རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས་རང་དོན་རྗེས་སུ་དཔག་པའི་ལེའུའི་རྣམ་བཤད་ཀུན་བཟང་ཆོས་ཀྱི་རོལ་མཚོ།

༼ཚ༽༄༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས་རང་དོན་རྗེས་སུ་དཔག་པའི་ལེའུའི་རྣམ་བཤད་ཀུན་བཟང་ཆོས་ཀྱི་རོལ་མཚོ་བཞུགས།།

ན་མོ་བུདྡྷཱ་ཡ། གང་འདིར་རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཐམས་ཅད་མཁྱེན་པ་ཞེས་འཇིག་རྟེན་གསུམ་ན་གསལ་བར་གྲགས་པ་དེའི་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཔལ་ལྡན་ཆོས་དབྱིངས་མཚན་རྟོག་ཞི་བའི་ལང་ཚོ་ཅན་དེའི་ཕྱག་རྒྱ་གྲིམས་པོས་གང་དུ་ཡང་ནི་བཏབ་གྱུར་པ། །སྣ་ཚོགས་སྒྱུ་མའི་ངོ་མཚར་ལྟད་མོའི་ཟློས་གར་མཁན་དེས་རྣམ་སྤྲུལ་གང་གིས་གཟུགས་བརྙན་རི་མོ་མ་ཉམས་པ། །མེ་ལོང་ཡེ་ཤེས་དག་པའི་ངོས་ལ་མི་གསལ་མིན་པར་གང་འཆར་དེ་ཡང་དེ་ཉིད་ཀྱིས་ནི་སྤྲུལ་མིན་པ། །ཆོས་ཀུན་རིགས་པའི་ལམ་ནས་གསུང་མཛད་ཚད་མའི་མཁན་པོ་ཡང་དག་རྫོགས་སངས་རྒྱས་ཡིན་དེ་ལ་ཕྱག་བགྱིའོ། །མི་ཕམ་གསུང་གི་འཆི་མེད་སྦྲང་རྩིའི་མཛོད། །ཐོགས་མེད་སྙན་ཤལ་རིང་པོའི་དཔག་བསམ་ལས། །དབྱིག་གཉེན་ལྷ་བརྒྱའི་འདུ་འགོད་མཁན་དེ་ཡིས། །ཕྱོགས་གླང་སུམ་རྩེན་ལག་པའི་དཔལ་དུ་བྱིན། །ཀུན་བཟང་རོལ་མཚོའི་དབུས་ནས་མྱུར་བཞེངས་པའི། །ཆོས་ཀྱི་ཉི་མ་གཞུང་བརྒྱའི་འོད་འབར་བ། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རོལ་རྩེད་མཁན། །འཛམ་གླིང་བསྟན་པའི་རྒྱན་གཅིག་འདི་ན་ཤར། །སྡེ་བདུན་ཤིང་རྟ་འདྲེན་པའི་ཁ་ལོ་བ། །གངས་ཅན་མིག་གྱུར་བློ་ལྡན་བཟང་པོའི་ཞབས། །རྣམ་འགྲེལ་བསྟན་པ་རྒྱས་མཛད་ས་སྐྱ་པ། །འཇིགས་མེད་པཎ་ཆེན་ཀུན་གྱིས་བསྔགས་བྱའི་ཡུལ། །མི་ཕམ་ཞལ་བཟང་གྲུབ་པའི་ཟླ་བ་ནི། །སངས་རྒྱས་བསྟན་པའི་དཔལ་དུ་དེང་ཤར་བ། །ཤཱཀྱའི་གསུང་རབ་བཤད་སྒྲུབ་རྒྱལ་མཚན་གྱི། །རྩེ་མོར་འདེགས་མཛད་གང་དེའི་གཙུག་ཏུ་འཕོས། །དེ་གསུང་གསེར་གྱི་རི་མོ་མ་ཉམས་པ། །དོན་ཡོད་མཁྱེན་པའི་ཁྱམས་ཆེན་ངོས་སུ་ཤར། །དཔལ་ལྡན་ཕྲིན་ལས་བཟང་པོའི་མདངས་གསལ་བ། །བརྒྱུད་པར་བཅས་ལ་གུས་པས་ཕྱག་བགྱིའོ། །རྣམ་འགྲེལ་མཛད་གཞུང་རིགས་པའི་འོད་ཕྲེང་ཅན། །དོན་བྲལ་ཚིག་ཕྲེང་བསགས་པའི་སྤྲིན་རུམ་དུ། །བྱིས་རྣམས་མགུ་བྱེད་རྩེ་དགའི་རོལ་མོ་ཡིས། །རིང་ཞིག་སྒྱུ་མའི་ལམ་དུ་འཁྱམས་མཐོང་ནས། །དེང་འདིར་གསུང་རབ་སྒོ་བརྒྱའི་ལྡེ་མིག་གིས། །མདོ་སེམས་གྲུབ་མཐའ་སྒོ་ཆེན་གཉིས་ཕྱེ་ནས། །ངེས་དོན་དབུ་མའི་ཁང་བཟང་དེར་འཇུག་པའི། །ཤིང་རྟའི་སྲོལ་ཆེན་དྲང་པོའི་ལམ་ནས་འཆད། །ཅེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གསུང་རབ་ཀུན་ལ་ལྟ་བའི་མིག་གཅིག་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཞེས་འཛམ་གླིང་ཀུན་ཏུ་ཉི་མ་ལྟར་གྲགས་པ་དེ་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གསུམ་སྟེ། འགྱུར་ལ་འཇུག་པའི་བྱ་བ། བསྒྱུར་བྱ་བསྟན་བཅོས་ཀྱི་རང་བཞིན། འགྱུར་མཐར་ཕྱིན་པའི་བྱ་བའོ། །དང་པོ་ནི། རྒྱ་གར་ཏེ་ལེགས་སྦྱར་གྱི་སྐད་དུ་པྲ་མཱ་ཎ་ཞེས་པ། བོད་སྐད་དུ་ཚད་མ། བརྟི་ཀ་ཞེས་པ་རྣམ་འགྲེལ། ཀཱ་རི་ཀ་ནི་ཚིག་ལེའུར་བྱས་པའོ། །འགྱུར་གྱི་ཕྱག་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཉིས་པ་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། བསྟན་བཅོས་རྩོམ་པའི་ཐོག་མར། ལས་སུ་བྱ་བ་ནི་ཕྱག་འཚལ་ལོ། །འདིའི་དོན་ནི་ལུས་ངག་ཡིད་གསུམ་འབུལ་བའོ། །བྱེད་པ་པོ་གང་གིས་ན་བསྟན་བཅོས་མཛད་པས་སོ། །ཡུལ་སུ་ཞིག་གི་ཆེད་དུ་ན། ཀུན་ཏུ་བཟང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ལའོ། །དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་ཅེ་ན། རང་རྒྱུད་ལ་སྐུ་གསུམ་མངའ་བ་དང༌། གཞན་ལ་དམ་པའི་ཆོས་ཀྱི་འོད་ཟེར་དག་ཀུན་ནས་སམ་ཡང་དག་པ་ཐམས་ཅད་འཕྲོ་བའོ། །སྐུ་གསུམ་པོ་གང་ཞེ་ན། རྟོག་པའི་དྲྭ་བ་རྣམ་པར་བསལ་བ་ངོ་བོ་ཉིད་ཀྱི་སྐུ་དང༌། ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། རྒྱ་ཆེ་བ་སྤྲུལ་པའི་སྐུའོ། །ཡང་ན་སྤངས་པའི་ཁྱད་པར་གཟུང་འཛིན་གྱི་རྟོག་པའི་དྲྭ་བ་རྣམ་པར་བསལ་ཞིང༌། ཡེ་ཤེས་ཀྱི་ཁྱད་པར་སངས་རྒྱས་ལས་གཞན་གྱིས་མི་རྟོགས་པས་ཟབ་ཅིང༌། གཞན་དོན་གྱི་ཁྱད་པར་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྟན་པའི་སྒོ་ནས་རྒྱ་ཆེ་བའོ། །གཉིས་པ་ལ་གསུམ་སྟེ། རང་དོན་དུ་རྩོམ་པར་བསྟན་པ། སྣོད་མིན་གྱི་དོན་དུ་མི་རྩོམ་པར་བསྟན་པ། ཤུགས་ལ་སྣོད་ལྡན་གྱི་དོན་དུ་རྩོམ་པར་དམ་བཅའ་བའོ། །དང་པོ་ནི། རྣམ་འགྲེལ་མཛད་པ་ཆོས་ཅན། བསྟན་བཅོས་རྩོམ་པ་འདི་ལ་དགའ་བ་སྐྱེས་ཏེ། རང་གི་སེམས་ནི་ཡུན་རིང་པོ་ནས་ལེགས་པར་བཤད་པ་ལ་གོམས་པས་སླར་ཡང་གོང་ནས་གོང་དུ་ལྷུན་ལེན་པ་སྐྱེད་པའི་ཕྱིར་ཡིན་པས་སོ། །གཉིས་པ་ནི་དེ་ཆོས་ཅན། བདག་ལ་བསྟན་བཅོས་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད་དེ། སྐྱེ་བོ་ཕལ་ཆེར་བྱ་བ་དང་བསྟན་བཅོས་ཕལ་པ་ལ་ཆགས་ཤིང༌། ཤེས་རབ་ཀྱི་རྩལ་མེད་པས་ན་ལེགས་བཤད་རྣམས་དོན་དུ་མི་གཉེར་བ་ཁོ་ནར་མ་ཟད་ཕྲག་དོག་གི་དྲི་མ་དག་གིས་སྡང་བར་ཡང་ཡོངས་སུ་གྱུར་པ་དེས་ནའོ། །གསུམ་པ་ནི། དེའི་ཤུགས་ལ། བྱ་བ་ཕལ་ལ་མ་ཆགས་ཤིང༌། །ཤེས་ལྡན་ལེགས་བཤད་དོན་གཉེར་ཅན། །ཕྲག་དོག་མེད་ཅིང་བློ་གཟུ་བའི། །ཉན་པོ་དེ་ལ་བསྟན་པར་བྱ། །ཞེས་ཤཱཀ་བློ་བཞེད་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། བསྟན་བཅོས་འཆད་པའི་གོ་རིམ་དང༌། གོ་རིམ་དེ་དང་ལྡན་པའི་བསྟན་བཅོས་དངོས་བཤད་པའོ། །དང་པོ་ནི། ཉིད་ཀྱི་རྣམ་པར་བཤད་པ་ལས། ཇི་སྐད་དུ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཅན་ཡིན་ལ། དེ་ལ་ཡང་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་བཤད་པ། ཞེས་གསུངས། འདིས་ནི་གཞུང་འཆད་པ་དང་ཉན་པའི་ཚེ་ལེའུ་འདི་ཐོག་མར་སློབ་དགོས་པའི་རྒྱུ་མཚན་བསྟན་པ་ཡིན་ཏེ། འདི་ནས་བཤད་པའི་རྟགས་ཀྱི་རྣམ་གཞག་ཁོང་དུ་མ་ཆུད་པར་ནི་སྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག་ཁོང་དུ་ཆུད་པར་མི་ནུས་ཤིང༌། དེ་མེད་པར་ཡང་ལྐོག་ཏུ་གྱུར་པའི་དོན་དང་དོན་མ་ཡིན་པ་རང་གིས་ཁོང་དུ་ཆུད་པ་དང་གཞན་ལ་སྟོན་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རང་གིས་གཞལ་བྱའི་གནས་གསུམ་རྟོགས་པའི་ཚད་མ་བཤད་པ་དང༌། ཚད་མ་དེས་གཞན་རྗེས་སུ་འཛིན་པའི་ཐབས་གཞན་དོན་གྱི་ལེའུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཚད་མའི་བསྟན་བཅོས་འཆད་པའི་རྒྱུ་རྟགས་ཀྱི་རྣམ་གཞག་ཐོག་མར་བཤད་པ་དང༌། ཚད་མའི་བསྟན་བཅོས་དངོས་བཤད་པའོ། །དེ་ལའང་ཤིན་ཏུ་ལྐོག་གྱུར་གོ་བྱེད་ཚད་མ་གྲུབ་པའི་ལེའུ་དང༌། མངོན་གྱུར་གོ་བྱེད་མངོན་སུམ་གྱི་ལེའུ་དང༌། ལྐོག་གྱུར་གོ་བྱེད་རང་དོན་རྗེས་དཔག་གི་ལེའུ་སྟེ་གསུམ་གྱི་སྒོ་ནས་རྣམ་ངེས་དང་མདོ་ནས་འབྱུང་བ་ལྟར་འཆད་དགོས་ཀྱང༌། བསྟན་བཅོས་འདིར་རང་དོན་རྗེས་དཔག་ནི་མངོན་སུམ་གྱི་ལེའུར་བསྲེས་ཏེ་བཤད་ཟིན་པས་ལེའུ་འདིར་རྟེན་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དངོས་སུ་བསྟན་པས་བརྟེན་པ་བདེ་བླག་ཏུ་རྟོགས་པ་ལ་དགོངས་ནས་ལེའུ་འདི་ལ་རང་དོན་རྗེས་སུ་དཔག་པའི་ལེའུ་ཞེས་པའི་མིང་གིས་བཏགས་ནས་ཐོག་མར་སྟོན་ནོ། །འདིར་དེ་འཆད་པ་ལ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། ལེའུ་འདི་ལ་བོད་ཀྱི་རྣམ་བཤད་གྲགས་ཆེ་བ་དག་ཏུ་ལེགས་པར་མ་བཤད་པ་དང་ལོག་པར་བཤད་པ་མང་པོ་པ་དག་མཐོང་བ་དེ་སྤང་བ་དང༌། དེ་དག་གི་རྗེས་སུ་འཇུག་པར་བྱ་བ་མ་ཡིན་པ་ཉིད་གོ་བའི་དོན་དུའོ། །གཉིས་པ་ནི། དེ་དག་ཀྱང་གང་ཞེ་ན། འདིར་བསྟན་བྱའི་གཙོ་བོ་ནི་རྟགས་ཆོས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཉིད་འཆད་རྒྱུ་ཡིན་པ་དང༌། ཚད་མ་དེའི་གཙོ་བོ་ཡང་རྟགས་མི་མཐུན་ཕྱོགས་ལས་ཟློག་པར་ངེས་བྱེད་ཀྱི་ཚད་མ་ཉིད་ཡིན་པ་དང༌། དེའི་ཤེས་བྱེད་དུ་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་པར་མི་འཐད་པའི་རིགས་པ་རྣམས་འཆད་རྒྱུ་ཡིན་པ་དང༌། དེ་ཤེས་པ་ན་རིག་བྱེད་སྐྱེས་བུས་མ་བྱས་པར་སྒྲུབ་པའི་རྟགས་སུ་བཀོད་པ་རྣམས་མི་མཐུན་པའི་ཕྱོགས་ལས་ཟློག་པར་སྒྲུབ་བྱེད་མེད་པ་དང༌། དེ་མེད་པ་ན་རིག་བྱེད་སྐྱེས་བུས་མ་བྱས་པར་མི་འགྲུབ་པ་དང༌། དེ་མ་གྲུབ་པ་ན་སྐྱེས་བུས་མ་བྱས་པ་དེ་རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་སུ་སྟོན་པ་དང༌། རིག་བྱེད་བདེན་པའི་དོན་ཅན་དུ་རྟགས་ཀྱིས་སྒྲུབ་མི་ནུས་པར་བཤད་ཀྱང༌། དེ་ལ་ཚད་མའི་བསལ་བ་མ་བསྟན་པར་དེ་སྐྱེས་བུས་མ་བྱས་པ་ཉིད་ལ་ཚད་མའི་བསལ་བ་བསྟན་པ་དང༌། དེ་དག་གི་ཞར་བྱུང་ལ་སྐྱེས་བུ་ཁྱད་པར་ཅན་མི་སྲིད་པའི་ལོག་རྟོག་འགོག་བྱེད་ཀྱི་གཞུང་རྣམས་གསུངས་པར་འཆད་རྒྱུ་ཡིན་པ་ལ། དེ་ཇི་བཞིན་མ་གོ་བའི་དོན་གྱིས་ཕྱོགས་ཆོས་ལ་ངེས་བརྗོད་མཛད་པ་དེ་སྐབས་འདིའི་བསྒྲུབ་བྱ་དང་སྒྲུབ་བྱེད་གང་རུང་ཞིག་ཏུ་འཆད་པ་དང༌། མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་འགྲོ་གྲུབ་པ་འགོག་ཅེས་ཟེར་བ་དང༌། རྗེས་འགྲོ་གྲུབ་ན་ལྡོག་པ་གྲུབ་དགོས་ཟེར་བ་དང༌། རྟགས་གང་དུ་ཡང་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་ངོས་མི་འཛིན་པར་ཡིན་ན་ཡིན་དགོས་ཏེ་མ་ཡིན་ན་མིན་དགོས་པའི་ཕྱིར་ཞེས་ཟེར་བ་དང༌། སྐྱེས་བུས་མ་བྱས་པ་དེ་རིག་བྱེད་བདེན་དོན་ཅན་དུ་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་སུ་འཆད་པ་དང༌། དེ་དེ་སྒྲུབ་ཀྱི་ལྡོག་པ་རྐྱང་པ་ཅན་དུ་གཞན་གྱིས་ཁས་བླངས་པ་ལ་ནང་འགལ་བརྗོད་པ་དེ་མ་ཤེས་པར་དེ་དེ་ལས་ཟློག་པ་ལ་གནོད་བྱེད་བརྗོད་པར་རློམ་པ་དང༌། སྤྱོད་པ་པའི་ངོར་རིག་བྱེད་རྫུན་པའི་དོན་ཅན་ཡིན་པ་དང༌། སྤྱིར་སྐྱེས་བུ་ཁྱད་པར་ཅན་ཡོད་པ་ལ་ལེའུ་འདིར་སྒྲུབ་བྱེད་བཀོད་སྙམ་དུ་འཁྲུལ་བ་དང༌། བསྐལ་དོན་ལུང་གི་སྐབས་དང་མ་འབྲེལ་ཞེས་བཤད་པ་ལ་འཁྲུལ་ནས་ཤིན་ཏུ་ལྐོག་གྱུར་རྣམས་བསྐལ་དོན་མ་ཡིན་པར་ཁས་ལེན་པ་དང༌། ལེའུ་འདིར་ཀུན་མཁྱེན་དང་ལྷ་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་མེད་ཀྱི་ཐ་སྙད་མི་འཇུག་པར་སྒྲུབ་པ་ལ་མ་དམིགས་པ་རྟགས་སུ་བཀོད་ན་སྐུར་འདེབས་ཀྱི་ལྟ་བར་སྨྲ་བ་དང༌། མ་དམིགས་ན་མེད་དགོས་པ་གཞུང་འདིའི་དགག་བྱ་ཡིན་པ་ལ་རང་ལུགས་སུ་སྨྲ་བ་དང༌། གཞན་ཡང་འདིར་གཞན་སེལ་གྱི་རྣམ་གཞག་རྒྱས་པར་གསུངས་པ་དེ་ལོགས་སུ་བོར་ནས་སེལ་བ་གསུམ་གྱི་རྣམ་གཞག་ཅེས་པའི་རྒྱ་ཆུང་ངུ་ཞིག་འཆད་པ་དང༌། དོན་རང་མཚན་དང་གཞན་སེལ་གྱི་གཞི་མཐུན་སྟོན་བྱེད་ཀྱི་གཞུང་ཡེ་མེད་བཞིན་དུ་མཐུན་གྲུབ་ཞིག་ཡིན་པ་སྐད་དུ་འཆད་པ་དང༌། བློའི་གཞན་སེལ་ཞེས་པ་ཤེས་རྣམ་ཞིག་ལ་ངོས་འཛིན་པ་དང༌། མེད་དགག་ཐམས་ཅད་གཞན་སེལ་དུ་འཆད་རྒྱུ་ཡིན་པ་དེ་བོར་ནས་བུམ་པ་སྣམ་བུས་སྟོང་པ་ལྟ་བུ་ཞེས་མ་ཡིན་དགག་ཞིག་ལ་མེད་དགག་ཏུ་ངོས་འཛིན་པ་དང༌། ལོག་པ་དང་ལྡོག་པའི་གོ་བ་མ་རྙེད་པས་དོན་རང་མཚན་རྣམས་ལྡོག་པར་ཁས་ལེན་པ་དང༌། ལོག་ལྡོག་གི་དབྱེ་བ་མ་ཕྱེད་པས་ཆོས་དང་ཆོས་ཅན་བརྗོད་པའི་སྒྲའི་ངོས་འཛིན་ནོར་བ་སོགས་དེ་དག་སྤངས་ནས་མ་ནོར་བར་འཆད་དོ། །གསུམ་པ་ཚིག་གི་དོན་ལ་གཉིས་ཏེ། ལུས་ཀྱི་ཚུལ་གྱི་མདོར་བསྟན། ཡན་ལག་གི་ཚུལ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ཕྱོགས་ཆོས་གྲུབ་ཅིང༌། ཕྱོགས་དེའི་ཆ་བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པ་སྟེ་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དེ་ནི་དབྱེ་གཞི་དབྱེ་ངོ་རྣམ་པ་གསུམ་ཉིད་དུ་གྲངས་ངེས་ཏེ། རྟགས་ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཚད་མས་ངེས་དགོས་པའི་ཕྱིར་དང༌། འབྲེལ་པ་ངེས་པ་དེ་ལས་གཞན་པ་ནི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། འདིར་ཕྱོགས་ཞེས་པ་ཤེས་འདོད་ཆོས་ཅན་དང༌། དེ་ཞེས་པ་ཚོགས་དོན་དང༌། ཆེས་ཁྱབ་ཅེས་པ་བསྒྲུབ་བྱའི་ཆོས་རྟགས་ཀྱི་ཁྱབ་བྱེད་དུ་སྟོན་པ་དང༌། གཏན་ཚིགས་ཞེས་པ་ནི་མཚན་གཞི་ཡིན་གྱི་མཚོན་བྱ་ངོས་འཛིན་མ་ཡིན་པ་དང༌། ཉིད་ཅེས་པ་སྦྱོར་བའི་སྒོ་ནས་ཡིན་གྱི། གཞན་གྱི་ཚེ་འབྲས་རང་གཉིས་སུ་ཡང་འདུས་པར་བཤད་དོ། །མེད་ན་མི་འབྱུང་ཞེས་པ་རྒྱུ་འབྲས་སམ་ངོ་བོ་གཅིག་པ་གང་རུང་ཡིན་ལ། ངེས་ཤེས་པ་ཚད་མས་དྲངས་པའི་ངེས་པ་ཡིན་གྱི། གྲངས་ངེས་པའི་དོན་ནི་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། རྣམ་གསུམ་ཞེས་པ་རྒྱས་པར་བཤད། ཉིད་ཅེས་པ་རྒྱས་པར་བཤད། མེད་ན་མི་འབྱུང་ཞེས་པའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ། འབྲས་བུ་དང༌། རང་བཞིན་དང༌། མ་དམིགས་པའི་གཏན་ཚིགས་གསུམ་མོ། །དང་པོ་ནི། འབྲས་བུ་དུ་བ་ནི་ཆོས་ཅན། སྐབས་བབ་ཀྱི་རྒོལ་བའི་ངོར་ལ་མེ་ལྡན་དུ་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། རྒྱུ་མེ་ལ་ཡོད་པའི་རང་བཞིན་ཇི་སྙེད་ཅིག་མེད་ན་མི་འབྱུང་བར་ཚད་མས་ངེས་པའི་ཕྱིར། ཇི་སྙེད་ཅེས་པ་མེའི་རྡུལ་རྫས་བརྒྱད་ལ་འཆད་དགོས་ཀྱི། གཞན་ནི་འཁྲུལ་ལོ། །གཉིས་པ་ནི། ངོ་བོ་བྱས་པ་ཆོས་ཅན། ཡང་ཞེས་པ་དེའི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང༌། རང་གི་རང་བཞིན་ཡོད་ཙམ་ནས་མི་རྟག་པ་དང་འབྲེལ་བ་ཅན་དུ་སྐབས་ཀྱི་ཚད་མས་ངེས་པའི་ཕྱིར། སྐབས་བབ་ཅེས་པ་ནི། ཚུལ་གསུམ་ཤེས་ཤིང༌། བསྒྲུབ་བྱ་ལ་ཐེ་ཚོམ་དང་བཅས་པའོ། །གསུམ་པ་ལ་མི་སྣང་བ་མ་དམིགས་པ་དང༌། སྣང་རུང་མ་དམིགས་པའི་གཏན་ཚིགས་སོ། །དང་པོ་ནི། འདྲེ་ཤ་ཟའི་བུམ་པ་འཇལ་བྱེད་ཀྱི་ཚད་མ་རྣམས་ནི་མི་འཇུག་པ་ཆོས་ཅན། མདུན་གྱི་གཞི་འདིར་དེ་ལ་ཡོད་ངེས་ཀྱི་ཐ་སྙད་མི་འཇུག་པར་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། དེའི་ཕྱོགས་ཆོས་གྲུབ་ཅིང༌། མེད་པ་སྟེ་འདྲེ་ཤ་ཟའི་བུམ་པ་ལ་ཡོད་ངེས་ཀྱི་ཐ་སྙད་མི་འཇུག་པ་དེའི་འབྲས་བུ་ཅན་ཡིན་པའི་ཕྱིར། གཞུང་དུ་ནི་སྣང་རུང་ཚད་མས་མ་དམིགས་པ་ལ་མེད་པའི་དོན་དུ་བཤད་དོ། །གཉིས་པ་ལ་གསུམ་སྟེ། ངོ་བོ། དབྱེ་བ། རྩོད་པ་སྤོང་བའོ། །དང་པོ་ནི། མ་དམིགས་པས་ཆོས་ཅན་འགའ་ཞིག་མེད་ངེས་སུ་སྒྲུབ་ནུས་པ་མི་སྲིད་དམ་ཞེ་ན། མི་སྲིད་པ་མ་ཡིན་ཏེ། བྱེ་བྲག་སྣང་རུང་ལ་ལྟོས་ནས་མ་དམིགས་པ་འགའ་ཞིག་ནི་རང་གི་དགག་བྱ་མེད་པར་ངེས་པའི་ངེས་ཤེས་ཀྱི་འབྲས་བུ་ཅན་ཡིན་པའི་ཕྱིར། རྣམ་པར་བཞག་བྱའི་འབྲས་བུ་ངོས་འཛིན་པའི་སྐབས་འདི་དག་ཏུ་བསྐྱེད་འབྲས་ཁོ་ན་ལ་གོ་བར་མི་བྱའོ། །གཉིས་པ་ནི། རང་གི་དགག་བྱ་མེད་པའི་དོན་ཅན་གྱི་སྣང་རུང་མ་དམིགས་པའི་གཏན་ཚིགས་དེ་ནི་ཆོས་ཅན། རྣམ་པ་བཞིར་ཕྱེ་བ་ཡིན་ཏེ། འགལ་བ་དག་གྲུབ་པ་སྟེ་འགལ་བའི་རང་བཞིན་དམིགས་པ་དང་འབྲས་བུ་དག་གྲུབ་པ་སྟེ་འགལ་བའི་འབྲས་བུ་དམིགས་པ་དང་རྒྱུ་ལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པ་དང་ངོ་བོ་ལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པ་རྣམས་སུ་འབྱེད་པས་སོ། །ཁྱབ་བྱེད་དང་རང་བཞིན་མ་དམིགས་པ་གཉིས་ཀ་འདིར་འདུ་ལ། དངོས་འབྲས་མ་དམིགས་པ་ནི་གཞུང་འདིར་མ་གསུངས་སོ། །གསུམ་པ་ནི། དུ་བས་གྲང་རེག་འགོག་ནུས་ན་རྒྱུ་བུད་ཤིང་གིས་ཀྱང་ནུས་པར་མཚུངས་སོ་ཤེ་ན། གཞི་འགའ་ཞིག་ཏུ་གྲང་རེག་མེད་པར་སྒྲུབ་པ་ལ། གྲང་རེག་དེ་དང་འགལ་བ་ཡི་ནི་རྒྱུ་བུད་ཤིང་དམིགས་པ་རྟགས་སུ་བཀོད་པའི་སྦྱོར་བ་གང་ཡིན་པ་དེ་ཆོས་ཅན། ཁྱབ་པ་འགྲུལ་པ་ཅན་ཡིན་ཏེ། དེ་ལྟར་སྒྲུབ་པའི་རྒྱུ་མཚན་གཏན་ཚིགས་དང་དགག་བྱའི་ཆོས་དག་ནི་འགལ་བ་ཉིད་མེད་པའི་ཕྱིར་རོ། །འགལ་འབྲས་དུ་བས་གྲང་རེག་འགོག་པ་ལ་ཡང་ཆོས་ཅན། ཡུལ་དང་ནི་དུས་ལ་སོགས་ལ་ལྟོས་པར་འདོད་དེ། གཞན་དུ་དུ་བ་ཡིན་ཙམ་གྱིས་ནི་ཁྱབ་པ་འཁྲུལ་པར་འགྱུར་བའི་ཕྱིར། དཔེར་ན་གཞི་འགའ་ཞིག་ཏུ་མི་གྲང་བ་སྒྲུབ་པ་ལ་དེ་ཐལ་བ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། ཚོགས་པ་ཅན་རྟགས་སུ་འདུ་བར་བསྟན་པ་དང༌། མ་ཚོགས་པ་གཏན་ཚིགས་ལྟར་སྣང་དུ་བསྟན་པའོ། །དང་པོ་ལ། རྒྱུ་ལས་འབྲས་བུ་དཔོག་པ་རྟགས་སུ་འདུ་བ་དང༌། རོ་ལས་གཟུགས་དཔོག་པ་རྟགས་སུ་འདུ་བའོ། །དང་པོ་ནི། ཉིད་ཅེས་པ་མི་འཐད་དེ། རྒྱུ་ཚོགས་གྲངས་ཚང་གིས་འབྲས་བུ་དཔོག་པ་དེ་གསུམ་པོ་གང་རུང་དུ་མ་འདུས་སོ་ཤེ་ན། འབྱུང་རུང་དང་འབྱུང་ངེས་གང་དཔོག་པ་ལ་ཟེར། དང་པོ་ལྟར་ན། ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་བའི་རྟགས་ལས་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་འབྲས་བུ་ནས་མྱུག་སྐྱེར་རུང་བར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི། རང་བཞིན་གྱི་གཏན་ཚིགས་ཡིན་པར་བརྗོད་དེ། ཕྱོགས་ཆོས་གྲུབ་ཅིང༌། ནས་མྱུག་གི་རྒྱུ་ཚོགས་དེ། བྱེད་པ་པོ་དོན་གཞན་ལ་ནི་མི་ལྟོས་པར་རང་གྲུབ་ཙམ་ནས་ནས་མྱུག་འབྱུང་རུང་གི་ངོ་བོར་སྐྱེས་པའི་ཕྱིར། གཉིས་པ་ལྟར་ན། ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་དེ་གཞི་འགར་འབྲས་བུ་ནས་མྱུག་འབྱུང་ངེས་སུ་སྒྲུབ་པ་ལ། ཁྱབ་པ་མ་ངེས་པ་ནི་ཉིད་ཡིན་ཏེ། འབྲས་བུ་འབྱུང་ངེས་ནི་རྒྱུ་རྐྱེན་ཚོགས་པའི་ནུས་པ་རྣམས་འགྱུར་བ་དང་འབྲེལ་བའི་ཕྱིར། ཁྱབ་སྟེ། ནུས་པ་འགྱུར་བའི་བར་དེར་གེགས་བྱེད་པ་དག་སྲིད་པའི་ཕྱིར་རོ། །གཉིས་པ་ནི། རོ་ལས་གཟུགས་དཔོག་པའི་རྟགས་རྣམས་རྟགས་གསུམ་པོ་གང་རུང་དུ་མ་འདུས་པས་གྲངས་ངེས་ལ་གནོད་དོ་ཞེ་ན། བུ་རམ་གྱི་རོས་གཞི་འགར་བུ་རམ་གྱི་གཟུགས་ལ་སོགས་པ་རྟོགས་པའི་རྒྱུ་མཚན་ཡོད་དེ། བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་པོ་རྒྱུ་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར། དེའི་ཁྱབ་འབྲེལ་ནི། བུ་རམ་གྱི་རོ་ད་ལྟར་བས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རམ་གྱི་གཟུགས་སྔ་མའི་ནུས་པ་དངོས་སུ་དཔག་སྟོབས་ཀྱིས་རྒྱུའི་ཆོས་གཟུགས་ད་ལྟར་བ་དེ་ཡང་རྗེས་སུ་སྟེ་ཤུགས་ལ་དཔག་པ་ཡིན་ཏེ། དཔེར་ན་དུ་བས་ལ་ལ་མེ་དངོས་སུ་དཔག་སྟོབས་ཀྱིས་བུད་ཤིང་གི་འགྱུར་བ་རྗེས་སུ་དཔོག་པ་བཞིན་ནོ། །འདི་ཡང་དུ་བ་དང་བུད་ཤིང་གི་འགྱུར་བ་ཚོགས་པ་གཅིག་ལ་རག་ལུས་པའོ། །རྩ་བའི་རྟགས་ནི། བུ་རམ་གྱི་རོ་སྔ་མའི་ནུས་པ་འཇུག་པ་མེད་པར་ནི་རོ་ད་ལྟར་བ་མེད་ལ། རོ་སྔ་མ་དེ་ཉིད་གཞན་གཟུགས་ད་ལྟར་བའི་ཡང་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པས་ནའོ། །དེ་ལྟར་ན་རོ་ལས་གོང་བུའི་སྟེང་དུ་གཟུགས་ད་ལྟར་བ་རྟོགས་པའི་རྗེས་དཔག་དེ་ནི་རང་གི་རྟེན་འབྲས་བུའི་རྟགས་ལས་སྐྱེ་སྟེ། དེས་དེའི་སྟེང་དུ་འདས་པ་རོ་གཟུགས་སྔ་མ་དང་དུས་གཅིག་པ་གཟུགས་ད་ལྟར་བ་རྣམས་རྟོགས་པའི་རྗེས་དཔག་དེ་ནི་རྟེན་གཏན་ཚིགས་གཅིག་ལས་སྐྱེས་པའི་ཕྱིར། རྟེན་དེ་ལ་ནི་རྒྱུ་དངོས་སྒྲུབ་ཅེས་བྱའི། རྒྱུ་ཆོས་རྗེས་དཔོག་ཅེས་ཟེར་བ་ནི་འཁྲུལ་ཏེ། དེ་ནི་ཡུལ་ཅན་རྗེས་དཔག་གི་མིང་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ལྷག་ལྡན་རྣམས་གཏན་ཚིགས་སུ་མི་འདུ་བར་བསྟན་པ་དང༌། དེའི་ཤེས་བྱེད་བཀོད་པའོ། །དང་པོ་ལ་གསུམ་ལས། རང་བཞིན་གྱི་ལྷག་ལྡན་ནི། རྒྱུ་མ་ཚོགས་པས་གཞི་འགར་འབྲས་བུ་ནི་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ཆོས་ཅན། གསུམ་པོ་གང་རུང་དུ་མ་འདུས་པའི་གཏན་ཚིགས་སུ་ཐལ་བ་མེད་དེ། ལྷག་མ་དང་ལྡན་པས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར། ལུས་ལས་ཕ་རོལ་པོ་འདོད་ཆགས་དང་ལྡན་པར་རྗེས་སུ་དཔོག་པ་བཞིན་ནོ། །འབྲས་བུའི་ལྷག་ལྡན་ནི། འབྲས་བུའི་སྤྱི་སྟེ་དུ་ཙམ་མཐོང་བ་ལས་ལ་ལ་ཙནྡན་གྱི་མེ་དཔོག་པའི་གཏན་ཚིགས་ཆོས་ཅན། ཕྱོགས་ཆོས་གྲུབ་ཅིང༌། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་གཏན་ཚིགས་སུ་ཐལ་བ་མེད་དེ། ཁྱོད་ལ་བརྟེན་པའི་ཤེས་པ་དེ་ཚད་མ་ལྟར་སྣང་བ་ཡིན་པའི་ཕྱིར། དཔེར་ན་ཚིག་ལས་ཕ་རོལ་པོ་ཆགས་ཅན་སོགས་སུ་དཔོག་པ་བཞིན་ནོ། །མ་དམིགས་པའི་ལྷག་ལྡན་ནི། ཚིགས་སྨྲ་བ་ཆོས་ཅན། ཕ་རོལ་པོ་ཆགས་ཅན་དུ་དཔོག་པའི་ཕྱོགས་ཆོས་གྲུབ་ཅིང༌། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་གཏན་ཚིགས་འཁྲུལ་པ་མེད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་འཁྲུལ་པ་སྲིད་པ་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྲུ་བ་གཅིག་གི་ནང་དུ་ཆུད་པའི་རྟགས་ཀྱིས་ཕྲུ་བའི་ནང་གི་འབྲས་ལྷག་མ་ནི་ཚོས་པར་དཔོག་པ་བཞིན་ནོ། །གཉིས་པ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་རབ་ཏུ་སྟོན་པར་བྱེད་པའི་གཏན་ཚིགས་དེ་ནི་ཆོས་ཅན། ཁྱོད་ལ་ལྷག་མ་དང་ལྡན་པ་ཞེས་བརྗོད་དེ། ཕྱོགས་ཆོས་དང་རྗེས་འགྲོ་གྲུབ་ནས་མི་མཐུན་ཕྱོགས་ལ་འཇུག་པར་ཐེ་ཚོམ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། འདིར་འགལ་བ་དང་མ་གྲུབ་པའི་གཏན་ཚིགས་ལ་ནི་ལོག་རྟོག་མེད་པས་མ་བཤད་ཅིང༌། ལྷག་ལྡན་རྣམས་གཏན་ཚིགས་སུ་དོགས་པ་ནི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་པར་འདོད་པའི་ལོག་རྟོག་དེ་ཉིད་ཡིན་པས་དེ་རྣམས་གཏན་ཚིགས་ལྟར་སྣང་དུ་བསྟན་པ་ཡིན་ནོ། །གསུམ་པ་ལ་གཉིས་ཏེ། རྟགས་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་དགོས་པའི་རྒྱུ་མཚན་དང༌། འབྲེལ་པ་དེ་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ་གསུམ་སྟེ། དམ་བཅའ་བཞག་པ་དང༌། ལོག་ཕྱོགས་ལ་གནོད་བྱེད་བརྗོད་པ་དང༌། དེས་གྲུབ་པའི་དོན་ནོ། །དང་པོ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། རྟགས་ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་བཞེད་པ་ཡིན་ཏེ། སློབ་དཔོན་དེ་ཡིས་ཕྱོགས་ཆོས་དང་རྗེས་འགྲོ་ཙམ་དུ་མ་ཟད་གཏན་ཚིགས་ཀྱི་ཚུལ་གསུམ་ཆར་ལའང་ངེས་པར་བརྗོད་པར་མཛད་པའི་ཕྱིར་རོ། །དགོས་པ་ནི། མ་གྲུབ་པ་དང༌། ཟློག་དོན་འགལ་བ་དང༌། འཁྲུལ་པ་ཅན་མ་ངེས་པའི་རྟགས་ཀྱི་གཉེན་པོར་ནིའོ། །ཚིག་གང་གིས་ན་ཇི་སྐད་དུ། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་བྱེད་དོ། །ཞེས་པའི་གཞུང་གིས་སོ། །འདིར་སྔ་མ་གཉིས་ཞར་བྱུང་ཡིན་ལ། འཁྲུལ་པ་ཅན་གྱི་གཉེན་པོར་ཞེས་པ་ཉིད་གཙོ་བོ་ཡིན་ཏེ། ཕྱོགས་ཆོས་དང་རྗེས་འགྲོ་ཙམ་ལ་ནི་བསྟན་བཅོས་མཛད་པ་འདི་དང་མི་མཐུན་པ་མེད་པས་དེའི་ལོག་རྟོག་འདིར་འགོག་མི་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རང་སྡེ་ལ་ལུང་རིགས་ཀྱི་དང༌། གཞན་སྡེ་ལ་ཁས་བླངས་ཀྱི་གནོད་བྱེད་བརྗོད་པའོ། །དང་པོ་ལ་གཉིས་ལས། ལུང་འགལ་ནི། གལ་ཏེ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པར་འགྱུར་ན་སློབ་དཔོན་གྱིས་འཁྲུལ་པ་ཅན་མ་ངེས་པའི་རྟགས་ཀྱི་གཉེན་པོར་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བརྗོད་པ་གང་ཡིན་པ་དེ་དོན་མེད་པར་ཐལ་ལོ། །འདོད་ན་རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ་ཞེས་པ་དང་འགལ། གལ་ཏེ་དེ་ལྟར་གསུངས་པ་དེ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་དེ་གོ་བའི་འབྲས་བུ་ཅན་ནོ་ཞེ་ན་མ་ཡིན་ཏེ། དེ་མ་སྨྲོས་ཀྱང་མ་མཐོང་ཙམ་དེ་རྟོགས་པར་འགྱུར་བའི་ཕྱིར། འོ་ན་ངག་དེས་རྟགས་མི་མཐུན་ཕྱོགས་ལ་མེད་ངེས་སུ་སྒྲུབ་པར་ནུས་སམ་ཞེ་ན། རྟགས་མི་མཐུན་ཕྱོགས་ལ་མེད་ཅེས་བྱ་བའི་ཚིག་ཆོས་མི་མཐུན་སྦྱོར་གྱིས་སྒྲུབ་ངག་གིས་ཀྱང་ཆོས་ཅན། རྟགས་དེ་མི་མཐུན་ཕྱོགས་ལ་མེད་ངེས་ཁོ་ནར་སྟོན་ནུས་པ་མ་ཡིན་ཏེ། ཡིན་ན་ཕྱོགས་ཚིག་སྒྲུབ་བྱེད་དུ་ཐལ་བའི་ཕྱིར་རོ། །འོ་ན་དེ་དེ་ལ་མེད་ངེས་སུ་གང་གིས་རྟོགས་ཤེ་ན། ཇི་ལྟར་རྟགས་མི་མཐུན་ཕྱོགས་ལ་མེད་ངེས་སུ་སྒྲུབ་པའི་རིགས་པ་གནོད་པ་ཅན་གྱི་གཏན་ཚིགས་དེ་བརྗོད་ན་དེའི་ཚེ་རྟགས་མི་མཐུན་ཕྱོགས་ལ་མེད་ཙམ་བྱ་བར་རྟོགས་པ་ཡིན་ནོ། །འདིར་རྣམ་བཤད་མང་པོ་དག་གིས་མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་རིགས་པ་དང་དྲན་ལམ་དུ་འཕེན་བྱེད་ཀྱི་སྒྲུབ་ངག་གཅིག་ཏུ་འཁྲུལ་པས་ནོངས་སོ། །གཉིས་པ་ནི། སློབ་དཔོན་གྱིས་ལྷག་ལྡན་དུ་བཤད་པའི་སྨིན་པའི་ཤིང་ཐོག་དང༌། ཤིང་སྡོང་གཅིག་ལས་སྐྱེས་པར་མཚུངས་པ་དེ། ཤིང་ཐོག་ལྷག་མ་རྣམས་སྨིན་པར་སྒྲུབ་པའི་ལྡོག་ཁྱབ་འཁྲུལ་པ་ཅན་ཅི་སྟེ་ཡིན་ཏེ། གཏན་ཚིགས་དེ་ཉིད་ཀྱི་ཕྱིར་རོ། །འདོད་ན་ཇི་སྐད་དུ། གཟུགས་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་ནི་མ་ཡིན་ནོ་ཞེས་པ་དང་འགལ། གསུམ་པ་ནི། རིགས་པ་ཅན་པས་ལྡོག་པ་རྐྱང་པ་ཅན་དུ་འདོད་པའི་ལྷག་ལྡན་ཡང་ཆོས་ཅན། གསོན་ལུས་བདག་བཅས་སུ་སྒྲུབ་པའི་གཏན་ཚིགས་སུ་འགྱུར་ཏེ། ཕྱོགས་ཆོས་གྲུབ་ཅིང༌། མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར། འདོད་ན། ཇི་སྐད་དུ། ལྷག་མ་ལྔ་པོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ། རེ་ཤིག་ཐེ་ཚོམ་གྱི་རྒྱུའོ། །ཞེས་པ་དང་འགལ། བཞི་པ་ནི། ཕྱོགས་ཆོས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། ལྡོག་པ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དག་དཔེ་དོན་དུ་སྦྱར་ནས་བརྗོད་པར་བྱ་བ་མ་ཡིན་པར་ཐལ། རྟགས་དེ་ཉིད་ཀྱི་ཕྱིར་རོ། །འདོད་ན་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ༌། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ལ་མེད་པ་དག་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་པ་དང་འགལ། འདིར་ཅི་རིགས་པའི་དོན་ནི་མི་མཐུན་དཔེ་མེད་པ་ལྡོག་ཁྱབ་ཀྱི་སྐྱོན་མ་ཡིན་པར་ཆོས་མཆོག་སོགས་ཀུན་གྱིས་འཆད་དོ། །ལྔ་པ་ནི། ཁྱད་པར་མཉན་བྱ་ཡང་ཆོས་ཅན། སྒྲའི་སྟེང་དུ་རྟག་པ་དང་མི་རྟག་པ་གཉིས་ཀ་རྣམ་པར་གཅོད་པ་ཡི་གཏན་ཚིགས་སུ་འགྱུར་ཏེ། ཕྱོགས་ཆོས་གྲུབ་ཅིང་མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར། འདོད་ན་ཇི་སྐད་དུ། སྤྱི་དང་ཁྱད་པར་དག་ནི་ཇི་ལྟར་ཡང་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་ཞེས་པ་དང་འགལ་ལོ། །གལ་ཏེ་དེ་ལྟར་ཐལ་བ་ལ་མི་འདོད་དེ་དེ་ལ་ཕུང་གསུམ་སེལ་བའི་ཚད་མ་གཞན་གྱིས་གནོད་པས་སོ་ཤེ་ན། དེ་ནི་མི་མཐུན་ཕྱོགས་ལ་མ་མཐོང་བ་ལས་རྟགས་དེ་ལ་མེད་ངེས་སུ་འགྲུབ་པ་མ་ཡིན་ཏེ། མཉན་བྱས་སྒྲ་རྟག་མི་རྟག་གཉིས་ཀ་འགོག་པ་དེ་བཞིན་དུ་ནི་གཞན་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་ལ་ཡང་ཚད་མ་གཞན་གྱིས་གནོད་པ་སྲིད་པའི་ཕྱིར་རོ། །དྲུག་པ་ནི། བྱེ་བྲག་པས་སངས་རྒྱས་པའི་ངོར་རེག་བྱ་བཏང་སྙོམས་པ་མ་མཐོང་བའི་ཕྱིར་ཞེས་པའི་རྟགས་ཀྱིས་མཐོང་བའི་ས་ཆུ་མེ་གསུམ་ལ་རེག་བྱ་བཏང་སྙོམས་པ་མི་ལྡན་པར་སྒྲུབ་པའི་གཏན་ཚིགས་དེ་འཁྲུལ་པ་མེད་པ་ཅན་དུ་ཐལ། སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །འདོད་ན་ཇི་སྐད་དུ། མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་པ་དང་འགལ། འདི་ནི་རེག་བྱ་བཏང་སྙོམས་པ་རླུང་ཁོ་ནའི་ཡོན་ཏན་དུ་སྒྲུབ་པར་འདོད་ནས་སྨྲས་པའོ། །གཉིས་པ་རིགས་པའི་གནོད་བྱེད་ནི། སྐྱུ་རུ་ར་གཅིག་རོ་ནུས་དང་ལྡན་པར་མཐོང་བས་གཞན་ཐམས་ཅད་དེ་དང་ལྡན་པར་སྒྲུབ་ནུས་པར་ཐལ། མ་མཐོང་ཙམ་གྱིས་ལྡོག་པ་འགྲུབ་པའི་ཕྱིར། འདོད་ན་སྐྱུ་རུ་ར་དེ་ལ་གཅིག་རོ་ནུས་སྨིན་པའི་ཁྱད་པར་ཅན་དུ་མཐོང་བས་གཞན་ལ་དེ་ཡོད་པར་ངེས་པར་རིགས་པ་མ་ཡིན་ཏེ། ཡུལ་དང་དུས་དང་ལྷན་ཅིག་བྱེད་རྐྱེན་ལ་སོགས་པའི་ཁྱད་པར་ལས་རྫས་ལ་ནུས་པ་ཐ་དད་དུ་སྣང་བའི་ཕྱིར་རོ། །གཉིས་པ་ནི། མི་མཐུན་ཕྱོགས་ལ་མ་དམིགས་པ་གང་ཡིན་པ་དེ་ཁོ་ན་གཏན་ཚིགས་མི་མཐུན་ཕྱོགས་ལ་མེད་པའི་སྒྲུབ་བྱེད་ཡིན་ནམ་ཅི་སྟེ་མ་ཡིན་པར་ཐལ། གསོན་ལུས་ལ་བདག་དང་ས་ལ་ཤེས་པ་ཡོད་པ་སོགས་སུ་མ་མཐོང་བ་དེ་དེ་དག་མེད་པར་རབ་ཏུ་སྒྲུབ་བྱེད་མ་ཡིན་པའི་ཕྱིར། གསུམ་པ་ལ། ཁྱབ་པའི་ཚུལ་གཉིས་དྲན་ལམ་དུ་འཕེན་པ་མེད་ན་མི་འབྱུང་བའི་འབྲེལ་པ་ཤེས་པ་ལ་རག་ལས་པར་བསྟན། འབྲེལ་པ་ཤེས་ཤིང་མ་དྲན་པའི་ངོར་ཚུལ་གཉིས་དཔེའི་སྟེང་དུ་སྒྲུབ་མི་དགོས་པར་བསྟན། སྒྲུབ་མི་དགོས་ཀྱང་དྲན་པ་སྐྱེ་བ་སྒྲུབ་ངག་ལ་རག་ལས་པར་བསྟན། འབྲས་རང་གི་འབྲེལ་པ་ཤེས་ནམ་དམིགས་པའི་འབྲེལ་པ་ལོགས་སུ་སྒྲུབ་མི་དགོས་པར་བསྟན་པའོ། །དང་པོ་ནི། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་མི་འགྲུབ་པ་དེའི་ཕྱིར་རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་ཤེས་པའི་ངོར། བྱས་པ་དེ་མི་རྟག་པ་དེ་ཙམ་དང་རང་བཞིན་གཅིག་ཏུ་འབྲེལ་བའི་ངོ་བོ་ཉིད་ཀྱིས་མི་རྟག་པའི་ངོ་བོ་ཉིད་ལོག་ན་བྱས་པའི་ངོ་བོ་ཉིད་ལྡོག་པར་འགྱུར་བའམ། རྒྱུ་མེ་ཡིས་ནི་འབྲས་བུ་དུ་བ་སྐྱེད་པ་ལ་འཁྲུལ་པ་མེད་པའི་ཕྱིར་ན་མེ་ལོག་སྟོབས་ཀྱིས་དུ་བ་ལྡོག་པར་འགྱུར་ཏེ། མེད་ན་མི་འབྱུང་བའི་འབྲེལ་པ་ཚད་མས་ངེས་པ་དེ་ལྟ་མ་ཡིན་ན་དོན་གཞན་གཅིག་ལོག་པས་ཇི་ལྟར་གཞན་ནི་ལྡོག་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར། དཔེར་ན་མི་ལ་རྟ་མི་བདོག་ཅེས་ཏེ་ཕྱུགས་ཀྱང་བདོག་པ་མིན་ནམ་ཅི་སྟེ་རྟ་མེད་ན་ཕྱུགས་མེད་མི་དགོས་པ་བཞིན་ནོ། །འབྲེལ་པ་མི་ཤེས་ན་ལྡོག་པའི་མི་འགྲུབ་པ་དེ་བཞིན་དུ། འབྲེལ་པ་མི་ཤེས་ན་གཅིག་དུ་བ་དང་གཅིག་བྱས་པ་ཉེ་བའི་ཕྱིར་ན་གཞན་མེ་དང་མི་རྟག་པ་ནི་ཉེ་བར་ཇི་ལྟར་འགྱུར་ཏེ། འབྲེལ་པ་མི་ཤེས་པའི་ཕྱིར། དཔེར་ན་མི་ལ་ཕྱུགས་ནི་བདོག་ཅེས་ཏེ་དེ་བཞིན་རྟ་ཡང་བདོག་གམ་ཅི་སྟེ་ཕྱུགས་ཡོད་ན་རྟ་ཡོད་མི་དགོས་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། འབྲེལ་པ་ཤེས་པའི་ངོར་ལྡོག་པ་མི་མཐུན་དཔེའི་སྟེང་དུ་བསྟན་མི་དགོས་པ་དང༌། རྗེས་འགྲོ་མཐུན་དཔེའི་སྟེང་དུ་བསྟན་མི་དགོས་པ་དང༌། མི་ཤེས་པ་ལ་གཉིས་ཀ་ལྟོས་གཞིའི་སྟེང་དུ་སྟོན་དགོས་པའོ། །དང་པོ་ནི། མེད་ན་མི་འབྱུང་བའི་འབྲེལ་པ་ཤེས་པའི་ངོར་ཚུལ་གཉིས་བདེ་བླག་ཏུ་འགྲུབ་པ་དེའི་ཕྱིར་རྟགས་ཆོས་ཀྱི་འབྲེལ་པ་ཤེས་པའི་རྒོལ་བ་འདི་ལ་ཆོས་ཅན། འབྲས་རང་གི་ལྡོག་ཁྱབ་ལྟོས་གཞི་ཆོས་མི་མཐུན་དཔེ་ལ་གནོད་པ་ཅན་གྱི་ཚད་མའི་སྒོ་ནས་ངེས་པར་གཏན་ལ་འབེབས་དགོས་པར་མི་འདོད་དེ། ཁྱོད་ཀྱི་ངོར་མེ་དང་མི་རྟག་པ་དེ་དག་མེད་ནའང་དུ་བ་དང་བྱས་པ་དེ་དག་མེད་པས་ཁྱབ། དཔེར་ན་ནམ་མཁའ་དང་ཆུ་ཀླུང་བཞིན། ཞེས་བརྗོད་པ་ལས་ཀྱང་འབྲས་རང་གི་ལྡོག་ཚུལ་དེ་རྟོགས་པའི་ཕྱིར། གཉིས་པ་ནི། བྱས་མི་རྟག་སོགས་ཀྱི་འབྲེལ་པ་ལ་མཁས་པ་རྣམས་ལ་ནི་ཆོས་ཅན། འབྲས་རང་གི་རྗེས་འགྲོ་ལྟོས་གཞི་མཐུན་དཔེའི་སྟེང་དུ་ངེས་པར་གཏན་ལ་འབེབས་དགོས་པར་མི་འདོད་དེ། ཁྱོད་ཀྱི་ངོར་གང་བྱས་ན་མི་རྟག་པས་ཁྱབ། བུམ་པ་བཞིན། ཞེས་དང༌། གང་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་བང་བཞིན། ཞེས་གཏན་ཚིགས་ཀྱི་ཚིག་འབའ་ཞིག་བརྗོད་པས་རྗེས་འགྲོའི་ཚུལ་ཁོང་དུ་ཆུད་པར་ཟད་པའི་ཕྱིར་རོ། །གཞུང་གཉིས་པོ་དེས་བསྟན་པའི་དོན་ལ་རྒོལ་བའི་བྱེ་བྲག་གིས་ཚུལ་གསུམ་ཀ་བརྗོད་དགོས་པ་དང༌། ཕྱོགས་ཆོས་དང་རྗེས་སུ་འགྲོ་ལྡོག་གང་རུང་རེ་རེ་བརྗོད་པས་ཆོག་པའང་སྲིད་དོ། །གསུམ་པ་ནི། འོ་ན་འབྲེལ་པ་མི་ཤེས་པའི་ངོར་ཡང་དེ་དག་མེད་ནའང་དེ་མེད་ཅེས་སོགས་བརྗོད་པས་ཆོག་གམ་ཞེ་ན། ཆོག་པ་མ་ཡིན་ཏེ། མི་རྟག་པ་བྱས་པ་དེའི་ངོ་བོ་དང་མེ་དུ་བའི་རྒྱུའི་དངོས་པོ་ཡིན་པ་དེ་དག་མི་ཤེས་པའི་རྒོལ་བ་ལ་དཔེ་ལ་སྟེ་ལྟོས་གཞི་སོ་སོའི་སྟེང་དུ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སྟོན་དགོས་པའི་ཕྱིར་རོ། །སྟོན་ཚུལ་ནི་འོག་ནས་གཞུང་ཉིད་དུ་རྒྱས་པར་འབྱུང་ངོ༌། །གསུམ་པ་ནི། འབྲེལ་པ་མི་ཤེས་པ་ལ་མཐུན་དཔེའི་སྟེང་དུ་སྟོན་དགོས་པ་དེ་ཉིད་ཀྱི་ཕྱིར་ན་འབྲེལ་པ་ཤེས་ན་འབྲེལ་པ་སྟོན་མི་དགོས་མོད། བརྗོད་དགོས་པ་ནི་སྲིད་དེ། འབྲེལ་པ་ཤེས་ཀྱང་མ་དྲན་པ་སྲིད་པའི་ཕྱིར། འོ་ན་དེ་ལ་འབྲེལ་པ་གཉིས་ཀ་བརྗོད་དགོས་སམ་ཞེ་ན། འབྲེལ་པ་ཤེས་ཤིང་མ་དྲན་པའི་རྒོལ་བ་དེ་ཆོས་ཅན། རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་ལས་གང་རུང་གཅིག་སྨྲས་པས་ཅིག་ཤོས་ལ་དྲན་པ་ཡང་དག་སྐྱེ་བར་འགྱུར་ཏེ། དེ་དོན་གྱིས་གོ་བས་སོ། །ཚིགས་བཅད་གསུམ་པོ་འདིའི་འཆད་ཚུལ་འགྲེལ་མཛད་སྔ་མ་རྣམས་ཀྱིས་ནུས་པ་ཡེ་མ་ཐོན་པས་འདིར་གཞན་དུ་བཤད་ལ། འགྲེལ་པའི་འཆད་ཚུལ་དང་མི་མཐུན་པ་ནི་གཞན་ལའང་མང་ངོ༌། །བཞི་པ་ལ་གཉིས་ཏེ། དངོས་དང༌། འཕྲོས་པའི་དོན་ནི། དང་པོ་ནི། འབྲེལ་པ་ཤེས་པའི་ངོར་རྗེས་སུ་འགྲོ་ལྡོག་གཉིས་ལས་གང་རུང་གཅིག་སྨྲས་པས་ཅིག་ཤོས་དོན་གྱིས་གོ་བདེའི་ཕྱིར་འབྲས་རང་གི་འབྲེལ་པ་ཤེས་པའི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་འབྲེལ་པ་ལོགས་སུ་སྒྲུབ་མི་དགོས་ཏེ། ཁྱོད་ཀྱི་ངོར་རྒྱུ་མེ་དག་མེད་པ་དང༌། རང་བཞིན་ཤིང་དག་མེད་པས་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་འབྲས་བུ་དང་ཁྱབ་བྱ་འགའ་ཞིག་དགག་པའི་ཡང་གཏན་ཚིགས་སུ་འགྱུར་བའི་ཕྱིར། སྒྲུབ་པའི་ཡང་ཞེས་འབྱུང་བ་ལྟར་ན་མེ་མེད་པ་ཆོས་ཅན། མེ་དུའི་འབྲེལ་པ་ཤེས་པའི་ངོར་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེའི་ངོར་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར་ཞེས་གཞན་ལའང་སྦྱར་རོ། །གཉིས་པ་ལ་གཉིས་ཏེ། སྣང་རུང་མ་དམིགས་པའི་གཏན་ཚིགས་གསུམ་དུ་བསྡུ་བ་དང༌། བརྒྱད་དུ་ཕྱེ་བའོ། །དང་པོ་ནི། གཉིས་པོ་དེར་མ་ཟད་བུམ་པ་ཡོད་ན་དམིགས་པར་ནི་རིགས་པ་དང་ལྡན་པ་ལས་སྣང་རུང་གི་བུམ་པ་དེ་མ་དམིགས་པ་ཡང་ཆོས་ཅན། བུམ་པ་དམིགས་བྱེད་ཀྱི་ཚད་མ་དང་བུམ་པ་ཡོད་པའི་ཐ་སྙད་དག་རྒྱུ་འབྲས་སུ་ངེས་པའི་རྒོལ་བའི་ངོར་བུམ་པས་དག་པའི་ས་ཕྱོགས་བུམ་པ་མེད་པའི་ཐ་སྙད་བྱ་རུང་དུ་སྒྲུབ་པའི་ཡང་གཏན་ཚིགས་ཡང་དག་ཡིན་ཏེ། དེའི་ངོར་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར་རོ། །དེ་ལྟར་ན་སྣང་རུང་མ་དམིགས་པའི་གཏན་ཚིགས་འདི་བསྡུ་ན་གསུམ་པོ་འདིར་འདུས་པ་ཡིན་ཏེ། འགལ་ཟླ་དམིགས་པ་རྣམས་ཀྱང་མཐར་རང་བཞིན་མ་དམིགས་པའི་ནང་དུ་འདུ་བས་སོ། །གཉིས་པ་ནི། སྣང་རུང་མ་དམིགས་པའི་གཏན་ཚིགས་བསྡུ་ན་གསུམ་དུ་བཤད་ཀྱང༌། རྒྱས་པར་ཕྱེ་ན་རྣམ་པ་དུ་མ་སྟེ། འབྲེལ་ཟླ་མ་རྟོགས་པ་དང་འགལ་ཟླ་རྟོགས་པའི་སྦྱོར་བའི་དབྱེ་བའི་སྒོ་ནས་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་པོ་དེ་དང་རྒྱུ་ཁྱབ་བྱེད་རང་བཞིན་དེ་དང་འགལ་བའི་རང་བཞིན་དམིགས་པ་གསུམ་དང་སོགས་པའི་སྒྲས་བསྡུས་པ་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་དང་རྒྱུ་དང་འགལ་བའི་འབྲས་བུ་རྣམས་སུ་དབྱེ་ནུས་པའི་ཕྱིར། དེ་དག་ལ་འདི་སྐད་ཅེས། རྒྱུ་དང་ཁྱབ་བྱེད་མ་དམིགས་པ། །དགག་སྒྲུབ་གཉིས་ཀའི་གཏན་ཚིགས་དང༌། །རང་བཞིན་མ་དམིགས་སྒྲུབ་པའི་ཞེས། །གཞུང་དང་རང་གི་འགྲེལ་པར་གསལ། །དགག་བྱའི་ཆོས་ཀྱི་དོན་འགོག་པའི། །ཆ་ནས་དགག་པའི་གཏན་ཚིགས་ཏེ། །ཆོས་གཞན་འཕངས་པ་མ་ཡིན་པའི། །དགག་པའི་ཆ་ཞེས་གཞུང་ནས་འབྱུང༌། །དགག་བྱ་དེ་དང་དེ་མེད་པའི། །ཐ་སྙད་དངོས་པོ་ཉིད་ཀྱི་ཕྱིར། །དེ་སྒྲུབ་པ་ལ་སྒྲུབ་པའི་དང༌། །རང་བཞིན་རྟགས་ཤེས་གསལ་བར་གསུངས། །དགག་བྱའི་ཁྱད་གཞི་སྣང་རུང་ན། །སྣང་རུང་མ་དམིགས་གཏན་ཚིགས་སྦྱོར། །ངོ་བོ་སྣང་དུ་མི་རུང་ཡང༌། །རྒྱུ་དང་ཁྱབ་བྱེད་སྣང་རུང་ན། །རྒྱུ་དང་ཁྱབ་བྱེད་མ་དམིགས་པའི། །གཏན་ཚིགས་སྦྱར་བས་གསུམ་དུ་ངེས། །ངོ་བོ་སྣང་རུང་མ་དམིགས་པ། །སྒྲུབ་པའི་གཏན་ཚིགས་ཁོ་ན་དང༌། །གཞན་གཉིས་མ་ཡིན་དགག་པ་དང༌། །མེ་དགག་ཞེ་འདོད་བསྒྲུབ་བྱས་དབྱེ། །འགལ་དམིགས་རྟགས་ལ་རང་བཞིན་དང༌། །འབྲས་བུ་གཉིས་ལས་མ་བཤད་ཅིང༌། །དགག་ལ་དེའམ་དེ་རྒྱུ་ཞེས། །དགག་ཆོས་རང་བཞིན་འབྲས་བུར་ངེས། །ཁྱབ་བྱེད་འགལ་དམིགས་ཚད་མ་ཡི། །གནོད་འགལ་ལས་གཞན་གཞུང་འདིར་མེད། །དགག་བྱའི་རང་བཞིན་འབྲས་བུ་དག །སྣང་མི་རུང་ཚེ་འགལ་ཟླ་ཡི། །རང་བཞིན་འབྲས་བུ་སྣང་རུང་ན། །དེ་ཉིད་རྟགས་སུ་བཀོད་པས་ཁེགས། །དེ་ཡི་ཁྱབ་འབྲེལ་དགག་བྱ་ཡི། །རིགས་རྒྱུན་སྣང་རུང་མ་དམིགས་པས། །སྒྲུབ་ཕྱིར་འགལ་ཟླ་དམིགས་པ་ཡང༌། །སྣང་རུང་མ་དམིགས་རྟགས་སུ་བསྡུ། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། འོ་ན་ལྡོག་པ་འགྲུབ་པ་ལ་རྟགས་ཆོས་གཉིས་མེད་ན་མི་འབྱུང་བར་དོན་ལ་གནས་པ་ཙམ་གྱིས་ཆོག་གམ་ཞེ་ན། ཚད་མས་ངེས་དགོས་སོ་ཞེས་སྟོན་པ་ནི། མེ་དུ་ལྟ་བུ་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུའམ་བྱས་མི་རྟག་ལྟ་བུ་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་སྒོ་ནས་རང་བཞིན་གཅིག་ཅིང༌། སེལ་ངོར་ཐ་དད་དུ་ངེས་པར་བྱེད་པ་ལས་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་དགོས་པ་ཡིན་ཏེ། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལས་ཀྱང་འབྲེལ་བར་བཞག་ནུས་པ་མ་ཡིན། མཐུན་ཕྱོགས་ལ་མཐོང་ཙམ་ལས་ཀྱང་དེར་བཞག་ནུས་པ་མ་ཡིན་པའི་ཕྱིར། དེ་ལས་གཞན་དུ་དུ་བ་མེ་ལས་སྐྱེ་བར་མཐོང་ཙམ་གྱིས་རྒྱུ་འབྲས་སུ་འགྲུབ་ན་གཞན་དུ་བ་ནི་ཡོད་པའི་རྟགས་ཀྱིས་གཞན་མེད་པ་ངེས་པར་ཡོད་པའི་ངེས་པ་གང་ཡོད་དེ། མེ་མིན་ལས་སྐྱེ་བ་མ་ཁེགས་པའི་ཕྱིར། དེ་བཞིན་དུ་བྱས་པ་དེ་རྟག་པ་ལ་ཡོད་པ་མ་ཁེགས་ན་འབྲེལ་པ་མི་འགྲུབ་པའི་ཚུལ་འདི་ལྟར། བུམ་པའི་འཇིག་པ་དེ་བུམ་པ་ལས་དོན་གཞན་པའི་རྒྱུ་མཚན་ཅན་གྱི་ཆོས་ཡིན་ན། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། ཁྱོད་འཇིག་པ་དེ་རང་གི་རྒྱུ་མ་ཡིན་པ་གཞན་ཞིག་ལ་ལྟོས་པའི་ཕྱིར། དཔེར་ན་གོས་དཀར་པོ་ཚོན་ཅན་དུ་འགྱུར་བ་རྒྱུ་གཞན་ལ་ལྟོས་པས་ན་དེ་ཉིད་དུ་འགྱུར་མ་ངེས་པ་བཞིན་ནོ། །ཞེས་རྗེས་འགྲོ་དཔེ་ལ་བསྒྲུབས་ནས། ལྡོག་པ་ནི། མི་རྟག་པ་དེ་ཆོས་བྱས་པ་ལས་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པར་གྱུར་ན་དེ་བྱས་པ་ལས་གཞན་ཉིད་ཡིན་དགོས་ཤིང༌། དོན་གཞན་འབྲེལ་པ་ཅན་ཡིན་ན་རྒྱུ་འབྲས་གང་རུང་ལས་མ་འདས་ལ། རྒྱུ་ཉིད་ནི་མ་ཡིན་ཏེ། བྱས་པ་ལས་ཕྱིས་འབྱུང་བའི་ཕྱིར། འབྲས་བུ་ཡིན་ན་ཡང་བྱས་པའི་རྟགས་ཀྱིས་སྒྲ་ལྟ་བུ་མི་རྟག་པར་ག་ལ་ངེས་ཏེ། བྱས་པ་དེ་མི་མཐུན་ཕྱོགས་ལ་མ་ཁེགས་པའི་ཕྱིར། རྟགས་ནི་མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་པ་དང་དེ་ཙམ་གྱིས་འབྲེལ་པ་གྲུབ་པར་ཁས་བླངས་སོ། །གཉིས་པ་ལ་གཉིས་ཏེ། སྒྲུབ་རྟགས་ཀྱི་འབྲེལ་པ་ངེས་བྱེད་དང༌། མ་དམིགས་པའི་རྟགས་ཀྱི་འབྲེལ་པ་ངེས་བྱེད་བཤད་པའོ། །དང་པོ་ལ་གསུམ་སྟེ། འབྲས་བུའི་རྟགས་ཀྱི་དང༌། རང་བཞིན་རྟགས་ཀྱི་འབྲེལ་པ་ངེས་བྱེད་དང༌། དེ་གཉིས་ཀའི་མཇུག་སྡུད་དོ། །དང་པོ་ལ། བསྟན། བཤད། བསྡུ་བའོ། དང་པོ་ནི། དུ་བ་ཆོས་ཅན། མེའི་འབྲས་བུ་ཡིན་ཏེ། མེ་ལ་ལྟོས་ནས་འབྲས་བུ་སྤྱིའི་ཆོས་ཀྱི་རྗེས་སུ་འཇུག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྒྱུ་མེད་བཀག་ནས་རྗེས་འགྲོ་སྒྲུབ་པ་དང༌། རྒྱུ་གཞན་ལས་སྐྱེ་བ་བཀག་ནས་ལྡོག་པ་སྒྲུབ་པའོ། །དང་པོ་ནི། མེ་དེ་མེད་པར་ནི་དུ་བ་དེ་ཡོད་ན་དུ་བ་དེ་རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་དགོས་པས་ན་རྩ་བའི་རྟགས་དེ་གྲུབ་བོ། །རྒྱུ་མེད་དུ་ཐལ་བ་འདོད་ན་དུ་བ་ཆོས་ཅན། རྟག་ཏུ་ཡོད་པའམ་གཏན་མེད་གང་རུང་དུ་ཐལ་བར་འགྱུར་ཏེ། རྒྱུ་མེད་ཡིན་པའི་ཕྱིར་དང༌། རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར། ཁྱབ་སྟེ། དངོས་པོ་རྣམས་ནི་རེས་འགའ་ཞིག་འབྱུང་བ་རྒྱུ་རྐྱེན་ལ་ལྟོས་པ་ལས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དེ་མེད་པར་ནི་སོགས་ལ་ཁྱབ་པ་མ་ངེས་ཏེ། དུ་བ་བརྒྱ་སྤྱི་ལས་འབྱུང་ངོ་ཞེ་ན་བརྒྱ་བྱིན་གྱི་སྤྱི་བོ་དེ་མེའི་རང་བཞིན་དུ་བསྐྱེད་བྱེད་ཡིན་ན་དེ་ཉིད་མེ་ཡིན་དགོས་ལ། འོན་ཏེ་དེ་མེའི་རང་བཞིན་ཉིད་མིན་ན་ཇི་ལྟར་དེ་ལས་དུ་བ་འབྱུང་སྟེ་དུ་བའི་རྒྱུ་ཡི་རང་བཞིན་མེ་དེ། དུ་བ་སྐྱེད་པ་དེ་ཡི་ནུས་པའི་ཆ་ནས་མེ་མ་ཡིན་ལས་བྱེ་བྲག་ཏུ་ལྡན་པའི་ཕྱིར་དང༌། དུ་བ་དེ་དུ་བའི་རྒྱུ་མ་ཡིན་པ་བརྒྱ་སྤྱི་ལྟ་བུ་ལས་འབྱུང་ན་དུ་བ་དེ་ནི་རྒྱུ་མེད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། མེ་ལས་སྐྱེ་བའི་རྗེས་སུ་འགྲོ་བ་དང་མེ་མ་ཡིན་ལས་མི་སྐྱེ་བའི་ལྡོག་པ་གྲུབ་པ་ལས་དུ་བ་གང་ཞིག་མེ་གང་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་མཐོང་བ་དེ་ཡི་རང་བཞིན་དུ་བ་ཆོས་ཅན། རྒྱུ་མེད་དང་རྒྱུ་མི་མཐུན་པ་ལས་མི་འབྱུང་སྟེ། མེ་དེའི་རྒྱུ་ཅན་དུ་ངེས་པ་དེའི་ཕྱིར། ཞེས་བྱ་བ་ནི་གཞུང་འགྲེལ་སྔ་མ་རྣམས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལ་གཉིས་ཏེ། འབྲེལ་པ་ཇི་ལྟར་གྲུབ་པའི་ཚུལ་དང༌། ངེས་བྱེད་ཀྱི་ཚད་མ་ཉིད་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟགས་ཆོས་རང་བཞིན་གཅིག་ཏུ་བསྟན་པ་དང༌། རང་བཞིན་གཅིག་ན་རྟགས་ཆོས་ཐ་མི་དད་དུ་ཐལ་བ་དགག་པའོ། །དང་པོ་ནི། རྒྱུ་འབྲས་སུ་མ་ཟད་རང་བཞིན་གཅིག་ལ་ཡང་མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་དེ། བྱས་པ་དང་དངོས་པོ་ནི་རང་ཡོད་ཙམ་ནས་མི་རྟག་པ་དང་འབྲེལ་བ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། མི་རྟག་པ་དེ་མེད་ན་ནི་དངོས་པོར་ཡོད་པའི་བདག་ཉིད་བྱས་པ་དེ་ཡང་མེད་པར་འགྱུར་ཏེ། བྱས་ཡོད་དང་མི་རྟག་པ་སྣང་ངོར་ནི་ཐ་དད་མེད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་བྱས་ཡོད་དེ་སྒྲ་མི་རྟག་སྒྲུབ་ལ་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པར་འགྱུར་ཏེ། མི་རྟག་པ་དང་ཐ་དད་མེད་པའི་ཕྱིར་རོ་ཞེ་ན། ལན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྒྲ་སོགས་ཀྱི་དངོས་པོ་ཀུན་ཆོས་ཅན། སེལ་ངོར་རིགས་མཐུན་གྱི་དངོས་པོ་བུམ་སོགས་དང་གཞན་རིགས་མི་མཐུན་གྱི་དངོས་པོ་མ་བྱས་རྟག་སོགས་དག་ལས་ལོག་པའི་ལྡོག་པ་ལ་ནི་རྟེན་པ་ཅན་ཡིན་ཏེ། གང་གི་ཕྱིར་ན་རང་བཞིན་གྱིས་རང་རང་གི་ངོ་བོ་ལ་མ་འདྲེས་པར་གནས་པའི་ཕྱིར། དེ་ལྟར་གྲུབ་པ་ན་དོན་སྒྲ་ཆོས་ཅན། རིགས་མཐུན་གང་དང་རིགས་མི་མཐུན་གང་ལས་ལོག་པའི་ལྡོག་པ་དུ་མ་དེའི་རྒྱུ་ཅན་གྱི་རིགས་དུ་མ་དབྱེར་རུང་སྟེ། རྟོག་ངོར་རིགས་མཐུན་དང་རིགས་མི་མཐུན་གཉིས་ཀ་ལས་ལོག་པའི་ཕྱིར། དེ་ལྟར་ཤེས་པ་ན་རྩ་བར་ཁྱབ་པ་མེད་དེ། ལྡོག་པ་དུ་མ་དེ་ཡི་ཁྱད་པར་བྱས་པའི་རྟགས་ཀྱིས་སྒྲའི་སྟེང་དུ་མི་རྟག་པ་རྟོགས་པར་འགྱུར་བ་དག་རབ་ཏུ་བྱེད་པའི་ཕྱིར། དེའི་ཕྱིར་ན་བྱས་མི་རྟག་ལྡོག་པ་ཐ་དད་དུ་རྣམ་པར་གནས་ཏེ། ལྡོག་པའི་ཁྱད་པར་གང་ཞིག་བྱས་པ་ཞེས་པའི་མིང་གང་གིས་གོ་བར་འགྱུར་བའི་ཆོས་བྱས་པ་དེ་དེ་ལས་གཞན་མི་རྟག་པ་ཞེས་པའི་མིང་གིས་གོ་བར་ནུས་པ་མ་ཡིན་པ་དེས་ནའོ། །གཉིས་པ་ལ་གཉིས་ཏེ། དངོས་པོའི་ཡུལ་ཅན་གྱི་སྒྲ་རྟོག་སེལ་འཇུག་ཏུ་སྒྲུབ། དངོས་མེད་ཀྱི་ཡུལ་ཅན་གྱི་སྒྲ་རྟོག་དེར་སྒྲུབ་པའོ། །དང་པོ་ལ། རྟོག་པ་སེལ་འཇུག་ཏུ་སྒྲུབ། རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཏུ་སྒྲུབ། གཉིས་ཀའི་དོན་བསྡུ། སྤྱི་དངོས་མེད་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། སེལ་བས་འཇུག་པ་ལ་སྒྲུབ་བྱེད། སྒྲུབ་པས་འཇུག་པ་ལ་གནོད་བྱེད། དེ་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྒྲུབ་པས་འཇུག་པའི་དམ་བཅའ་བཞག དེ་ལ་རྩོད་པ་སྤངས་ཏེ་རྟོག་པ་སེལ་འཇུག་ཏུ་བསྟན་པའོ། །དང་པོ་ནི། དོན་རང་མཚན་གྱི་སྒྲ་ལྟ་བུ་རང་གི་ངོ་བོར་གཅིག་པའི་བྱས་མི་རྟག་སོགས་ཀྱི་བདག་ཉིད་སྒྲ་འཛིན་མངོན་སུམ་གྱི་གཟུང་ཡུལ་ཡིན་པ་ལ་དེས་མ་མཐོང་བ་སྟེ་གཟུང་ཡུལ་དུ་མ་བྱས་པའི་ཆ་གཞན་ཚད་མ་ཕྱི་མ་རྣམས་ཀྱིས་བརྟག་ཅིང་གཞལ་བར་བྱ་བ་གང་ཅི་ཞིག་ཡོད་དེ་མེད་དོ་ཞེས་པ་ནི་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་རང་ཡུལ་ལ་སྒྲུབ་པས་འཇུག་པའི་དོན་ནོ། །གཉིས་པ་ནི། འོ་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ་ལོ་ཞེ་ན། དཔེར་ན་གཟུགས་དཀར་པོ་སོགས་སུ་ཆོས་མཐུན་པ་མཐོང་བ་ལས་ཉ་ཕྱིས་ལ་དངུལ་གྱི་རྣམ་པ་ལྟར་གལ་ཏེ་འདྲ་བ་གཞན་འབྱུང་སོགས་འཁྲུལ་བའི་རྒྱུ་མཚན་གྱིས་ཡོན་ཏན་གཞན་རྟག་སོགས་སུ་སྒྲོ་འདོགས་ཤིང་སྦྱོར་བར་མི་བྱེད་ན་དེ་ལྟར་ཐལ་བ་བདེན་ན་ཡང་རྟག་སོགས་སྒྲོ་འདོགས་པ་སྲིད་པ་དེའི་ཕྱིར་སྒྲའི་དངོས་པོ་གཟུང་ཡུལ་དུ་བྱས་ནས་མཐོང་བའི་མངོན་སུམ་གྱིས་དེའི་སྟེང་གི་རྫས་སུ་གྱུར་པའི་ཡོན་ཏན་མཐའ་དག་གཟུང་ཡུལ་དུ་བྱས་ནས་མཐོང་བ་ཉིད་ཡིན་ཀྱང༌། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་རྗེས་དཔག་རབ་ཏུ་འཇུག་པ་ཆོས་ཅན། དོན་མེད་དུ་ཐལ་བ་མ་ཡིན་ཏེ། འཁྲུལ་རྒྱུའི་དབང་གིས་ངེས་པ་འདྲེན་པར་མི་བྱེད་པས་ན་འཁྲུལ་པ་དེ་ཟློག་པར་བྱ་བའི་ཆེད་ཡིན་པས་སོ། །དེ་ཕྱིར་ཞེས་པ་མན་ཆོད་འདི་ཡང་གོང་མ་རྣམས་ཀྱི་དོན་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ། མངོན་སུམ་ཡུལ་དུ་རྫས་གཅིག་ཅིང༌། །རྟོག་ངོར་སོ་སོ་བདག་གཅིག་འབྲེལ། །དེ་ལ་ངོ་བོ་གཅིག་པ་དང༌། །ལྡོག་པ་ཐ་དད་ཅེས་བརྗོད་དོ། །མངོན་སུམ་ལ་ནི་རང་རང་གི །གཟུང་དོན་རྫས་ཆ་ཇི་སྙེད་པའི། །རྣམ་པ་ཤར་བར་མཚུངས་མོད་ཀྱི། །ངེས་པ་དྲངས་དང་མ་དྲངས་པའི། །དབྱེ་བས་འགྲུབ་དང་མི་འགྲུབ་དང༌། །རྟོགས་དང་མ་རྟོགས་པ་ཞེས་བརྗོད། །མངོན་སུམ་ཉིད་ཀྱིས་མཐོང་བ་མིན། །རྣམ་པ་ཤར་ལ་མཐོང་བ་དང༌། །ངེས་པ་དྲངས་ལ་རྟོགས་པ་ཞེས། །བརྗོད་པ་རྟོགས་པའི་ངོར་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དགག་སྒྲུབ་ཅིག་ཆར་དུ་རྟོགས་པར་ཐལ་བའི་དང༌། སྒྲ་བློ་རྣམ་གྲངས་པར་ཐལ་བའི་གནོད་བྱེད་དོ། །དང་པོ་ལ། གནོད་བྱེད་དེ་གཞན་ལ་ཡོད་པ་དང༌། རང་ལ་མེད་པའོ། །དང་པོ་ནི། མངོན་སུམ་དུ་མ་ཟད་རྗེས་སུ་དཔག་པ་ལས་ཀྱང་རང་ཡུལ་གྱི་དངོས་པོ་སྒྲུབ་པའི་སྒོ་ནས་འཛིན་ན་རྗེས་དཔག་ཆོས་ཅན། སྒྲའི་སྟེང་དུ་བྱས་པ་ལྟ་བུའི་ཆོས་གཅིག་ངེས་པར་གྱུར་པས་མི་རྟག་པ་ལ་སོགས་པའི་ཆོས་ཀུན་འཛིན་པར་འགྱུར་ཏེ། སྒྲ་ལ་སྒྲུབ་པས་འཇུག་པའི་རྟོག་པ་ཡིན་པས་སོ། །གཉིས་པ་ནི། རྣམ་འགྲེལ་མཛད་པ་ཆོས་ཅན། དེ་ལྟ་བུའི་ཉེས་པ་འདིར་ནི་ཐལ་བར་མི་འགྱུར་ཏེ། རྟོག་པ་ཡུལ་ལ་སེལ་བས་འཇུག་པར་ཁས་ལེན་པའི་ཕྱིར། གལ་ཏེ་གློ་བུར་བའི་རྗེས་དཔག་ལ་བསལ་བྱ་སྒྲོ་འདོགས་མེད་པས་སེལ་འཇུག་མ་ཡིན་ནོ་ཞེ་ན། སྒྲ་རྟོག་སྒྲུབ་འཇུག་ལ་གནོད་བྱེད་འཕངས་ཟིན་པ་དེའི་ཕྱིར་སེལ་འཇུག་ཏུ་བསྟན་པ་དེ་ལྟར་གློ་བུར་བའི་རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་སེལ་བའི་ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས་ཏེ། གཞན་དུ་ན་ཆོས་ཅན་དེ་གྲུབ་པར་གྱུར་ན་དེ་ལས་གཞན་ཁྱད་པར་གྱི་ཆོས་མ་གྲུབ་པ་ཅི་ཡོད་དེ། མེད་པར་ཐལ་བའི་ཕྱིར་རོ། །ཡང་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དོན་མཐུན་དེ་སེལ་འཇུག་མ་ཡིན་ཏེ། མངོན་སུམ་གྱིས་བསལ་ཟིན་པས་ན་བསལ་བྱ་གཞན་སེལ་རྒྱུ་མེད་པའི་ཕྱིར་ཞེ་ན། མངོན་སུམ་གྱིས་སྔོན་པོར་མཐོང་བ་འགའ་ལའང་སྔོན་པོའོ་ཞེས་ཤེས་པའི་སྤྱིའི་དོན་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པ་དེ་ཆོས་ཅན། སེལ་བའི་སྤྱོད་ཡུལ་ཅན་ཡིན་ཏེ། ཁྱོད་ཀྱི་སྟོབས་ལས་གཞན་སྔོ་མིན་གྱི་ཆར་སྒྲོ་མ་བཏགས་པ་དེ་ཙམ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། ངེས་ཤེས་འདི་ནི་སྒྲོ་འདོགས་ཀྱིས་དབེན་པའི་ཡུལ་ལ་འཇུག་ཅེས་བྱ་བར་ཤེས་པ་ཡིན་ཏེ། ངེས་པ་དང་ནི་དེའི་བསལ་བྱར་གྱུར་པའི་སྒྲོ་འདོགས་ཀྱི་ཡིད་ནི་གནོད་བྱ་དང་གནོད་བྱེད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གནོད་བྱེད་དེ་རང་ལ་མེད་པར་བསྟན། གཞན་ལ་ཡོད་པར་བསྟན་པའོ། །དང་པོ་ནི། བྱས་པ་དང་མི་རྟག་པའི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་དེ་དག་ནི་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཏེ། མ་བྱས་རྟག་སོགས་ཀྱི་ཆ་ཤས་སུ་སྒྲོ་འདོགས་ཇི་སྙེད་ཡོད་པ་དེ་བསལ་བའི་ཕྱིར་དུ་ན་ངེས་པ་དང་རྗོད་བྱེད་ཀྱི་སྒྲ་ཡང་དེ་སྙེད་ཁོ་ནར་འཇུག་དགོས་པ་དེས་ནའོ། །གཉིས་པ་ལ་གཉིས་ཏེ། ཐལ་འགྱུར་དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། སྔ་མ་དེ་ལས་གཞན་དུ་བྱས་མི་རྟག་གི་དངོས་པོ་སོགས་རྫས་གཅིག་བུར་གྱུར་པ་ལ་རྗོད་བྱེད་ཀྱི་སྒྲའམ་བློ་གཅིག་གིས་ཁྱབ་ན་བྱས་པ་དང་མི་རྟག་པའི་ཡུལ་ཅན་གྱི་སྒྲ་བློ་ཆོས་ཅན། རྣམ་གྲངས་པ་ནི་ཉིད་དུ་ཐལ་བར་འགྱུར་ཏེ། ཡུལ་གཞན་མ་ཡིན་པ་གཅིག་ལ་འཇུག་པའི་སྒྲའམ་བློ་ཐ་དད་གང་ཞིག དགོས་པ་སོ་སོར་ཡང་མེད་པའི་དེའི་ཕྱིར། གཉིས་པ་ལ་གཉིས་ཏེ། བརྗོད་བྱ་ཐ་དད་ཡོད་པའི་ལན་མི་འཐད་པ་དང༌། དགོས་པ་ཐ་དད་ཡོད་པའི་ལན་མི་འཐད་པའོ། །དང་པོ་ནི། དེ་ལྟར་ཐལ་བ་མེད་དེ། བྱེ་བྲག་པ་གང་གི་ལྟར་ན་རྫས་བུམ་པ་འཛིན་པའི་བློས་ཁྱད་པར་སྣ་ཚོགས་པ་ཅན་ཁོ་ན་འཛིན་གྱི། དེའི་སྟེང་གི་ཁྱད་པར་མང་པོ་དེ་མི་འཛིན། ཁྱད་པར་འཛིན་པའི་བློས་ཀྱང་ཁྱད་པར་རེ་རེ་ཁོ་ན་འཛིན་པ་ཡིན་པས་ཡུལ་གྱི་དོན་ཐ་དད་པ་རེ་རེ་ཁོ་ན་འཛིན་པའི་ཕྱིར་རོ་ཞེ་ན། རྫས་བུམ་པ་དེས་ཁོ་རང་གི་བྱས་མི་རྟག་སོགས་ཀྱི་ཁྱད་པར་ལ་ཕན་པའི་ནུས་པ་ཡོད་དམ་མེད། མེད་ན་ཁྱད་པར་དེ་རྣམས་ཆོས་ཅན། བུམ་པ་ལ་མ་འབྲེལ་བར་ཐལ། དེ་ལས་རྫས་ཐ་དད་དེས་ཁྱོད་ལ་མི་ཕན་པའི་ཕྱིར། དང་པོ་ལྟར་ན། ནུས་པ་དེ་བུམ་པ་དང་རྫས་གཅིག་ཡིན་ནམ་ཐ་དད་ཡིན། དང་པོ་ལྟར་ན། རྫས་བུམ་པ་འཛིན་པའི་རྟོག་པ་ཆོས་ཅན། བུམ་པས་ཁྱད་པར་སྣ་ཚོགས་ལ་ཕན་པའི་ནུས་པ་དེ་བཟུང་བར་ཐལ། བུམ་པ་ལ་སྒྲུབ་འཇུག་གང་ཞིག བུམ་པས་རང་གི་ཡན་ལག་ཏུ་གྱུར་པའི་ཁྱད་པར་སྣ་ཚོགས་ལ་ཕན་པའི་ནུས་པ་དེ་བུམ་པ་ལས་དབྱེར་མེད་པའི་བདག་ཉིད་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཕན་བྱའི་བྱེ་བྲག་དེ་དག་གང་གིས་ན་མ་ངེས་ཏེ། དེས་དེ་ལ་ཕན་པའི་ནུས་པའི་བདག་ཉིད་ཀུན་སྒྲུབ་པའི་སྒོ་ནས་བཟུང་བའི་ཕྱིར། དེའི་ཁྱབ་པ་ནི་གཅིག་ཕན་པའི་ནུས་པ་ཤེས་ན་ནི་ཕན་པའི་ནུས་པ་དང་ཕན་བྱའི་བྱེ་བྲག་གཉིས་ཀ་བཟུང་དགོས་ཏེ། ཕན་པའི་ནུས་པ་ཤེས་པ་དེ་དག་ཕན་བྱའི་བྱེ་བྲག་ཤེས་པའི་བདག་ཉིད་ལ་འབྲེལ་བའི་ཕྱིར་རོ། །གཉིས་པ་ལྟར། བུམ་པས་དེའི་ཆོས་བྱས་མི་རྟག་སོགས་ལ་ཕན་པའི་ནུས་པ་རྣམས་བུམ་པ་ལས་རྫས་ཐ་དད་དོ་ཞེ་ན། ནུས་པ་དེ་དག་ཆོས་ཅན། བུམ་པ་དེའི་ཆོས་ཅི་ཡིན་ཏེ་མ་ཡིན་པར་ཐལ། བུམ་པ་ལས་རྫས་ཐ་དད། བུམ་པ་དེ་ཡིས་ཁྱོད་ལ་ཕན་པ་མེད་པའི་ཕྱིར་དང༌། དེ་དག་ལ་ཕན་པ་དེ་ལྟ་ཡིན་ན་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་བུམ་པ་འཛིན་པའི་རྟོག་པས་བུམ་པ་དེ་གཅིག་བྱས་པ་ལྟ་བུ་ལ་ཕན་བྱེད་དུ་བཟུང་བ་ཡིན་གྱི། གཞན་ལ་མ་ཡིན་ནོ་ཞེ་ན་ནི། དེ་ཆོས་ཅན། མ་མཐོང་བར་འདོད་པའི་བུམ་པས་དེའི་མི་རྟག་པ་སོགས་ལ་ཕན་པའི་ནུས་པ་དེ་བཟུང་བར་ཐལ། བུམ་པ་དེ་བུམ་པའི་བྱས་པ་དེ་ལ་ཕན་བྱེད་དུ་མཐོང་བའི་ཕྱིར། ཁྱབ་པ་ནི་བུམ་པས་ཁོ་རང་གི་བྱས་པ་ལ་ཕན་པའི་ནུས་པ་དེ་བཟུང་ན་ནི་དེས་དེའི་མི་རྟག་པ་ལ་ཕན་པའི་ནུས་པ་སོགས་ཐམས་ཅད་བཟུང་དགོས་ཏེ། རྟོག་པ་ཡུལ་ལ་སྒྲུབ་པས་འཇུག་ཅིང༌། དེས་དེ་དག་ལ་ཕན་པའི་ནུས་པ་རྣམས་གཞན་མ་ཡིན་པ་དེའི་ཕྱིར། གཉིས་པ་ནི། གལ་ཏེ་སྒྲ་ངེས་པའི་རྟོག་པས་སྒྲའི་སྟེང་གི་བྱས་མི་རྟག་སོགས་བཟུང་བ་ལ་ཡང་རྟགས་དང་རྗེས་དཔག་ཕྱི་མ་གཞན་འཇུག་པར་འདོད་དགོས་ཏེ། སྒྲ་རྟག་འཛིན་ལ་སོགས་པའི་འཁྲུལ་པ་ཟློག་པའི་ཕྱིར་ཡིན་པས་སོ་ཞེ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་ནི་ཆོས་ཅན། རྣམ་གཅོད་སེལ་བའི་ཡུལ་ཅན་དུ་གྲུབ་སྟེ། རང་གི་བསལ་བྱ་སྒྲ་རྟག་འཛིན་གྱི་འཁྲུལ་པ་ཟློག་པའི་ཕྱིར་དུ་འཇུག་པས་སོ། །དེ་ལས་གཞན་སྒྲ་ངེས་པའི་རྟོག་པའང་ཆོས་ཅན། རྗེས་དཔག་དེ་དང་འདྲ་བ་ཡིན་ཏེ། བསལ་བྱ་སྒྲོ་འདོགས་མེད་པའི་ཡུལ་ལ་ནི་འཇུག་པའི་ཕྱིར། གཞན་ཡང་སྒྲ་མི་རྟག་པའི་ངོ་བོ་གང་ཡིན་པ་དེ་ནི་ཆོས་ཅན། སྒྲ་བྱས་པར་ངེས་པའི་ངེས་ཤེས་དེ་སྒྲུབ་པས་འཇུག་པའི་ཡུལ་ཇི་ལྟར་ཡིན་ཏེ། སྒྲ་བྱས་པར་ངེས་པ་ལ་སོགས་པ་རྣམས་ཀྱིས་ཁྱོད་མ་ངེས་པའི་ཕྱིར། གལ་ཏེ་འོ་ན་མངོན་སུམ་གྱིས་ཀྱང་མ་ངེས་ན་དེའི་ཡུལ་མ་ཡིན་པར་མཚུངས་སོ་ཞེ་ན། རྫས་ཐ་དད་པའི་ཁྱད་པར་གྱི་ཆ་ཤས་རྣམ་པར་སྤངས་པའི་སྒྲ་བྱས་མི་རྟག་པ་གསུམ་སྒྲ་འཛིན་མངོན་སུམ་གྱིས་ནི་གཟུང་ཡུལ་དུ་བྱས་པ་ལའང་ཆོས་ཅན། ཡུལ་ཡིན་ན་དེས་རྟོགས་མི་དགོས་ཏེ། ཁྱད་པར་གང་ལ་རྟོགས་པ་སྟེ་ངེས་པ་འདྲེན་པའི་རྐྱེན་ཡོད་པ་དེ་ནི་མ་ངེས་པའམ་རྟོགས་པར་འགྱུར་ལ། དེ་མེད་ན་དེ་རྟོགས་པའམ་ངེས་པར་མི་འགྱུར་བའི་ཕྱིར། དཔེར་ན་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་མངོན་སུམ་བཞིན་ནོ། །འདིར་མངོན་སུམ་དང་དེས་དྲངས་པའི་ངེས་ཤེས་གཉིས་ཀས་མ་རྟོགས་པར་འདྲ་ན་གཞུང་འདིའི་དོན་ཇི་ལྟར་ཁས་ལེན་ཞེ་ན། མངོན་སུམ་གྱིས་དོན་དེ་ལ་ངེས་པ་དྲངས་པས་དེ་མིན་གྱི་སྒྲོ་འདོགས་བསལ་བ་ལ་དེས་དེ་རྟོགས་པ་དང་ངེས་ཤེས་བརྗོད་པ་ཡིན་ཏེ། ཇི་སྐད་དུ། དེ་ཡི་སྟོབས་ཀྱིས་གནོད་པའི་ཕྱིར། །མཉན་བྱས་དབང་པོའི་སྤྱོད་ཡུལ་བཤད། །ཅེས་འབྱུང་བ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། བརྟགས་ན་མི་འཐད་པའི་རྩོད་པ་སྤང་བ་དང༌། དེ་ལ་འཕྲོས་ནས་སྤྱི་མེད་པར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། རྣམ་གྲངས་པ་ནི་ཉིད་དུ་འགྱུར། །ཞེས་སྨྲས་པ་ལ། འོ་ན་སྒྲ་རྟོག་སེལ་འཇུག་ཏུ་འདོད་པའི་ལུགས་དེ་ལའང་ལོག་ལྡོག་རྫས་གཅིག་གམ་ཐ་དད། ཐ་དད་ན་སྤྱི་བསལ་རྫས་ཐ་དད་ལ་བརྗོད་པའི་ཉེས་པས་གནོད། གཅིག་ན་བ་ལང་དང་རྟ་མ་ཡིན་པ་གཉིས་ལ་སྒྲ་རྟོག་ཐ་དད་མི་འཇུག་པའམ། འཇུག་ན་ཡང་རྣམ་གྲངས་པ་ཉིད་དུ་འགྱུར་རོ་ཞེ་ན། ལན་ལ་གསུམ་སྟེ། སྒྲ་བརྗོད་འདོད་ཀྱིས་འཇུག་པ་ལ་ཐ་སྙད་ཐམས་ཅད་འཐད་པར་བསྟན། དངོས་དབང་གིས་འཇུག་པ་ལ་དེ་ཐམས་ཅད་མི་འཐད་པར་བསྟན། སྒྲ་བརྗོད་འདོད་ཀྱིས་འཇུག་པ་ལ་ཐ་སྙད་ཐམས་ཅད་འཐད་པའི་དཔེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྒྲ་རྟོག་ཐ་དད་འཇུག་པ་ཤེས་འདོད་དང་བརྗོད་འདོད་སོ་སོ་ལ་ལྟོས་པར་བསྟན། དེས་ན་རང་ལ་མི་མཚུངས་པའོ། །དང་པོ་ནི། གཞན་ལས་ལོག་པ་བ་ལང་རང་མཚན་དང༌། གཞན་ལས་ལྡོག་པ་རྟ་མ་ཡིན་པ་ཞེས་བྱ་བའི་ཡུལ་ཅན་གྱི་སྒྲ་དང་ངེས་པ་ཉིད་དག་ནི་ཆོས་ཅན། བརྗོད་བྱ་རྫས་ཐ་དད་ལ་ལྟོས་པ་མ་ཡིན་ཏེ། བརྡའི་རྗེས་སུ་བྱེད་པ་ཡིན་པའི་ཕྱིར། འོ་ན་བ་ལང་གི་རྟ་མ་ཡིན་པ་ཞེས་པའི་རྣམ་དབྱེ་དྲུག་པའི་སྒྲ་སྦྱོར་བ་མི་འཐད་དོ་ཞེ་ན། དེ་ལྟར་བརྗོད་པའི་ཚེ་ན་བ་ལང་དང་རྟ་མ་ཡིན་པ་བརྗོད་པའི་སྒྲ་གཉིས་ཀས་བརྗོད་བྱའི་དོན་གནས་ཚུལ་ལ་གཅིག་པ་བ་ལང་ལྟ་བུ་གཅིག་ཉིད་བརྗོད་མོད་ཀྱི། ཐ་དད་དུ་འབྱེད་པའི་རྣམ་དབྱེ་དྲུག་པའི་སྒྲ་ཡིས་སེལ་ངོར་བརྗོད་བྱ་ཐ་དད་པའི་དོན་བཞིན་སྒྲུབ་པ་བྱེད་དེ། སེལ་ངོར་བརྗོད་བྱ་ལྡོག་པ་ཐ་དད་པའི་ཤན་ནམ་ཤུགས་ཀྱི་ཁྱད་པར་གྱིས་སོ། །འོ་ན་དེ་ལྟར་བརྗོད་པའི་ཚེ་གཉིས་པོ་ཆོས་ཆོས་ཅན་དུ་མི་འཐད་པར་འགྱུར་ལ། དེ་ལྟར་ན་སྒྲ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ཆོས་རྟ་མ་ཡིན་པ་དང་ཆོས་ཅན་བ་ལང་ཡིན་པ་དེ་གཉིས་ཀྱི་བརྡའི་བྱེ་བྲག་ཆོས་ཅན། རྟོགས་པ་པོ་སྟེ་ཉན་པ་པོའི་རྒྱུད་ཀྱི་ཆོས་ཅན་བ་ལང་དེ་ཁྱད་པར་གཞན་མ་ཧེ་མ་ཡིན་པ་སོགས་ནི་སྤོང་བའི་ཚུལ་གྱིས་ཤེས་པར་འདོད་པ་དང་མི་སྤོང་བའི་ཚུལ་གྱིས་ཤེས་པར་འདོད་པ་དག་ཁྱོད་ཀྱི་གཞིའམ་རྒྱུ་ཡིན་ཏེ། ཁྱོད་འདོད་པ་དེའི་རྗེས་སུ་བྱེད་པའི་ཕྱིར། བྱེ་བྲག་པ་ན་རེ། བུམ་པའི་གྲངས་ཤེས་བརྗོད་པ་ལྟ་བུའི་ཚེ་ན་བརྗོད་བྱ་ལ་རྫས་ཐ་དད་པའི་ཁྱད་པར་ཡོད་དོ་ཞེ་ན། ཡུལ་ཀུན་ལ་རྫས་ཏེ་ཆོས་ཅན་དང་དངོས་པོ་སྟེ་ཆོས་བརྗོད་པའི་སྒྲ་དེ་དག་གི་བརྗོད་བྱ་ལ་རྫས་ཐ་དད་པའི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲའི་ཁྱད་པར་ནི་ཁྱད་པར་གཞན་སྤོང་མི་སྤོང་འདི་ཉིད་དུ་ངེས་པ་དེའི་ཕྱིར། གལ་ཏེ་སྒྲ་གཉིས་པོ་དེ་ལ་རྐྱེན་དང་བརྗོད་ཚུལ་གཞན་གྱི་སྒོ་ནས་བརྗོད་བྱ་ལ་རྫས་ཐ་དད་ཀྱི་ཁྱད་པར་ཡོད་དོ་ཞེ་ན། ཆོས་ཆོས་ཅན་ནམ་རྫས་དང་ལྡོག་པའི་དོན་དེ་ཤེས་པར་བྱེད་པར་འདོད་པས་དེ་ལ་ཕན་པའི་མཐའ་ཅན་གྱི་རྐྱེན་ནམ་བྱེད་ལྡན་གྱི་རྐྱེན་ནམ་གལ་ཏེ་དེ་ལས་གཞན་ཡིན་བྱེད་ཀྱི་རྐྱེན་ལྟ་བུས་བརྗོད་ཀྱང་རུང༌། ཁྱད་པར་གཞན་སྤོང་མི་སྤོང་དེ་ལས་ཁྱད་པར་གཞན་མེད་དེ། སྒྲའི་བརྗོད་ཚུལ་སོ་སོ་བ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། རིགས་དང་དེ་དང་ལྡན་པའི་བསལ་བ་དག་རྫས་ཐ་དད་པ་ཉིད་ནི་སློབ་དཔོན་གྱིས་གཞན་ལ་བརྗོད་པའི་ཉེས་པ་གསུམ་པོ་དེར་འགྱུར་ཡང་སྒྲ་བརྗོད་འདོད་ཀྱིས་འཇུག་པ་དེའི་ཕྱིར་རྣམ་འགྲེལ་མཛད་པ་ཆོས་ཅན། རིགས་དང་དེ་ལྡན་རྫས་ཐ་དད་པའི་ཕྱོགས་ལ་བརྗོད་པའི་ཉེས་པ་བསལ་བ་ཡིན་ཏེ། སྒྲ་རྟོག་གཞན་སེལ་བའི་ཡུལ་ལ་ནི་འཇུག་པར་ཁས་ལེན་པའི་ཕྱིར། གཉིས་པ་ནི། ཇི་སྐད་དུ། རང་དབང་མེད་ཕྱིར་དེ་ལྡན་མིན། །བཏགས་པའི་ཕྱིར་དང་མི་སྲིད་ཕྱིར། །འབངས་ལ་རྒྱལ་པོར་བཏགས་པ་བཞིན། །ཞེས་ཏེ། བ་ལང་ཞེས་པའི་མིང་ཆོས་ཅན། བསལ་བ་དཀར་ཟལ་སོགས་ལ་རང་དབང་དུ་མི་འཇུག་པར་ཐལ། སྤྱི་རྫས་གཞན་ལ་ལྟོས་པའི་ཕྱིར། བ་ལང་དཀར་ཟལ་ལོ་ཞེས་བརྗོད་པའི་མིང་ཆོས་ཅན། གཞི་མཐུན་བརྗོད་པ་མ་ཡིན་པར་ཐལ། སྤྱི་རྫས་གཞན་བརྗོད་པའི་ཕྱིར། བསལ་བ་ལ་དེའི་མིང་གིས་བཏགས་སོ་ཞེ་ན། དེ་ལྟ་ན་ཡང་དེ་ལ་མི་འཇུག་པར་ཐལ། བཏགས་པ་ལ་དེ་ཡིན་པ་མི་སྲིད་པའི་ཕྱིར། འབངས་ལ་རྒྱལ་པོར་བཏགས་པ་བཞིན་ནོ། །རང་ལ་ཉེས་པ་དེ་མི་འཇུག་པ་ནི་གཞན་སེལ་ལམ་ལྡོག་པ་ཞེས་པ་བསལ་བ་ལས་གཞན་དུ་ཡོད་པ་མ་ཡིན་གྱི་སྒྲ་དང་རྟོག་པས་དེ་མ་ཡིན་རྣམ་པར་བསལ་ཙམ་ལ་བརྗོད་དོ། །འདིར་བོད་ཀྱི་རྣམ་བཤད་གྲགས་པ་ཅན་དག་གིས་འདི་ལྟར། ལོག་པ་དང་བྱེ་བྲག་དོན་གཅིག་ཏུ་བཟུང་ནས་ལོག་པའི་གོ་དོན་ལྡོག་པ་གཉིས་ཚོགས་ལ་བཤད་པ་དང༌། སྤྱི་བསལ་དང་སྤྱི་བྱེ་བྲག་ཅེས་པ་བརྗོད་པའི་ལམ་དུ་གང་བྱུང་ཁྱད་མེད་དུ་འཆད་པ་དང༌། སྒྲ་གཉིས་ཀྱི་ངོས་འཛིན་མི་རྟག་པའི་སྒྲ་དང་སྒྲའི་མི་རྟག་པ་ཞེས་པ་ལྟ་བུའི་སྒོ་ནས་འཆད་པ་དང༌། བ་ལང་གི་རྭ་ཞེས་བརྗོད་པའི་ཚེ། རྭ་ཁྱད་གཞི་དང་བ་ལང་ཁྱད་ཆོས་སུ་འཇོག་པའི་ཤེས་བྱེད་དུ། དེ་སྤྱི་ཡན་ལག་ཏུ་བྱ་སྟེ། ཞེས་འདྲེན་པར་བྱེད་པ་དག་སྟེ་འཁྲུལ་པ་ཆེན་པོ་རྣམ་པར་མི་འཚམ་པ་དག་འདིར་བྱས་སོ། །ཡང་ན་ཚད་མའི་མདོར་སྤྱི་རྫས་གཞན་ལ་ཉེས་པ་དེ་ལྟར་བརྗོད་པ་ལ། འོ་ན་ཁྱེད་རང་གི་ལོག་པ་རང་མཚན་དང་ལྡོག་པ་གཞན་སེལ་གཉིས་ལའང་མཚུངས་སོ་ཞེ་ན། ལྡོག་པ་ནི་སྒྲོ་བཏགས་དང་འཁྲུལ་ངོར་ཡོད་པ་ཡིན་གྱི་དོན་ལ་མེད་དོ་ཞེས་པ་ལ། འོ་ན་བུམ་པའི་ལྡོག་པ་ཞེས་པ་ལྟ་བུའི་ཆོས་བརྗོད་ཀྱི་སྒྲ་སྦྱོར་བ་མི་འཐད་པར་འགྱུར་རོ་ཟེར་བ་ལ། ཆོས་བརྗོད་ཀྱི་སྒྲ་སྦྱོར་བའི་རྒྱུ་ནི་ཤེས་འདོད་ཡིན་གྱི་བརྗོད་བྱའི་དོན་མ་ཡིན་ནོ་ཞེས་བསྟན་ནོ། །འདིར་དངོས་མེད་ཀྱི་ཆོས་ཐམས་ཅད་ནི་ལྡོག་པར་ངེས་ལ། དངོས་པོ་ལ་ལོག་ལྡོག་གཉིས་སུ་ཕྱེ་ནས་སྣང་ངོའི་བུམ་པ་ནི་ལོག་པ་དང་སེལ་ངོའི་བུམ་པ་ནི་ལྡོག་པར་འཇོག་ལ། སྔ་མ་ཆོས་ཅན་དང་ཕྱི་མ་ཆོས་སོ། །ཆོས་ལ་ལྡོག་པས་ཁྱབ་ཅིང༌། སྤྱི་དང་བྱེ་བྲག་ལ་ཡང་ལྡོག་པས་ཁྱབ་པ་དང༌། ལོག་པ་དང་བསལ་བ་ལ་རང་མཚན་དང་ཆོས་ཅན་གྱིས་ཁྱབ་པར་ཁས་ལེན་ནོ། །གཉིས་པ་ནི། བྱེ་བྲག་པ་གང་དག་གི་ལུགས་ལ་ཚིག་མཐའ་དག་དངོས་པོའི་དབང་གིས་འཇུག་པ་ལྷུར་བརྗོད་ཀྱི། བརྗོད་འདོད་ལ་མི་བརྟེན་པར་འདོད་པ་དེ་དག་ལ་ནི་ཆོས་ཅན། མི་འཐད་དེ། དྲུག་པའི་སྒྲ་མི་རུང་བ་དང༌། ཚིག་དབྱེ་བསྡུ་མི་རུང་བ་ལ་སོགས་པའི་ཀླན་ཀ་རིགས་པའི་ཕྱིར་རོ། །གསུམ་པ་ནི། བརྗོད་བྱ་ཕྱི་རོལ་གྱི་དོན་ལ་མི་ལྟོས་པའི་ཚིག་གང་བརྡ་འདོགས་པར་བྱེད་པའི་སྨྲ་བ་པོས་ཇི་ལྟ་བུར་རྗོད་བྱེད་ཉིད་དུ་ངེས་པར་བྱེད་པ་དེ་དེ་ཁོ་ན་བཞིན་དུ་རྗོད་བྱེད་ཡིན་ཏེ། དཔེར་ན་བཙུན་མོ་རྣམས་ཞེས་ཐ་དད་པའི་སྒྲ་རྣམ་པར་བཞག་པའམ། གྲོང་དྲུག་ལ་གྲོང་ཞེས་སོགས་ཐ་དད་པ་མ་ཡིན་པའི་སྒྲ་རྣམ་པར་བཞག་པའམ། ནམ་མཁའི་རང་བཞིན་ནི་ནམ་མཁའ་ཉིད་དོ་ཞེས་བྱ་བ་འདི་ལ་བརྗོད་བྱ་དོན་གཞན་རྒྱུར་ཅི་ཞིག་ཡོད་དེ། དེ་མེད་པར་བྱེ་བྲག་པས་ཀྱང་འདོད་པ་བཞིན་ནོ། །འདིར། སྒྲ་ཡི་དངོས་ཀྱི་བརྗོད་བྱ་ལ། །གཞན་སེལ་ཉིད་ཀྱིས་ཁྱབ་མོད་ཀྱང༌། །སྒྲ་འཇུག་པ་ཡི་རྒྱུ་མཚན་དུ། །རང་མཚན་མིན་པའི་གཞན་སེལ་ཞིག །ཡོད་ཅེས་ཁས་ལེན་བྱས་གྱུར་ན། །གཞན་གྱི་ཉེས་པ་སླར་ཡང་འཇུག །དེ་ཕྱིར་གཞི་མེད་ལ་འཁྲུལ་ནས། །སེལ་ངོར་གཞན་སེལ་བརྗོད་བྱར་བཞག །ཅེས་སོ། །གཉིས་པ་ནི། འོ་ན་བསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་མེད་པར་འགྱུར་ཏེ། བསལ་བ་རྣམས་ནི་གཅིག་ལ་གཅིག་རྗེས་སུ་མི་འགྲོ་སྤྱི་རྫས་གཞན་ནི་མེད་པའི་ཕྱིར་ཞེ་ན། ལན་ལ་བཞི་སྟེ། སྤྱི་ཇི་ལྟར་ཡིན་པའི་ཚུལ་གཏན་ལ་ཕབ། དེ་དོན་དམ་དུ་མེད་ཀྱང་ཐ་སྙད་དུ་བཞག་པའི་ཚུལ། དེས་གྲུབ་པའི་དོན་བསྟན་པ། རྩོད་པ་སྤངས་ཏེ་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སྤྱི་ངོས་བཟུང༌། དེ་དོན་དམ་དུ་མ་གྲུབ་པར་བསྟན། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྤྱི་དོན་ལ་མེད་ཀྱང༌། རྟོག་པས་རྣམ་པར་བརྟགས་ནས་བཞག་པ་ཡིན་ཏེ། ཤིང་བསལ་གྱི་དངོས་པོ་རྣམས་སེལ་ངོར་ཤིང་མ་ཡིན་ལས་ལོག་པའི་ངོ་བོ་འགའ་ཞིག་གིས་ཤིང་ངོ་ཞེས་ཐ་དད་པ་མ་ཡིན་པ་གཅིག་ལྟ་བུར་སྣང་བ་དེ་ལ་བསམ་པའི་དབང་གིས་ནི་སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས་པའི་ཕྱིར་རོ། །དེར་སྣང་བའི་རྒྱུ་གང་གིས་ཤེ་ན། ཤིང་བསལ་རྣམས་བདག་ཉིད་ཐ་དད་ཀྱང༌། སྒྲིབ་བྱེད་དེས་ཐ་དད་པའི་ཆ་ཉིད་བསྒྲིབས་པ་ཡིས་སོ། །སྒྲིབ་བྱེད་དེ་གང་ཞེ་ན། ཤིང་བསལ་རྣམས་དོན་གཅིག་ཏུ་ནི་སྣང་བའི་བློ་ཤིང་འཛིན་རྟོག་པ་གང་གི་རང་གི་ངོ་བོ་གཟུང་རྣམ་དེ་ཡིས་སོ། །གང་སྒྲིབ་པར་བྱེད་ན་གཞན་ཤིང་བསལ་རང་མཚན་གྱི་ངོ་བོ་དེའོ། །རྟོག་པ་དེ་རྒྱུ་གང་ལས་བྱུང་ན་ཤིང་བསལ་ཐ་དད་པའི་དངོས་པོ་རྣམས་ལ་བརྟེན་ནས་སོ། །གཉིས་པ་ནི། རྟོག་པ་དེ་ཡིས་ཇི་ལྟར་ཀུན་ཏུ་བརྟགས་པའི་སྤྱི་དེ་ནི་དམ་པའི་དོན་དུ་མེད་དེ། བསལ་བ་རྣམས་ནི་ཕན་ཚུན་རྗེས་སུ་མི་འགྲོ། རྗེས་སུ་འགྲོ་བའི་སྤྱི་གཞན་ནི་ཚད་མ་ལ་སྣང་བ་མེད་པའི་ཕྱིར། རྟོག་པ་ལ་དེར་སྣང་བ་ཉིད་སྤྱིར་འདོད་པ་མ་ཡིན་ནམ་ཞེ་ན། ཤིང་འཛིན་རྟོག་བློ་ལ་ཤིང་དུ་སྣང་བ་ཆོས་ཅན། ཇི་ལྟར་དོན་གཞན་ཤིང་བསལ་རྣམས་ལ་རྗེས་སུ་འབྲང་བར་འགྱུར་ཏེ། ཤེས་པ་ལས་རྫས་ཐ་དད་པ་མ་ཡིན་པའི་ཕྱིར། དེས་ན་སྤྱི་འཛིན་པའི་རྣམ་རྟོག་འདི་ཆོས་ཅན། ལོག་པའི་ཤེས་པ་ཡིན་ཏེ། དོན་རང་མཚན་ཐ་དད་ལ་བདག་གཅིག་ཏུ་འཛིན་པའི་ཕྱིར། གསུམ་པ་ནི། འོ་ན་སྤྱི་འཛིན་རྟོག་བློ་རྒྱུ་མེད་དུ་འགྱུར་རོ་ཞེ་ན། ཤིང་འཛིན་རྟོག་པ་འདི་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། ཤིང་ཞེས་པའི་མིང་དང་དོན་ཤིང་མ་ཡིན་ལས་ལོག་པ་གང་དང་ལྡན་པའི་ཤིང་བསལ་ཕན་ཚུན་དུ་ཐ་དད་པ་རྣམས་ཁྱོད་ཀྱི་ས་བོན་ཡིན་པའི་ཕྱིར། ཤིང་བསལ་རྣམས་ཆོས་ཅན། དེའི་རྒྱུ་མ་ཡིན་ཏེ། ཐ་དད་ཡིན་པའི་ཕྱིར་ཞེ་ན། ཤིང་བསལ་འགའ་ཞིག་ནི་ཆོས་ཅན། ཕན་ཚུན་ཐ་དད་ཡིན་ཀྱང་རང་རིགས་གཅིག་ཏུ་རྟོགས་པའི་དོན་ཅན་གྱི་ཤེས་པ་སྐྱེད་པ་ལ་སོགས་པའི་དོན་གཅིག་སྒྲུབ་པ་ལ་ནུས་པ་རང་བཞིན་གྱིས་ངེས་པ་ཡིན་ཏེ། དཔེར་ན་དབང་པོ་ལ་སོགས་པའི་རྐྱེན་གསུམ་པོ་བཞིན་ནམ་སྨན་སླེ་ཏྲེས་ལ་སོགས་པ་ཁ་ཅིག་རྫས་ཐ་དད་ཀྱང་ལྷན་ཅིག་པའམ་སོ་སོ་ཡིས་རིམས་ལ་སོགས་པ་ཞི་བར་བྱེད་པར་མཐོང་གི ཞོ་དང་ག་གོན་ལ་སོགས་པ་གཞན་གྱིས་མ་ཡིན་པ་བཞིན་ནོ། །གལ་ཏེ་སྨན་སྤྱི་རྟག་པས་རིམས་ནད་ཞི་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ཆོས་ཅན། དེ་ལྟར་མ་ཡིན་ཏེ། སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་དང༌། སྨན་དེ་དག་ཞིང་ས་བཟང་ངན་སོགས་ཐ་དད་ཀྱང་ནུས་པ་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང༌། བརྟན་པས་འབྲས་བུ་ལ་ཕན་འདོགས་པ་མེད་པའི་ཕྱིར་ཡང་ངོ༌། །གཉིས་པ་ལ། སྤྱི་སོགས་ཐ་སྙད་དུ་འཇོག་པའི་ཚུལ་དང༌། དེར་བཞག་པའི་དགོས་པ་དང༌། དོན་དམ་དུ་མ་གྲུབ་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། རྟོག་པ་ངོས་བཟུང༌། དེ་ལ་ཡུལ་སྣང་བའི་ཚུལ། སྣང་བ་དེ་ལ་སྤྱི་དང་གཞི་མཐུན་གྱི་ཐ་སྙད་འདོགས་པར་བསྟན་པའོ། །དང་པོ་ནི། བུམ་བསལ་རྣམས་ཀྱི་རང་བཞིན་སོ་སོ་བ་དེ་ལ་གཅིག་ཏུ་འཛིན་པའི་རྣམ་པར་རྟོག་བློ་གང་ཡིན་པ་དེ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། རང་ལ་སྣང་བ་དེ་དོན་དུ་མེད་ཀྱང་དོན་ཅན་འདྲ་བ་དང་ཆུ་སྐྱོར་བ་སོགས་དེའི་འབྲས་བུ་ཅན་མ་ཡིན་པའི་དོན་ལས་ཐ་དད་པའི་རང་མཚན་འཇུག་ཡུལ་གྱི་མཐར་ཐུག་པར་བྱེད་པ་དང་དེ་ལས་སྐྱེ་དགོས་པ་ཡང་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྟོག་པ་དེ་ལ་སྣང་བའི་ངོ་བོ་ཕྱི་རོལ་ལྟ་བུ་དང་གཅིག་ལྟ་བུ་དང་གཞན་ལས་ལོག་པ་རང་མཚན་ལྟ་བུར་ཡང་སྣང་ངོ༌། །དེ་ལྟར་སྣང་བ་གང་ཡིན་པ་དེ་ཆོས་ཅན། དེ་ཁོ་ན་ཉིད་དུ་གྲུབ་པ་མ་ཡིན་ཏེ། དོན་གཉེར་སྐྱེས་བུས་བརྟག་པར་བྱ་བ་ཡི་ཡན་ལག་ཏུ་མེད་པའི་ཕྱིར། གསུམ་པ་ལ། བཤད་པ་དང་བསྡུ་བ་གཉིས་ལས། དང་པོ་ནི། བུམ་འཛིན་རྟོག་པའི་ཤེས་པ་ལ་ཡོད་པ་སྟེ་སྣང་བའི་སེལ་ངོའི་དོན་བུམ་བསལ་དེ་རྣམས། འདི་ལྟར་བུམ་མ་ཡིན་ལས་ལོག་པའི་ལྡོག་པ་ཆིག་རྐྱང་དུ་སྣང་བའི་ངོ་བོ་ཅན་ཡིན་པ་དེས་ན་ཐ་དད་པ་མ་ཡིན་པ་གཅིག་ལྟ་བུར་སྣང་སྟེ། དེ་ལྟར་སྣང་བ་དེ་ལ་སྤྱི་ཡི་སྤྱོད་ཡུལ་ཅན་དག་གི་ཤེས་པ་དང་ནི་བརྗོད་པ་ཡིས་སྤྱི་ཡི་ཐ་སྙད་རྒྱས་པར་བྱེད་དོ། །ཡང་བུམ་འཛིན་རྟོག་པ་ལ་སྣང་བའི་གསེར་བུམ་དེ་ཉིད་གཞན་དངུལ་བུམ་སོགས་ལས་ཀྱང་ལོག་པར་སྣང་སྟེ། དེ་ལྟར་རིགས་མི་མཐུན་མཐའ་དག་དང་རིགས་མཐུན་ནང་སྟེ་ལོག་ས་མི་འདྲ་བ་གཉིས་ལས་ལོག་པའི་ལྡོག་པ་གཉིས་ཚོགས་དེ་ལ་གཞི་མཐུན་གྱི་སྤྱོད་ཡུལ་ཅན་དག་གི་ཤེས་པ་དང་ནི་བརྗོད་པ་ཡིས་གཞི་མཐུན་གྱི་ཐ་སྙད་རྒྱས་པར་བྱེད་དོ། །དེ་ལྟ་བུའི་ཐ་སྙད་གཉིས་ཀ་ཡང་ནོར་བའི་དོན་ཅན་ཡིན་ཏེ། རང་ལ་ཇི་ལྟར་སྣང་བ་དེ་དག་དོན་ལ་མེད་པའི་ཕྱིར་རོ། །འོ་ན་ཐ་སྙད་དེས་འཇུག་ཡུལ་མི་འཐོབ་པར་འགྱུར་རོ་ཞེ་ན། དངོས་པོ་རྣམས་ཀྱི་སྤྱི་དང་གཞི་མཐུན་གྱི་ཐ་སྙད་དེ་ཀུན་ཡང་ཆོས་ཅན། གཞན་སེལ་བའི་སྒོ་ནས་ཡུལ་རང་མཚན་ལ་འཇུག་པ་ཅན་ཡིན་ཏེ། ཕན་ཚུན་འདྲེས་པ་མེད་པའི་རང་མཚན་ལ་བརྟེན་པ་དེས་ནའོ། །ཁྱབ་པ་ནི། གང་ལ་འཇུག་ཡུལ་གྱི་དངོས་པོ་དང་འབྲེལ་བ་ཡོད་པ་དེ་ཡིན་ན་འཇུག་ཡུལ་གྱི་དངོས་པོ་རྙེད་པའི་རྟེན་དུ་རུང་བ་ཡིན་ཏེ། རྗེས་དཔག་འཇུག་ཡུལ་ལ་མི་སླུ་བར་ཇི་སྐད་དུ་བཤད་ཟིན་པ་ཇི་བཞིན་ནོ། །བུམ་འཛིན་རྟོག་པ་ཆོས་ཅན། འཇུག་ཡུལ་ལ་སླུ་བར་ཐལ། སྒྲ་རྟག་འཛིན་གྱི་རྟོག་པ་དང་འཁྲུལ་པར་མཚུངས་པའི་ཕྱིར་ཞེ་ན། འཁྲུལ་པར་འདྲ་ཡང༌། གཞན་སྒྲ་རྟག་འཛིན་གྱི་རྟོག་པ་ལས་འཇུག་ཡུལ་འཐོབ་པ་མ་ཡིན་ཏེ། མར་མེའི་འོད་ལས་ནོར་བུ་བཞིན་ནོ། །གཉིས་པ་ལ། སྤྱིའི་ཐ་སྙད་འཇུག་ཚུལ་བསྡུས་ཏེ་བསྟན་པ་ནི། སྤྱི་དང་གཞི་མཐུན་གྱི་ཐ་སྙད་འཇུག་ཚུལ་དེ་ལ་སེལ་ངོར་འབྲས་བུ་རིགས་གཅིག་པ་ཅན་གྱི་བུམ་བསལ་དུ་མའང་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ཤེས་པས་གཅིག་པ་ཉིད་དུ་ཐ་སྙད་རབ་ཏུ་འཇུག་པར་བྱེད་དེ། སེལ་ངོར་ཆུ་སྐྱོར་བ་དེའི་འབྲས་བུ་ཅན་མ་ཡིན་པ་ལས་གཞན་ལ་བརྟན་པ་ཅན་ཡིན་པའི་ཕྱིར། གཞི་མཐུན་གྱི་ཐ་སྙད་འཇུག་ཚུལ་བསྡུས་ཏེ་བསྟན་པ་ནི། དུ་མས་འབྲས་བུ་གཅིག་བྱེད་པ་དེ་བཞིན་དུ་གསེར་བུམ་ལྟ་བུ་གཅིག་ཀྱང་ཆོས་ཅན། ཆོས་སྣ་ཚོགས་པ་སྟེ་གཞི་མཐུན་གྱི་ཐ་སྙད་ཤེས་ཤིང་འཇུག་པར་བྱེད་དེ། སྤྱིར་ཆུ་སྐྱོར་བ་མ་ཡིན་པ་དང༌། ཁྱད་པར་དུ་གསེར་གྱི་ཆུ་སྐྱོར་བ་དེའི་འབྲས་བུ་ཅན་མ་ཡིན་པའི་དོན་ལས་ནི་ཐ་དད་པས་སོ། །གཅིག་ལ་གཞི་མཐུན་གྱི་ཐ་སྙད་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། གཅིག་གིས་འབྲས་བུ་དུ་མ་བྱེད་པ་དེའི་དངོས་པོ་ཡོངས་སུ་བསྟན་པའི་ཕྱིར་ཡིན་པས་སོ། །གཉིས་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྒྲ་དོན་སྤྱི་འདི་དང་གཞི་མཐུན་ཉིད་འདི་ནི་ཆོས་ཅན། ཚད་མའི་ངོར་ཡོད་པ་མ་ཡིན་ཀྱང༌། རྟོག་པའི་ངོར་ཇི་ལྟ་བུར་གྲགས་པ་བཞིན་དུ་བརྗོད་པ་ཡིན་ཏེ། ཐ་སྙད་དུ་བཞག་དགོས་ཤིང༌། དངོས་པོ་ལ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་དང་ཆོས་ཅན་གྱི་རྣམ་པར་བཞག་པ་དང་བཤད་པ་གཞི་མཐུན་དང་ཐ་དད་མ་ཡིན་པ་སྤྱི་ཅི་འདྲ་བ་དེ་ཁོ་ན་ཉིད་ཀྱི་དོན་ནི་མ་བརྟགས་པར་འཇིག་རྟེན་རྟོག་པའི་ངོར་ཇི་ལྟར་གྲགས་པ་དེ་ལ་གྲགས་པ་དེ་བཞིན་ཁོ་ནར་བརྟེན་ནས་ནི་བསྒྲུབ་བྱ་དང་སྒྲུབ་པའི་རྣམ་པར་བཞག་པ་ཀུན་མཁས་པ་རྣམས་ཀྱིས་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། དམ་པའི་དོན་ལ་འཇུག་པའི་ཕྱིར་ཡིན་པས་སོ། །གསུམ་པ་ནི། སྤྱི་དང་གཞི་མཐུན་ཚད་མའི་ངོར་ཡོད་པ་མ་ཡིན་ཏེ། དམ་པའི་དོན་གྱི་དོན་ཐ་དད་པ་རྣམས་ནི་རང་གི་ངོ་བོ་གཅིག་ཏུ་འདྲེ་བ་དང་གཅིག་པ་རྣམས་ནི་ཐ་དད་པ་མེད་པའི་ཕྱིར། འོན་ཀྱང་དུ་མ་དེ་ལ་ངོ་བོ་གཅིག་ཏུ་སྣང་བ་དང༌། གཅིག་པ་དེ་ལ་དུ་མར་སྣང་བ་ནི་བློ་འཁྲུལ་པ་ཡིས་བསླད་པ་ཡིན་ནོ། །གསུམ་པ་ནི། དེས་ན་སྤྱི་དང་ཁྱད་པར་ཞེས་བྱ་བའི་བྱེ་བྲག་འདི་ནི་བློ་རྟོག་པ་ལ་སྣང་བའི་དོན་ལ་འཇོག་པར་གྲུབ་པ་ཡིན་ཏེ། ཆོས་ཅན་སྒྲ་གཅིག་པུ་དེ་ཉིད་ལ་གཞན་ལོག་ས་ཐ་དད་ལས་ལྡོག་པས་བྱས་མི་རྟག་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་མང་པོ་རབ་ཏུ་བརྟག་པའི་ཕྱིར། བཞི་པ་ནི། བསྒྲུབ་བྱ་སྒྲུབ་བྱེད་དོན་དམ་པར་གྲུབ་པ་ཡིན་ཏེ། ལའི་མེ་བསྒྲུབ་བྱ་དང༌། དུ་བ་སྒྲུབ་བྱེད་ཡིན་པའི་ཕྱིར་དང༌། སློབ་དཔོན་གྱིས། ཇི་སྐད་དུ། རྗེས་སུ་དཔག་པས་ནི་གཞན་སེལ་བས་ཁྱད་པར་དུ་བྱས་པའི་ཁྱད་པར་དག་འཛིན་ནོ་ཞེས་གསུངས་པས་སོ་ཞེ་ན། དོན་རང་མཚན་ཉིད་ལ་བསྒྲུབ་བྱ་སོགས་སུ་མི་འཇོག་སྟེ། བསྒྲུབ་བྱ་དང་སྒྲུབ་བྱེད་དུ་འཛིན་པའི་རྟོག་པ་ལ་དངོས་པོ་མཐོང་བ་ཉམས་པའི་ཕྱིར་དང༌། མངོན་སུམ་གྱིས་ནི་དེ་དང་དེར་མི་འཛིན་པའི་ཕྱིར། སློབ་དཔོན་གྱིས་རྗེས་སུ་དཔག་པས་ཁྱད་པར་སྤྱི་དང་འདྲེས་པ་འཛིན་ཞེས་གསུངས་པ་འདིར་ཆོས་ཅན། རང་གི་མཚན་ཉིད་རྟོག་པའི་བཟུང་བྱར་བསྟན་པ་མ་ཡིན་ཏེ། རང་མཚན་དེ་ནི་སྤྱི་དང་ཁྱད་པར་གྱི་རྣམ་པ་སོགས་ཅིར་ཡང་བཟུང་བྱ་མ་ཡིན་པའི་ཕྱིར་ཏེ། ཆོས་ཆོས་ཅན་ལ་སོགས་པའི་བྱེ་བྲག་གི་ཁྱད་པར་མང་པོ་རྣམས་རང་མཚན་དེ་གཅིག་ལ་ནི་མི་རུང་བའི་ཕྱིར། མདོར་ན་རང་མཚན་དེའི་ངོ་བོ་རང་མ་ཡིན་ཀུན་ལས་ལོག་པ་དེ་ཇི་ལྟར་ལོག་པ་དེ་ཁོ་ན་བཞིན་དུ་རྟོགས་པར་བྱེད་པའི་སྒྲ་ཡོད་པ་མ་ཡིན་ཞིང༌། རྟོག་པ་ཡང་ཡོད་པ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་རྣམས་སྤྱི་ཡི་ཚུལ་ཉིད་དུ་ནི་འཇུག་པའི་ཕྱིར་རོ། །ཞེས་བྱ་བའི་ཤླཽ་ཀ་གཅིག་བུ་འདིའམ། ཤཱཀ་བློ་ལྟར་ན་རང་བཞིན་དེ་འཛིན་མན་ཆད་ཀྱི་ཤླཽ་ཀ་བཅུ་དྲུག་པོ་འདི་ནི་རང་གི་ལུགས་མདོར་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ། ཐ་དད་གཅིག་ཏུ་འཛིན་པའི་ཕྱིར། །སྤྱི་འཛིན་ལོག་ཤེས་དེ་ལས་གཞན། །འཇལ་བྱེད་ཚད་མ་མེད་པའི་ཕྱིར། །ཚད་མས་གཞལ་བར་མི་འགྲུབ་ཀྱང༌། །ལྷན་སྐྱེས་རྟོག་པའི་ངོར་ཡོད་པས། །ཡུལ་དང་ཤེས་བྱ་ཉིད་དུ་བཞག །རྟོག་ལ་དེར་སྣང་སྤྱི་ཞེས་པ། །བོད་བསྡུས་ལུགས་ཡིན་གཞུང་གི་མིན། །སེལ་ངོའི་བུམ་སོགས་དངོས་པོ་དང༌། །རིགས་ཀྱི་གཞི་མཐུན་ཕྱི་རབས་པ། །གཞན་སེལ་རྗེས་དཔག་གིས་གཞལ་བ། །སེལ་བའི་ངོར་ཡིན་སྣང་བའི་ངོར། །རྗེས་སུ་དཔག་པས་རང་རིག་པར། །འབྲས་བུ་སྔར་བཞིན་བཤད་ལས་ཤེས། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཏུ་སྒྲུབ་པ་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི་སྟེ། གཞན་སྡེ་འདོད་པའི་བརྡ་ཡུལ་དགག