ་ནི། སྔར་བཤད་པ་དེ་ཉིད་ཡིན་ལ། དེ་ནི་མདོ་སྡེ་པས་ཀྱང་ཁས་ལེན་པས། མདོ་སེམས་ཐུན་མོང་གི་རིགས་པའོ། །མདོ་སྡེ་པས། སྤྱིར་ལྷན་ཅིག་དམིགས་ངེས་དང༌། བློ་ཚུལ་གཉིས་སྒྲུབ་ཀྱི་ལྷན་ཅིག་དམིགས་ངེས་ཁས་མི་ལེན་ནོ། །ཞེས་ཟེར་བ་དེ་དག་ནི་རྣམ་པར་འཁྱམས་པ་ཡིན་ཏེ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་སྒྲ་དང་དེའི་སྟེང་གི་རྫས་ཆོས་སུ་གྱུར་པའི་ཡོན་ཏན་རྣམས་ལྷན་ཅིག་དམིགས་ངེས་སུ་བཤད་པའི་ཕྱིར་དང༌། དེའི་རྟགས་ཀྱིས་དེ་རྣམས་རྫས་གཞན་མ་ཡིན་པར་ཡང་སྒྲུབ་ནུས་པའི་ཕྱིར་དང༌། ཇི་སྐད་དུ། ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། །ཅེས་གསུངས་པའི་ཕྱིར། གཉིས་པ་ལ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཕྱི་དོན་མངོན་གྱུར་མ་ཡིན་པར་སྒྲུབ་པ་དང༌། ཕྱི་དོན་ལྐོག་གྱུར་དུ་སྒྲུབ་བྱེད་ཀྱི་གཏན་ཚིགས་འཁྲུལ་པར་བསྟན་པའོ། །དང་པོ་ནི། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་བར་མ་སྐྱེད་པའི་སྔོ་སྣང་དབང་ཤེས་ཀྱི་རང་དུས་འདིར་ཆོས་ཅན། སྔོན་པོ་ཡོད་པ་མ་ཡིན་ཏེ། སྔོན་པོ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། དེའི་རྟགས་སྒྲུབ་པ་ནི། སྔོ་སྣང་དབང་ཤེས་ཀྱི་རང་དུས་སུ་སྔོན་པོར་སྣང་བ་འདི་ནི་སྔོན་པོ་མ་ཡིན། དེ་ལས་མ་གཏོགས་པའི་སྔོན་པོ་མེད་པའི་ཕྱིར། རྟགས་དང་པོ་སྒྲུབ་པ་ནི། དེ་ཆོས་ཅན། སྔོན་པོ་མ་ཡིན་ཏེ། སྔོ་སྣང་དབང་ཤེས་ལས་རྫས་གཞན་དུ་མེད་པའི་ཕྱིར། དེ་སྒྲུབ་པ་ནི། སྔོ་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་འདི་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དེ་ཡིན་ཏེ། ཕན་ཚུན་ཐ་དད་གང་ཞིག རང་འཛིན་རྟོག་མེད་ཤེས་པའི་ངོར་གྲུབ་བདེ་གཅིག་ཡིན་པའི་ཕྱིར། དེ་ལྟར་བསྒྲུབས་ནས་ཚུལ་གསུམ་ཤེས་པའི་ངོར་གཏན་ཚིགས་འདི་ལྟར་འགོད་དེ། གང་ལྷན་ཅིག་དམིགས་ངེས་ཡིན་ན། རྫས་གཞན་མ་ཡིན་པས་ཁྱབ། དཔེར་ན་བྱས་པ་དང་མི་རྟག་པ་བཞིན། སྔོ་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ཀྱང་ལྷན་ཅིག་དམིགས་ངེས་ཡིན་ནོ། །ཞེས་བྱ་བ་ནི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་ཁྱབ་བྱེད་འགལ་བ་དམིགས་པའི་གཏན་ཚིགས་སོ། །དེ་ལྟར་བསྒྲུབས་ཟིན་པའི་འོག་ཏུ། གང་སྔོ་སྣང་དབང་ཤེས་ཀྱི་རང་དུས་སུ་སྔོན་པོར་སྣང་བ་ཡིན་ན། སྔོན་པོ་མ་ཡིན་པས་ཁྱབ། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་དེར་སྣང་བ་བཞིན། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་མ་སྐྱེད་པའི་སྔོ་སྣང་དབང་ཤེས་ལ་དེར་སྣང་བ་ཡང་དེ་མ་ཡིན་ནོ། །ཞེས་བྱ་བ་འདི་ཡང་ཁྱབ་བྱེད་འགལ་བ་དམིགས་པའི་གཏན་ཚིགས་སོ། །དེ་ལྟར་རིམ་པ་གཉིས་སུ་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་ནི། ཇི་སྐད་དུ། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་དང༌། དེ་ཕྱིར་ཤེས་དུས་སྣང་བ་ཡི། །དོན་ནི་ཤེས་ལས་གཞན་མིན་པ། །བཟློག་པར་རབ་ཏུ་དཀའ་བ་ཉིད། །ཅེས་གསུངས་སོ། །གཉིས་པ་ནི། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པ་ན་རེ། སྔོན་པོ་མངོན་གྱུར་མ་ཡིན་ཡང༌། སྔོན་པོ་ཡོད་པར་རྟགས་ཀྱིས་སྒྲུབ་ནུས་ཏེ། འདི་ལྟར་འཕྲལ་གྱི་དེས་དེར་མ་སྐྱེད་པའི་དེ་ཆོས་ཅན། དབང་ཡིད་ལས་གཞན་པའི་རྒྱུ་གཅིག་ཡོད་དེ། དེ་མེད་ན་མ་སྐྱེ་ཞིང་རེས་འགའ་སྐྱེ་བའི་ཕྱིར། ཞེས་པའི་རྟགས་ཀྱིས་འགྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེའི་གཏན་ཚིགས་འཁྲུལ་པའི་ཚུལ་ནི། སྔོན་པོ་མེད་ཀྱང་སྔོ་སྣང་དབང་ཤེས་སྐྱེ་བར་མཐོང་སྟེ། དེའི་དེ་མ་ཐག་རྐྱེན་གྱི་སྟེང་གི་དེར་སྣང་མའི་བག་ཆགས་སད་པ་ལས་ངེས་པར་སྐྱེ་བའི་ཕྱིར། ཞེས་འཆད་པ་ནི། འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཞེས་དང༌། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ཞེས་གསུངས་སོ། །འོ་ན་མེ་དུ་དང༌། ས་མྱུག་སོགས་ཁས་མི་ལེན་ན། རྒྱུ་འབྲས་དང་འབྲས་རྟགས་ཀྱི་རྣམ་གཞག་ཇི་ལྟ་བུ་ཞེ་ན། མྱུ་གུ་སྣང་བའི་བློ་དེའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་ས་བོན་དུ་སྣང་བའི་བློའི་བག་ཆགས་ནི་རྒྱུ་དང་ཅིག་ཤོས་འབྲས་བུར་འཇོག་པའོ། །ལར་སྣང་གི་བློ་ཆོས་ཅན། མེར་སྣང་སྔ་མའི་བག་ཆགས་སྔོན་དུ་སོང་བ་ཡིན་ཏེ། དུ་བར་སྣང་བའི་ཕྱིར། ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །དེ་དག་ནི་ཕལ་ཆེར་རྣམ་བདེན་པས་ཁས་ལེན་པ་ཡིན་ལ། རྣམ་རྫུན་པ་ལྟར་ན། སྔོ་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ལྷན་ཅིག་དམིགས་ངེས་སུ་ཁས་མི་ལེན་ཏེ། དེ་ལ་དེར་སྣང་བ་ཤེས་པར་མི་འདོད་པའི་ཕྱིར། དེས་ན་དེའི་ལུགས་ལ་དོན་འགོག་གི་རིགས་པ་ནི། ཇི་སྐད་དུ། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །ཞེས་དང༌། དམྱལ་བ་ཡི་དྭགས་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་སོ། །དོན་ནི། ཤེས་བྱ་འདིར་ཆོས་ཅན། གཟུགས་སྒྲ་སོགས་ཡོད་པ་མ་ཡིན་ཏེ། ཡོད་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྣང་དགོས་པ་ལས། དེ་ལ་མི་སྣང་བའི་ཕྱིར། དང་པོ་དགོས་ཏེ། ཡོད་ན་མངོན་སུམ་ལ་སྣང་དགོས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ཡང༌། མངོན་སུམ་ནི་རང་རིག་པའི་མངོན་སུམ་དང༌། རྣལ་འབྱོར་པའི་མངོན་སུམ་གཉིས་སུ་ངེས་པའི་ཕྱིར། གལ་ཏེ་དེ་དེས་མ་དམིགས་ཀྱང༌། །རྗེས་དཔག་གིས་གྲུབ་པ་ཡིན་ཏེ། །སྤྱི་མཚན་བཞིན་ནོ་ཞེ་ན། ཤེས་བྱ་འདིར་ཆུ་ཡོད་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་མི་སྲིད་དེ། དེ་ཡོད་ན། མིར་གྱུར་པའི་སྔར་རྒོལ་གྱིས་ལྷར་གྱུར་པའི་ཕྱིར་རྒོལ་གྱི་ངོར་དེར་དེ་ཡོད་པར་རྟགས་ཀྱིས་སྒྲུབ་ནུས་དགོས་པ་ལས། དེ་ལྟར་སྒྲུབ་མི་ནུས་པའི་ཕྱིར། དེ་མི་ནུས་པ་ཡིན་ཏེ། འགལ་བ་ལ་མི་འཁྲུལ་བའི་ཚད་མ་མེད་པའི་ཕྱིར། དེ་ལྟར་ལུགས་འདི་ལ། ཕྱི་རོལ་གྱི་དོན་དང༌། དོན་དུ་སྣང་བའི་གཟུང་རྣམ་གཉིས་ཀ་ཚད་མས་གྲུབ་པ་མ་ཡིན་ཏེ། མེད་བཞིན་དུ་རྟོག་པས་སྒྲོ་བཏགས་པའི་ཕྱིར། ཇི་སྐད་དུ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །འོ་ན་ཅི་ཞིག་ཡོད་ཅེ་ན། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་དེའོ། །གཉིས་པ་རྗེས་དཔག་ལ། ཡང་དག་དང༌། ལྟར་སྣང་གཉིས། དང་པོ་ལ་མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་སྔ་མ་དག ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་རིག་པའོ། །ཞེས་ཟེར་བ་དེ་ཡང་འཇུག་ཡུལ་དང་གཞལ་བྱ་གཅིག་ཏུ་འདྲེས་པའི་ནོར་བ་ཡིན་པས། འདི་ལྟར་ཁྱེད་རང་ལྟར་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མས་དྲངས་ནས་སྐྱེས་པའི་ངེས་ཤེས་དོན་མཐུན་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། ཁོ་བོ་ཅག་ལྟར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་འཇལ་བའི་ཚད་མ་ཆོས་ཅན། སྒྲ་མི་རྟག་པ་ལ་རྗེས་དཔག་ཏུ་ཐལ། ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས། རང་གི་འཇུག་ཡུལ་སྒྲ་མི་རྟག་པ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རང་གི་གཞལ་བྱ་སྤྱི་མཚན་ལ་གསར་དུ་མི་སླུ་བའི་རིགས་པར་ཐལ། མཚན་ཉིད་དེ་ཚང་བ་གང་ཞིག དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། ཡང་གཞན་དག དེ་ལ་བརྟེན་ནས་བསྒྲུབ་བྱ་གསར་དུ་རྟོགས་པའི་བློ། ཞེས་ཟེར་བ་ཡང་མ་ཤེས་པ་ཡིན་ཏེ། ཚད་མའི་དོན་ལྡོག་གི་གཙོ་བོ་མི་སླུ་བ་ཡིན་པ་ལ་དེ་མ་བཤད་པས་ནོངས་པའི་ཕྱིར་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མས་ཀྱང་བསྒྲུབ་བྱ་སྒྲ་མི་རྟག་པ་རང་མཚན་རྟོགས་པ་མ་ཡིན་པའི་ཕྱིར། མངོན་སུམ་ལ་ནི་མི་མཚུངས་ཏེ། གཞལ་བྱ་རང་མཚན་ལ་མ་འཁྲུལ་བ་ཙམ་གྱིས། དེ་ལ་མི་སླུ་བར་གྲུབ་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ཚུལ་གསུམ་པ་ཅན་གྱི་རྟགས་ལས་དངོས་ཀྱི་གཞལ་བྱ་སྤྱི་མཚན་གསར་དུ་རྟོགས་ཤིང༌། འཇུག་ཡུལ་གྱི་གཞལ་བྱ་རང་མཚན་ལ་མི་སླུ་བའི་རིག་པའོ། །དབྱེ་ན། དངོས་པོ་སྟོབས་ཤུགས་ཀྱི། གྲགས་པའི། ཡིད་ཆེས་པའི་རྗེས་དཔག་གོ །རྗེས་དཔག་དེ་གསུམ་གྱིས་གཞལ་བྱ་ལ་གཞི་མཐུན་སྲིད་པ་མ་ཡིན་ཏེ། དེ་གསུམ་གྱིས་ལོག་ཕྱོགས་ལ་གནོད་ཚུལ་མི་འདྲ་བར་གསུངས་པའི་ཕྱིར། འོ་ན་ཁྱད་པར་ཅི་ཞེ་ན། གྲགས་པའི་རྗེས་དཔག་གི་གཞལ་བྱ་ནི་ཐ་སྙད་ཁོ་ན་ཡིན། གཉིས་པོའི་གཞལ་བྱ་ནི་དོན་ཁོ་ནའོ། །དེ་ལའང་སྒྲུབ་བྱེད་ལུང་ལ་ལྟོས་པ་དང༌། མི་ལྟོས་པའི་དབྱེ་བས་གཉིས་སོ། །དང་པོ་ནི། རྣམ་མཁྱེན་སྐད་ཅིག་གིས་འཇིག་པ་ལྟ་བུ་དང༌། གཉིས་པ་ནི། སྒྲ་སྐད་ཅིག་གིས་འཇིག་པ་ལྟ་བུའོ། །གཉིས་པ་ལྟར་སྣང་ལ་མཚན་ཉིད་ནི། གཏན་ཚིགས་ལྟར་སྣང་ལ་བརྟེན་པའི་རྟགས་ཅན་གྱི་རིག་པའོ། །དབྱེ་ན། འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པའི་རྟགས་ལ་བརྟེན་པའི་དབྱེ་བས་གསུམ་མོ། །འགལ་རྟགས་ལ་བརྟེན་ནས་རྗེས་དཔག་ཚད་མ་སྐྱེ་བ་ཅིག་སྲིད་པ་དེའི་ཚེ་ནི། དེའི་རྟེན་ནི་གཏན་ཚིགས་ཡང་དག་ཁོ་ན་ཡིན་ནོ། །དེ་ལྟར་འཆད་བྱེད་རྟོག་གེའི་ལུས་བརྒྱད་ཀྱི་སྒོ་ནས་བཤད་བྱ་ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ནོ།།  །།གཉིས་པ་ཚད་མ་དེའི་ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་ལ། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་ཇི་ལྟར་རྟོགས་པའི་ཚུལ་ལོ། །དང་པོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། ཡུལ་གྱི་མཚན་ཉིད་ནི་བློས་རིག་པར་བྱ་བའོ། །ཤེས་བྱའི་མཚན་ཉིད་ནི་བློའི་ཡུལ་དུ་བྱ་རུང་བ། གཞལ་བྱའི་མཚན་ཉིད་ཚད་མས་རྟོགས་པར་བྱ་བའོ། །གཉིས་པ་དབྱེ་བ་ལ། ཡུལ་ལ་དབྱེ་ན། གཞུང་ལས་འབྱུང་བ་ནི། གཟུང་བའི་ཡུལ་དང༌། འཇུག་པའི་ཡུལ་ལོ། །བོད་སྔ་མས་ཐ་སྙད་བྱས་པ་ནི། སྣང་ཡུལ་དང༌། ཞེན་ཡུལ་ལོ། །དང་པོ་གཟུང་ཡུལ་ལ་མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་ཤེས་པ་མ་འཁྲུལ་བ་ལ་ཕྱི་རོལ་དོན་གྱི་རྣམ་པ་གཏོད་བྱེད་དོ། །དེ་ཡང་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པ་ལྟར་ན་དེ་ཙམ་གྱིས་ཆོག་ལ། གཟུང་འཛིན་གྲངས་མཉམ་པ་ལྟར་ན། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲའི་རྣམ་པ་གཏོད་བྱེད་གཟུང་ཡུལ་ཡིན་ན་ཕྱི་རོལ་གྱི་དོན་རང་མཚན་ཡིན་པས་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་ཤེས། །ཞེས་གསུངས་སོ། །གཉིས་པ་ལ་མཚན་ཉིད་ནི། བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་སླུ་བའོ། །འདིར་མི་སླུ་བའི་དོན་ལ་གཉིས་ལས། ཡུལ་གྱི་མི་སླུ་བ་ནི། ཇི་སྐད་དུ། དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་ཞེས་པ་ལྟར་རོ། །ཡུལ་ཅན་གྱི་མི་སླུ་བ་ནི་ཙམ་པོ་དང་ཁྱད་པར་ཅན་གཉིས་ལས། དང་པོ་ནི། ཇི་སྐད་དུ། བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པས་བསྟན་པ་དེའོ། །འདི་ལའང་རང་མཚན་གྱིས་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། འོ་ན་ནམ་མཁའ་དངོས་མེད་དང༌། ཕུང་སོགས་བདག་མེད་དུ་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་གང་ཞེ་ན། དང་པོའི་འཇུག་ཡུལ་ནི། དེ་དེར་རྟོགས་པའི་རྗེས་དཔག་གི་ཤེས་རྣམ་ལ་བྱེད་པར། སློབ་དཔོན་ལྷའི་དབང་པོའི་བློ་གྲོས་ཀྱིས་བཤད་པ་ལྟར་ཁས་བླངས་ན། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ་ལ་ཤིན་ཏུ་འགྲིག་པ་ཡིན་ལ། དེ་ལྟ་ན་ཡང༌། དེ་དེ་ལ་རྗེས་དཔག་ཏུ་སོང་སའི་གཞལ་བྱར་ཁས་ལེན་པ་ནི་མ་ཡིན་ཏེ། དེ་དེ་ལ་མངོན་གྱུར་ཡིན་པའི་ཕྱིར། གཉིས་པའི་འཇུག་ཡུལ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་གཞལ་བྱར་བཤད་ཟིན་པ་གང་ཡིན་པ་དེ་ཉིད་དོ། །གསུམ་པ་ལ་མཚན་ཉིད་ནི། སྣང་ནས་རིག་པར་བྱ་བའོ། །འདི་ཤེས་པ་ཐམས་ཅད་ལ་ཡོད་དོ་ཞེས་གསུང་ཡང༌། རང་རིག་མངོན་སུམ་ལ་མེད་དོ། །འདི་ལ་མུ་གསུམ་སྟེ། སྣང་བ་མཚན་ཉིད་པ་ཡིན་ལ། ཡུལ་བཏགས་པ་བ་ཡིན་པ་ནི། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལྟ་བུའོ། །ཡུལ་མཚན་ཉིད་པ་ཡིན་ལ། སྣང་བ་བཏགས་པ་བ་ཡིན་པ་ནི། སྔོན་པོ་སྔོ་སྣང་དབང་ཤེས་ཀྱི་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི། ཤེས་པ་དེ་ཉིད་ལ་དེ་ཉིད་ལྟ་བུའོ། །གཉིས་ཀ་ཡིན་པའི་མུ་ནི་མི་སྲིད་པས། སྣང་ཡུལ་མཚན་ཉིད་པ་མི་སྲིད་དོ། །འོ་ན་རྟོག་པ་ལ་དོན་སྤྱི་སྣང་བ་མ་ཡིན་ནམ་ཞེ་ན། དེ་ལ་དེ་ཤར་བ་ཞེས་བྱ་བའི་ཐ་སྙད་ཡོད་ཀྱི། དེ་ལ་དེ་སྣང་བ་ཞེས་བྱ་བའི་ཐ་སྙད་མི་མཛེས་སོ། །བཞི་པ་ལ་མཚན་ཉིད་ནི། ཞེན་ནས་རིག་པར་བྱ་བའོ། །དབྱེ་ན། སྒྲ་དང་རྟོག་པའི་དབྱེ་བས་གཉིས་སོ། །འདི་རྟོག་མེད་ཀྱི་ཤེས་པ་རྣམས་ལ་ཡོད་པ་མ་ཡིན་ཏེ། ཡོད་ན་སེལ་འཇུག་ཏུ་ཐལ་བའི་ཕྱིར་རོ། །དེ་བས་ན། སྤྱི་མཚན་རྣམས་ནི། ཡུལ་དུ་བསྡུ་བའི་ཚེ་ཞེན་ཡུལ་དུ་ཁས་ལེན་དགོས་ཏེ། གཟུང་ཡུལ་དང༌། འཇུག་ཡུལ་དུ་ནི་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་གཞུང་ལས་ཐ་སྙད་གསལ་པོ་མི་འབྱུང་ཡང༌། ཞེན་ཡུལ་ནི་ངེས་པར་ཁས་ལེན་དགོས་ལ། སྣང་ཡུལ་ནི་ཁས་མ་བླངས་ཀྱང་ཉེས་པ་མེད་དོ། །གཉིས་པ་ཤེས་བྱ་ལ་དབྱེ་ན། མཚན་ཉིད་གསུམ་དང༌། ཕུང་སོགས་གསུམ་མོ། །དང་པོ་ལ། རྣལ་འབྱོར་སྤྱོད་པའི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་འཆད་པ་ནི། ཀུན་བརྟགས་ཀྱི་མཚན་ཉིད། རང་གི་ངོ་བོ་མེད་བཞིན་དུ་མ་རིག་པའི་དབང་གིས་རང་དུ་སྣང་བ་ལ་སྒྲོ་འདོགས་བྱེད་ཀྱི་རྟོག་པས་རང་དུ་སྒྲོ་བཏགས་པའི་ཆའོ། །དཔེར་བརྗོད་པ་ནི། བདག་གཉིས་དང༌། གཟུགས་སོགས་དོན་ལྔ་ལྟ་བུའོ། །མོ་གཤམ་གྱི་བུ་ལྟ་བུ་ནི། ཀུན་བཏགས་སུ་མི་གཞག་སྟེ། དེར་སྣང་བའི་གཞན་དབང་མེད་པའི་ཕྱིར་རོ། །དེའི་རིགས་པས་ཕྱི་རོལ་གྱི་དོན་དང༌། བདག་གཉིས་ཀྱི་དོན་སྤྱི་ལྟ་བུ་ཀུན་བརྟགས་ཡིན་པར། རྣལ་འབྱོར་སྤྱོད་པའི་གཞུང་དུ་མི་གསལ་ཡང༌། རྣམ་འགྲེལ་མཛད་པའི་སྐབས་འདིར་ཁས་བླངས་པས་ཆོག་ལ། མོ་གཤམ་བུའི་དོན་སྤྱི་ལྟ་བུ་ནི། སྤྱི་མཚན་ཡིན་ཀྱང༌། ཀུན་བརྟགས་སུ་ཁས་མི་ལེན་ནོ། །གཉིས་པ་གཞན་དབང་གི་མཚན་ཉིད། བག་ཆགས་ཀྱི་དབང་གིས་ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བའི་ཤེས་པའོ། །དབྱེ་ན། རྣམ་པར་ཤེས་པའི་ཚོགས་བདུན་འཁོར་དང་བཅས་པའོ། །འདིར་ཀུན་གཞི་དང་རང་རིག་གཉིས་གཞན་དབང་ཡིན་པར་གཞུང་ལས་མ་བཤད་ཅིང༌། དེའི་མཚན་ཉིད་དང་ཡང་མི་ལྡན་པས་དེར་ཁས་མི་ལེན་ནོ། །གསུམ་པ་ཡོངས་གྲུབ་ཀྱི་མཚན་ཉིད་གཟུང་འཛིན་གཉིས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་དོ། །དབྱེ་ན། འགྱུར་མེད་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས། དང་པོ་ནི། གཉིས་སྟོང་གི་སེམས་རང་བཞིན་གྱིས་འོད་གསལ་བ་ལྟ་བུའོ། །གཉིས་པ་ནི། དེ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ལྟ་བུའོ། །དེ་གཉིས་ཀ་ཡོངས་གྲུབ་མཚན་ཉིད་པར་གཞུང་ལས་བཤད་དོ། །གཉིས་པ་ལ་གསུམ་ལས། དང་པོ་ཕུང་པོའི་མཚན་ཉིད་ནི། སྤུང་བྱ་དུ་མ་སྤུང་བྱེད་རྟོག་པས་ཕྱོགས་གཅིག་ཏུ་བསྡོམས་པའི་ཚུལ་གྱིས་སྤུངས་པའོ། །དབྱེ་ན། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོའོ། །དང་པོ་ལ། མཚན་ཉིད་ནི། གཟུགས་འཛིན་པའི་རྣམ་པར་གཡེང་བའི་རྟོག་པས་རྣམ་པར་བརྟགས་པའི་གཟུགས་དུ་མ་ཕྱོགས་གཅིག་ཏུ་བསྡོམས་ནས་སྤུངས་པའོ། །འདིར་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་སྟེ། ཀུན་བརྟགས་པའི་གཟུགས། རྣམ་པར་བརྟགས་པའི་གཟུགས། ཆོས་ཉིད་ཀྱི་གཟུགས་སོ། །དང་པོ་ནི། དངོས་པོར་མེད་པས་གཟུགས་སུ་མི་རུང་ལ། གཉིས་པ་ནི། བག་ཆགས་ཀྱི་དབང་གིས་གཟུགས་སུ་སྣང་བའི་ཤེས་པ་ཉིད་ལ་གཟུགས་ཀྱི་ཐ་སྙད་བྱས་པའོ། །གསུམ་པ་ནི། རྣམ་པ་བརྟགས་པའི་གཟུགས་དེ་ཀུན་བརྟགས་པའི་གཟུགས་ཀྱི་སྟོང་པའི་སྟོང་ཉིད་དོ། །ཀུན་བརྟགས་པའི་གཟུགས་ནི། གཟུགས་འཛིན་ཤེས་པ་ལ་གཟུགས་སུ་སྣང་བ་ལ་ཕྱི་རོལ་གྱི་གཟུགས་སུ་སྒྲོ་བཏགས་པའི་དོན་དེ་ཉིད་དོ། །དེ་བཞིན་དུ་མཚན་ཉིད་དང༌། དབྱེ་བའི་འཆད་ཚུལ་ལྷག་མ་བཞི་ལ་ཡང་དེ་ལྟར་སྦྱར་ནས་ཁས་ལེན་ནོ། །ཡང་ཕུང་པོ་ལ་གསུམ་སྟེ། ཀུན་གཞིའི་སྟེང་ན་ས་བོན་གྱི་ངོ་བོར་གནས་པ་དང༌། རྣམ་སྨིན་གྱི་ངོ་བོར་གནས་པ་དང༌། རྣམ་སྨིན་ལས་བྱུང་བའི་ཚུལ་གྱིས་མངོན་དུ་གྱུར་པའོ། །དང་པོ་གཉིས་ནི། ཀུན་གཞི་ཉིད་ཡིན་ལ། གསུམ་པ་ནི། ཉོན་ཡིད་དང་འཇུག་ཤེས་འཁོར་དང་བཅས་པའོ། །གཉིས་པ་ཁམས་ལ་མཚན་ཉིད་ནི། ཉེར་སྤྱོད་འཛིན་པའོ། །དེ་ལ་ཉེར་སྤྱོད་ནི། རྣམ་པར་ཤེས་པའི་ཁམས་དྲུག་ལ་བྱ་ལ། དེ་འཛིན་པའི་ཚུལ་ནི། ད་ལྟར་བ་གནས་དང་དམིགས་པའི་སྒོ་ནས་འཛིན་པ་དང༌། མ་འོངས་པ་རྒྱུའི་སྒོ་ནས་འཛིན་པའོ། །གཉིས་པ་དབྱེ་བ་ལ། རྟེན་དབང་པོའི་ཁམས་དྲུག བརྟེན་པ་རྣམ་པར་ཤེས་པའི་ཁམས་དྲུག དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ་བཅོ་བརྒྱད་དོ། །དེ་ཡང་བསྡུ་ན་གསུམ་དུ་འདུ་སྟེ། ཀུན་གཞིའི་སྟེང་གི་ས་བོན་གྱི་ཆར་གྱུར་པ་བཅོ་བརྒྱད། རྣམ་སྨིན་གྱི་ངོ་བོར་གནས་པ་བཅོ་བརྒྱད། རྣམ་སྨིན་ལས་བྱུང་བའི་ཚུལ་གྱིས་མངོན་དུ་གྱུར་བ་བཅོ་བརྒྱད་དོ། །མདོར་ན་གཟུགས་མེད་པའི་ཁམས་ན་ཡང༌། བཅོ་བརྒྱད་པོ་ཚང་བར་ཁས་ལེན་པ་གཞུང་གི་དགོངས་པ་ཡིན་ནོ། །གསུམ་པ་སྐྱེ་མཆེད་ཀྱི་མཚན་ཉིད་ནི། ཉེར་སྤྱོད་མ་འོངས་པ་སྐྱེ་བའི་སྒོ་འབྱེད་པའོ། །སྒོ་འབྱེད་ཚུལ་ནི་བདག་པོའི་རྐྱེན་བྱས་པའི་སྒོ་ནས་ཡིན་ལ། སྔ་མ་ཁམས་ཀྱིས་ནི། རྒྱུའི་རྐྱེན་བྱས་པའི་སྒོ་ནས་ཁམས་སུ་འཇོག་པ་ཡིན་པས། དེ་གཉིས་ཀྱིས་ཉེར་སྤྱོད་མ་འོངས་པའི་རྒྱུ་བྱེད་ཚུལ་ལ་ཁྱད་པར་གྲུབ་པ་ཡིན་ནོ། །ཡང་ཁམས་འཇོག་པའི་ཚེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཡིད་ཀྱི་ཁམས་སུ་མི་འཇོག་ལ། སྐྱེ་མཆེད་འཇོག་པའི་ཚེ་ཡིད་ཀྱི་སྐྱེ་མཆེད་དུ་ཁས་ལེན་དགོས་པ་ནི་ཁྱད་པར་གཅིག་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ནི། སྐྱེ་མཆེད་འཇོག་པའི་ཚེ། ཡིད་ཀྱི་སྐྱེ་མཆེད་དང༌། ཁམས་འཇོག་པའི་ཚེ། ཡིད་ཀྱི་ཁམས་སུ་ཁས་ལེན་པ་ཡིན་ཀྱང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་བཤད་པ་མེད་དོ། །ཀུན་གཞི་ནི་ཁམས་དང་སྐྱེ་མཆེད་ཀྱི་འཇོག་ཚུལ་སྔ་མ་གཉིས་ཀྱི་ཚེ། ཐམས་ཅད་ལ་ཁྱབ་བྱེད་དུ་གནས་པ་ཡིན་ལ། འཇོག་ཚུལ་གསུམ་པའི་ཚེ་ནི། ཁམས་དང་སྐྱེ་མཆེད་རེ་རེ་བ་གང་དུ་ཡང་གསལ་བར་མ་བཤད་དོ། །གཉིས་པ་དབྱེ་བ་ནི། མིག་སོགས་ནང་གི་སྐྱེ་མཆེད་དྲུག གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་གོ །དེ་དག་ཀྱང་གསུམ་དུ་འདུ་སྟེ། ཀུན་གཞིའི་སྟེང་གི་ས་བོན་གྱི་ཆར་གྱུར་པ་དང༌། རྣམ་སྨིན་གྱི་ངོ་བོར་གནས་པ་དང༌། རྣམ་སྨིན་ལས་བྱུང་བའི་ཚུལ་གྱིས་མངོན་དུ་གྱུར་པའོ། །གསུམ་པོ་དེ་དག་གི་རྣམ་པར་བཞག་པ་ལ། མདོ་སྡེ་པའི་འདོད་པ་ནི་གོ་བར་སླ་བས་འདིར་མ་བྲིས་སོ། །གསུམ་པ་གཞལ་བྱ་ལ། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་རང་སྤྱི་གཉིས། རྟོགས་དཀའ་སླའི་སྒོ་ནས་དབྱེ་ན་མངོན་ལྐོག་གཉིས། ཡུལ་ཅན་གྱི་སྒོ་ནས་དབྱེ་ན་བདེན་པ་གཉིས་སོ། །དང་པོ་ལ་མཚན་ཉིད་ནི། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་དང༌། ཡུལ་དུས་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཆོས་སོ། །མཚན་གཞི་ནི། སྐད་ཅིག་གི་ཆ་མེད་པའི་ཤེས་པ་དང༌། ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲ་རབ་རྣམས་ནི་དང་པོའི་མཚན་གཞི་དང༌། མདོ་སྡེ་པ་དང་པོའི་ལུགས་ལ། ལྡོག་པ་དང་གཞན་སེལ་ཇི་སྙེད་པ་དང༌། མདོ་སྡེ་པ་གཉིས་པ་ལྟར་ན། རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་ཀྱང་གཉིས་པའི་མཚན་གཞིའོ། །དེ་ལྟར་ན་སྤྱི་ཡིན་ལ་སྤྱི་མཚན་མ་ཡིན་པ་མི་སྲིད། སྤྱི་མཚན་ཡིན་ལ་སྤྱི་དང་ལྡོག་པ་མ་ཡིན་པ་ནི། རགས་རྒྱུན་གྱི་དངོས་པོ་རྣམས་སོ། །དེ་ལྟར་བཤད་པ་ན། སྤྱི་མཚན་ཡིན་ན་རང་དངོས་ཡུལ་དུ་བྱེད་པའི་མངོན་སུམ་མེད་པས་ཁྱབ་པ་དང༌། དེ་ཡིན་ན་ལྐོག་གྱུར་ཡིན་པས་ཁྱབ་པར་ཁས་ལེན་ནོ། །མདོ་སྡེ་པ་གཉིས་པས་ནི། འོག་ནས་འཆད་པ་ལྟར། ཕྱི་རོལ་གྱི་དོན་དང་སྤྱི་མཚན་གང་ཡིན་གཞལ་བྱ་ལྐོག་གྱུར་དུ་ཁས་ལེན་ནོ། །དེ་ལྟར་ན་སྤྱི་མཚན་ལ་གཉིས་ཏེ། རིགས་སྤྱི་དང༌། ཚོགས་སྤྱིའོ། །དང་པོ་ནི། ལྡོག་པ་གཞན་སེལ་རྣམས་ཡིན་ལ། གཉིས་པ་ནི། རགས་པ་དང་རྒྱུན་གྱི་དངོས་པོའོ། །མདོ་སྡེ་པ་དང་པོས་ནི། ཕྱི་དོན་རགས་པ་དམིགས་རྐྱེན་དང༌། གཟུང་དོན་དུ་ཁས་ལེན་པས་རང་མཚན་དང་མངོན་གྱུར་དུ་འཇོག་ལ། མདོ་སྡེ་པ་གཉིས་པ་ལྟར་ན། དབང་ཤེས་ལ་སྤྱི་མཚན་གྱི་རྣམ་པ་སྣང་ཡང༌། དེས་གཞལ་བྱ་སྤྱི་མཚན་རྟོགས་པར་མི་འདོད་ཅིང༌། དེའི་རྣམ་པ་ལ་རང་རིག་ཏུ་ཁས་ལེན། རྗེས་དཔག་ལ་སྤྱི་མཚན་གྱི་རྣམ་པ་ཤར་བ་ན། དེས་གཞལ་བྱ་སྤྱི་མཚན་རྟོགས་པར་ཁས་ལེན་པའི་ཁྱད་པར་ཡང་ཕྱེད་དགོས་སོ། །དེའི་ཕྱིར་སེལ་འཛིན་མིག་ཤེས་ཆོས་ཅན། རྟོག་པར་ཐལ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར་ཏེ། རགས་པ་དེར་བྱེད་པའི་དེ་ཡིན་པའི་ཕྱིར་ཞེས་ཟེར་བ་ལ་མདོ་སྡེ་པ་གཉིས་པས་རྟགས་མ་གྲུབ་ཀྱི་ལན་ཐེབས་པ་ཡིན་ནོ། །གཉིས་པ་ལ། སྤྱིར་མངོན་གྱུར་དང༌། ལྐོག་གྱུར། དེ་རེ་རེ་ལའང་གཞལ་བྱ་མངོན་ལྐོག་དང༌། འཇུག་ཡུལ་མངོན་ལྐོག་གཉིས་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། ཚད་མའི་གྲངས་ངེས་སྒྲུབ་བྱེད་ལ། ཕྱོགས་ཆོས་དང་ཁྱབ་འབྲེལ་སྒྲུབ་བྱེད་གཉིས་སུ་འབྱེད་དགོས་པས་སོ། །དེ་ཡང་གཞལ་བྱ་མངོན་ལྐོག་གི་ནང་དུ་རང་སྤྱི་གཉིས་ཀ་བསྡུ་ནུས་ལ། འཇུག་ཡུལ་མངོན་ལྐོག་ནི། རང་མཚན་གཅིག་པུ་ལས་ཕྱེ་བའོ། །དེའི་ཕྱིར་བོད་སྔ་ཕྱི་ཐམས་ཅད་མངོན་ལྐོག་གི་དབྱེ་བ་དེ་ལྟར་མི་འབྱེད་པ་ནི་མ་ཤེས་པ་ཡིན་ཏེ། ཚད་མའི་གྲངས་ངེས་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ། རང་སྤྱི་གཉིས་སུ་ངེས་པ་དང༌། མངོན་ཀློག་གཉིས་སུ་ངེས་པ་རྣམ་གྲངས་པར་བཀོད་པས་ནོངས་པ་དང༌། ཚད་མས་རྟོགས་པ་དང༌། མི་སླུ་བར་སོང་སའི་ཡུལ་གྱི་ཁྱད་པར་མ་ཕྱེད་པས་སོ། །དེ་ལྟར་གཉིས་ལས། དང་པོ་གཞལ་བྱ་མངོན་ལྐོག་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་གཞན་ལུགས་མི་འཐད་པ་ནི། བོད་སྔ་ཕྱི་རྣམས་མཐུན་པར་མྱོང་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་དང༌། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བའོ། །ཞེས་ཟེར་བ་ནི་མི་འཐད་དེ། གཞན་ལས་ངེས་ཀྱི་མངོན་སུམ་གྱི་གཞལ་བྱ་ལ་མཚན་ཉིད་དེ་མི་སྲིད་པའི་ཕྱིར་དང༌། མངོན་སུམ་རང་ལས་ངེས་ཀྱི་ཚད་མས་དྲངས་པའི་ངེས་ཤེས་ཀྱི་འཇུག་ཡུལ་ལ་སྒྲོ་འདོགས་གཅོད་ན་ནི་དེ་ཉིད་ཚད་མར་འགྱུར་ཏེ། སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང༌། མ་གྲུབ་ན་མངོན་སུམ་གྱིས་སྒྲོ་འདོགས་བཅད་པར་སོང་ངོ༌། །རང་གི་ལུགས་ནི་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་དང༌། རྗེས་སུ་དཔག་པའི་ཚད་མས་རྟོགས་པར་བྱ་བའོ། །གཞལ་བྱ་མངོན་ལྐོག་གཉིས་ལ་གཞི་མཐུན་མི་སྲིད་པ་གཞུང་གི་དགོངས་པར་འཆད་དགོས་པ་དེའི་ཚེ། གང་ཟག་སོ་སོའི་ཚད་མ་རེ་རེ་ལ། དེ་དང་དེར་གྱུར་པས། དེ་དང་དེའི་གོ་མི་ཆོད་པར་ཁས་བླངས་ན་བདེ་བ་ཡིན་ཏེ། དཔེར་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་དུ་གྱུར་པས་དེའི་གོ་མི་ཆོད་པ་བཞིན་ནོ། །འོ་ན་འཕགས་པའི་ཚད་མ་བས་བྱིས་པའི་ཚད་མ་དབང་བཙན་པར་འགྱུར་རོ། །ཞེ་ན། སྐབས་འདིར་ནི་དེ་སྐད་འཆད་དགོས་པ་ཡིན་ཏེ། ཚུ་རོལ་མཐོང་བའི་ཚད་མའི་རྣམ་གཞག་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་དབྱེ་བ་ལ། མདོ་སྡེ་པ་དང་པོས་ནི། ཕྱི་རོལ་གྱི་དོན་རིག་པ་མངོན་གྱུར་དུ་ཁས་ལེན་ལ། མདོ་སྡེ་པ་གཉིས་པ་དང་སེམས་ཙམ་པ་ལ་ནི་མངོན་གྱུར་གྱི་མཚན་གཞི་ནི་ཤེས་པ་ལས་གཞན་མེད་དོ། །འོ་ན་ཇི་སྐད་དུ། དེ་ལ་འཛིན་པ་རང་དབང་ཅན། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་འཇུག་ཡུལ་མངོན་གྱུར་སྟོན་བྱེད་ཀྱི་ལུང་ཡིན་པས་མི་འགལ་ལོ། །ལྐོག་གྱུར་ལ། མདོ་སྡེ་པ་གཉིས་པ་ལྟར་ན། ཕྱི་རོལ་གྱི་དོན་ཇི་སྙེད་པ་དང༌། ལྡོག་པ་གཞན་སེལ་རྣམས་སོ། །དེ་ལ་ཡང་རྗེས་དཔག་གསུམ་གྱི་དབྱེ་བས་ལྐོག་གྱུར་གསུམ་དུ་འགྱུར་ལ། དེ་ཡང་བསྡུ་ན་དོན་དང་ཐ་སྙད་གཉིས་སུ་འགྱུར་ལ། དང་པོ་ལ། ཅུང་ཟད་དང༌། ཤིན་ཏུ་ལྐོག་གྱུར་གཉིས། དང་པོ་ལ་རང་བཞིན་དང་ཉི་ཚེ་བ་གཉིས་སུ་འབྱེད་ལ། འདི་ཐམས་ཅད་ཀྱང་གཞན་སེལ་གྱི་སྒོ་ནས་འཆད་དགོས་པ་ཡིན་ཏེ། གཞལ་བྱ་ལྐོག་གྱུར་འཆད་པའི་སྐབས་ཡིན་པས་སོ། །འོ་ན་མདོ་སྡེ་པ་གཉིས་པའི་ལུགས་ལ་ཇི་སྐད་དུ། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང༌། །ཞེས་དང༌། དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་ཕྱི་དོན་མངོན་སུམ་གྱི་གཞལ་བྱར་གསུངས་པ་མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ། གཞུང་དེ་དག་ནི། མངོན་སུམ་གྱིས་ཕྱི་རོལ་གྱི་དོན་མ་རྟོགས་པར་འཆད་པའི་སྐབས་ཡིན་པའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་དོན་རང་མཚན་ཚད་མ་གཉིས་པོ་གང་གིས་ཀྱང་མི་རྟོགས་ན་སྤྱིར་གཞལ་བྱ་མ་ཡིན་པར་འགྱུར་རོ་ཞེ་ན་ཉེས་པ་མེད་དེ། སྐབས་འདིར་མངོན་གྱུར་འཇོག་བྱེད་ཀྱི་མངོན་སུམ་དེ་ནི། མ་དག་པའི་བློ་ཅན་གྱི་དབང་དུ་བྱས་པའི་ཕྱིར་དང༌། ཡང་ན་ཚད་མ་གཉིས་ཀས་མ་རྟོགས་ཀྱང༌། གཉིས་ཀའི་འཇུག་ཡུལ་དུ་འགྲོ་བའི་སྐབས་སོ་སོར་ངེས་པས་སོ། །གཉིས་པ་འཇུག་ཡུལ་མངོན་ལྐོག་ལ། འཇུག་ཡུལ་ཙམ་གྱི་མཚན་ཉིད་ནི་གོང་དུ་བཤད་ཟིན་ལ། འདིར་ཡང༌། རང་འཇུག་ཡུལ་དུ་བྱེད་པའི་ཚད་མ་དེ། གང་ལ་ཚད་མར་སོང་སའི་ཡུལ་དེ་ཉིད་ལ་འཆད་པ་ཡིན་ལ། དེ་ཡང་རང་མཚན་ཁོ་ནར་ངེས་པ་ཡིན་ཏེ། ཇི་སྐད་དུ། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན་ཞེས་བཤད་པས་སོ། །དབྱེ་བ་ལ་འཇུག་ཡུལ་མངོན་གྱུར་དང༌། ལྐོག་ཏུ་གྱུར་པའོ། །དང་པོ་ལ་མཚན་ཉིད་ནི། རང་འཇུག་ཡུལ་དུ་བྱེད་པའི་མངོན་སུམ་དེ། གང་ལ་ཚད་མར་སོང་སའི་དོན་བྱེད་ནུས་པའོ། །དབྱེ་ན་དོན་དང་ཤེས་པ་གཉིས་ལས། དོན་ནི་མདོ་སྡེ་པ་དང་པོས། དབང་ཡིད་མངོན་སུམ་གྱི་གཞལ་བྱ་གང་ཡིན་པ་དེ་ཉིད། འཇུག་ཡུལ་དུ་ཡང་ཁས་ལེན། གཉིས་པས་ནི་ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲན་ལས་གཞན་པའི་དོན་རང་མཚན་ཁས་མི་ལེན་ནོ། །ཤེས་པ་རང་མཚན་འཇུག་ཡུལ་དུ་བྱེད་པའི་མངོན་སུམ་ཚད་མ་ནི། རང་རིག་རྣམས་ཡིན་ལ། དེའི་གཞལ་བྱ་དང་འཇུག་ཡུལ་ལ་གཞི་མཐུན་སྲིད་ཀྱང༌། འཆད་འཇུག་གི་དབྱེ་བས་སོ་སོར་ཕྱེའོ། །གཉིས་པ་ལ་མཚན་ཉིད་ནི། རང་འཇུག་ཡུལ་བྱེད་པའི་རྗེས་དཔག་ཚད་མར་སོང་སའི་དོན་བྱེད་ནུས་པའོ། །འདི་ལ་ཡུལ་ཅན་རྗེས་དཔག་གི་དབྱེ་བས་གསུམ་སྟེ། སྒྲ་མི་རྟག་པ་དང༌། ལ་མེའི་ཚོགས་དོན་རང་མཚན་ལྟ་བུ། དངོས་སྟོབས་རྗེས་དཔག་གི་དང༌། ཟླ་བ་ལ་སོགས་པའི་ཐ་སྙད་རང་མཚན་གྲགས་པའི་རྗེས་དཔག་གི་དང༌། སྦྱིན་སོགས་ཀྱི་འབྲས་བུ་རང་མཚན་ལྟ་བུ་ཡིད་ཆེས་པའི་རྗེས་དཔག་གི་འཇུག་ཡུལ་རྣམས་སོ། །འོ་ན་འཇུག་ཡུལ་མངོན་ལྐོག་ལ་གཞི་མཐུན་སྲིད་པར་འགྱུར་ཏེ། སྒྲ་མི་རྟག་པ་དང༌། ལ་མེའི་ཚོགས་དོན་ལྟ་བུ་འཇུག་ཡུལ་དུ་བྱེད་པའི་མངོན་རྗེས་གཉིས་ཀ་སྲིད་པས་སོ་ཞེ་ན། རེས་འགའ་དེ་དང་དེར་འགྱུར་ཡང༌། སྤྱི་ཙམ་ནས་མངོན་ལྐོག་གི་གཞི་མཐུན་ཁས་མི་ལེན་ཏེ། རང་འཇོག་བྱེད་ཀྱི་ཚད་མ་གཉིས་ལ་གཞི་མཐུན་མི་སྲིད་པས་སོ། །འོ་ན་ཇི་ལྟར་ཁས་ལེན་ཞེ་ན། བྱས་པ་སྒྲུབ་བྱེད་དུ་སོང་བའི་དུས་ཀྱི་རློམ་ཚོད་ཀྱི་བསྒྲུབ་བྱར་ངེས་པའི་སྒྲ་མི་རྟག་པ་རང་མཚན་པ་དེ་ནི་འཇུག་ཡུལ་ལྐོག་གྱུར་དང༌། སྒྲ་མི་རྟག་པ་རང་མཚན་འཇུག་ཡུལ་དུ་བྱེད་པའི་དབང་པོའི་མངོན་སུམ་ཚད་མར་སོང་སའི་སྒྲ་མི་རྟག་པ་རང་མཚན་ནི་འཇུག་ཡུལ་མངོན་གྱུར་གྱི་མཚན་གཞིར་གཟུང་ངོ༌། །འོ་ན་གཞན་ལས་ངེས་ཀྱི་ཚད་མའི་འཇུག་ཡུལ་དེ་ངེས་བྱའི་མངོན་སུམ་དང༌། ངེས་བྱེད་རྗེས་དཔག་གཉིས་ཀའི་འཇུག་ཡུལ་དུ་ཁས་ལེན་དགོས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྒྲ་མི་རྟག་པ་མཐོང་བའི་འཁྲུལ་རྒྱུ་ཅན་གྱི་མངོན་སུམ་དང༌། དེའི་འཇུག་ཡུལ་ངེས་བྱེད་ཀྱི་རྗེས་དཔག་གཉིས་པོ་སྒྲ་མི་རྟག་པ་འཇུག་ཡུལ་དུ་བྱེད་པའི་གནས་སྐབས་ཐ་དད་པས་སོ། །དཔེར་ན་དུ་བས་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་རྒྱུད་ལ་ལྡན་པའི་རྒོལ་བས་ལའི་སྟེང་གི་མེ་རང་མཚན་གྱི་ཁ་དོག་མཐོང་བའི་ཚེ་ལྟ་བུའོ། །ཡང་ན་ཞིབ་མོའི་རྣམ་གཞག་དེ་ལྟར་ཡིན་ཀྱང༌། རགས་པའི་རྣམ་གཞག་ལ། གཞལ་བྱ་མངོན་ལྐོག་ལ་གཞི་མཐུན་མི་སྲིད་ཀྱང༌། འཇུག་ཡུལ་མངོན་ལྐོག་ལ་གཞི་མཐུན་སྲིད་ཅེས་ཁས་བླངས་ན་བདེ་བ་ཡིན་ཏེ། འཇུག་ཡུལ་གཅིག་ལ་འཇུག་ཚུལ་ཐ་དད་པས་འཇུག་པས་སོ། །དབྱེ་སྒོ་གསུམ་པ་ལ། ལུགས་གཉིས་ལས། དང་པོ་མདོ་སྡེ་པ་ལྟར་ན། མཚན་ཉིད་ནི། དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་སོ། །མཚན་གཞི་ནི། གོ་རིམ་བཞིན་དུ་རང་མཚན་དང་སྤྱི་མཚན་དུ་བཤད་པ་རྣམས་སོ། །གཉིས་པ་རྣལ་འབྱོར་སྤྱོད་པའི་ལུགས་ལ། རྣམ་དག་གི་དམིགས་པར་གྱུར་པ་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་ཡོངས་གྲུབ་ཏུ་བཤད་པ་རྣམས་སོ། །ཀུན་ནས་ཉོན་མོངས་འཕེལ་བའི་དམིགས་པར་གྱུར་པ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ཀུན་བརྟགས་དང་གཞན་དབང་དུ་བཤད་པ་རྣམས་སོ། །གཞན་དབང་བདེན་གྲུབ་ནི། རྣམ་བདེན་པའི་འདོད་པ་ཡིན་ལ། རྣམ་རྫུན་པ་ལྟར་ན། དེ་བདེན་པར་ཡོད་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་བདེན་པར་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། གཟུང་བ་མེད་ན་དེ་འཛིན་མེད། །ཅེས་དང༌། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ཞེས་སོགས་གསལ་བར་གསུངས་པའི་ཕྱིར་རོ། །ལུགས་འདིར་ལམ་བདེན་ལ་དོན་དམ་བདེན་པས་ཁྱབ་པར་མི་འདོད་ཀྱང༌། འགྱུར་མེད་ཡོངས་གྲུབ་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ལྟ་བུ་དོན་དམ་བདེན་པར་ཁས་ལེན་དགོས་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་དང༌། མཚན་གཞི་དངོས་སུ་གཞུང་ལས་གསུངས་པའི་ཕྱིར་དང༌། བདེན་པར་གྲུབ་པའི་ཕྱིར་རོ། །སྐབས་འདིར་མདོ་སེམས་གཉིས་ཀས། བདག་མེད་གཉིས་སྤྱི་མཚན་དུ་ཁས་ལེན་པ་མ་ཡིན་ཏེ། བདེན་གྲུབ་མ་ཡིན་པར་ཐལ་བའི་ཕྱིར་དང༌། དེ་ཡང་འདོད་ན། དོན་དམ་བདེན་པ་མ་ཡིན་པར་ཐལ་ལོ། །འོ་ན་དེ་དག་གི་མཚན་གཞི་གང་ཞེ་ན། དགག་བྱ་བདག་གཉིས་སོ་སོར་བཀག་པས་ཁྱད་པར་དུ་བྱས་པའི་སེམས་རང་བཞིན་གྱིས་འོད་གསལ་བའོ། །གཉིས་པ་ཤེས་བྱེད་ཀྱི་བློ་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་སྔ་མ་རྣམས་ཡུལ་རིག་པའོ། །ཞེས་གསུང་པ་ལེགས་པ་མ་ཡིན་ཏེ། ཡུལ་དང་བློ་གཉིས་ཕན་ཚུན་བརྟེན་པར་ཐལ་བའི་ཕྱིར་དང༌། རང་རིག་དང་རྣལ་འབྱོར་མངོན་སུམ་ལ་མ་ཁྱབ་པའི་ཕྱིར། ཇི་ལྟར་ཞེ་ན། འདི་ལྟར་གཟུང་འཛིན་གཉིས་མེད་ཀྱི་རང་རིག་རང་གསལ་དང༌། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཡུལ་རིག་པ་མ་ཡིན་ཏེ། ཁྱོད་ཀྱིས་རྟོགས་པ་དང༌། ཁྱོད་རང་གི་ཡུལ་གྱི་གཞི་མཐུན་མ་གྲུབ་པའི་ཕྱིར། གྲུབ་ན་གང་ཡིན། བདག་མེད་དང་རང་རིག་རང་གསལ་དེའོ་ཞེ་ན། བདག་མེད་ཆོས་ཅན། སྤྱིར་རང་མཚན་དང་ཁྱད་པར་ཕྱི་རོལ་གྱི་དོན་དུ་ཐལ། མངོན་སུམ་སྣང་བས་འཇུག་པའི་ཡུལ་ཡིན་པའི་ཕྱིར། བསལ་བ་ཁས་བླངས། ཡང་ཤེས་པ་དེ་ཉིད་ཆོས་ཅན། དེའི་ཡུལ་དུ་མི་རུང་སྟེ། དེའི་ཡུལ་བཞི་པོ་གང་དུ་ཡང་མི་རུང་བས་སོ། །གལ་ཏེ་སྣང་ཡུལ་ཡིན་ན། དེ་ཆོས་ཅན། དེ་ལ་ཁྱོད་ཀྱི་རྣམ་པ་ཤར་བར་ཐལ་ལོ། །འཇུག་ཡུལ་ཡིན་ན། དེ་ཁྱོད་ལ་མི་སླུ་བར་འགྱུར་ལ། འདོད་ན། དེ་ཁྱོད་ལ་འབྲེལ་བར་ཐལ་ལོ། །གཉིས་པ་རང་གི་ལུགས་ནི། བློའི་མཚན་ཉིད་རིག་པ། ཤེས་པའི་མཚན་ཉིད་རང་བཞིན་གྱིས་འོད་གསལ་བའོ། །དང་པོ་ལ་དབྱེ་ན། ཚད་མ་དང་ཚད་མིན་གྱི་བློ་གཉིས། དང་པོ་བཤད་ཟིན་ལ། གཉིས་པ་ལ་མཚན་ཉིད་ནི། གཞལ་བྱ་གསར་དུ་མ་རྟོགས་པ་དང༌། འཇུག་ཡུལ་ལ་མི་སླུ་བར་མ་གྲུབ་པ་གང་རུང་གི་རིག་པའོ། །དབྱེ་བ་ལ་གཉིས་ལས། གཞན་ལུགས་མི་འཐད་པ་ནི། སློབ་དཔོན་ཕྱྭ་པས། ཡིད་དཔྱོད་དང་སྣང་ལ་མ་ངེས་པ་དང་དཔྱད་ཤེས་དང་གསུམ། ཚད་མིན་གྱི་དབྱེ་བར་བྱས་ནས། མཚན་ཉིད་ནི། མྱོང་བ་དང་རྟགས་ཡང་དག་ལ་མ་བརྟེན་པར། སྔར་མ་རྟོགས་པའི་ལྐོག་གྱུར་དོན་དང་མཐུན་པར་ངེས་པའི་རིག་པ་དང༌། དོན་རང་མཚན་གསལ་བར་སྣང་ཞིང༌། སྒྲོ་འདོགས་དང་འཛིན་སྟངས་མི་འགལ་བར་འཇུག་པའི་རིག་པ་དང༌། རང་གི་ཉེར་ལེན་ཚད་མ་སྔ་མས་གཟུང་ཟིན་བྱེད་པ་མ་ཉམས་པའི་དོན་ལ་བསྣན་ནས་འཛིན་པའི་རིག་པའོ། །ཞེས་གསུངས་པ་ནི་ལེགས་པ་མ་ཡིན་ཏེ། རིམ་པ་བཞིན་ཡིད་དཔྱོད་ཀྱི་མཚན་གཞིར་ཁས་ལེན་པ་གང་ཡིན་པ་དེ་ཆོས་ཅན། ཚད་མར་ཐལ། རང་གི་གཞལ་བྱ་སྔར་མ་རྟོགས་གསར་དུ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། ཡང་མངོན་སུམ་གྱི་ཚད་མ་ཐམས་ཅད་ཆོས་ཅན། སྣང་ལ་མ་ངེས་པར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སེལ་འཇུག་ཏུ་ཐལ། སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཇི་སྐད་དུ། གཞན་གྱི་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ཞེས་གསུངས་སོ། །ཡང་གཞན་ལས་ངེས་ཀྱི་ཚད་མའི་འཇུག་ཡུལ་ངེས་བྱེད་ཀྱི་ཚད་མ་གང་ཡིན་པ་དེ་ཆོས་ཅན། དཔྱད་ཤེས་སུ་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། བྱེ་བྲག་ཏུ་མངོན་སུམ་དཔྱད་ཤེས་འདོད་པ་མི་འཐད་དེ། གཏན་ཚིགས་ཐིགས་པར་སློབ་དཔོན་ཉིད་ཀྱིས་བཀག་ཟིན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་དུ་འབྱེད་ལ། ངོ་བོའི་སྒོ་ནས་བསྡུ་ན། རང་གི་ཡུལ་མ་རྟོགས་པ་གཅིག་པུར་འདུས་སོ། །འོ་ན་སྔོན་འཛིན་མངོན་སུམ་གྱིས་དྲངས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྔོན་པོ་མ་རྟོགས་པར་ཐལ་ལོ། །ཞེས་ཟེར་བ་དེ་ནི་མ་ཤེས་པ་ཡིན་ཏེ། རྟོག་པས་རང་མཚན་མ་རྟོགས་པ་ཤིན་ཏུ་འདོད་པའི་ཕྱིར་དང༌། གལ་ཏེ་རྟོགས་ན། དེ་ཆོས་ཅན། ཚད་མར་ཐལ། རང་གི་གཞལ་བྱ་གསར་དུ་རྟོགས་པ་གང་ཞིག འཇུག་ཡུལ་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཞེས་པས་ཁེགས་སོ། །འོ་ན་དེས་སྔོན་པོའི་གཞན་སེལ་ཡང་མ་རྟོགས་པར་ཁས་ལེན་ནམ་ཞེ་ན། དེ་ནི་རྟོགས་པར་ཁས་ལེན་ཏེ། ཚད་མའི་སྟོབས་ཀྱིས་དེ་ལ་སྒྲོ་འདོགས་ཆོད་པའི་ཕྱིར། འོ་ན་མ་རྟོགས་པའི་བློར་འཇོག་པ་ཅི་ཞེ་ན། གཞལ་བྱ་རྟོགས་ཀྱང་འཇུག་ཡུལ་གསར་དུ་ཐོབ་པར་བྱར་མེད་པས་སོ། །འོ་ན་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ཆོས་ཅན། མ་རྟོགས་པའི་བློ་མ་ཡིན་པར་ཐལ། འཇུག་ཡུལ་ལ་མི་སླུ་བའི་ཕྱིར་སྙམ་ན། དེ་ལ་ནི་ཡུལ་གྱི་དེ་ཡོད་ཀྱང༌། གཞལ་བྱ་རྟོགས་པ་མེད་པའི་ཕྱིར། མ་རྟོག་པའི་བློར་བཞག་གོ །མདོར་ན་གཞལ་བྱ་རྟོགས་ཀྱང་འཇུག་ཡུལ་མ་ཐོབ་པའི་བློ་ཡིན་པའམ། གཉིས་ཀ་མ་རྟོགས་པའི་བློ་ཡིན་པ་གསུམ་པོ་གང་རུང་གི་སྒོ་ནས་མ་རྟོགས་པའི་བློར་འཇོག་པ་ཡིན་ནོ། །འོ་ན་ས་བཅུའི་མཉམ་གཞག་ཡེ་ཤེས་རྣམས་ལ་གཞལ་བྱ་སྔར་མ་རྟོགས་གསར་དུ་རྟོགས་པ་ཇི་ལྟར་ཡོད་ཅེ་ན། འགྱུར་མེད་ཡོངས་གྲུབ་རང་མཚན་དུ་བཤད་ཟིན་པ་ལས་གསལ་བར་ཤེས་སོ། །གཉིས་པ་ལ་དབྱེ་ན། རྣམ་རིག་པའི་གྲུབ་པའི་མཐའ་གཞིར་བྱས་པ་ལ། རྣམ་ཤེས་དང༌། ཡེ་ཤེས་སོ། །དང་པོ་ལ་མཚན་ཉིད་ནི། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རིག་པའམ། བག་ཆགས་དེའི་རྟེན་དུ་གྱུར་པའི་རིག་པའོ། །དབྱེ་ན་གཉིས་སྣང་གི་ཤེས་པ་དངོས་དང༌། གཉིས་སྣང་གི་གནས་སུ་གྱུར་པའི་ཤེས་པ་གཉིས། དང་པོ་ལ། མཚན་ཉིད་ནི། ཀུན་གཞིའི་སྟེང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་བྱུང་བའི་གཟུང་འཛིན་གཉིས་སྣང་གི་རིག་པའོ། །དབྱེ་ན། གཙོ་བོ་སེམས་དང༌། འཁོར་སེམས་བྱུང་གཉིས། དང་པོ་ལ། མཚན་ཉིད་ནི། བག་ཆགས་ཀྱི་དབང་གིས་དོན་གྱི་ངོ་བོ་ཙམ་མཐོང་བའི་རྣམ་རིག་གོ །དབྱེ་ན། ཡིད་དང༌། འཛིན་པ་དང༌། རྣམ་པར་རྟོག་པ་ཞེས་བྱ་བ་གསུམ་མམ། ཡང་ན། བདག་ཏུ་སྣང་བ་དང༌། རྣམ་རིག་ཏུ་སྣང་བའོ། །དེ་ལ་ཡིད་དང༌། བདག་ཏུ་སྣང་བ་ཞེས་བྱ་བ་ནི། ཉོན་མོངས་པ་ཅན་གྱི་ཡིད་ཡིན་ལ། དེའི་མཚན་ཉིད་ནི། ཀུན་གཞི་ལ་དམིགས་ནས་ངར་འཛིན་པའི་གཙོ་བོ་རྣམ་རིག་གོ །འདི་གཙོ་བོ་སེམས་མཚན་ཉིད་པ་མ་ཡིན་ཏེ། དོན་གྱི་ངོ་བོ་མ་མཐོང་བའི་ཕྱིར། གལ་ཏེ་མཐོང་ན་བདག་མཐོང་བར་འགྱུར་ལ། བདག་འཛིན་རྟོག་པས་བདག་མཐོང་ན་བདག་རྐྱེན་དབང་པོ་ལ་བརྟེན་པར་ཐལ་བ་དང༌། བོང་བུའི་རྭ་འཛིན་པའི་རྟོག་པས་ཀྱང་དེ་མཐོང་བར་འགྱུར་རོ། །དེའི་འཁོར་དུ་བྱུང་བའི་འཇིག་ལྟ་ལ་སོགས་པ་ངེས་པའི་འཁོར་བཞི་པོ་ཡང་སེམས་བྱུང་མཚན་ཉིད་པ་མ་ཡིན་ཏེ། དོན་གྱི་ཁྱད་པར་མ་མཐོང་བའི་ཕྱིར། མཐོང་ན་ཉེས་པ་སྔ་མ་དེར་འགྱུར་རོ། །དེའི་འཁོར་གྱི་ཀུན་འགྲོ་ལྔ་ཡང་དེ་དང་དེ་མཚན་ཉིད་པ་མ་ཡིན་ཏེ། སོ་སོ་རང་གི་མཚན་ཉིད་མ་ཚང་བའི་ཕྱིར། དཔེར་ན་དེའི་འཁོར་གྱི་རེག་ཚོར་གཉིས་ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་བྱུང་བ་མ་ཡིན་པ་བཞིན་ནོ། །གཉིས་པ་འཛིན་པ་ནི་སྒོ་ལྔའི་རྣམ་པར་ཤེས་པའོ། །ཡང་རྣམ་རིག་ཏུ་སྣང་བ་ཞེས་པའང༌། དྲུག་པོ་འདི་ཉིད་ལ་ཟེར་བ་ཡིན་ནོ། །དེ་དག་ལས་དང་པོ་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ནི། བདག་རྐྱེན་མིག་དབང་ལ་བརྟེན་ནས་གཟུགས་སུ་སྣང་བའི་གཙོ་བོ་རྣམ་རིག་ཅེས་པ་ནས། བདག་རྐྱེན་ཡིད་ལ་བརྟེན་ནས་ཆོས་སུ་སྣང་བའི་གཙོ་བོ་རྣམ་རིག ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པའི་བར་དུའོ། །དེ་ལ་མིག་སོགས་དབང་པོ་ལྔའི་མཚན་གཞི་ནི། རང་གི་རྟེན་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་གི་གཟུགས་སོགས་དོན་ལྔ་པོ་དེ་དང་དེར་སྣང་བའི་ནུས་པ་ཡོངས་སུ་སྨིན་པ་དེ་ཉིད་དོ། །ཡིད་ཀྱི་དབང་པོ་ནི་གཉིས་ཏེ། དོན་དམ་པ་ཉོན་མོངས་པ་ཅན་གྱི་ཡིད་དབང་དང༌། ཀུན་རྫོབ་པ་ཚོགས་དྲུག་འདས་མ་ཐག་པའོ། །གཉིས་པ་སེམས་བྱུང་གི་མཚན་ཉིད་ནི། བག་ཆགས་ཀྱི་དབང་གིས་དོན་གྱི་ཁྱད་པར་མཐོང་བའི་རིག་པ། དབྱེ་ན་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་ཞེས་བྱ་བའི་བསྡོམས་ཀྱིས་བསྡུད་པར་དབྱིག་གཉེན་གྱིས་བཤད་དོ། །དེ་ཡང་དབང་ཤེས་འཁོར་དུ་མོས་པ་དང༌། དྲན་པ་དང༌། ཁོང་ཁྲོ་སོགས་འབྱུང་བར་བཤད་པ་ནི། དེ་དང་དེ་དེ་མ་ཐག་ཏུ་འདྲེན་ནུས་པའི་ཤེས་པ་ལ་དེ་དང་དེའི་མིང་གིས་བཏགས་པ་ཡིན་ཏེ། དེ་དག་ནི་སྒྲ་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་རོ། །ང་རྒྱལ་དང་ལྟ་བ་སོགས་ཡིད་ཀྱི་ས་པ་ཁོ་ནར་བཤད་པ་རྣམས་དེ་མ་ཐག་ཏུ་འདྲེན་པའི་བྱེད་པ་དབང་ཤེས་རྣམས་ལ་ཡོད་པ་མ་ཡིན་ནོ། །གཉིས་པ་བག་ཆགས་ཀྱི་གནས་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ལ། དེའི་མཚན་ཉིད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་བསྒོ་བའི་གཞིར་གྱུར་པའི་རྣམ་རིག་གོ །འདི་སེམས་མཚན་ཉིད་པ་ཡིན་ཀྱང༌། གཙོ་བོ་སེམས་མཚན་ཉིད་པ་མ་ཡིན་ཏེ། དོན་གྱི་ངོ་བོ་མི་མཐོང་བའི་ཕྱིར། ཇི་སྐད་དུ། རྣམ་པར་རིག་པ་མི་རིག་པ། །ཞེས་བཤད་པས་སོ། །འདི་ཡེ་ཤེས་ཀྱི་ཟླས་ཕྱེ་བའི་རྣམ་ཤེས་མཚན་ཉིད་པ་ཡིན་ཀྱང༌། སེམས་ཡིད་རྣམ་ཤེས་གསུམ་གྱི་ཟླས་ཕྱེ་བའི་རྣམ་ཤེས་མ་ཡིན་ཏེ། ཡུལ་སོ་སོར་རིག་པ་མ་ཡིན་པའི་ཕྱིར། ཞར་ལ་ཉོན་ཡིད་ཀྱང་དེ་མ་ཡིན་ཏེ། བདག་རྐྱེན་དབང་པོ་ལ་མི་བརྟེན་པས་ཡུལ་མི་རིག་པའི་ཕྱིར་རོ། །ཡང་ཞར་ལ་རྣམ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་རྣམས་ཀྱང་དེ་མ་ཡིན་ཏེ། རྒྱུ་མཚན་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །ཡང་ཀུན་གཞི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་མ་ཡིན་ཏེ། གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་མ་ཡིན་པའི་ཕྱིར། འོ་ན་གལ་ཏེ་དེ་གཞན་དབང་མ་ཡིན་པར་འགྱུར་ལ། དེ་ལྟ་ན། མཚན་ཉིད་གསུམ་གྱིས་མ་བསྡུས་པའི་ཤེས་བྱ་ཡོད་པར་འགྱུར་རོ་སྙམ་ན། འདོད་པ་ཡིན་ཏེ། ཇི་སྐད་དུ། ཐེག་པ་ཆེན་པོ་བསྡུས་པའི་ལུས་རྣམ་གཞག་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །ཞེས་ལུས་སོ་སོར་བཤད་པའི་ཕྱིར་རོ། །ཡང་དེ་དང་ལྷན་ཅིག་པའི་ཚོར་བ་སོགས་ཀྱང་སེམས་བྱུང་མཚན་ཉིད་པ་མ་ཡིན་ཏེ། བདག་རྐྱེན་དབང་པོ་ལ་མ་བརྟེན་པས་དོན་གྱི་ཁྱད་པར་མི་མཐོང་བའི་ཕྱིར་དང༌། རེ་རེ་ནས་སོ་སོའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །ཡང་ཀུན་གཞིའི་སྟེང་གི་ཟག་བཅས་ཀྱི་ས་བོན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་ལ། ཟག་མེད་ཀྱི་ས་བོན་ནི་དེ་མ་ཡིན་ཏེ། དེའི་གཉེན་པོ་ཡིན་པའི་ཕྱིར་དང༌། རྣམ་སྨིན་དངོས་དང༌། དེའི་རྒྱུ་གང་དུ་ཡང་མི་རུང་བའི་ཕྱིར་དང༌། དགེ་བ་ཡིན་པའི་ཕྱིར་རོ། །འདིར་གཞན་དག ཀུན་གཞི་གང་ཟག་གི་མཚན་གཞིར་འདོད་པ་ནི་མ་ཤེས་པ་ཡིན་ཏེ། འདི་ལྟར་འོ་ན། མཐོ་རིས་དང༌། ངན་སོང་གི་ཀུན་གཞི་ཆོས་ཅན། སོ་སོར་བདེ་སྡུག་མྱོང་བ་པོ་ཡིན་པར་ཐལ། སོ་སོར་དེ་དང་དེའི་གང་ཟག་གི་མཚན་གཞི་ཡིན་པའི་ཕྱིར། འདོད་ན། ཚོར་བ་བཏང་སྙོམས་ཁོ་ན་དང་ལྷན་ཅིག་པ་མ་ཡིན་པར་ཐལ་ལོ། །ཡང་ཀུན་གཞི་ཡིད་དབང་དུ་འདོད་པ་ནི་མི་མཁས་པ་ཁོ་ནས་བྱས་པ་ཡིན་ཏེ། དེ་ལྟར་སྟོན་པའི་ལུང་མེད་པའི་ཕྱིར། དེ་དང་མིག་སོགས་དབང་པོ་ལྔ་པོ་གང་རུང་གི་གཞི་མཐུན་ཁས་ལེན་དགོས་ཏེ། ཇི་སྐད་དུ། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས། །ཞེས་བཤད་པས་སོ། །ལྷག་མེད་ཀྱི་དབྱིངས་མངོན་དུ་བྱས་པའི་ཚེ། ཀུན་གཞིའི་རྣམ་སྨིན་གྱི་ཆ་ད་ང༌། ཉོན་སྒྲིབ་ཀྱི་ས་བོན་གྱི་ཆ་ལོག་པ་ཡིན་ཀྱང༌། ཤེས་སྒྲིབ་ཀྱི་ས་བོན་གྱི་ཆ་དང༌། གསལ་རིག་གི་ཆ་ནི་ལོག་པ་མ་ཡིན་ཏེ། གལ་ཏེ་ཡིན་ན། དབྱིངས་དེ་དོན་དམ་པའི་བདེན་པ་མ་ཡིན་པར་ཐལ་བ་དང༌། མེད་དགག་ཏུ་ཐལ་བ་དང༌། རིག་པའི་ཕྱི་མཐའ་ལ་ཐུག་པ་ཡོད་པར་ཐལ་བའི་ཕྱིར་རོ། །ཡང་ཁ་ཅིག་དབྱིངས་དེ་ན་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པར་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། དུས་དེར་བདག་མེད་ལ་རྟག་ཏུ་མཉམ་པར་འཇོག་ནུས་པར་ཐལ་བ་དང༌། དབྱིངས་དེ་ལམ་གྱི་བདེན་པར་ཐལ་བའི་ཕྱིར་རོ། །ཡང་བོད་ཕྱི་མ་དག འགོག་པ་ལ་མཉམ་པར་བཞག་པའི་དུས་སུ། རྣལ་འབྱོར་མངོན་སུམ་རྒྱུན་ཆད་པ་ཡིན་ཏེ། དེར་ཡིད་ཀྱི་རྣམ་པར་ཤེས་པ་བཀག་པའི་ཕྱིར། ཞེས་ཟེར་བ་ཡང་འཁྲུལ་པ་ཡིན་ཏེ། དེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ན། བདག་རྐྱེན་ཡིད་དབང་ལ་བརྟེན་པར་ཐལ་བ་དང༌། ཡེ་ཤེས་མ་ཡིན་པར་ཐལ་བས་སོ། །ཡང་ཁ་ཅིག སྡེ་བདུན་མཛད་པའི་སྐབས་འདིར། སྙོམས་འཇུག་གཉིས་ཀྱི་དུས་སུའང༌། ཡིད་ཀྱི་རྣམ་པར་ཤེས་པ་ཁས་ལེན་དགོས་ཏེ། གཞན་དུ་ན་སེམས་ཅན་མ་ཡིན་པར་ཐལ་བའི་ཕྱིར་རོ་ཞེས་ཟེར་བ་ཡང་མ་ཤེས་པ་ཡིན་ཏེ། དུས་དེར་བདག་རྐྱེན་དབང་པོ་ལ་བརྟེན་པའི་ཤེས་པ་ཡོད་ན། གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ཡོད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ཡེ་ཤེས་ཀྱི་མཚན་ཉིད། མ་རིག་པའི་བསླད་པ་དང་བྲལ་བའི་ཟག་པ་མེད་པའི་ཤེས་པའོ། །དབྱེ་ན། རྒྱུ་དུས། ལམ་དུས། འབྲས་དུས་ཀྱི་ཡེ་ཤེས་སོ། །དང་པོ་ནི། སེམས་ཀྱི་རང་བཞིན་འོད་གསལ་བའོ། །འདི་ལ་སེམས་སེམས་བྱུང་གི་མཚན་ཉིད་གང་ཡང་མེད་ཅིང༌། གཙོ་འཁོར་གྱི་ངེས་པ་དང་མི་ལྡན་པ་ཡིན་ནོ། །གཉིས་པ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་མོ། །འདི་ཡང་སེམས་སེམས་བྱུང་གི་མཚན་ཉིད་དང་མི་ལྡན་ཅིང༌། ཀུན་འགྲོ་ལྔ་དང་ལྷན་ཅིག་འབྱུང་བ་མ་ཡིན་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དད་པ་དང་ཤེས་རབ་ལ་སོགས་པ་འབྱུང་ཡང༌། དེ་དག་ལ་དབུས་མཐའ་ལས་གསུངས་པའི་སེམས་བྱུང་གི་མཚན་ཉིད་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་སོ། །འདི་ལའང་སེམས་སེམས་བྱུང་གི་མཚན་ཉིད་མེད་ཅིང༌། ཁྱད་པར་ཀུན་འགྲོ་ལྔའི་རྣམ་པར་གཞག་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཤེས་རབ་ལ་སོགས་པའི་དགེ་བ་བཅུ་གཅིག་པོ་ལ་སེམས་ལས་བྱུང་བའི་མིང་གིས་བཏགས་ཤིང༌། དེ་དང་ལྷན་ཅིག་པའི་ཡེ་ཤེས་ལ་སེམས་ཀྱི་མིང་གིས་བཏགས་པ་ནི། ཐོགས་མེད་དང་སེང་གེ་བཟང་པོའི་གཞུང་ན་ཡོད་མོད་ཀྱང༌། འདིར་བཤད་པ་ནི། དབུས་མཐའ་དང་སུམ་ཅུ་པའི་དགོངས་པར་གདོན་མི་ཟའོ། །རྣམ་པར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གསུམ་པ་བློ་དེས་ཡུལ་ཇི་ལྟར་རྟོགས་པའི་ཚུལ་ལ། སྤྱི་དང་བྱེ་བྲག་གི སྣང་བ་དང་སེལ་བའི། དགག་པ་དང་སྒྲུབ་པའི། བརྗོད་བྱ་དང་རྗོད་བྱེད་ཀྱི། འགལ་བ་དང་འབྲེལ་བའི། མཚན་ཉིད་དང་མཚོན་བྱའི་རྟོགས་ཚུལ་ཏེ་རྣམ་པ་དྲུག་གོ །དང་པོ་ལ་གཉིས་ལས། གཞན་གྱི་ལུགས་མི་འཐད་པ་ལ། ཕྱི་རོལ་པ་དང༌། གངས་ཅན་པའི་ལུགས་མི་འཐད་པའོ། །དང་པོ་ལ། བྱེ་བྲག་པ་ནི། རྗོད་བྱེད་ཀྱི་སྒྲ་འཇུག་པའི་རྒྱུ་ནི་སྤྱི་ཡིན་ལ། དེ་ལ་གཉིས་ཏེ། ཡོད་པ་ཉིད་ལྟ་བུ་སྤྱི་ཆེན་པོ་དང༌། བ་ལང་ཉིད་ལྟ་བུ་ཉི་ཚེ་བའི་སྤྱིའོ། །དེ་ཡང་རང་གི་གསལ་བ་རྣམས་དང་འབྲེལ་བ་ཡིན་ཏེ། དེ་དང་འདུ་བའི་ཐག་པས་སྦྲེལ་བའི་ཕྱིར། དེ་ཡང་ཆ་མེད་གཅིག་ཡིན་ཞིང༌། རང་རང་གི་གསལ་བ་ཐམས་ཅད་ལ་རྗེས་སུ་འགྲོ་བ་ཡང་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ་བཞི་སྟེ། གཞི་མཐུན་མི་སྲིད་པར་ཐལ་བ་དང༌། གསལ་བ་ལ་རྗེས་སུ་མི་འགྲོ་བར་ཐལ་བ་དང༌། གསལ་བ་རྣམས་ཀྱི་འབྲས་བུར་ཐལ་བ་དང༌། ཆ་དང་བཅས་པར་ཐལ་བའོ། །དང་པོ་ནི། ཐ་དད་གྱུར་ན་དབྱེར་མེད་པའི། །ཞེས་པའོ། །གཉིས་པ་ནི། མི་འགྲོ་དེ་ན་ཡོད་པའང་མིན། །ཞེས་པའོ། །གསུམ་པ་ནི། ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །ཅེས་པའོ། །བཞི་པ་ནི། གཞན་གྱིས་བརྟགས་པ་ཡི། །ཐལ་བ་སྒྲུབ་པ། ཞེས་པར་བཤད་པ་དེ་ཡིན་ནོ། །འདིར་བོད་རྣམས། བྱེ་བྲག་པས། སྤྱི་གསལ་རྫས་ཐ་དད་དུ་འདོད་དོ་ཞེས་ཟེར་བ་ནི། དེའི་འདོད་པ་མ་ཡིན་ཏེ། དེས་སྤྱི་རྫས་སུ་གྲུབ་པར་མི་འདོད་པའི་ཕྱིར། ཇི་སྐད་དུ། ལས་རྫས་མིན་པའི་སྒྲ་བཞིན་ནོ། །ཞེས་བཤད་པས་སོ། །འོན་ཀྱང་དེ་གཉིས་དངོས་པོ་ཐ་དད་དུ་འདོད་པ་ནི་དེའི་བསམ་པའོ། །གཉིས་པ་གྲངས་ཅན་གྱི་འདོད་པ་ནི། རྗོད་བྱེད་ཀྱི་སྒྲ་འཇུག་པའི་རྒྱུར་སྤྱི་དངོས་པོ་བ་མི་དགོས་ཀྱང༌། རྣམ་འགྱུར་རྣམས་ཀྱི་འབྲས་བུ་ཐུན་མོང་བ་གཅིག་སྐྱེད་པ་ལ་སྤྱི་དངོས་པོ་བ་གཅིག་ཁས་ལེན་དགོས་ཏེ། དེ་ལྟ་མ་ཡིན་ན། ས་བོན་ཆུ་ལུད་དྲོད་གཤེར་རྣམས་ཆོས་ཅན། འབྲས་བུ་མྱུ་གུ་གཅིག་མི་སྐྱེད་པར་ཐལ། ནུས་པ་ཐུན་མོང་བ་གཅིག་མེད་པའི་ཕྱིར་ཞེས་པའི་གནོད་བྱེད་དང༌། སྒྲུབ་བྱེད་ནི། སྤྱི་གཙོ་བོ་ཆོས་ཅན། ཡོད་དེ། ཁྱད་པར་རྣམས་རྗེས་སུ་འགྲོ་བའི་ཕྱིར་ཞེས་སོགས་གཏན་ཚིགས་ལྔ་འགོད་པར་བྱེད་དོ། །དེ་དགག་པ་ལ། སྣང་རུང་དེ་མ་དམིགས་པའི་གཏན་ཚིགས་དང༌། གསལ་བ་རྣམས་སྐྱེ་འཇིག་ཅིག་ཅར་དུ་བྱེད་པར་ཐལ་བ་དང༌། ཐམས་ཅད་ཐམས་ཅད་ཀྱི་སྐྱེད་བྱེད་དུ་ཐལ་བ་དང༌། གསལ་བ་རྣམས་དངོས་པོ་ཐ་དད་དུ་མི་སྣང་བར་ཐལ་བ་དང༌། སྒྲུབ་བྱེད་ཀྱི་གཏན་ཚིགས་འཁྲུལ་པར་བསྟན་པ་རྣམས་སོ། །དང་པོ་ནི། ཇི་སྐད་དུ། གཙོ་བོ་ནི་ཡོད་པ་མ་ཡིན་ཏེ་མ་དམིགས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། ཐ་དད་པ། །མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར། །ཞེས་པའོ། །གསུམ་པ་ནི། ཐ་དད་མེད་ནའང་གཅིག་ཉིད་ཀྱིས། །བྱེད་དང་མི་བྱེད་འགལ་བར་འགྱུར། །ཞེས་པའོ། །བཞི་པ་ནི། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །ཞེས་པའོ། །ལྔ་པ་ནི། ཁྱད་པར་བསྒྲུབ་བྱར་གཟུང་ན་འདིར། །གཏན་ཚིགས་རྗེས་འགྲོ་མེད་ཅན་འགྱུར། །ཞེས་པའོ། །བོད་གང་དག གྲངས་ཅན་གྱིས་སྤྱི་གསལ་རྫས་གཅིག་ཏུ་འདོད་དོ་ཞེས་ཟེར་བ་ནི་འདོད་པ་མ་ཡིན་ཏེ། དེས་རྣམ་འགྱུར་རྣམས་རྫས་སུ་མ་གྲུབ་པར་འདོད་པའི་ཕྱིར། འོ་ན། རྫས་གཅིག་ཡིན་ཞེས་གྲངས་ཅན་པ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་བོད་སྔ་མ་རྣམས་ཀྱིས་གྲངས་ཅན་གྱི་འདོད་པ་བཀོད་པ་དེ་ཉིད་དྲངས་ནས་ཁྱེད་ཅག་ཀྱང་དེའི་རྗེས་སུ་འབྲང་ཞེས་འཆད་པ་ཡིན་ནོ། །གཉིས་པ་གངས་ཅན་པའི་འདོད་པ་དགག་པ་ལ། བོད་སྔ་ཕྱི་ཐམས་ཅད་མཐུན་པར། དངོས་པོ་གཞིར་བྱས་ཀྱི་སྤྱི་དང་བྱེ་བྲག་རྫས་གཅིག་པ་ཡིན་ཏེ། དཔེར་ན་སེར་པོ་དེ་ཁ་དོག་དང་རྫས་གཅིག་པ་བཞིན་ནོ་ཞེས་ཟེར། དེ་དགག་པ་ལ། རྣམ་པར་བརྟགས་ནས་དགག་པ་དང༌། ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། འོ་ན་ཁ་དོག་དེ་སེར་པོ་དང་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། དེ་གཉིས་གྲུབ་བདེ་རྫས་གཅིག་ཏུ་འགྱུར་ལ། གཉིས་པ་ལྟར་ན་སྤྱི་རྫས་གཞན་ཁས་བླངས་བར་སོང་བས་རྣམ་པར་ཉམས་སོ། །གཞན་ཡང༌། འདི་ལྟར་ཁ་དོག་གི་སྟེང་ན་སེར་པོ་དང་རྫས་མི་གཅིག་པའི་ཆ་ཡོད་དམ་མེད། མེད་ན་སེར་པོ་འཇིག་པའི་ཚེ་ཁ་དོག་འཇིག་པར་འགྱུར་ལ། དེ་འདོད་ན། ཁ་དོག་ཐམས་ཅད་ཅིག་ཅར་དུ་འཇིག་པར་འགྱུར་རོ། །གཞན་ཡང༌། ཁ་དོག་གི་སྟེང་ན་སྔོན་པོ་དང་རྫས་མི་གཅིག་པའི་ཆ་ཡང་མེད་པར་འདོད་དགོས་པས་སྔོན་སེར་རྫས་གཅིག་ཏུ་ཐལ་བར་འགྱུར་རོ། །དང་པོ་ལྟར་ན། སྔོ་སེར་གཉིས་ཀ་ལ་རྗེས་སུ་འགྲོ་བའི་ཁ་དོག་ཙམ་པོ་མེད་པར་ཐལ། དེའི་སྟེང་གི་སེར་པོ་ལ་རྗེས་སུ་འགྲོ་བའི་ཆ་དེ་སྔོན་པོ་ལ་རྗེས་སུ་མི་འགྲོ། ཅིག་ཤོས་ཀ་དེ་ལ་མི་འགྲོ་བའི་ཕྱིར། རྟགས་ཁས་བླངས་ཤིང༌། མ་གྲུབ་ན། དེའི་སྟེང་གི་སྔོན་པོ་ལ་རྗེས་སུ་འགྲོ་བའི་ཆ་དེ་ཆོས་ཅན། ཁྱོད་སེར་པོ་ལ་རྗེས་སུ་མི་འགྲོ་བར་ཐལ། ཁྱོད་སེར་པོ་ལ་མ་འབྲེལ། སེར་པོ་ཡང་ཁྱོད་དང་མ་འབྲེལ་བའི་ཕྱིར། གཉིས་པ་མ་གྲུབ་ན། དེར་ཐལ། སེར་པོ་ཁྱོད་ཀྱི་འབྲས་བུ་མ་ཡིན་པ་གང་ཞིག དེ་ཁྱོད་དང་རྫས་གཞན་ཡིན་པའི་ཕྱིར། མ་གྲུབ་ན། རྫས་གཅིག་ཏུ་ཁས་བླངས་པས་སྔོན་སེར་རྫས་གཅིག་ཏུ་ཐལ། སེར་པོ་དེ་ཁ་དོག་གི་སྟེང་གི་སྔོན་པོ་དང་རྫས་གཅིག་པའི་ཆ་ཤས་དེ་དང་ཡང་རྫས་གཅིག་པའི་ཕྱིར་རོ། །ཡང་ཁ་དོག་དེ་རྫས་དུ་མར་ཐལ་ལོ། །གཞན་ཡང༌། ཁ་དོག་ཆོས་ཅན། ཁྱོད་སེར་པོ་དང་རྫས་གཅིག་ཏུ་ཐལ། གཉིས་ཀ་རྫས་སུ་གྲུབ། དེ་ཁྱོད་དང་རྫས་གཅིག་ཡིན་པའི་ཕྱིར། ཡང་སེར་པོ་ཆོས་ཅན། ཁྱོད་དེ་དང་རྫས་ཐ་དད་དུ་ཐལ། གཉིས་ཀ་རྫས་སུ་གྲུབ། དེ་ཁྱོད་དང་རྫས་ཐ་དད་ཡིན་པའི་ཕྱིར། གཉིས་པ་ནི། སེར་པོ་རླུང་གིས་གཡོ་བ་དང༌། ཚོན་གྱིས་བསྒྱུར་བ་དང༌། གོས་ཀྱིས་བསྒྲིབས་པའི་ཚེ། དེ་དང་རྫས་གཅིག་པའི་ཁ་དོག་ཙམ་པོ་དེའི་སྟེང་གི་སེར་པོ་དང་རྫས་གཅིག་པའི་ཆ་དེ། དེ་དང་དེར་བྱས་པར་ཐལ། དེ་གཉིས་ཕན་ཚུན་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། སྔོན་པོ་ལ་ཡང་དེ་བཞིན་དུ་ཐལ་བས་ཧ་ཅང་ཐལ་ལོ། །གཞན་ཡང༌། ཁ་དོག་ཙམ་པོ་དེ་ཆོས་ཅན། ཁྲ་བོར་ཐལ། ཁྱོད་ཀྱི་ཕྱོགས་གཅིག་སེར་པོ་ཡིན་པ་དང༌། ཕྱོགས་གཅིག་སྔོན་པོ་ཡིན་པ་ལ་སོགས་པའི་ཕྱིར་རོ། །གཞན་ཡང་སེར་འཛིན་མིག་ཤེས་ཆོས་ཅན། རྟོག་པར་ཐལ། སེར་པོ་ལ་རྗེས་སུ་འགྲོ་བའི་སྤྱི་ཡང་ཡིན། སེར་པོ་དང་རྫས་གཅིག་ཀྱང་ཡིན་པའི་གཞི་མཐུན་དུ་གྱུར་པའི་ཁ་དོག་དེ་སྤྱི་ཡིན་པ་གང་ཞིག དེ་དངོས་ཡུལ་དུ་བྱེད་པའི་རིག་པ་ཡིན་པ་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ། འདིར་སྤྱི་འཇོག་ཚུལ་ནི་རྣམ་པ་གཉིས་ཏེ། སྤྱི་བསལ་གཉིས་ཀྱི་ཟླས་དྲངས་པ་དང༌། སྤྱི་བྱེ་བྲག་གི་ཟླས་དྲངས་པའི་འཇོག་ཚུལ་ལོ། །དང་པོ་ནི། སྤྱི་དང་ལྡོག་པ་གཞན་སེལ་དོན་གཅིག བསལ་བ་དང་ལོག་པར་རང་མཚན་དོན་གཅིག་པ་ཡིན་ཏེ། ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། དངོས་མེད་ཡིན་ན་བསལ་བ་མ་ཡིན་དགོས་ཏེ། གཞི་གྲུབ་ཅིང་དེ་ཡིན་ན། སྤྱི་དང་གཞན་སེལ་ཡིན་དགོས་པའི་ཕྱིར། འཇོག་ཚུལ་གཉིས་པ་ནི། ལྡོག་པ་ཆིག་རྐྱང་དེ་སྤྱིའི་མཚན་ཉིད། དཔེར་ན་རྟོག་ངོར་བུམ་མིན་རྣམ་པར་བསལ་ཙམ་ལྟ་བུའོ། །ལྡོག་པ་གཉིས་ཚོགས་དེ་བྱེ་བྲག་གི་མཚན་ཉིད། དཔེ་ནི། རྟོག་ངོར་ཤིང་དང་ཤ་བ་མ་ཡིན་པ་གཉིས་ཀ་རྣམ་པར་བསལ་ཙམ་ལྟ་བུའོ། །གཞི་མཐུན་གྱི་མཚན་ཉིད་དང་དཔེར་བརྗོད་ཀྱང་དེ་ཁོ་ནའོ། །རིགས་པའི་གཏེར་གྱི་རྗེས་སུ་འབྲང་ཞིང་དེའི་ལུགས་ལེགས་པར་མི་ཤེས་པ་དག བྱེ་བྲག་དང་གཞི་མཐུན་གཉིས་ཀྱང་བསལ་བ་དང་ལོག་པའི་མིང་གི་རྣམ་གྲངས་སུ་འདོད་པ་ནི་ནོར་བ་ཡིན་ཏེ། ཇི་སྐད་དུ། དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། །དེ་ཉིད་ལས་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟག །ཅེས་དང༌། དེ་ནི་སྤྱི་དང་ཁྱད་པར་གྱི། །རྣམ་སོགས་ཅིར་ཡང་གཟུང་བྱ་མིན། །ཞེས་གསུངས་པས་སོ། །དེ་བས་ན་བྱེ་བྲག་ལ་གཞན་སེལ་གྱིས་ཁྱབ་པ་ཡིན་ནོ། །ཡང་སྤྱི་ལ་འཇོག་ཚུལ་གཉིས་ཏེ། རང་མཚན་གྱི་ཟླས་ཕྱེ་བའི་དང༌། ཆོས་ཅན་གྱི་ཟླས་ཕྱེ་བའི་ཆོས་སོ། །དང་པོ་ལ། གཟུང་འཛིན་གྲངས་མཉམ་པ་ལྟར་ན། ལྡོག་པ་གཞན་སེལ་གྱིས་ཁྱབ་པ་ཡིན་ཏེ། སྤྱི་མཚན་ལ་དངོས་པོ་དང་དངོས་མེད་གཉིས་སུ་མི་འབྱེད་པའི་ཕྱིར་ཏེ། རགས་རྒྱུན་གྱི་དངོས་པོ་རྣམས་མངོན་གྱུར་དུ་ཁས་ལེན་པའི་ཕྱིར། མདོ་སྡེ་པ་གཉིས་པས་ནི། སྤྱི་མཚན་ལ་གཞན་སེལ་གྱིས་མ་ཁྱབ་པ་ཡིན་ཏེ། སྤྱི་མཚན་དང་དངོས་པོའི་གཞི་མཐུན་ཁས་ལེན་པའི་ཕྱིར་རོ། །འཇོག་ཚུལ་གཉིས་པ་ལ། ཆོས་ཅན་གྱི་ཟླས་ཕྱེ་བའི་ཆོས་ནི། ལྡོག་ཆོས་ཁོ་ན་ཡིན་ལ། དེ་ཡང་རིགས་སྤྱི་དང༌། ཚོགས་སྤྱི་གཉིས་ལས། རིགས་སྤྱི་དོན་ཡིན་ཏེ། དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་ན་ལོག་པ་དང་རང་མཚན་ཡིན་ན་སྐབས་འདིའི་ཆོས་མ་ཡིན་དགོས། དེ་ཡིན་ན་སྐབས་འདིའི་ཆོས་ཅན་ཡིན་དགོས་པ་ལ་བསམ་ནས། ལོག་ལྡོག་གཉིས་ལ་ཆོས་ཆོས་ཅན་གྱི་རྣམ་དབྱེ་བྱས་པ་ཡིན་ནོ། །དེ་ལྟ་ན་ཡང༌། ལྡོག་པ་ཡིན་ན། ཆོས་ཅན་ཡིན་པར་འགལ་བ་ནི་མ་ཡིན་ཏེ། སོང་ཚོད་ཀྱི་ཆོས་ཅན་ཡིན་ན་ལྡོག་པ་ཡིན་དགོས་པའི་ཕྱིར། འོ་ན་ལྡོག་ཆོས་རྣམས་རློམ་ཚོད་ཀྱི་ཆོས་ཅན་དུ་སོང་བ་མི་སྲིད་དམ་ཞེ་ན། དེ་ཡང་སྲིད་མོད། སྲིད་པ་དེས་ལོག་ལྡོག་གཉིས་ཆོས་ཆོས་ཅན་སོ་སོར་ངེས་པ་ལ་མི་གནོད་དོ། །དེ་ཡང་དཔེར་ན་སྒྲ་མི་རྟག་ཅེས་བརྗོད་པའི་ཚེ། སྒྲ་རང་མཚན་ནི་ཆོས་ཅན་དུ་འཇོག་ལ། རྫས་སུ་གྱུར་པའི་མི་རྟག་པ་ནི་ཆོས་སུ་མི་འཇོག་སྟེ། དེ་གཉིས་མངོན་སུམ་གྱིས་ཐ་དད་དུ་མ་དམིགས་པའི་ཕྱིར། དེ་བས་ན་ལྡོག་པར་གྱུར་པའི་མི་རྟག་པ་ཆོས་སུ་བཞག་གོ །ཡང་མི་རྟག་པ་ནི་བདག་མེད་ཡིན་ནོ་ཞེས་བརྗོད་པའི་ཚེ། ཆོས་ཅན་དུ་རློམ་ཚོད་ལ་ནི་རྫས་དང་ལྡོག་པ་གཉིས་ཀ་སྲིད་ལ། ཆོས་ནི་ལྡོག་པ་ཁོ་ནའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། བྱེ་བྲག་པས་རྫས་ཁོ་ན་ཆོས་ཅན་དང༌། དངོས་པོ་ཚིག་གི་དོན་ལྷག་མ་ལྔ་པོ་དེ་ཁོ་ན་ཆོས་སུ་འདོད་པའི་གཞུང་ལུགས་བསལ་ནས། ལོག་པ་རང་མཚན་ཆོས་ཅན་དང་ལྡོག་པ་གཞན་སེལ་ཆོས་དང༌། ལྡོག་པ་ལ་ཡང་ཆོས་ཆོས་ཅན་གྱི་དབྱེ་བས་གཉིས་སུ་ཕྱེ་བ་ཡིན་ནོ། །མདོར་ན། རྟོག་ངོར་རང་གི་བསལ་བ་དུ་མ་ལ་ཐུན་མོང་དུ་ཁྱབ་པ་དེ་སྤྱིའི་མཚན་ཉིད། དབྱེ་ན་སྤྱི་རྐྱང་པ་དང་གཞི་མཐུན་གཉིས། དང་པོའི་མཚན་ཉིད། རང་འཛིན་རྟོག་པའི་ངོར་ལྡོག་པ་གཅིག་རྐྱང་དུ་སྣང་བའོ། །མཚན་གཞི་ནི་སེལ་ངོའི་ཤིང་ལྟ་བུའོ། །རང་འཛིན་རྟོག་པའི་ངོར་ལྡོག་པ་གཉིས་ཚོགས་སུ་སྣང་བ་དེ། བྱེ་བྲག་གམ་གཞི་མཐུན་གྱི་མཚན་ཉིད། མཚན་གཞི་ནི་སེལ་ངོའི་གསེར་བུམ་དང༌། དེའི་ཤིང་ཤ་པ་ལྟ་བུའོ། །འདིར་ཁོ་དེའི་སྤྱི་ཡིན་ན། དེ་ཁོའི་བྱེ་བྲག་ཡིན་པས་མ་ཁྱབ་སྟེ། སེལ་ངོར་བུམ་མིན་རྣམ་པར་བསལ་ཙམ་དེ་བུམ་པའི་སྤྱི་ཡིན་ཀྱང༌། དེ་དེའི་བྱེ་བྲག་མ་ཡིན་པ་བཞིན་ནོ། །དེའི་རྒྱུ་མཚན་ཡང༌། བུམ་པའི་སྟེང་ན་དེ་ལ་མེད་པའི་ལྡོག་པ་གཉིས་པ་རྩི་རྒྱུ་མི་སྣང་བའི་ཕྱིར། དཔེར་ན་བུམ་པ་དང་བུམ་པ་ཉིད་བཞིན་ནོ། །ཡང་དེ་ཁོའི་བྱེ་བྲག་ཡིན་ན། ཁོ་དེའི་སྤྱི་ཡིན་དགོས་ཏེ། སེལ་ངོའི་གསེར་བུམ་དང་དེའི་བུམ་པ་བཞིན་ནོ། །དེ་སྒྲུབ་པ་ནི། སེལ་ངོའི་གསེར་བུམ་ཆོས་ཅན། སེལ་ངོའི་བུམ་པའི་བྱེ་བྲག་ཡིན་ཏེ། སེལ་ངོར་སྤྱིར་བུམ་མིན་ལས་ཀྱང་ལྡོག་ཁྱད་པར་བུམ་པའི་ནང་ཚན་གཞན་ལས་ཀྱང་ལྡོག་པའི་ཕྱིར། དེ་བས་ན་བྱེ་བྲག་ཏུ་འཇོག་པ་ལ། སེལ་ངོར་དེ་ཡིན་པ་དང་ཁོ་མ་ཡིན་ཞིང་དེ་ཡིན་པ་གཞན་ཞིག་གྲུབ་པ་ནི་དགོས་ལ། ཁོ་མ་ཡིན་ཅིང་དེ་ཡིན་པ་དུ་མ་གྲུབ་པ་དགོས་པའི་ངེས་པ་མེད་དོ། །བདག་གཅིག་ཏུ་འབྲེལ་པ་དགོས་པ་ནི་མ་ཡིན་ཏེ། སེལ་ངོའི་དེ་གཉིས་ལ་ངོ་བོ་གཅིག་པ་མཚན་ཉིད་པ་གཞག་རྒྱུ་མེད་པའི་ཕྱིར་རོ། །ཡང་ལྡོག་པ་གཞན་སེལ་རྣམས་བསལ་བ་རང་མཚན་དེ་དང་དེའི་སྤྱི་ཡིན་ཀྱང༌། རང་མཚན་རྣམས་དེའི་བྱེ་བྲག་མ་ཡིན་ཏེ། རང་མཚན་ཡིན་ན་བྱེ་བྲག་ཡིན་པར་འགལ་བའི་ཕྱིར། ཡང་སེལ་ངོའི་བུམ་པ་དེ་གསེར་བུམ་གྱི་སྤྱི་ཡིན་ཀྱང༌། གསེར་བུམ་རང་མཚན་དེ་དེའི་བྱེ་བྲག་མ་ཡིན་ཏེ། དེ་ཡིན་ན་སེལ་ངོའི་བུམ་པ་ཡིན་པར་འགལ་བའི་ཕྱིར། དེ་ཡང་སེལ་ངོའི་བུམ་པ་ཡིན་པ་དང༌། སེལ་ངོར་བུམ་པ་ཡིན་པ་གཉིས་མ་འདྲེས་པར་བྱ་དགོས་ཤིང༌། འོ་ན་གསེར་བུམ་རང་མཚན་ཆོས་ཅན། སེལ་ངོར་བུམ་པའི་བྱེ་བྲག་ཡིན་པར་ཐལ། སེལ་ངོར་དེ་ཡིན། ཁྱོད་མ་ཡིན་ཞིང་དེ་ཡིན་པ་དུ་མ་གྲུབ་པའི་ཕྱིར་སྙམ་ན་ནི་ཁྱབ་པ་མེད་ལ། སེལ་ངོར་བུམ་མ་ཡིན་ལས་ཀྱང་ལྡོག གསེར་བུམ་མ་ཡིན་པ་ལས་ཀྱང་ལྡོག་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་པ་ཡིན་ཏེ། རང་མཚན་ཡིན་པའི་ཕྱིར་རོ། །གཉིས་པ་སྣང་བ་དང་སེལ་བའི་རྟོགས་ཚུལ་ལ། ཡུལ་སྣང་སེལ་བཤད་པ་དང༌། ཡུལ་ཅན་སྣང་འཇུག་དང་སེལ་འཇུག་བཤད་པའོ། །དང་པོ་ལ་སྣང་བ་དང་སེལ་བའོ། །དང་པོ་ལ་མཚན་ཉིད་ནི། རང་འཛིན་རྟོག་མེད་ཀྱི་ཤེས་པས་སྣང་བའི་འཛིན་སྟངས་ཀྱི་སྒོ་ནས་རྟོགས་པར་བྱ་བའི་དོན་ཆོས་སོ། །དབྱེ་ན། ཤེས་པ་རང་མཚན་དང་དོན་རང་མཚན་ནོ། །གཉིས་པ་ལ་དབྱེ་ན། རྡུལ་ཕྲན་ཆ་མེད་དང༌། རགས་པའོ། །མདོ་སྡེ་པ་དང་པོས་ནི། དེ་གཉིས་ཀ་སྣང་བར་ཁས་ལེན་ལ། མདོ་སྡེ་པ་གཉིས་པས། གཉིས་པ་དེ་སྤྱི་མཚན་དུ་ཁས་ལེན་ཀྱང་སེལ་བར་ཁས་མི་ལེན་པས། སྣང་བའི་ཁོངས་སུ་བསྡུའོ། །འོ་ན་སྔོན་པོ་ཆོས་ཅན། སྔོ་སྣང་དབང་ཤེས་དེ་ཁྱོད་ལ་སྣང་འཇུག་མ་ཡིན་པར་ཐལ། ཁྱོད་དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར་སྙམ་ན་ནི། སྔོ་སྣང་དབང་ཤེས་ཀྱི་གཟུང་དོན་དུ་གྱུར་པའི་སྔོན་པོའི་རྡུལ་ཕྲན་ཁྱད་པར་ཅན་རྣམས་ཀྱིས་མ་ངེས་སོ། །མདོར་ན་སྣང་ངོའི་སྒྲ་བྱས་མི་རྟག་པ་གསུམ་ནི་སྣང་ངོར་ཐ་དད་གཏན་མེད་ཀྱི་གཅིག་ཡིན་ཅིང༌། དེའི་རྒྱུ་མཚན་གྱིས་མཉན་བྱ་ཉིད་ཡིན་ནོ། །སེལ་ངོའི་དེ་གསུམ་ནི་ཐ་དད་པ་ཡིན་ཅིང༌། ཆོས་ཅན་སྒྲའི་སྟེང་དུ་ཆོས་མི་རྟག་པ་ལྐོག་གྱུར་དུ་ཁས་ལེན་དགོས་པ་ཡིན་ནོ། །གཉིས་པ་སེལ་བ་ལ་མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་དོན་མཐུན་གྱིས་ལོག་ཕྱོགས་རྣམ་པར་བསལ་བའི་ཚུལ་གྱིས་ཡུལ་དུ་བྱེད་པའི་བློ་ཆོས་སོ། །དབྱེ་བ་ལ། རང་གི་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ། རྟེན་གྱི་སྒོ་ནས་དབྱེ་བ། ཡུལ་ཅན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། ཡོད་པ་གཞན་སེལ་དང༌། མེད་པ་གཞན་སེལ་ལོ། །དང་པོ་ལ་མཚན་ཉིད། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་དོན་བྱེད་མི་ནུས་པ་རྣམ་པར་བསལ་བའི་ཚུལ་གྱིས་ཡུལ་དུ་བྱེད་པའི་བློ་ཆོས་དེ་ནི་དངོས་པོ་ཐམས་ཅད་ཀྱི་སྟེང་ནས་འཇོག་དགོས་པ་ཡིན་ཏེ། དཔེར་ན་རང་གི་ཡུལ་ཅན་གྱི་སྒྲ་རྟོག་གིས་གདུང་འདེགས་ཀྱི་དོན་བྱེད་མི་ནུས་པ་རྣམ་པར་བསལ་ཚུལ་གྱིས་ཡུལ་དུ་བྱེད་པའི་བློ་ཆོས་དེ། སེལ་ངོའི་ཀ་བའི་མཚན་ཉིད་ཅེས་སོགས་དངོས་པོ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པ་ལ་སྦྱར་ཞིང༌། མཚན་གཞི་ནི་སྒྲ་དང་རྟོག་པས་ཀ་བ་མ་ཡིན་པ་རྣམ་པར་བསལ་ཙམ་ལྟ་བུའོ། །ཞེས་སོགས་དངོས་པོ་ཐམས་ཅད་ལ་སྦྱར་རོ། །ཡོད་པ་གཞན་སེལ་ལ་དབྱེ་ན། མངོན་གྱུར་དང༌། ལྐོག་གྱུར་གྱི་གཞན་སེལ་ལོ། །མངོན་སུམ་གྱིས་དེ་མ་ཐག་འབྲས་སུ་གྱུར་པའི་རྟོག་པས་རང་གི་ལོག་ཕྱོགས་རྣམ་པར་བསལ་བའི་ཚུལ་གྱིས་ཡུལ་དུ་བྱེད་པའི་བློ་ཆོས་དེ་དང་པོའི་མཚན་ཉིད། གཉིས་པའི་མཚན་ཉིད་ནི། ལྐོག་ཏུ་གྱུར་པའི་རང་མཚན་ལ་དམིགས་པའི་རྟོག་པས་ཤེས་སོགས་སྦྱར་རོ། །དབྱེ་ན་རྗེས་དཔག་གི་དང༌། ལོག་ཤེས་ཀྱི་དང༌། ཐེ་ཚོམ་གྱི་དང་གསུམ་མོ། །གཉིས་པ་དངོས་མེད་ཀྱི་གཞན་སེལ་ལ་མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་སྒྲ་རྟོག་གིས་དོན་བྱེད་ནུས་པ་རྣམ་པར་བསལ་བའི་ཚུལ་གྱིས་ཡུལ་དུ་བྱེད་པའི་བློ་ཆོས་སོ། །མཚན་གཞི་ནི། སེལ་ངོར་ཀ་བ་ཡིན་པ་རྣམ་པར་བསལ་ཙམ་གྱི་བློ་ཆོས་དེ་ཀ་བ་མ་ཡིན་པའི་རང་ལྡོག་གི་མཚན་ཉིད་ཅེས་སོགས་དངོས་པོ་མ་ཡིན་པ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པར་སྦྱར་རོ། །དབྱེ་ན་དགག་བྱ་ཤེས་བྱ་ལ་སྲིད་པ་དང༌། མི་སྲིད་པའི་གཞན་སེལ་ལོ། །དང་པོ་ནི། བུམ་པ་མེད་པ་ལྟ་བུའོ། །གཉིས་པ་ནི། བདག་མེད་པ་ལྟ་བུའོ། །འོ་ན་ཤེས་བྱ་མ་ཡིན་པ་དང༌། མེད་པ་ལྟ་བུ་གཞན་སེལ་ཡིན་ནམ་མ་ཡིན། ཡིན་ན་ཡོད་པར་འགྱུར་ལ། མ་ཡིན་ན་དེ་ཆོས་ཅན། གཞན་སེལ་ཡིན་ཏེ། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པའི་གཞན་སེལ་ཡིན་པའི་ཕྱིར། དེའི་སྟེང་དུ་དེ་དང་དེ་སེལ་བར་བྱེད་པའི་རྟོག་པ་དོན་མཐུན་ཡོད་པའི་ཕྱིར་སྙམ་ན། འདི་ལྟར་སེལ་ངོའི་ཤེས་བྱ་མ་ཡིན་པ་ནི་སེལ་ངོར་ཡོད་ལ། སྣང་ངོའི་དེ་མ་ཡིན་པ་མེད་པས་སྐྱོན་གཉིས་ལས་གྲོལ་ལོ། །དབྱེ་སྒོ་གཉིས་པ་ལ། དངོས་པོ་ལ་བརྟེན་པའི་དང༌། དངོས་མེད་ལ་བརྟེན་པའི་དང༌། གཉིས་ཀ་ལ་བརྟེན་པའི་གཞན་སེལ་ལོ། །དཔེ་རིམ་བཞིན། བུམ་པའི་ལྡོག་པ་དང༌། ནམ་མཁའི་ལྡོག་པ་དང༌། ཤེས་བྱ་དང་གཞལ་བྱ་ལྟ་བུའོ། །དབྱེ་སྒོ་གསུམ་པ་ལ། སྒྲའི་སེལ་བ་དང༌། བློའི་སེལ་བའོ། །དང་པོ་ལ་མཚན་ཉིད་ནི། རང་བརྗོད་པའི་སྒྲས་རང་མིན་རྣམ་པར་བསལ་ཙམ་མོ། །གཉིས་པའི་མཚན་ཉིད་ནི། དེར་འཛིན་རྟོག་པ་ལ་དེར་སྣང་བ་ལ་དེར་སྒྲོ་བཏགས་པའི་ཆའོ། །ཡང་སེལ་བའི་མིང་གི་རྣམ་གྲངས་ནི། ལྡོག་པ་ཞེས་ཀྱང་བྱ་ལ། དེའི་མཚན་ཉིད་ནི། རང་གི་ལོག་ཕྱོགས་རྣམ་པར་བསལ་ཙམ་གྱི་བློ་ཆོས་སོ། །དབྱེ་ན་རང་ལྡོག དོན་ལྡོག གཞི་ལྡོག་དང་གསུམ་མོ། །བོད་རྣམས་བུམ་པ་བུམ་པའི་རང་ལྡོག་ཏུ་འདོད་པ་མི་འཐད་དེ། དེ་ལས་ཐ་དད་དུ་ཐལ་བ་དང༌། རྫས་ཆོས་ཐམས་ཅད་ལྡོག་ཆོས་སུ་ཐལ་བའི་སྐྱོན་ཡོད་དོ། །དོན་བྱེད་ནུས་པ་དངོས་པོའི་དོན་ལྡོག་ཏུ་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། དེ་ཆོས་ཅན། དངོས་པོ་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་ཐལ། དེའི་དོན་ལྡོག་གང་ཞིག དངོས་པོའི་གཞན་སེལ་ཡིན་པའི་ཕྱིར། བུམ་པ་དངོས་པོའི་གཞི་ལྡོག་ཏུ་ཁས་ལེན་པ་ཡང་མ་ཡིན་ཏེ། དེ་དེའི་ལྡོག་པ་ཡིན་ན། དེ་ཁྱད་གཞིར་གཟུང་ནས་དེའི་སྟེང་དུ་དེ་མ་ཡིན་སེལ་ནུས་པར་ཐལ་བའི་ཕྱིར་རོ། །དེས་ན་རང་གི་ལུགས་ནི། སེལ་ངོར་དངོས་པོ་མ་ཡིན་པ་རྣམ་པར་བསལ་ཙམ་དེ་དེའི་རང་ལྡོག་ཡིན། སེལ་ངོར་དོན་བྱེད་ནུས་པ་མ་ཡིན་པ་རྣམ་པར་བསལ་ཙམ་དེ་དེའི་དོན་ལྡོག་དང༌། དེའི་སྟེང་དུ་ཤེས་བྱ་མ་ཡིན་པ་རྣམ་པར་བསལ་བ་ལ་སོགས་པའི་ཆོས་སོ་སོ་བ་རྣམས་ནི། དེའི་གཞི་ལྡོག་ཏུ་འཇོག་པ་ཡིན་ནོ། །མདོར་ན་དངོས་པོ་ཡིན་ན་ཁོ་ཁོ་རང་གི་ལྡོག་པ་ཡིན་པར་འགལ་ལ། དངོས་མེད་ཡིན་ན་དེར་མི་འགལ་ལོ། །དེའི་རྒྱུ་མཚན་ཡང༌། དངོས་པོ་ཡིན་ན་ལྡོག་པ་ཡིན་པར་འགལ་ལ། དངོས་མེད་ཡིན་ན་དེར་མི་འགལ་བས་སོ། །དེའི་ཚེ་ན་དངོས་མེད་དེ་སྤྱིར་ལྡོག་པ་དང༌། ཁྱད་པར་རང་ལྡོག་ཡིན་པར་ཁས་ལེན་དགོས་ལ། དངོས་མེད་ལས་གཞན་སུའི་ཡང་ལྡོག་པར་མི་རུང་བས་སོ། །གཉིས་པ་ཡུལ་ཅན་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་རྣམས་རང་ཡུལ་ལ་ཆ་ཤས་སུ་མ་ཕྱེ་བར་འཇུག་པ་དང༌། ཕྱེ་ནས་འཇུག་པའོ་ཞེས་ཟེར་བ་མི་འཐད་དེ། སེར་པོ་འཛིན་པའི་མིག་ཤེས་ཆོས་ཅན། དེར་ཐལ། སེར་པོ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་ཕྱིར། དེ་ཡིན་ཏེ། སེར་པོའི་ཆ་ཤས་འགའ་ཞིག་མཐོང༌། གཞན་མ་མཐོང་བའི་ཕྱིར། དེ་ཡིན་ཏེ། སེར་པོའི་རྫས་སུ་གྱུར་པའི་དྲི་རོ་རེག་བྱ་སོགས་ཡོད། དེ་མ་མཐོང་བའི་ཕྱིར། དེ་མེད་ན་ནི་སེར་པོ་རང་མཚན་པ་མེད་པར་འགྱུར་རོ། །དེ་བཞིན་དུ། མེ་འཛིན་པའི་ལུས་ཤེས་མངོན་སུམ་ཡང་སེལ་འཇུག་ཏུ་ཐལ་བར་འགྱུར་རོ། །གཉིས་པ་རང་གི་ལུགས་ནི། རང་གི་ཤེས་བྱ་གསལ་བར་སྣང་བའི་རྟོག་མེད་ཀྱི་ཤེས་པ་དེ། སྣང་འཇུག་གི་མཚན་ཉིད་དང༌། རང་ཡུལ་གྱི་ལོག་ཕྱོགས་རྣམ་པར་བསལ་བའི་ཚུལ་གྱིས་འཇུག་པའི་ཡུལ་ཅན་དེ། སེལ་འཇུག་གི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ནི། དེ་རེ་རེ་ལ་དོན་མཐུན་དང༌། དོན་མི་མཐུན་གཉིས་གཉིས་སུ་ཕྱེ་བས་བཞིའོ། །གསུམ་པ་དགག་སྒྲུབ་ཀྱི་རྟོགས་ཚུལ་ལ་གཉིས་ལས། དང་པོ་སྒྲུབ་པ་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། རང་གི་ཡུལ་ཅན་གྱི་ཤེས་པས་ཡོངས་གཅོད་དུ་རྟོགས་པར་བྱ་བའོ། །དབྱེ་ན་སྣང་བ་དང་སེལ་བའི་སྒྲུབ་པ་གཉིས་སོ། །དང་པོའི་མཚན་ཉིད་རང་གི་ཡུལ་ཅན་རྟོག་མེད་ཀྱི་ཤེས་པས་ཡོངས་གཅོད་དུ་རྟོགས་པར་བྱ་བའོ། །དེ་ནི་དོན་རང་མཚན་ཐམས་ཅད་ལ་ཟེར་བ་ཡིན་ནོ། །འདིས་དགག་སྒྲུབ་གཉིས་ཀྱི་ཟླས་ཕྱེ་བའི་སྒྲུབ་པའི་གོ་མི་ཆོད་དེ། ཆོད་ན་རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་དུ་རུང་བར་ཐལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྒྲུབ་འཇུག་དང་སེལ་འཇུག་གཉིས་སུ་འབྱེད་པའི་དུས་ཀྱི་སྒྲུབ་པ་གོ་ཆོད་པོ་ཡིན་ནོ། །གཉིས་པའི་མཚན་ཉིད་རང་དངོས་ཡུལ་དུ་བྱེད་པའི་རྟོག་པས་ཡོངས་གཅོད་དུ་རྟོགས་པར་བྱ་བ། མཚན་གཞི་ནི། མ་ཡིན་པར་དགག་པ་ཐམས་ཅད་དོ། །འདིས་སྒྲུབ་འཇུག་གི་རྣམ་གཞག་བྱེད་པའི་དུས་ཀྱི་སྒྲུབ་པའི་གོ་མི་ཆོད་ཀྱང༌། དགག་སྒྲུབ་གཉིས་ཀྱི་ཟླས་ཕྱེ་བའི་སྒྲུབ་པ་གོ་ཆོད་པོ་ནི་འདི་ཁོ་ན་ཡིན་ཅིང༌། དགག་པ་ཡང་གོ་ཆོད་པོ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། མདོར་ན་ཤེས་བྱ་ལ་སོགས་པ། མ་ཡིན་དགག་གི་མཚན་གཞིར་གཟུང་བ་ཐམས་ཅད་དགག་སྒྲུབ་གཉིས་ཀ་ཡིན་ཏེ། བློས་རྣམ་བཅད་དང་ཡོངས་གཅོད་དུ་རྟོགས་བྱ་གཉིས་ཀ་ཡིན་པའི་ཕྱིར་རོ། །དེ་ཡང་སྒྲས་བརྗོད་ཚུལ་གྱི་ཆ་ནས་དགག་པ་དང༌། བློས་རྟོགས་ཚུལ་གྱི་ཆ་ནས་སྒྲུབ་པའོ། །གཉིས་པ་དགག་པ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། རང་དངོས་ཡུལ་དུ་བྱེད་པའི་སྒྲ་དང་རྟོག་པས་རྣམ་བཅད་དུ་རྟོགས་པར་བྱ་བའོ། །དབྱེ་ན། དགག་པ་རྐྱང་པ་དང༌། དགག་སྒྲུབ་གཉིས་ཚོགས་པའོ། །དང་པོའི་མཚན་ཉིད་དགག་པ་གང་ཞིག བློས་རྣམ་བཅད་ཁོ་ནར་རྟོགས་པར་བྱའོ། །དེ་ནི་མེད་པར་དགག་པ་དང་དོན་གཅིག གཉིས་པ་དགག་སྒྲུབ་གཉིས་ཚོགས་ཀྱང༌། མ་ཡིན་དགག་དང་དོན་གཅིག་པས་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །དེ་ཡང་དགག་རྐྱང་བསྒྲུབ་བྱའི་ཆོས་སུ་བྱས་པའི་གཏན་ཚིགས་ཡང་དག་ཡིན་ན། དགག་པའི་གཏན་ཚིགས་ཡིན་པས་ཁྱབ་ལ། དེ་ཡང་ཞེ་འདོད་གཙོ་ཆེ་བ་ཡིན་ནོ། །ཡང་དགག་པ་ལ་དབྱེ་ན་གཉིས་ཏེ། མ་ཡིན་པར་དགག་པ་དང༌། མེད་པར་དགག་པའོ། །དང་པོའི་མཚན་ཉིད། དགག་པ་གང་ཞིག རང་མིང་གིས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པའོ། །དབྱེ་ན་དགག་ཚིག་དངོས་སུ་འབྱར་བ་དང་མ་འབྱར་བའི་དགག་པའོ། །དང་པོ་ནི་ཇི་སྐད་དུ། དགག་པ་དོན་གྱི་བསྟན་པ་དང༌། །ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་དགག་པ། །ཞེས་པའི་གཞུང་གིས་བསྟན་པ་དེ་དག་ཡིན་ནོ། །དེ་ཡང་དང་པོ་ནི། ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟ་བ་ལྟ་བུའོ། །གཉིས་པ་ཚིག་གཅིག་གིས་དགག་སྒྲུབ་གཉིས་ཀ་བྱེད་པ་ནི། བདག་ལས་མ་སྐྱེས་པ་ཡོད་པ་ལྟ་བུའོ། །གསུམ་པ་དེ་ལྡན་ནི། ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟ་བ་རིད་པ་མ་ཡིན་པར་ཡོད་པ་ལྟ་བུའོ། །འདི་ལ་དེ་ལྡན་ཞེས་བྱ་སྟེ། སྔ་མ་གཉིས་ཀའི་མཚན་ཉིད་ཚང་བའི་ཕྱིར། བཞི་པ་རང་ཚིག་གིས་མི་སྟོན་པ་ནི། སྐྱེས་བུ་ཞིག་རྒྱལ་རིགས་སུ་སྟོན་པར་འདོད་ནས་འདི་བྲམ་ཟེ་མ་ཡིན་ཞེས་བརྗོད་པའི་ཚེ་དེ་མ་ཡིན་པ་ལྟ་བུའོ། །གཉིས་པ་དགག་ཚིག་མ་འབྱར་བའི་དགག་པ་ལ་མཚན་ཉིད་ནི། དགག་པ་གང་ཞིག རང་ཚིག་ཟིན་ལ་བརྗོད་པའི་སྒྲ་ལ་དགག་ཚིག་མ་འབྱར་བའོ། །དཔེར་བརྗོད་པ་ནི། ཤེས་བྱ་དང་གཞལ་བྱ་ལ་སོགས་པ་རྣམས་དང་སེལ་ངོའི་ཀ་བ་དང་བུམ་པ་ལ་སོགས་པ་ཡོད་པ་གཞན་སེལ་གྱི་མཚན་གཞིར་བཤད་མ་ཐག་པ་རྣམས་སོ། །དགག་པའི་འཇོག་ཚུལ་འདི་ནི། དབུ་མ་དང་སྒྲའི་བསྟན་བཅོས་ལས་མི་འབྱུང་ཡང༌། བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་བཞེད་པའོ། །གཉིས་པ་མེད་དགག་ལ་མཚན་ཉིད་ནི། དགག་པ་གང་ཞིག རང་ཚིག་ཟིན་ལ་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པའོ། །དབྱེ་ན་རང་ཚིག་གིས་ཟིན་པར་བརྗོད་པའི་སྒྲ་ལ་དགག་ཚིག་ཡོད་པ་དང་མེད་པའོ། །དང་པོ་ནི། བདག་མེད་པ་དང་བུམ་མེད་ལ་སོགས་པ་རྣམས་ཡིན་ལ། གཉིས་པ་ནི། ནམ་མཁའ་དང༌། རྟག་པ་དང༌། མེད་པར་དགག་པ་ཉིད་ལ་སོགས་པའོ། །མ་ཡིན་པར་དགག་པའི་འཇོག་ཚུལ་ཇི་སྐད་བཤད་པ་དེ་ནི་དབུ་མའི་བསྟན་བཅོས་ལས་གསུངས་པ་བཞིན། ཐུན་མོང་དུ་གྲགས་པ་དེ་ཉིད་བཀོད་པ་ཡིན་ལ། རྣམ་འགྲེལ་ལས་གསུངས་པ་ནི། དངོས་པོའི་ཆ་ཁས་བླངས་པ་མེད་པའི་དགག་པ་དང༌། དེ་མེད་པ་མ་ཡིན་པའི་དགག་པའོ་ཞེས་པའི་ཐ་སྙད་ཀྱིས་གསུངས། རྣམ་ངེས་ལས། དངོས་པོ་མེད་པའི་དགག་པ་དང༌། དངོས་པོའི་རང་བཞིན་འཕེན་པའི་དགག་པ་ཞེས་པའི་ཐ་སྙད་ཀྱིས་གསུངས། ལུགས་འདིའི་ཐུན་མོང་མ་ཡིན་པ་ལྟར་ན། དགག་པ་གང་ཞིག སྒྲུབ་པ་སྤོང་བ་དང༌། མི་སྤོང་བ་ཞེས་བྱ་བ་འདི་ཙམ་ཞིག་ཡིན་པར་ངེས་སོ། །དེའི་ཚེ་ན་ཤེས་བྱ་ལྟ་བུ་མ་ཡིན་དགག་ཡིན་པ་དང༌། དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་ཞེས་བྱ་བ་དེ་ཡིན་པར་ཁས་བླངས་ཀྱང་ཉེས་པ་མེད་དོ། །བཞི་པ་བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ་ལ། བརྗོད་བྱ་གོང་དུ་བསྟན་ཟིན་པས་འདིར་མ་བཤད་དོ། །གཉིས་པ་ལ་མཚན་ཉིད་ནི། དོན་གོ་བར་བྱེད་པའི་བརྡའོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སོང་ཚོད་ཀྱི་དང༌། རློམ་ཚོད་ཀྱི་རྗོད་བྱེད་གཉིས། བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན་ཆོས་བརྗོད་ཀྱི་སྒྲ་དང༌། ཆོས་ཅན་བརྗོད་པའི་སྒྲ་གཉིས། དོན་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན་མིང་ཚིག་ཡི་གེ་གསུམ། དང་པོ་ལ་མཚན་ཉིད་ནི། རང་གི་གདགས་གཞི་ཡི་གེ་དུ་མ་འདུས་པ་ལ་བཏགས་པའི་སྒྲ་སྤྱི་བསལ་བའོ། །དཔེ་ནི་བུམ་པ་ཞེས་བརྗོད་པའི་ཚེ་རྟོག་པ་ལ་མིང་དུ་སྣང་བའི་ལྡན་པ་མ་ཡིན་པའི་འདུ་བྱེད་དོ། །དེ་ལྟར་བཤད་པ་ན། སྤང་ལོ་ཙཱ་བས་སྒྲ་སྤྱི་བསལ་བ་ཞེས་པ་དེ་རྟག་པ་ཡིན་ནོ་སྙམ་དུ་བསམས་ནས་ས་སྐྱ་པཎྜི་ཏ་ལ་སྐྱོན་བརྗོད་པ་ནི་ཕྱོགས་སྔ་མའི་ནམ་མ་ལངས་པའོ། །གཉིས་པའི་མཚན་ཉིད་རང་གི་གདགས་གཞི་ཡི་གེ་དུ་མ་འདུས་པ་ལ་བཏགས་པའི་སྒྲ་རང་མཚན་དུ་རློམ་པའི་ཆའོ། །དཔེ་ནི། བུམ་པ་ཞེས་པའི་སྒྲ་ཉན་ཤེས་ལ་སྣང་བ་དེ་ཉིད་དོ། །དབྱེ་སྒོ་གཉིས་པ་ལ་གཞན་ལུགས་མི་འཐད་པ་ནི། བོད་ཕྱི་མ་རྣམས་རང་གི་བརྗོད་བྱའི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཉན་བྱ་ཞེས་མཚན་ཉིད་བཞག་ནས། བུམ་པ་བུམ་པའི་ལྡོག་པར་ཁས་ལེན་པ་ནི་མ་གོ་བ་ཡིན་ཏེ། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བུམ་པ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲར་ཐལ། བུམ་པའི་ལྡོག་པ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། ཡང་བུམ་པའི་གཟུགས་ཤེས་བརྗོད་པའི་སྒྲ་ཆོས་ཅན། དེ་ལ་ལྟོས་པའི་དེར་ཐལ། དེ་ལ་ལྟོས་པའི་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་པའི་ཕྱིར་ཏེ། དེའི་དྲི་རོ་ལ་སོགས་པ་བརྗོད་བྱར་སྤོང་བའི་ཕྱིར། དེ་བཞིན་དུ་ལྷ་སྦྱིན་གྱི་རིལ་བ་དང་དེའི་ཞང་པོ་ཞེས་བརྗོད་པའི་སྒྲ་སོགས་ཀྱང༌། ཆོས་བརྗོད་ཀྱི་སྒྲར་ཧ་ཅང་ཐལ་བར་འགྱུར་ཞིང༌། དེ་གཉིས་ཀ་ལ་འདོད་མི་ནུས་པ་ནི། ཇི་སྐད་དུ། དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །ཞེས་གསུངས་པའི་ཕྱིར་དང༌། རང་གི་རློམ་ཚོད་ཀྱི་ཆོས་ཅན་དང་རྫས་ཐ་དད་པ་བརྗོད་པའི་སྒྲ་ལ་ཆོས་བརྗོད་ཀྱི་སྒྲའི་རྣམ་གཞག་འཇོག་པའི་གོ་སྐབས་མེད་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ལྡོག་པ་བརྗོད་པའི་སྒྲ་གང་ཞིག རང་གི་ཆོས་ཅན་བརྗོད་བྱར་མི་སྤོང་ཞིང༌། ཆོས་ཅན་དེའི་ལྡོག་པའི་ཁྱད་པར་གཞན་སྤོང་བའི་སྒྲ་དེ། ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད་དོ། །དཔེ་ནི་སྒྲའི་མི་རྟག་པ་ཞེས་བརྗོད་པའམ། མི་རྟག་པ་ཉིད་ཅེས་བརྗོད་པ་ལྟ་བུའོ། །ལོག་པ་བརྗོད་པའི་སྒྲ་གང་ཞིག རང་གི་ལྡོག་པའི་ཁྱད་པར་ཐམས་ཅད་བརྗོད་བྱར་མི་སྤོང་བའི་སྒྲ་དེ། ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། དཔེ་ནི་སྒྲ་མི་རྟག་ཅེས་བརྗོད་པའམ། མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །འདིར་ཆོས་ཅན་བརྗོད་པའི་སྒྲ་ལ་གཉིས་ཏེ། མཚན་ཉིད་པ་ལོག་པ་བརྗོད་པའི་སྒྲ་དང༌། བཏགས་པ་བ་བསྒྲུབ་བྱའི་ཆོས་ཅན་བརྗོད་པའི་སྒྲའོ། །དཔེར་བརྗོད་པ་ནི། བུམ་པ་ཞེས་བརྗོད་པའི་སྒྲ་དང༌། ནམ་མཁའ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །སྐབས་འདིར་ཆོས་དང་ཆོས་ཅན་གྱི་མཚན་ཉིད་ནི། ལྡོག་པའི་ཁྱད་པར་སྣ་ཚོགས་པ་ཞེས་དང༌། ལྡོག་པ་དུ་མའི་རྟེན་གཞིར་གྱུར་པ་ཞེས་བྱ་བ་ཡིན་ནོ། །ཡང་སྐབས་འདིའི་ཆོས་ཅན་ལ་གཉིས་ཏེ། ལོག་པ་དང༌། ལྡོག་པའོ། །གཉིས་པ་ནི་བྱེ་བྲག་དང་གཞི་མཐུན་རྣམས་ལ་ཟེར་བ་ཡིན་ནོ། །དེའི་ཕྱིར་གཞི་མཐུན་བརྗོད་པའི་སྒྲ་ཡིན་ན་ཡང་ཆོས་ཅན་བརྗོད་པའི་སྒྲ་ཡིན་པས་ཁྱབ་པ་ཡིན་ཏེ། དཔེར་ན་བུམ་པ་མི་རྟག་ཅེས་བརྗོད་པའི་སྒྲ་ལྟ་བུའོ། །འོ་ན་ལྡོག་པ་བརྗོད་པའི་སྒྲ་ལ་ཆོས་བརྗོད་ཀྱི་སྒྲས་ཁྱབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ལའང་ཁྱད་པར་གཞན་སྤོང་མི་སྤོང་གཉིས་ཡོད་པའི་ཕྱིར། དབྱེ་སྒོ་གསུམ་པ་ལ་གསུམ་ལས། དང་པོ་མིང་ལ་མཚན་ཉིད་ནི། རང་གི་གདགས་གཞི་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་རྗོད་བྱེད། དབྱེ་ན་ཐོག་མ་ཉིད་དུ་གྲུབ་པ་མིང་དང༌། རྗེས་སུ་གྲུབ་པའི་མིང་གཉིས། དང་པོའི་མཚན་ཉིད། རྒྱུ་མཚན་ལ་མ་ལྟོས་པར་འདོད་རྒྱལ་ཐོག་མར་སྦྱར་བའི་མིང་ངོ༌། །དཔེ་ནི། ཚ་ཞིང་སྲེག་པ་ལ་མེ་ཞེས་བཏགས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། སྔར་ཐ་སྙད་དུ་གྲུབ་ཟིན་པའི་མིང་གང་ཞིག དོན་གཞན་གྱི་མིང་དུ་བཏགས་པའོ། །དཔེར་ན་བྲམ་ཟེའི་ཁྱེའུ་ལ་མེ་ཞེས་བཏགས་པ་ལྟ་བུའོ། །དབྱེ་ན་འདོད་རྒྱལ་དང་དོན་ལྡན་གཉིས་སོ། །རྗེས་གྲུབ་ཀྱི་མིང་གང་ཞིག སྒྲ་བཤད་དུ་མེད་པ་དེ་རྗེས་གྲུབ་ཏུ་གྱུར་པའི་འདོད་རྒྱལ་གྱི་མིང་གི་མཚན་ཉིད། དཔེར་ན། ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། །དེ་གང་ཞིག སྒྲ་བཤད་དུ་ཡོད་པ་དེ། རྗེས་གྲུབ་ཏུ་གྱུར་པའི་དོན་ལྡན་གྱི་མིང་གི་མཚན་ཉིད། དཔེར་ན་ཁྱི་དཀར་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། །ཇི་སྐད་དུ་ཡང་སྨྲ་སྒོ་ལས། །དེ་ཡང་མིང་གི་ཐོག་མ་དང༌། །རྗེས་སུ་གྲུབ་པ་རྣམ་པ་གཉིས། །ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། །རྗེས་གྲུབ་དག་ནི་དོན་ལྡན་དང༌། །འདོད་རྒྱལ་གཉིས་ཀར་འདོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན། འདོད་རྒྱལ་ཐོག་མའི་མིང་ལ་སྒྲ་བཤད་མེད་པས་ཁྱབ། རྗེས་གྲུབ་ཀྱི་འདོད་རྒྱལ་ལ་སྒྲ་བཤད་སྲིད་ཀྱང༌། དོན་ལོག་པར་སྟོན་སྲིད་པས་སྒྲ་མི་འཆད། དེ་བས་ན་རྗེས་གྲུབ་དོན་ལྡན་ཁོ་ན་ལ་སྒྲ་བཤད་པར་བྱ་བ་ཡིན་ནོ། །དེ་ལྟར་ཤེས་པ་ན། བོད་ཕྱི་མ་དག་གིས་འདོད་པའི་དངོས་མིང་གི་མཚན་ཉིད་ཀྱི་ཟུར་དུ་དོན་དེ་ལ་འདོད་རྒྱལ་ཐོག་མར་སྦྱར་བའི་མིང་ཞེས་དང༌། དོན་དེ་འཁྲུལ་མེད་དུ་གོ་བའི་མིང་ཞེས་པ་ཡང་མི་འཐད་པར་ཁོང་དུ་ཆུད་པར་འགྱུར་རོ། །དེས་ན་རང་གི་ལུགས་ལ། དངོས་མིང་གི་མཚན་ཉིད་ནི་འདོད་རྒྱལ་གྱི་མིང་ངམ་དངོས་ཀྱི་སྒྲ་བཤད་གསུམ་པོ་གང་རུང་ཚང་བའི་མིང་ངོ༌། །དབྱེ་ན་འདོད་རྒྱལ་ཐོག་མའི་མིང་དང༌། རྗེས་གྲུབ་ཀྱི་འདོད་རྒྱལ། དོན་ལྡན་གྱི་གཅིག་རྣམས་སུ་ཡོད་དོ། །དོན་ལྡན་གྱི་མིང་གང་ཞིག བཏགས་པའི་སྒྲ་བཤད་ལྔ་པོ་གང་རུང་གི་སྒོ་ནས་སྒྲ་བཤད་དུ་ཡོད་པའི་མིང་དེ། བཏགས་མིང་གི་མཚན་ཉིད། དབྱེ་ན་འདྲ་བ་རྒྱུ་མཚན་དུ་བྱས་པ་དང༌། འབྲེལ་པ་རྒྱུ་མཚན་དུ་བྱས་པ་དང༌། དེ་གཉིས་ཀ་ལས་བཟློག་པའི་རྒྱུ་མཚན་ཅན་ནོ། །དང་པོ་གཉིས་ཤེས་པར་སླ་ལ། གསུམ་པ་ནི། བླུན་པོ་ལ་ལྷ་དགའ་བ་དང༌། མིག་དམར་ལ་བཀྲ་ཤིས་ཀྱི་མིང་བཏགས་པ་ལྟ་བུའོ། །མདོར་ན་འདོད་རྒྱལ་གྱི་མིང་གཉིས་པོ་གང་རུང་ཡིན་ན། དངོས་མིང་ཡིན་པས་ཁྱབ། དོན་ལྡན་གྱི་མིང་ལ་དངོས་མིང་དང་བཏགས་མིང་གཉིས་ཀ་ཡོད་ལ། སྒྲ་བཤད་གསུམ་དང་སྒྲའི་ཁྱད་པར་ནི། སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་བསྟན་བཅོས་སུ་བལྟ་བར་བྱའོ། །ཡང་ཇི་སྐད་དུ། བློ་ནི་འཁྲུལ་པ་མེད་འཇུག་པ། །རྟག་ཏུ་དངོས་དང༌། ཞེས་པའི་ཚིག་ཙམ་ལ་བརྟེན་ན། འདོད་རྒྱལ་ལམ། དོན་ལྡན་འཁྲུལ་མེད་ཀྱི་མིང་གང་རུང་དེ། དངོས་མིང་གི་མཚན་ཉིད། དོན་ལྡན་འཁྲུལ་བཅས་ཀྱི་མིང་དེ། བཏགས་མིང་གི་མཚན་ཉིད་དོ། །འཁྲུལ་པ་ཡོད་མེད་ཀྱི་དོན་ཡང༌། སྒྲ་འཆད་ཚུལ་ལས་རྟོགས་དགོས་པ་ཡིན་ལ། དེ་ཡང་འདྲ་འབྲེལ་བཟློག་གསུམ་གྱི་རྒྱུ་མཚན་ལ་རྟེན་ནས་སྒྲ་བཤད་པ་དང༌། དེ་ལ་མ་ལྟོས་པར་སྒྲ་བཤད་པའོ། །གཉིས་པ་ཚིག་ལ་མཚན་ཉིད་ནི། རང་གི་གདགས་གཞི་མིང་གཉིས་སམ་གསུམ་ལ་སོགས་པ་འདུས་ནས་དོན་གྱི་ཁྱད་པར་སྟོན་པའི་རྗོད་བྱེད་དོ། །དབྱེ་ན་ཚིག་གི་བསྡུ་བ་དང༌། ཚིག་གི་ཕྲད་གཉིས་སོ། །དང་པོ་ལ། སྒྲུབ་པའི་བསྡུ་བ་འབྲུ་མང་པོ་པ་ལ་སོགས་པ་བཅུ་དང༌། མ་ཡིན་པར་དགག་པའི་བསྡུ་བ་མཚན་ཉིད་ཀྱི་དབང་གིས་བཅུ་བཞི་དང༌། མེད་པར་དགག་པ་ལ་ཡུལ་དུས་ཀྱི་དབང་གིས་བཅུ་གཅིག་ཏུ་བཤད་དོ། །གཉིས་པ་ཚིག་ཕྲད་ནི་ཇི་སྐད་དུ། སྒྲ་གང་རང་ལ་དོན་མེད་ཅིང༌། །དོན་ལྡན་མིང་ཚིག་གསལ་བྱེད་པ། །ཚིག་གི་ཕྲད་ཡིན། ཞེས་བཤད་པ་ལྟར་རོ། །གསུམ་པ་ཡི་གེ་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་རྣམས་དོན་སྟོན་པར་མི་ནུས་པའི་མཉན་བྱ་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། ཡི་གེ་མཉན་བྱར་ཁས་བླངས་ནས་དོན་མི་སྟོན་པར་འདོད་པ་འགལ་བའི་ཕྱིར་ཏེ། ཨ་ཞེས་བརྗོད་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཀྱང་རང་རང་གི་བརྗོད་བྱའི་དོན་དེ་དང་དེ་སྟོན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ཇི་སྐད་དུ་སུམ་ཅུ་པར། བསླབ་པ་ཀུན་གྱི་གཞིའི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེ་ཞེས་བཤད་པ་ལྟར་རོ། །དབྱེ་བ་ལ། སྒྲའི་བསྟན་བཅོས་ཀྱི་ལུགས་དང༌། སྡེབ་སྦྱོར་ནས་འབྱུང་བའི་ལུགས་དང༌། དུས་ཀྱི་འཁོར་ལོ་ནས་འབྱུང་བའི་ལུགས་སོ། །དང་པོ་ནི། དབྱངས་དང༌། གསལ་བྱེད་དང༌། དེ་ལས་གཞན་པའི་ཡི་གེ་གསུམ་མོ། །དེ་ལས་གཞན་པའི་ཡི་གེ་ཞེས་པ་ནི། རྣམ་བཅད་དང༌། ང་རོ་དང༌། ལྕེ་རྩ་ཅན་དང༌། མཆུ་ཅན་གྱི་ཡི་གེ་རྣམས་སོ། །གཉིས་པའི་ལུགས་ནི། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །གསལ་བྱེད་རྣམས་ཀྱང་སུམ་ཅུ་བདུན། །ཞེས་སོགས་སོ། །གསུམ་པ་དུས་ཀྱི་འཁོར་ལོའི་ལུགས་ནི། དབྱངས་ཐམས་ཅད་སྟོང་པ་ཆེན་པོའི་ཡི་གེ་ལྔར་འདུས་ཤིང༌། གསལ་བྱེད་ཐམས་ཅད་ཐིག་ལེ་གསལ་བ་ཡི་གེ་དྲུག་གི་རང་བཞིན་དུ་འདུས་སོ། །དང་པོ་ལྔ་ནི། ཨ་ཨི་ཨུ་རྀ་ལྀ་ཞེས་པ་སྟེ་རང་བྱུང་གི་ཡི་གེ་ལྔའོ། །གཉིས་པ་ནི་སྡེ་པ་དྲུག་པོ་རྣམས་སོ། །འདི་དག་གི་རྣམ་པར་བཞག་པ་ལ། བོད་རྣམས་སྡེ་བདུན་མཛད་པའི་ལུགས་ལ་གསུམ་ཀ་མཉན་བྱ་ཡིན་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། མིང་ཚིག་གཉིས་མཉན་བྱར་སྟོན་པའི་ལུང་ཁྱེད་ཀྱིས་འདྲེན་པར་མི་ནུས་པའི་ཕྱིར་དང༌། ཇི་སྐད་དུ། བྱེད་པ་རྣམས་ཀྱི་སྦྱོར་བའམ། །ཡིད་ཀྱི་བཟླས་པ་དོན་མེད་འགྱུར། །ཞེས་རིག་བྱེད་ཀྱི་ཚིག་ལ་སྒྲས་ཁྱབ་པ་ལ་དངོས་སྐྱོན་འཕངས་པའི་ཕྱིར་དང༌། མིང་ལ་མཉན་བྱས་ཁྱབ་ན་མཚོན་བྱ་ཡང་སྒྲར་ཐལ་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། མིང་ཚིག་གཉིས་ལ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་ཁྱབ་ཅིང༌། ཡི་གེ་དབྱངས་གསལ་གཉིས་ལས། གསལ་བྱེད་རྣམས་ནི་སྒྲ་ཡིན་པར་ཁས་བླང་དུ་མི་རུང་སྟེ། ཇི་སྐད་དུ། དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །ཞེས་སྲོག་ཡིག་དང་བྲལ་བའི་གསལ་བྱེད་རྣམས་ཉན་ཤེས་ཀྱིས་མི་ཐོས་པར་བཤད་པའི་ཕྱིར། དབྱངས་ཡིག་བཅུ་བཞི་པོ་རྣམས་ནི་སྒྲ་ཁོ་ནར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། སྒྲ་སྐྱེའོ། །ཞེས་དང༌། དེ་ཐོས་མྱུར་མིན་ཐོས་པ་ཅན། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་རང་མཚན་དུ་ཁས་ལེན་པ་མ་ཡིན་ཏེ། ཡི་གེ་ཡིན་ན་རང་གི་ཆ་ཤས་དུ་མ་ལ་བཏགས་པའི་བཏགས་ཡོད་ཡིན་དགོས་པའི་ཕྱིར། ལྔ་པ་འགལ་བ་དང་འབྲེལ་བའི་རྟོགས་ཚུལ་ལ་གཉིས་ལས། དང་པོ་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕལ་ཆེ་བ་དག ཐ་དད་བཀག་ན་ཁེགས་པའོ། །ཞེས་ཟེར་བ་དེ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡང་དག་ཏུ་ཐལ་བ་དང༌། ཐུན་མོང་མ་ཡིན་པ་ཡང་དག་ཏུ་ཐལ་བ་དང༌། ལྷག་ལྡན་ཡང་དག་ཏུ་ཐལ་བ་དང༌། འགལ་རྟགས་དང་ཡང་དག་གི་གཞི་མཐུན་ཡོད་པར་ཐལ་བ་དང༌། རྒྱུ་རང་གི་འབྲས་བུ་ལ་འབྲེལ་པ་སྲིད་པར་ཐལ་བ་རྣམས་འཇུག་གོ །གཉིས་པ་རང་གི་ལུགས་ལ་འཇོག་ཚུལ་གཉིས་ཏེ། རང་ལུགས་མ་ཡིན་པ་ལ་རང་ལུགས་སུ་འཁྲུལ་པ་དགག འཁྲུལ་པ་མེད་པའི་རང་ལུགས་བཞག་པའོ། །དང་པོ་ནི། རིགས་པའི་གཏེར་གྱི་རྗེས་སུ་འབྲང་བ་དག་ན་རེ། ཆོས་གང་ཞིག ཆོས་གཞན་མི་འདོར་བ་དེ་འབྲེལ་བའི་མཚན་ཉིད་ཅེས་ཟེར་བ་ནི། ཕྱི་རོལ་པའི་འདོད་པ་དང་རང་གི་འདོད་པ་མ་ཕྱེད་པའི་སྐྱོན་ཡིན་ཏེ། འདི་ལྟར་འོ་ན་ཕྱི་རོལ་པས་འདོད་པའི་ལྡན་པ་ནས་ཁྱོ་ཤུག་གི་བར་ཐམས་ཅད་འབྲེལ་བར་ཐལ་བ་དང༌། ཚོགས་པ་གཅིག་གི་རྡུལ་རྫས་བརྒྱད་འབྲེལ་བར་ཐལ་བ་དང༌། ཕར་འབྲེལ་བ་ཐམས་ཅད་ཚུར་ཡང་འབྲེལ་བར་ཐལ་ལོ། །གཉིས་པ་འཁྲུལ་མེད་ཀྱི་རང་ལུགས་ནི། ཆོས་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་དེ། ཆོས་དེ་ལ་འབྲེལ་བའི་མཚན་ཉིད་ཡིན། ཆོས་དེ་དང་ངོ་བོ་གཅིག་པའི་སྒོ་ནས་ཆོས་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་དེ། ཆོས་དེ་ལ་བདག་གཅིག་ཏུ་འབྲེལ་བའི་མཚན་ཉིད་ཡིན། ཆོས་དེ་དང་ངོ་བོ་ཐ་དད་པའི་སྒོ་ནས་ཆོས་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་དེ། ཆོས་དེ་ལ་དེ་བྱུང་དུ་འབྲེལ་བའི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ལ་དངོས་དང་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ། འབྲེལ་པ་ནི་གཉིས་ཏེ། མཚན་ཉིད་པ་དངོས་པོ་སྟོབས་ཤུགས་ཀྱི་འབྲེལ་བ་དང༌། རྗེས་མཐུན་པ་སྒྲོ་བཏགས་ཀྱི་འབྲེལ་བའོ། །དང་པོ་ལ་མཚན་ཉིད་ནི། རྩ་བ་དངོས་འབྲེལ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་པའོ། །དབྱེ་ན་དངོས་པོ་སྟོབས་ཤུགས་ཀྱི་བདག་གཅིག་དང༌། དེའི་དེ་བྱུང་གཉིས། དང་པོ་ལ་མཚན་ཉིད་ནི། བདག་ཉིད་གཅིག་ཏུ་འཇོག་བྱེད་ཀྱི་དངོས་པོ་སྟོབས་ཤུགས་ཀྱི་ཚད་མ་གྲུབ་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའོ། །དབྱེ་ན་དངོས་ཕྱོགས་ཀྱི་འབྲེལ་པ་དང༌། བཟློག་ཕྱོགས་ཀྱི་འབྲེལ་པའོ། །དང་པོ་ལ་དངོས་ཀྱི་འབྲེལ་པ་དང༌། བརྒྱུད་པའི་འབྲེལ་པའོ། །དང་པོ་ནི། བྱས་པ་དང་མི་རྟག་པ་ལྟ་བུའོ། །གཉིས་པ་ནི། བྱས་པ་ཡོད་པ་དང་མི་རྟག་པ་ཡོད་པ་ལྟ་བུའོ། །གཉིས་པ་ལ་བཟློག་ཕྱོགས་ལ་དངོས་འབྲེལ་གྲུབ་པ་དང༌། དེ་ལ་བརྒྱུད་འབྲེལ་གྲུབ་པའོ། །དང་པོ་ནི། རྟག་པ་དང་མ་བྱས་པ་ལྟ་བུའོ། །གཉིས་པ་ནི། རྟག་པ་མེད་པ་དང་བྱས་པ་མེད་པ་ལྟ་བུའོ། །གཉིས་པ་དངོས་པོ་སྟོབས་ཤུགས་ཀྱི་དེ་བྱུང་འབྲེལ་གྱི་མཚན་ཉིད། ངོ་བོ་ཐ་དད་དུ་ངེས་བྱེད་ཀྱི་དངོས་པོ་སྟོབས་ཤུགས་ཀྱི་ཚད་མ་གྲུབ་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའོ། །དབྱེ་ན་དངོས་ཕྱོགས་ཀྱི་དང༌། ལྡོག་ཕྱོགས་ཀྱི་འབྲེལ་པའོ། །དང་པོ་ལ་དངོས་ཀྱི་དང་བརྒྱུད་པའི་འབྲེལ་པའོ། །དང་པོ་ནི་མེ་དུ་ལྟ་བུའོ། །གཉིས་པ་ནི་དུ་བ་ཡོད་པ་དང་མེ་ཡོད་པ་ལྟ་བུའོ། །གཉིས་པ་སྒྲོ་བཏགས་ཀྱི་འབྲེལ་པ་ལ་མཚན་ཉིད་ནི། རྩ་བ་དངོས་འབྲེལ་ངེས་བྱེད་ཀྱི་ཚད་མ་ལ་མ་བརྟེན་པར་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའོ། །དབྱེ་ན་སྒྲོ་བཏགས་ཀྱི་བདག་གཅིག་དང༌། །དེའི་དེ་བྱུང་འབྲེལ་ལོ། །དང་པོ་ལ་མཚན་ཉིད་ནི། དོན་ལ་ངོ་བོ་གཅིག་ཏུ་མ་གྲུབ་ཀྱང་རྟོག་པས་ངོ་བོ་གཅིག་ཏུ་སྒྲོ་བཏགས་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའོ། །དཔེར་བརྗོད་པ་ནི། མཚན་མཚོན་དང་སྤྱི་བྱེ་བྲག་གི་འབྲེལ་བ་རྣམས་སོ། །གཉིས་པ་ལ་མཚན་ཉིད་ནི། རྒྱུ་འབྲས་སུ་མ་གྲུབ་ཀྱང་རྟོག་པས་དེར་སྒྲོ་བཏགས་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའོ། །མཚན་གཞི་ནི་མཐོང་ལམ་བར་ཆད་མེད་ལམ་དང་དེས་ཐོབ་པའི་འགོག་བདེན་ལྟ་བུ་དང༌། ས་བོན་མེད་པས་མྱུ་གུ་མ་སྐྱེས་པ་དང༌། ཆར་མ་བབས་པས་ལོ་ཉེས་པ་ལྟ་བུའོ། །གཉིས་པ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ལ། སྒྲོ་བཏགས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་དང༌། དངོས་སྟོབས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལ། གྲགས་ཡིད་ཀྱི་དང༌། མཚན་མཚོན་གྱི་དང༌། སྤྱི་བྱེ་བྲག་གིའོ། །དང་པོ་ནི། རྟོག་ཡུལ་ན་ཡོད་པ་དེ་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་གྲགས་པའི་འབྲེལ་པ་ངེས་པར་བྱེད་དོ། །ཡང་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ཀླུ་སྒྲུབ་ཀྱི་ལུང་དེ་སྤྱད་པ་ལས་བདེ་བ་འབྱུང་བ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། དེ་རང་གི་བསྟན་བྱའི་དོན་ལ་མི་སླུ་བའི་ཕྱིར། །ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་ཡིད་ཆེས་ཀྱི་འབྲེལ་བ་ངེས་པར་བྱེད་དོ། །ཡང་དོན་བྱེད་ནུས་པ་དེ་དངོས་པོའི་ཐ་སྙད་བྱ་རུང་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། བརྡ་སྦྱོར་མཁན་པོས་དེ་ལ་དེའི་བརྡ་བྱས་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་མཚན་མཚོན་གྱི་འབྲེལ་པ་ངེས་པར་བྱེད་དོ། །སེལ་ངོའི་ཙནྡན་ཆོས་ཅན། ཤིང་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། སེལ་ངོར་ཤིང་མ་ཡིན་དང་ཙནྡན་མ་ཡིན་པ་གཉིས་ཀ་ལས་ལོག་པའི་ལྡོག་པ་གཉིས་ཚོགས་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་སྤྱི་དང་བྱེ་བྲག་གི་འབྲེལ་བ་ངེས་པར་བྱེད་དོ། །འདི་དག་གི་སྒྲུབ་བྱེད་དངོས་པོ་སྟོབས་ཞུགས་ཡིན་ཡང་བསྒྲུབ་བྱ་སྒྲ་དང་རྟོག་པས་སྒྲོ་བཏགས་པ་ཡིན་ནོ། །གཉིས་པ་དངོས་སྟོབས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ལ། སྒྲུབ་རྟགས་ཡང་དག་གི་དེ་བཤད་པ་ཙམ་གྱིས་དགག་རྟགས་ཡང་དག་གི་ཡང་བདེ་བླག་ཏུ་རྟོགས་པ་ལ་དགོངས་ནས་གཞུང་དུ་གཉིས་པ་ལོགས་སུ་མ་བཤད་དོ། །དང་པོ་ལ་རང་བཞིན་གྱི་གཏན་ཚིགས་ཀྱི་དང༌། འབྲས་བུའི་གཏན་ཚིགས་ཀྱིའོ། །དང་པོ་ནི། བྱས་ཡོད་དང་མི་རྟག་པ་ལྟ་བུ་ལ་མཚོན་ན། ལྟོས་མེད་ཀྱི་གཏན་ཚིགས་དང༌། གནོད་པ་ཅན་གྱི་གཏན་ཚིགས་གཉིས་ཀྱིས་ངེས་པར་བྱེད་དོ། །གཞལ་བྱའི་རྟགས་ཀྱིས་བུམ་པ་ཤེས་བྱར་སྒྲུབ་པ་ལྟ་བུ་ལ་ནི། བདག་གཅིག་འབྲེལ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། དེ་གཉིས་དོན་གྱི་སྟེང་ན་ངོ་བོ་གཅིག་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན་དངོས་འབྲེལ་གྲུབ་པར་འགྱུར་རོ། །དེ་ལྟ་མོད་ཀྱི་དེ་གཉིས་གཅིག་ཏུ་བསྡུད་པའི་རྟོག་པ་དང་ཐ་དད་དུ་འབྱེད་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དེའི་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་པར་བྱེད་དོ། །གཉིས་པ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ནི། དུ་བ་ཆོས་ཅན། མེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། མེ་ལས་སྐྱེ་བར་མཐོང༌། མེ་མ་ཡིན་ལས་མི་སྐྱེ་བར་མི་མཐོང་བའི་ཕྱིར། དེ་ཡང་ཕྲུགས་གསུམ་ཁྱད་པར་ཅན་གང་ཡང་རུང་བ་རེ་རེས་ངེས་པར་བྱེད་པ་ཡིན་ནོ། །བུ་རམ་གྱི་རོ་གཟུགས་ལྟ་བུ་ལ་ནི་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་ཡོད་ཀྱང༌། དེ་དེ་ལ་རྗེས་སུ་འགྲོ་བ་དང༌། དེ་མ་ཡིན་པ་ལས་ལོག་པར་ངེས་བྱེད་ཀྱི་ཚད་མ་མེད་པས། དེ་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ནི་མ་ཡིན་ནོ། །འོ་ན་ཁྱོད་དང་དེ་གཉིས་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་ཡོད་ན། ཁྱོད་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་དགོས་སོ་སྙམ་ན། མེ་མེད་པ་དེ་དུ་བ་མེད་པ་ལ་དེར་ཐལ་བ་དང༌། ཚ་རེག་དེ་གྲང་རེག་རྒྱུན་ཆགས་མེད་པ་ལ་དེར་ཐལ་ལོ། །གཉིས་པ་འགལ་བ་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་རྣམས་ཐ་དད་གཞི་མཐུན་མི་སྲིད་པའོ་ཞེས་ཟེར། འོ་ན་དུ་བ་མེ་དང་འགལ་བར་ཐལ་བ་དང༌། རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་འགལ་བར་ཐལ་བ་དང༌། བྱམས་པ་དང་མ་རིག་པ་གཉིས་དང༌། འདོད་ཆགས་དང་ཁོང་ཁྲོ་གཉིས་དང༌། བདེན་པ་གཉིས་ཀྱང་འགལ་བར་ཐལ་ལོ། །གཉིས་པ་རང་ལུགས་ནི། ཆོས་དེ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ་དེ། ཆོས་དེ་དང་འགལ་བའི་མཚན་ཉིད། དབྱེ་ན་མཚན་ཉིད་པ་ལྷན་ཅིག་མི་གནས་འགལ་དང༌། བཏགས་པ་བ་ཕན་ཚུན་སྤང་འགལ་ལོ། །དང་པོའི་མཚན་ཉིད་ཁྱོད་ཆོས་དེ་ལ་གནོད་བྱེད་དུ་ཚད་མས་དམིགས་པའི་སྒོ་ནས་ཁྱོད་དང་ཆོས་དེ་ལྷན་ཅིག་ཏུ་གནས་སུ་མི་རུང་བའོ། །མཚན་གཞི་ནི་གནོད་བྱེད་ཚ་རེག་དང་དེའི་གནོད་བྱ་གྲང་རེག་གི་རྒྱུན་ལྟ་བུའོ། །ཚ་གྲང་ཙམ་ནི་དེ་མ་ཡིན་ཏེ། ལྷན་ཅིག་ཏུ་གནས་པ་སྲིད་པའི་ཕྱིར། དེ་ལྟར་ན་གནོད་བྱེད་ནི་ཚ་རེག་སྟོབས་ཆེན་པོའོ། །གནོད་བྱ་ནི་གྲང་རེག་གི་རྒྱུན་མ་འོངས་པ་དེའོ། །རྟགས་སུ་བཀོད་བྱ་ནི་ཚ་རེག་ཙམ་པོའོ། །ཡང་སྣང་མུན་ལྟ་བུ་ལ་མཚོན་ན། གནོད་བྱེད་ནི་སྣང་བ་དང་ཉེ་བའི་རྒྱུའོ། །གནོད་བྱ་ནི་མུན་པའོ། །རྟགས་སུ་བཀོད་བྱ་ནི་མུན་པ་ལོག་རྗེས་ཀྱི་སྣང་བ་དེའོ། །ཡང་མཐོང་ལམ་བར་ཆད་མེད་ལམ་ནི་གནོད་བྱེད་དོ། །དེའི་འགལ་ཟླར་གྱུར་པའི་རྟོག་པ་མ་འོངས་པ་ནི་གནོད་བྱའོ། །རྟགས་སུ་བཀོད་བྱ་ནི་གནོད་བྱ་ལོག་རྗེས་ཀྱི་དེའོ། །མདོར་ན་ཚ་གྲང་དང་སྣང་མུན་ལྷན་ཅིག་མི་གནས་འགལ་ཡིན་ནོ་ཞེས་ཀུན་ལ་གྲགས་པ་དང༌། རབ་ཏུ་བྱེད་པ་འདི་ཉིད་ཀྱི་ཡང་གོང་འོག་ཀུན་ཏུ་འབྱུང་བ་ནི། ཚིག་ཉུང་བ་དང་བརྗོད་བདེ་བའི་དབང་དུ་བྱས་པ་ཡིན་པས་འགལ་བར་མི་བསམ་ལ། ངེས་པའི་དོན་དུ་ཁས་ལེན་རྒྱུ་ནི་འདི་ཉིད་ཁོ་ནའོ། །འགལ་བ་མཚན་ཉིད་པ་དེ་ལ་དབྱེ་ན། དངོས་འགལ་དང༌། བརྒྱུད་འགལ་ལོ། །དང་པོ་ནི། གནོད་བྱེད་མེ་དང་དེའི་འགལ་ཟླ་གྲང་རེག་ལྟ་བུའོ། །གཉིས་པ་ནི། གནོད་བྱེད་མེ་དང༌། གནོད་བྱ་བ་མོའི་རེག་པ་དང༌། སྤུ་ལོང་བྱེད་དང༌། གྲང་རྒྱུ་ནུས་པ་ཐོགས་མེད་ལྟ་བུའོ། །གཉིས་པ་ཕན་ཚུན་སྤང་འགལ་ལ་མཚན་ཉིད་ནི། ཆོས་དེ་དང་འགལ་བ་གང་ཞིག ཁྱོད་དང་ཆོས་དེ་གཉིས་ཀའམ་གང་རུང་གཅིག་དངོས་པོར་མེད་པའོ། །དབྱེ་ན་དངོས་འགལ་དང་བརྒྱུད་འགལ་གཉིས། དང་པོ་ལ་མཚན་ཉིད་ནི། སེལ་ངོར་རང་གི་འགལ་ཟླ་བཀག་ཙམ་གྱི་བློ་ཆོས་དེ་ཕན་ཚུན་སྤངས་པའི་དངོས་འགལ་གྱི་མཚན་ཉིད། རང་གི་དངོས་ཀྱི་འགལ་ཟླ་དེའི་ཁྱབ་བྱ་འགའ་ཞིག་དང་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ་དེ་གཉིས་པའི་མཚན་ཉིད། དཔེ་རིམ་བཞིན། མི་རྟག་པ་དང་རྟག་པ་ལྟ་བུ་དང༌། བྱས་པ་དང་རྟག་པ་ལྟ་བུའོ། །དེ་སྐད་དུ་ཡང༌། རང་མིན་འགོག་པ་དངོས་འགལ་ཡིན། །བརྒྱུད་འགལ་རང་མིན་ཁྱབ་བྱ་འགོག །ཅེས་གསུངས་སོ། །འོ་ན་སེར་པོ་ཆོས་ཅན། སྔོན་པོ་དང་བརྒྱུད་འགལ་དུ་ཐལ། སྔོན་པོའི་དངོས་ཀྱི་འགལ་ཟླར་གྱུར་པའི་སྔོ་མ་ཡིན་དེ། ཁྱོད་ཀྱི་ཁྱབ་བྱེད་ཡིན་པའི་ཕྱིར་ཞེ་ན། འགལ་བ་མཚན་ཉིད་པ་ལྷན་ཅིག་མི་གནས་འགལ་གྱི་སྐབས་སུ་ཁྱོད་ཀྱི་ཁྱབ་པ་དེ་ལྟར་དུ་ཁས་ལེན་དགོས་ཀྱང༌། སྐབས་འདིར་མ་ཡིན་ཏེ། འདིའི་སྐབས་ཀྱི་དངོས་འགལ་དེ་ཡང་འགལ་བ་མཚན་ཉིད་པ་མ་ཡིན་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཕན་ཚུན་སྤངས་པའི་དངོས་འགལ་དུ་གྲགས་པ་འདི་ལ་འགལ་བ་མཚན་ཉིད་པར་སྡེ་བདུན་གྱི་གཞུང་ལུགས་ནས་བཤད་པ་མེད་པའི་ཕྱིར་དང༌། འགལ་བ་མཚན་ཉིད་པ་ལ་འགལ་དམིགས་དང་འགལ་རྟགས་སྦྱོར་དུ་རུང་དགོས་པའི་ཕྱིར། དཔེར་ན་འབྲེལ་བ་མཚན་ཉིད་པ་ལ་འབྲས་རང་གི་རྟགས་ཡང་དག་དང་འབྲེལ་ཟླ་མ་དམིགས་པ་ངེས་པར་སྦྱོར་དུ་རུང་བས་ཁྱབ་པ་བཞིན་ནོ། །ཡང་འགལ་བ་མཚན་ཉིད་པ་ལ། གནོད་བྱ་གནོད་བྱེད་མཚན་ཉིད་པ་ཡིན་པ་གཅིག་ངེས་པར་དགོས་ལ། དངོས་པོ་མ་ཡིན་པ་ལ་ནི་དེ་མི་རུང་བའི་ཕྱིར། དེས་ན་འགལ་ཟླ་གཉིས་ཀ་དངོས་པོར་མེད་པའི་ཆོས་ཐ་དད་པ་ལ་སེལ་ངོར་འགལ་བའི་ཐ་སྙད་བྱས་པ་འདི་ནི་བཏགས་པ་བ་ཡིན་ཏེ། དཔེར་ན་འབྲེལ་ཆོས་གཉིས་ཀའམ། གང་རུང་དངོས་པོར་མེད་པ་ལ་འབྲེལ་བའི་རྣམ་གཞག་བྱས་པ་དེ་བཏགས་པ་ཡིན་པ་བཞིན་ནོ། །དེ་བས་ན་རྟག་པ་དང་མི་རྟག་པའི་ཡུལ་ཅན་གྱི་བློ་གཉིས་སྐབས་སྟོབས་ཀྱི་གནོད་བྱ་གནོད་བྱེད་ཡིན་པའི་རྒྱུ་མཚན་གྱིས་ཡུལ་གཉིས་དངོས་འགལ་དུ་བཏགས་པ་ཡིན་ནོ། །ཡང་ཕན་ཚུན་སྤང་འགལ་དུ་གྱུར་པའི་དངོས་འགལ་ལ་ཕན་ཚུན་ཐ་དད་དགོས་པར་གཞུང་ལས་བཤད་པ་ཡིན་ཏེ། ཇི་སྐད་དུ། ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །ཞེས་གསུངས་པའི་ཕྱིར། དེ་ལྟར་བཤད་པ་ན་བཤད་མ་ཐག་པའི་འགལ་བ་གཉིས་པོ་གང་རུང་མ་ཡིན་པའི་འགལ་བ་གསུམ་པའི་རྣམ་གཞག་ཁས་ལེན་དགོས་ཏེ། ཇི་སྐད་དུ། ཐ་དད་མེད་ལ་རབ་སྦྱོར་ཏེ། །ཞེས་ཡོད་པ་དེ་བདག་ལས་སྐྱེ་བ་དང་འགལ་བར་བཤད་པའི་ཕྱིར་རོ། །ཞེས་བྱ་བ་འདིས་འགལ་འབྲེལ་གྱི་རྣམ་གཞག་ལེགས་པར་གྲུབ་པ་ཡིན་ནོ།།  །།དྲུག་པ་མཚན་ཉིད་དང་མཚོན་བྱའི་རྟོགས་ཚུལ་ལ། མཚན་མཚོན་གཞི་གསུམ་ངོས་གཟུང་བ་དང༌། མཚོན་སྦྱོར་ཇི་ལྟར་འགོད་ཚུལ་ལོ། །དང་པོ་ལ་གསུམ་ལས། མཚན་ཉིད་ལ་གཞན་གྱི་ལུགས་མི་འཐད་པ་ནི། ལོ་ཆེན་དང་རྒྱ་དམར་ནི། མཚོན་བྱ་རྣམ་འཇོག་དེ་མཚན་ཉིད་ཀྱི་མཚན་ཉིད་ཅེས་གསུང༌། དེ་ལ་སློབ་དཔོན་ཕྱྭ་པས། འོ་ན་བསྒྲུབ་བྱ་གོ་བྱེད་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་ཐལ་ལོ་ཞེས་སྐྱོན་བརྗོད་ནས། རང་ལུགས་ལ། རྫས་ཡོད་ཆོས་གསུམ་ཚང་བའོ། །ཆོས་གསུམ་ནི། རང་ལྡོག་རྫས་ཡོད་ཡིན་པ། དོན་ལྡོག་གཞན་དུ་མ་གྱུར་པ། རང་གི་མཚན་གཞི་ལ་གྲུབ་པའོ། །ཞེས་གསུང༌། དེ་ཡང་མི་འཐད་དེ། ཇི་སྲིད་མཚན་ཉིད་ངོས་མ་ཟིན་པ་དེ་སྲིད་དུ་རྫས་ཡོད་ངོས་མི་ཟིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ། དངོས་དང༌། བསལ་བྱ་སྐྱོན་གྱི་དབྱེ་བའོ། །དང་པོ་ནི། དངོས་འགལ་རྣམ་པར་གཅོད་པའི་དོན་ལྡོག་གྲུབ་པའོ། །གཉིས་པ་ལ་གཉིས་ལས། གཞན་གྱི་ལུགས་མི་འཐད་པ་ནི། ཕྱྭ་པ་སྐྱོན་གསུམ་གྱི་གྲངས་ངེས་མཛད་པ་མི་འཐད་དེ། མཚོན་སྦྱོར་དུ་མ་བཀོད་པ་ལ་སྐྱོན་བརྩི་ན་གསུམ་མི་དགོས་པའི་ཕྱིར་དང༌། བཀོད་པ་ལ་བརྩི་ན་དོན་ལྡོག་གཞན་གྱུར་ཞེས་བྱ་བ་སྤྱིར་སྐྱོན་མ་ཡིན་པའི་ཕྱིར་དང༌། ཡིན་དུ་ཆུག་ཀྱང་མཚན་གཞི་ལ་མི་སྲིད་པའི་སྐྱོན་གྱི་ནང་དུ་འདུས་པའི་ཕྱིར། ཇི་ལྟར་ཞེ་ན། འདི་ལྟར་བུམ་པ་མཚོན་བྱའི་ཐ་སྙད་བྱ་རུང་དུ་མཚོན་པ་ལ་བཏགས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་དུ་བཀོད་པའི་ཚེ། དེ་མཚོན་སྦྱོར་སྐྱོན་ཅན་དུ་ཐལ། དེ་དེ་ལ་དོན་ལྡོག་གཞན་གྱུར་ཡིན་པའི་ཕྱིར། དེ་ཡིན་ཏེ། མཚོན་བྱ་ཞེས་པའི་ཐ་སྙད་དེ། དེ་ལ་ལྟོས་ཏེ་ཐ་སྙད་གཞན་འགྱུར་ཡིན་པའི་ཕྱིར་ཏེ། དེ་དེའི་ཐ་སྙད་འཇུག་རུང་གི་གཞི་དངོས་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། མཚོན་བྱར་ཐལ། དེའི་ཐ་སྙད་འཇུག་རུང་གི་གཞི་དངོས་ཡིན་པའི་ཕྱིར། གཏན་ཚིགས་གཉིས་པ་དེ་དེར་འདུས་པའི་རྒྱུ་མཚན་ནི། དཔེར་ན་བ་མེན་རྟར་མཚོན་པ་ལ། ནོག་སོགས་འདུས་པའི་གོང་བུ་མཚན་ཉིད་དུ་བཀོད་པའི་ཚེ་དེ་དེར་འདུས་པ་ལྟ་བུའོ། །གཉིས་པ་རང་གི་ལུགས་ནི། ཇི་སྐད་དུ། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །ཞེས་གསུངས་པ་ལྟར་རོ། །དང་པོ་མ་ཁྱབ་པའི་སྐྱོན་གྱི་མཚན་ཉིད་ནི། མཚན་ཉིད་གང་ཞིག མཚན་གཞིའི་ཕྱོགས་གཅིག་ལ་མ་གྲུབ་པའོ། །དཔེར་ན་བ་ལང་གི་མཚན་ཉིད་དུ་ནོག་ལྐོག་ཤལ་ཁྲ་བོ་བཀོད་པ་ལྟ་བུའོ། །མཚན་ཉིད་གང་ཞིག རང་གི་མཚན་གཞི་ལ་ཁྱབ། རང་གི་མཚན་གཞི་མ་ཡིན་པ་ལའང་ཞུགས་པ་དེ། ཁྱབ་ཆེས་པའི་མཚན་ཉིད། དཔེར་ན་བ་ལང་གི་མཚན་ཉིད་དུ་དོན་བྱེད་ནུས་པ་བཀོད་པ་ལྟ་བུའོ། །མཚན་ཉིད་གང་ཞིག རང་གི་མཚོན་བྱར་གཟུང་བ་དེའི་ཐ་སྙད་ལ་མི་སྲིད་པའམ། ཐ་སྙད་གང་ལ་ཞུགས་པའི་མཚན་གཞི་ལ་མི་སྲིད་པ་གང་རུང་དེ་མི་སྲིད་པའི་སྐྱོན་གྱི་མཚན་ཉིད་དོ། །དབྱེ་ན་ནོག་ལྐོག་ཤལ་རྟའི་མཚན་ཉིད་དུ་གཞག་པ་ལྟ་བུ་མཚན་མཚོན་གཉིས་ཀ་ལ་མི་སྲིད་པ་དང༌། སྐད་ཅིག་མ་བྱས་པའི་མཚན་ཉིད་དུ་གཞག་པ་ལྟ་བུ་མཚན་གཞི་ལ་སྲིད་ཀྱང་མཚོན་བྱའི་ཐ་སྙད་ལ་མི་སྲིད་པ་གཉིས་སོ། །གཉིས་པ་མཚོན་བྱའི་རྣམ་གཞག་ལ་གཉིས་ལས། མཚན་ཉིད་ནི། སློབ་དཔོན་ཕྱྭ་པ་བཏགས་ཡོད་ཆོས་གསུམ་ཚང་བའོ་ཞེས་གསུང༌། རང་གི་ལུགས་ནི། རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པའོ། །མཚན་གཞི་ནི་ཀ་བ་དང་བུམ་པ་ལ་སོགས་པའི་མིང་གི་ཐ་སྙད་ཐམས་ཅད་དོ། །སྤྱིར་མིང་ཡིན་པ་ལ་མཚོན་བྱ་ཡིན་པས་མ་ཁྱབ་སྟེ། རི་བོ་འབིགས་བྱེད་ལ་སོགས་པའི་ཐ་སྙད་བཞིན་ནོ། །འདི་མཚོན་བྱ་མ་ཡིན་ཏེ། རང་ལས་ཐ་དད་པའི་མཚན་གཞི་མེད་པས་མཚོན་སྦྱོར་རྣམ་དག་མི་སྲིད་པའི་ཕྱིར་རོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་ནི། མཚན་མཚོན་ཟུང་གཅིག་གི་རྟེན་བྱེད་པའོ། །དབྱེ་ན་མཚན་ཉིད་པ་དང་བཏགས་པ་བ་གཉིས། འདིར་དངོས་པོ་དང་ཀ་བ་ལ་སོགས་པ་རང་ལྡོག་ནས་མཚོན་བྱར་འཇོག་པ་མ་ཡིན་ཏེ། དེ་དག་དང་དོན་བྱེད་ནུས་པ་སོགས་ལ་རྫས་ཡོད་དང་བཏགས་ཡོད་དང་བློ་ཆོས་དང་དོན་ཆོས་ཡིན་མིན་གྱི་ཁྱད་པར་མི་རྙེད་པའི་ཕྱིར་རོ། །དེས་ན་དེ་དང་དེའི་ཐ་སྙད་མཚོན་བྱར་འཇོག་དགོས་པ་ཡིན་ཏེ། ཇི་སྐད་དུ། རྒྱུ་མཚན་ཅན་གྱི་སྒྲ་ཤེས་ནི། །མཚོན་བྱ་ཉིད་ཡིན་ཞེས་གསུངས་པའི་ཕྱིར། མཚན་གཞི་ནི་མཚན་མཚོན་གཉིས་ལས་ཐ་དད་ཅིང་དེ་ཡིན་པ་ཐམས་ཅད་དོ། །གཉིས་པ་མཚོན་སྦྱོར་གྱི་རྣམ་གཞག་ལ། རྩ་བའི་སྦྱོར་བ་དང༌། དེ་ལས་བཅུ་གཉིས་སུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། བུམ་པ་མཚན་གཞི། དངོས་པོའི་ཐ་སྙད་དང་ལྡན་པར་མཚོན། དོན་བྱེད་ནུས་པ་ཡིན་པ་ཞེས་པའོ། །གཉིས་པ་ལ་རང་ལྡོག་ཡིན་པའི་མཚོན་ཚུལ་དང༌། གཞན་ལྡོག་མ་ཡིན་པའི་མཚོན་ཚུལ་གཉིས། དང་པོ་ལ། སྤྱིའི་སྦྱོར་བ་གསུམ། སྦྱོར་བ་འདིར་གཏོགས་གསུམ་མོ། །དང་པོ་ནི། དོན་བྱེད་ནུས་པ་མཚན་གཞི། མཚན་ཉིད་ཀྱི་ཐ་སྙད་དང་ལྡན་པར་མཚོན། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པའོ། །དངོས་པོའི་ཐ་སྙད་མཚན་གཞི། མཚོན་བྱའི་ཐ་སྙད་དང་ལྡན་པར་མཚོན། རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པའོ། །བུམ་པ་མཚན་གཞི། མཚན་གཞིའི་ཐ་སྙད་དང་ལྡན་པར་མཚོན། མཚན་མཚོན་ཟུང་གཅིག་གི་རྟེན་བྱེད་པའོ། །གཉིས་པ་ནི། སྔ་མ་དང་འདྲ་བ་ལ་སྦྱོར་བ་འདིར་གཏོགས་ཞེས་སྦྱར་བའོ། །གཉིས་པ་ལའང་སྤྱི་སྦྱོར་གསུམ་དང༌། སྦྱོར་བ་འདིར་གཏོགས་གསུམ་གྱི་འགོད་ཚུལ་སྔ་མ་བཞིན་དུ་སྦྱར་བས་བཅུ་གཉིས་སོ། །འོ་ན་རྟགས་སྦྱོར་ལས་ལོགས་སུ་མཚོན་སྦྱོར་དེ་ལྟར་བཀོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། མཚན་མཚོན་གྱི་འབྲེལ་པ་ཁོང་དུ་ཆུད་པའི་ཕྱིར་ཡིན་ནོ། །དེ་དུས་ནམ་གྱི་ཚེ་ཁོང་དུ་ཆུད་པ་ཡིན་ཞེ་ན། སྤྱི་དང་བྱེ་བྲག་གི་སྦྱོར་བ་གཉིས་ཀའང་སྦྱོར་བ་གསུམ་པར་ཐུག་པ་དེའི་ཚེ་ནའོ། །འབྲེལ་བ་ཁོང་དུ་ཆུད་པ་དེ་ལ་དགོས་པ་ཅི་ཞེ་ན། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གྲགས་རྟགས་ལ་བརྟེན་པའི་རྗེས་དཔག་སྐྱེ་བའི་དོན་དུ་ཡིན་ནོ། །སྒྲུབ་པའི་ངག་གང་ལ་བརྟེན་པའི་གཏན་ཚིགས་ལ་བརྟེན་ནས་སྐྱེ་ཞེ་ན། འདི་ལྟར་འགོད་དེ། གང་དོན་བྱེད་ནུས་པ་ཡིན་ན། དངོས་པོའི་ཐ་སྙད་དང་ལྡན་པས་ཁྱབ། དཔེར་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་བཞིན། ཆོས་ཀྱི་སྡོམ་བཞི་སྟོན་པའི་ལྷའི་རྔ་བོ་ཆེ་ཡང་དོན་བྱེད་ནུས་པ་ཡིན་ནོ། །ཞེས་གྲགས་པའི་གཏན་ཚིགས་བརྗོད་བྱར་སྟོན་པའི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་འགོད་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་འདིས་ནི་རྟོག་གེའི་སྙིང་པོ་བསྡུས་པའི་རྒྱ་མཚོ་ལེགས་པར་གྲུབ་པ་ཡིན་ནོ།།  །།རིག་གནས་ཤར་གྱི་ཤིང་རྟ་ལ་ཆིབས་ནས། །ཕས་རྒོལ་ནུབ་ཀྱི་རི་བོ་ལན་བརྒྱར་བརྒལ། །ཐུབ་བསྟན་འོད་ཀྱི་དྲྭ་བ་སྤྲོ་མཁས་པའི། །འཇམ་དབྱངས་སྨྲ་བའི་ཉི་མས་འདིར་སྲུངས་ཤིག །ཁོ་བོའི་རྣམ་དཔྱོད་ལུང་རིགས་འོད་ཕྲེང་ཅན། །གངས་ཅན་རོལ་མཚོའི་སྟེང་འདིར་མ་སླེབ་ན། །སྡེ་བདུན་གསེར་རིའི་ལང་ཚོ་གསར་པ་ཡི། །རྣམ་འགྱུར་མི་འདྲའི་ཕྲེང་མཛེས་སུ་ཡིས་མཐོང༌། །གང་འདིའི་མནོ་བསམ་མེ་ལོང་མ་བསྟར་ན། །རྣམ་འགྲེལ་སྒེག་མོའི་བཞིན་བཟང་གང་དུ་འཆར། །ལེགས་བཤད་པིར་གྱིས་རི་མོ་མ་བྲིས་ན། །མཁས་པའི་གཞུང་གི་སྐྱེ་མཆེད་གང་གིས་འབྱེད། །འཆད་རྩོད་རྩོམ་པའི་ཁྲི་ལ་མ་འཁོད་ན། །དཔལ་ལྡན་མཁས་པའི་གྲགས་དཀར་གང་དུ་འཛིན། །མཐའ་ཆོད་གྲུབ་མཐའི་སྒོ་ཆེན་མ་ཕྱེ་ན། །གཞུང་ལུགས་གསེར་གྱི་ཁྱམས་ཆེན་ཇི་ལྟར་བལྟ། །གཞན་གྱིས་མ་ཤེས་ཚིག་དོན་འདི་མེད་ན། །མཉམ་པོར་རློམ་པའི་ཁེངས་པ་གང་ནས་བཟློག །སངས་རྒྱས་གསུང་གི་མཚོ་ཆེན་བཞིས་བསྐོར་ཞིང༌། །ཐ་སྙད་མང་པོའི་མཛེས་ཕྲེང་བང་རིམ་ཅན། །ཕ་རོལ་རི་གཞན་མཐོན་པོས་མི་ནོན་པའི། །ལྷུན་པོ་འདི་དང་མཉམ་པ་སྔོན་མ་བྱུང༌། །ཁུངས་མེད་གཏམ་རླུང་དྲག་པོས་མཐོར་བཏེག་པའི། །མངོན་རློམ་ཉེས་བཤད་ལྦུ་བའི་ཕུང་པོ་ལ། །ལེགས་བཤད་རི་བོར་འཁྲུལ་རྣམས་འདིར་བྱོན་དང༌། །ཁྱོད་གཞུང་ཆུ་ཤིང་ལྟ་བུའི་ངང་ཚུལ་མཐོང༌། །བློ་གྲོས་གདོང་བཞི་འཛུམ་པའི་པད་མཚོ་ནས། །སྡེ་བདུན་སྙིང་པོ་བསྡུས་པའི་ལྷ་ཡུལ་གྱི། །ཚིག་དོན་ལང་ཚོ་གཡོ་བའི་སྒེག་འཆང་མ། །སྐལ་ལྡན་ཤིང་རྟའི་ཁྲི་ལ་འདི་སྦྱིན་གྱི། །གཞན་ཟེར་རལ་པ་དམར་པོའི་ཁུར་འཆང་དག །གྱ་གྱུའི་ཚིག་གི་དྲི་མ་ཀུན་སྦྱོངས་ལ། །འཕྲོག་བྱེད་རྐང་པའི་དུག་འཇོམ་བདུད་རྩི་འདི། །མགྱོགས་པར་ལོངས་ལ་ཁྱོད་བློའི་ཕོངས་པ་སོལ། །དེས་མཚོན་བདག་གི་ལེགས་བྱས་གཞན་དག་ཀྱང༌། །རྟོག་གེའི་དུག་འཇོམས་ལམ་གསུམ་ལྡན་འདི་དང༌། །རིགས་པར་འགྲོགས་ཏེ་མང་པོའི་དོན་བྱས་ནས། །ཐམས་ཅད་མཁྱེན་པའི་རྒྱ་མཚོ་གང་བར་ཤོག །ཅེས་རྟོག་གེའི་སྙིང་པོ་བསྡུས་པའི་མཛོད་ཅེས་བྱ་བའི་རབ་ཏུ་བྱེད་པ་འདི་ནི། དོན་དུ་གཉེར་བའི་བཤེས་གཉེན་དུ་མའི་ངོར་བགྱིས་ནས། བསྟན་བཅོས་རྩོམ་པ་ལ་སྙེངས་པ་མེད་པ། ཡུལ་དབུས་ཀྱི་སློབ་དཔོན། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མྱོས་བྱེད་ཅེས་བྱ་བ་ཤིང་མོ་ལུག་གི་ལོ་ཆུ་སྟོད་ཀྱི་ཉ་ཡོངས་སུ་གང་བའི་འགྲུབ་སྦྱོར་བཟང་པོ་ལ། གཡས་རུ་གཙང་གི་སའི་ཐིག་ལེ་ཕན་གྱི་ཁྱུང་ཚང་ཤར་དཔལ་མཉན་དུ་ཡོད་པའི་གཙུག་ལག་ཁང་དུ་ལེགས་པར་གྲུབ་པའི་ཡི་གེ་པ་ནི་བཤེས་གཉེན་ཀུན་དགའ་བཀྲ་ཤིས་སོ།།  །།སྭ་སྟི། སྒྲུབ་པ་དང་ནི་སུན་འབྱིན་གྱི། །གནས་རྣམས་ལེགས་པར་ཐུགས་ཆུད་ནས། །ཚུལ་བཞིན་འདོམས་མཛད་ཚད་མ་ཡི། །མཁན་པོ་ཡང་དག་རྫོགས་སངས་རྒྱས། །དེ་ནས་ཕྱོགས་ཀྱི་གླང་པོ་ཡིས། །དོན་དེ་འཇམ་པའི་དབྱངས་ལ་གསན། །ཕྱོགས་གླང་གཞུང་བརླིང་རྟོགས་དཀའ་བ། །གསལ་བར་འཆད་མཁས་གྲགས་པའི་མཚན། །གཞུང་རྩོམ་གཞན་ལ་མ་གྲགས་པ། །རྔོག་ལོས་གསལ་བར་བཤད་ཅེས་གསུང༌། །བོད་ཀྱི་རྒན་པོའི་ལུགས་དོར་བ། །ས་སྐྱའི་འཇིགས་མེད་དཔའ་བོས་བཤད། །སྔོན་མས་གསལ་བར་མ་བྲིས་ཤིང༌། །ཕྱིས་བྱུང་གཏམ་གྱིས་མ་སྦགས་པར། །རྟོག་གེའི་མཚོ་ནས་བརྡ་ཆད་ཀྱི། །སྙིང་པོ་བསྡུས་པའི་དཔག་བསམ་འདི། །གང་གི་རྣམ་དཔྱོད་སྐྱེད་ཚལ་དུ། །དགེ་བར་གཤིན་ཞིང་ཤིས་གྱུར་པ། །རྗེ་བཙུན་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོའི་བཀའ་དང་དེ་ཉིད་ཀྱི། །འབྱོར་པའི་བང་མཛོད་ནས་བྱོན་པའི། །གང་ལ་ཅི་མཁོའི་ཡོ་བྱད་ནི། །མ་ཚང་མེད་པ་དེ་དག་གིས། །བསྐྲུན་པའི་པར་གྱི་ཡིད་བཞིན་མཚོ། །བློ་གསལ་ངང་པའི་ཚོགས་རྣམས་ཀྱི། །འདོད་པ་འཇོ་བའི་ཁྱུ་མཆོག་མོ། །མེ་ཕོ་འབྲུག་གི་ཆུ་སྟོད་ཀྱི། །ཆོས་ཀྱི་འཁོར་ལོའི་དུས་ཆེན་ལ། །སྡེ་སྣོད་ཀློག་པའི་ཆོས་ཀྱི་གྲྭ། །གསེར་མདོག་ཅན་དུ་བདེ་བར་གྲུབ། །མཁས་པ་ཀུན་དགའ་ཆོས་འབྱོར་གྱིས། །བྲིས་པ་བཞིན་དུ་པ་ནམ་པ། །སྤྲུལ་སྐུ་ཆོས་ཀྱི་དཔལ་ལྡན་དང༌། །དོན་གྲུབ་དཔལ་ལྡན་མཆེད་ཀྱིས་བརྐོས། །པར་གྱི་ལྗོན་པ་རྟིང་ཁེབས་ནས། །མི་དབང་བསོད་ནམས་ལྷུན་གྲུབ་དཔལ། །ཡོན་སྦྱོར་བ་དང་བཟོ་གནས་པ། །ཀུན་ཀྱང་མ་རྣམས་སྲིད་མཚོ་ལས། །སྒྲོལ་མཛད་རྫོགས་པའི་སངས་རྒྱས་དང༌། །བཞེད་པའི་དོན་ཀུན་མྱུར་འགྲུབ་ཤོག །སད་དྷརྨྨ་པྲ་སུ་བྷཱུ་ཏི་བྷ་ཝ་ཏི།།  །།སྭ་སྟི། མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །ཐུགས་རྗེའི་དབང་ཕྱུག་ཕྱོགས་ཀྱི་གླང་པོའི་ཞབས། །ལུང་དང་རིགས་པའི་དབང་ཕྱུག་མཆོག་གི་སྡེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་མཚན། །བརྩོན་འགྲུས་དབང་ཕྱུག་ལྷ་ཡི་དབང་པོ་དང༌། །བློ་གྲོས་དབང་ཕྱུག་ཤཱཀྱ་བློ་གྲོས་ལ། །གསོལ་བ་འདེབས་སོ༴ །གྲགས་པའི་དབང་ཕྱུག་མཁས་པ་དུལ་བའི་ལྷ། །སློབ་དཔོན་མཁས་པའི་དབང་པོ་ཆོས་ཀྱི་མཆོག །དེ་སྲས་མཚུངས་མེད་མཁས་པ་ཛྙཱ་ན་ཤྲཱི། །གསོལ་བ༴ །རྣམ་འགྲེལ་རྒྱན་མཛད་མཁན་དང་ཛ་མཱ་རི། །ཆོས་འབྱུང་སྦྱིན་དང་གཟི་བརྗིད་གོ་ཆ་དང༌། །ཝ་པུ་པཎ་ཆེན་པཎ་ཆེན་ཤཱཀྱ་ཤྲཱི། །འཇམ་དབྱངས་རྣམ་འཕྲུལ་པཎ་ཆེན་ས་སྐྱ་པ། །་་་་་་ནོར་བཟང་ཞབས། །བརྩོན་འགྲུས་དཔལ་དང་མི་ཕམ་ཆོས་ཀྱི་རྗེ། །རྣལ་འབྱོར་དབང་ཕྱུག་ཀུན་མཁྱེན་རོང་པོའི་ཞབས། །དེ་སྲས་མཚུངས་མེད་མཁས་པ་དོན་ཡོད་དཔལ། །བློ་གསལ་དབང་པོ་མཆོག་ལྡན་ལེགས་པའི་བློ། །རྣམ་འགྲེལ་བརྒྱུད་པའི་བླ་མ་དེ་དག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཛྙཱ་ན་ཤྲཱིའི་རྗེས་ལ། ཕྲིན་ལས་དབང་ཕྱུག་གཞན་ཕན་བཟང་པོ་དང༌། །སྐད་གཉིས་སྨྲ་བའི་དབང་ཕྱུག་རྔོག་ལོའི་ཞབས། །དེ་སྲས་དབང་ཕྱུག་ཁྱུང་ཕྲུག་རིན་ཆེན་གྲགས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལུང་དང་རིགས་པའི་དབང་ཕྱུག་ཕྱྭ་པའི་མཚན། །གྲགས་པའི་དབང་ཕྱུག་དཔལ་ལྡན་གཙང་ནག་པ། །གཉལ་ཞིག་ཇོ་ནམ་མཁས་པ་འོད་ཟེར་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་ཤཱཀ་གཞོན་གཡག་སྡེ་པཎ་ཆེན་དང༌། །རིན་ཆེན་ཚུལ་ཁྲིམས་སངས་རྒྱས་ཆོས་སྐྱོང་ཞབས། །སྡེ་བདུན་སྨྲ་བ་མཆོག་ལྡན་ལེགས་པའི་བློ། །རྣམ་ངེས་བརྒྱུད་པའི་བླ་མ་དེ་དག་ལ། །གསོལ་བ་འདེབས་སོ་བདག་རྒྱུ་བྱིན་གྱིས་རློབས། །སརྦ་ཛ་ག་ཏཾ་སདྡྷརྨ་པྲ་སུ་བྷཱུ་ཏི།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*