རང་སྡེ་འདོད་པའི་བརྡ་ཡུལ་སྒྲུབ། དེ་ལ་གཞན་སྡེས་རྩོད་པ་སྤང༌། དོན་བསྡུས་ཏེ་སྤྱི་འཛིན་འཇུག་ཡུལ་ལ་མི་སླུ་བར་བསྟན་པའོ། །དང་པོ་ལ་གསུམ་སྟེ། བསལ་བ་རང་མཚན་ལ་བརྡ་དངོས་སུ་སྦྱོར་བ་དང༌། སྤྱི་རང་མཚན་ལ་དང༌། སྤྱི་ལྡན་གསལ་བ་རང་མཚན་ལ་བརྡ་སྦྱོར་བ་མི་འཐད་པའོ། །དང་པོ་ནི། བརྡ་སྤྲོད་པ་ན་རེ། དོན་རང་མཚན་ཁོ་ན་ལ་བརྡ་སྦྱོར་བ་ཡིན་ཏེ། བུམ་པ་འོན་ཅིག་ཅེས་བརྗོད་པའི་ཚེ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ལེན་པ་ལ་འཇུག་པའི་ཕྱིར་ཞེས་ཟེར་རོ། །དོན་རང་མཚན་དེ་ལ་བརྡ་སྦྱོར་བ་མ་ཡིན་ཏེ། ཐ་སྙད་བྱེད་པ་དེའི་ཚེ་བརྡ་དུས་ཀྱི་རང་གི་མཚན་ཉིད་མེད་པ་དེས་ནའོ། །ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་ཀྱི་ནི་རང་གང་ལ་བརྡ་བཏགས་པ་དེ་ཉིད་སྟོན་ལ། བརྡ་དེ་ནི་ཐ་སྙད་ཀྱི་ཆེད་དུ་བྱས་པའི་ཕྱིར། གཉིས་པ་ནི། བྱེ་བྲག་པ་ན་རེ། སྤྱི་རང་མཚན་དེ་ཐ་སྙད་ཀྱི་དུས་ནའང་ཡོད་པས་དེ་ཁོ་ན་ལ་བརྡ་སྦྱོར་བ་ཡིན་ནོ་ཞེ་ན། བ་ལང་གི་རིགས་དེ་ཆོས་ཅན། ཁྱོད་ཁོ་ན་ལ་བརྡ་སྦྱར་བས་འཇུག་ཡུལ་འཐོབ་ནུས་པ་མ་ཡིན་ཏེ། བ་ལང་གི་དོན་བྱེད་རུང་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཅི་ནས་བཞོ་ཁལ་དོན་གཉེར་གྱི་སྐྱེས་བུ་དེའི་དོན་བྱེད་པར་ནུས་པ་ཤེས་ནས་དེ་སྒྲུབ་པའི་ཕྱིར་དུ་འཇུག་པར་འགྱུར་རོ་ཞེས་བསམས་ཏེ། ནོག་ལྐོག་ཤལ་དང་ལྡན་པའི་དོན་རྣམས་ལ་རློམ་ནས་རྗོད་པར་བྱེད་པ་བ་ལང་ཞེས་པའི་བརྡ་སྦྱོར་བར་བྱེད་པའི་ཕྱིར་རོ། །གསུམ་པ་ནི། གཅེར་བུ་པ་ན་རེ། སྤྱི་དེ་དང་ལྡན་པའི་བསལ་བ་རང་མཚན་ལ་བརྡ་སྦྱོར་བ་ཡིན་ཏེ། དེ་ཐ་སྙད་ཀྱི་ཚེ་རྗེས་སུ་འགྲོ་ཞིང༌། དོན་བྱེད་པར་ཡང་ནུས་པའི་ཕྱིར་ཞེ་ན། བསལ་བ་རང་མཚན་རྐྱང་པ་དེ་ལ་ཡང་ནི་ཅིའི་ཕྱིར་བརྡ་དངོས་སུ་སྦྱོར་བར་མི་བྱེད་དེ། གལ་ཏེ་མཐའ་ཡས་པའི་ཕྱིར་ཞེ་ན། མཐའ་ཡས་པ་འདི་ནི་སྤྱི་ལྡན་བསལ་བ་ལའང་མཚུངས་སོ། །གཉིས་པ་ནི། སེལ་ངོར་ཆུ་སྐྱོར་བའི་བྱ་བ་དེ་བྱེད་པ་དང་དེ་བྱེད་པ་མ་ཡིན་པ་ལས་ལོག་པར་མཚུངས་པའི་ལྡོག་པ་ལ་ཅིས་བརྡ་མ་བྱས། སྤྱི་དེ་དང་ལྡན་པའི་བསལ་བ་ལ་བརྡ་སྦྱར་བའི་ཉེས་པ་དེ་མཚུངས་པའི་ཕྱིར་ཞེ་ན། མཚུངས་པ་བླ་སྟེ། རིགས་རྫས་གཞན་བརྡའི་བརྗོད་བྱར་མི་དགོས་ཏེ། བརྡ་གཞན་སེལ་ལ་སྦྱོར་བར་གྲུབ་པའི་ཕྱིར། ཇི་ལྟར་ཞེ་ན། བུམ་པ་ཞེས་པའི་སྒྲས་བུམ་མ་ཡིན་སེལ་ལམ་མི་སེལ། མི་སེལ་ན་བུམ་པ་ཞེས་པའི་བརྡ་སྦྱར་བ་དེ་ལ་དགོས་པ་ཇི་ལྟར་ཡོད་དེ། བུམ་པ་ཞེས་པའི་སྒྲ་དེ་ཡིས་བུམ་མ་ཡིན་དེ་དག་རྣམས་ལས་བུམ་པ་འདི་ལོགས་སུ་མི་གཅོད་པའི་ཕྱིར་ནའོ། །ཁྱབ་སྟེ། དོན་དེ་ལས་གཞན་པ་ཡོངས་སུ་སྤངས་ནས་དོན་དེ་ཉིད་ལ་འཇུག་པར་འགྱུར་རོ་ཞེས་ཀྱང་བསམས་ནས་བུམ་པ་ཞེས་པའི་སྒྲ་བརྗོད་པའི་ཕྱིར། གལ་ཏེ་བུམ་པ་ཞེས་པའི་སྒྲ་འདི་ལ་བུམ་མ་ཡིན་རྣམ་པར་གཅོད་པ་ཡོད་དོ་ཞེ་ན། རྒོལ་བ་ཁྱེད་ལ་སྒྲ་ཡི་བརྗོད་བྱ་དེར་སྤྱི་རྫས་གཞན་གྱིས་ནི་ཅི་ཞིག་བྱ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་སྦྱར་བའི་དགོས་པ་ནི་ལོག་ཕྱོགས་སེལ་བ་དེ་ཙམ་དུ་ཟད་པ་མ་ཡིན་ནམ་སྟེ་རྗོད་བྱེད་ཀྱི་སྒྲ་གཞན་སེལ་ལ་སྦྱོར་བར་གྲུབ་པའི་ཕྱིར། གསུམ་པ་ནི། བུམ་བསལ་རང་མཚན་རྣམས་ལ་བུམ་པའོ་སྙམ་པའི་ངོ་ཤེས་ཀྱི་བློ་གཅིག་མི་འཇུག་པར་ཐལ། བུམ་བསལ་རྣམས་སྤྱི་དངོས་པོ་བ་མེད་པའི་ཐ་དད་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། གསེར་གྱི་ཆུ་སྐྱོར་བའི་བྱ་བ་དེ་བྱེད་པའི་དོན་རྣམས་མཐོང་ནས་ཕྱིས་གཞན་དངུལ་གྱི་ཆུ་སྐྱོར་བའི་བྱ་བ་དེ་བྱེད་པའི་དོན་མཐོང་ཡང་སེལ་ངོར་ཆུ་སྐྱོར་བ་དེ་ལས་གཞན་དང་བྲལ་བ་ཡི་ཡུལ་ཅན་གྱི་ནི་སྒྲ་རྣམས་ཀྱིས་བུམ་པའོ་ཞེས་ལྷན་ཅིག་ཏུ་སྦྱར་ནས་ངོ་ཤེས་པར་བྱེད་པའི་ཕྱིར། གཞན་བྱེ་བྲག་པ་ཁྱོད་ཀྱི་ལྟར་ནའང་སྤྱི་འཛིན་གྱི་བློ་དེ་ནི་སྤྱི་རྟག་པ་ནི་འབའ་ཞིག་ཉིད་ལས་སྐྱེ་བ་མ་ཡིན་ཏེ། རྟག་ཏུ་སྤྱི་དེ་ཙམ་རྣམ་པར་ཤེས་ན་བསལ་བ་མི་ཤེས་པར་ཐལ་བར་འགྱུར་བའི་ཕྱིར། འདོད་པ་དེའི་ཚེ་ན་སྤྱི་འཛིན་རྟོག་བློ་ཆོས་ཅན། བསལ་བ་དེ་ལ་སྤྱི་ལྡན་གྱི་ཐ་སྙད་ཇི་ལྟར་འདོགས་ཏེ། དུས་ནམ་ཡང་ནི་སྤྱི་དང་དེ་ལྡན་བསལ་བའི་འབྲེལ་བ་མ་བཟུང་བའི་ཕྱིར་ན་བསལ་བ་རྣམས་སྤྱི་དེ་དང་ལྡན་པ་ཉིད་དུ་ངེས་པར་མི་འགྱུར་བས་སོ། །གལ་ཏེ་སྤྱི་དངོས་པོ་བ་གཅིག་གིས་གྲོགས་བྱེད་པའི་བསལ་བ་རྣམས་སྤྱི་འཛིན་ཤེས་པའི་རྒྱུ་ཡིན་ནོ་ཞེ་ན། སྤྱི་དངོས་པོ་བ་གཅིག་བུ་དེས་བསལ་བ་དེ་རྣམས་ཀྱི་ཐ་དད་པའི་ཆ་ཉིད་སེལ་ཏམ་ཅི་སྟེ་མི་སེལ་བས་ན་བསལ་བ་དེ་རྣམས་ལ་ཆོས་ཅན། སྤྱི་འཛིན་པའི་རྣམ་ཤེས་གཅིག་གི་རྒྱུར་མི་འདོད་པར་ཐལ། ཐ་དད་པའི་ཕྱིར་རོ། །གལ་ཏེ་བསལ་བ་དུ་མའང་སྤྱི་དངོས་པོ་བ་གཅིག་ལ་ལྟོས་ནས་ཐ་དད་མ་ཡིན་པ་སྤྱི་འཛིན་གྱི་བློ་སྐྱེད་དོ་ཞེ་ན། སྤྱི་འཛིན་གྱི་བློ་ཡིས་བསལ་བ་རྣམས་འཛིན་པ་མེད་པ་ཡིན་ཏེ། སྤྱི་འཛིན་གྱི་བློ་ལ་བསལ་བ་དེ་རྣམས་ཀྱིས་ཕན་པའི་ནུས་པ་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། བསལ་བ་དེ་དག་སོ་སོ་བ་མེད་པར་ཡང་སྤྱི་དེ་གཅིག་གིས་ཀྱང་སྤྱི་འཛིན་གྱི་བློ་བསྐྱེད་པར་བྱ་བའི་ཕྱིར། གལ་ཏེ་སྔོ་སོགས་རེ་རེ་བ་དང་ཚོགས་པ་གཉིས་ཀས་རང་འཛིན་མིག་ཤེས་བསྐྱེད་པ་ལྟར་བསལ་བ་ཡོད་མེད་ཀྱི་སྤྱི་གཉིས་ཀས་སྤྱི་འཛིན་གྱི་རྟོག་བློ་བསྐྱེད་དོ་ཞེ་ན། མི་མཚུངས་པར་སྟོན་པ་ནི། སྔོ་སོགས་རེ་རེ་བར་མ་ཟད་ཚོགས་པ་ལའང་རང་འཛིན་མིག་ཤེས་སྐྱེད་པའི་ནུས་པ་གྲུབ་པ་ཡིན་ཏེ། སྔོན་པོ་ལ་སོགས་པ་རང་འཛིན་མིག་གི་རྣམ་ཤེས་ལ་ཕན་པའི་ནུས་པ་སོ་སོར་མཐོང་བའི་ཕྱིར། སྔོ་སོགས་དེ་ལྟར་དུ་སྤྱི་འཛིན་གྱི་ཤེས་པ་སྐྱེ་བ་བསལ་བ་ལ་ཇི་ལྟར་ཡང་ནི་ལྟོས་པ་མ་ཡིན་པར་ཐལ། སྤྱི་རྟག་པ་དེ་མེད་ན་བསལ་བ་ཡོད་ཀྱང་དེ་མི་སྐྱེ་ལ། དེ་ཡོད་ན་བསལ་བ་མེད་ཀྱང་སྤྱི་འཛིན་གྱི་བློ་སྐྱེ་བའི་ཕྱིར། གལ་ཏེ་སྤྱི་རྟག་པ་འབའ་ཞིག་གིས་སྤྱི་འཛིན་གྱི་བློ་སྐྱེད་པ་མ་ཡིན་ཏེ། བསལ་བ་དེ་དག་གང་རུང་ལ་ལྟོས་ནས་དེ་སྐྱེད་པར་ནུས་པའི་ཕྱིར་ཞེ་ན། བསལ་བ་དེ་དག་ཆོས་ཅན། ཇི་ལྟར་སྤྱི་འཛིན་གྱི་བློ་གཅིག་ཉིད་ལ་ཕན་པ་མ་ཡིན་ཏེ། སྤྱིས་སྤྱི་འཛིན་གྱི་བློ་དེ་གཅིག་སྐྱེད་པ་ལ་ཕན་པའི་ཕྱིར་ནའོ། །འདོད་ན་སྤྱི་འཛིན་གྱི་བློ་འདི་ཆོས་ཅན། བསལ་བ་དེ་རྣམས་ཀྱི་འབྲས་བུར་འགྱུར་ཏེ། དེས་ཁྱོད་ལ་ཕན་འདོགས་པའི་ཕྱིར། ཁྱབ་སྟེ། ཕན་འདོགས་གང་ཡིན་སྐྱེད་པ་ཡིན་པའི་ཕྱིར། གལ་ཏེ་ཐ་དད་པ་མ་ཡིན་པ་གཅིག་ཏུ་སྣང་བའི་བློ་དེ་བསལ་བ་ཐ་དད་པ་རྣམས་ལ་དམིགས་པར་མི་འདོད་དོ་ཞེ་ན། སྤྱི་འཛིན་གྱི་བློ་ཆོས་ཅན། ཁྱོད་ཀྱི་སྣང་བ་རྣམས་ཐ་དད་པ་ཡིན་ཏེ། བསལ་བ་དེ་དག་མཚུངས་སོ་ཞེས་འཛིན་པའི་ཕྱིར། གལ་ཏེ་སྤྱི་འཛིན་གྱི་བློས་བསལ་བ་ཐ་དད་པ་རྣམས་ཇི་ལྟར་བཟུང་བར་བྱ་བ་ཡིན་ཏེ། བསལ་བ་དེ་དག་མཚུངས་པར་བཟུང་བའི་ཕྱིར་ནའོ་ཞེ་ན། བུམ་བསལ་རྣམས་ཆོས་ཅན། མཚུངས་ཞེས་བརྗོད་དེ། འབྲས་བུ་རིགས་གཅིག་བྱེད་པར་འདྲ་བའི་ཕྱིར། མི་འཐད་དེ། བུམ་བསལ་དེ་དག་གི་འབྲས་བློ་དེ་ཡང་ཐ་དད་དོ་ཞེ་ན། བུམ་བསལ་སོ་སོ་འཛིན་པའི་བློ་ནི་ཆོས་ཅན། རིགས་ཐ་དད་མེད་པ་ཡིན་ཏེ། རང་རིགས་གཅིག་ཏུ་རྟོགས་པའི་རྒྱུ་ཡི་ཕྱིར་རོ། །བསལ་བ་རྣམས་ཀྱང་ཆོས་ཅན། རིགས་ཐ་མི་དད་དེ། མཚུངས་པར་འཛིན་པའི་བློ་གཅིག་གི་རྒྱུ་ཡི་དངོས་པོ་ཡིས་སོ། །བཞི་པ་ནི། བུམ་པ་ཞེས་པའི་བརྡ་ནི་ཆོས་ཅན། གཞན་སེལ་དེའི་སྒོ་ནས་བུམ་བསལ་རང་མཚན་རིག་པ་སྟེ་འཐོབ་པའི་དོན་ཅན་ཡིན་ཏེ། བུམ་བསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དེ་ཡང་སེལ་ངོར་ཆུ་སྐྱོར་བ་དེ་ཡི་འབྲས་བུ་ཅན་མ་ཡིན་པ་དང་བྲལ་ཙམ་གྱི་གཞན་སེལ་ལ་བྱ་བ་ཡིན་གྱི། དེ་ལས་གཞན་པའི་བུམ་བསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་བ་མ་མཐོང་བའི་ཕྱིར་དང༌། དེ་འདྲ་བཀག་པའི་ཕྱིར་ཡང་ངོ༌། །འོ་ན་འཇུག་ཡུལ་མི་འཐོབ་པར་ཐལ། གཞན་སེལ་དངོས་མེད་དེ་ཁོ་ན་བརྗོད་པའི་ཕྱིར་ཞེ་ན། རྟོག་བློ་ཁྱད་པར་གསུམ་ལྡན་སྐྱེད་པར་བྱེད་པའི་བུམ་པ་ཞེས་པའི་སྒྲ་དེ་ཡང་ཆོས་ཅན། དོན་བུམ་བསལ་རང་མཚན་ལ་མི་སླུ་བ་ཡོད་པར་འདོད་དེ། ཆུ་སྐྱོར་བའི་བྱ་བ་དེ་མི་བྱེད་པ་ཡོངས་སུ་སྤངས་པའི་ཡན་ལག་གི་ངོ་བོ་ཡིན་པའི་ཕྱིར་དང༌། བུམ་བསལ་གྱི་དངོས་པོ་ཐ་དད་པ་ལ་བརྒྱུད་ནས་བརྟེན་པ་ཅན་ཡིན་པའི་ཕྱིར། ཁྱད་པར་གསུམ་པོ་གང་ཡིན་ཞེ་ན། ཆུ་སྐྱོར་བ་སོགས་ཀྱི་བྱ་བ་དེ་བྱེད་པ་མ་ཡིན་པ་སེལ་ངོའི་བུམ་བསལ་རྣམས་ལ་དེ་བྱེད་པ་དང་འདྲ་བའི་ངོ་བོར་སྣང་བ་ཅན་དང༌། བུམ་བསལ་རང་མཚན་གྱི་དངོས་པོ་ཐ་དད་པའི་དངོས་པོ་ཙམ་གྱི་ས་བོན་ཅན་དང་རང་ལ་སྣང་བ་དོན་ལ་མེད་པའོ། །དེའི་ཕྱིར་བུམ་པའི་ཡུལ་ཅན་གྱི་སྒྲ་རྟོག་ཆོས་ཅན། གཞན་སེལ་བའི་སྒོ་ནས་རང་མཚན་འཇུག་ཡུལ་དུ་བྱེད་པ་ཅན་ཡིན་ཏེ། ཆུ་སྐྱོར་བ་སོགས་ཀྱི་བྱ་བ་དེ་བྱེད་པའི་རང་མཚན་ལ་བརྒྱུད་ནས་བརྟེན་པའི་ངོ་བོ་ཅན་ཡིན་པའི་ཕྱིར་རོ། །དེ་ལ། རང་ལུགས་བུམ་པའི་སྤྱི་འཛིན་བློ། །ལྡོག་པའི་ཆོས་ལ་ལྟོས་མེད་པར། །བུམ་བསལ་རང་མཚན་ཉིད་ལས་སྐྱེ། །སེལ་ངོར་མཚུངས་ལ་སྤྱི་ཞེས་བརྗོད། །དེ་ཡི་འཛིན་སྟངས་བཟུང་བྱ་ལ། །གཞན་སེལ་ཞེས་སུ་བཏགས་པ་སྟེ། །སྒྲ་ཡིས་དངོས་སུ་དེར་བརྗོད་ནས། །སྣང་བརྟགས་སོ་སོར་མ་ཕྱེ་བར། །སྒྲ་རྟོག་གཉིས་ཀྱིས་འཇུག་པའི་ཡུལ། །རང་མཚན་ཁོ་ནར་ངེས་པའོ། །ཞེས་སོ། །གཉིས་པ་ལ་བཞི་སྟེ། རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བའི་དང༌། སྒྲ་ལ་སེལ་འཇུག་གིས་མ་ཁྱབ་པའི་དང༌། སེལ་བ་ཐུག་མེད་དུ་ཐལ་བའི་དང༌། སྒྲ་བློ་རྣམ་གྲངས་པར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། གཞོན་ནུ་མ་ལེན་ལ་སོགས་པ་ཁ་ཅིག་ན་རེ། ཤིང་ཞེས་པའི་སྒྲས་ཤིང་མ་ཡིན་ལས་ལོག་པའི་ལྡོག་པ་ཡི་སྒོ་ནས་ཤིང་གི་དོན་འཛིན་ན་ཤིང་དང་ཤིང་མ་ཡིན་གཉིས་པོ་དག་ཆོས་ཅན། གང་རུང་གཅིག་འཛིན་པ་མེད་ན་གཉིས་ཀ་མི་འཛིན་པར་འགྱུར་ཏེ། རྟོགས་པ་ཕན་ཚུན་བརྟེན་པས་སོ། །དེ་ཡི་ཕྱིར་ན་གཞན་སེལ་ལ་བརྡར་བཏགས་པ་མི་སྲིད་དོ་ཞེས་སྨྲའོ། །ལན་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། རྒོལ་བ་དེ་དག་གི་ལུགས་ལ་ནི་ཤིང་གི་བརྡར་འདོགས་པ་ལ་ཤིང་མ་ཡིན་རྣམ་པར་གཅོད་དམ་གཅོད་པ་མ་ཡིན་ཞེས་དྲི། གལ་ཏེ་རྣམ་པར་གཅོད་ན་ཤིང་གི་དོན་འཛིན་པ་མེད་ན་ཤིང་མ་ཡིན་ཇི་ལྟར་ཤེས་ཏེ། ཕན་ཚུན་བརྟེན་པའི་ཕྱིར་རོ། །ཤིང་ཞེས་པའི་བརྡ་ལས་ཤིང་མ་ཡིན་དེ་དག་མི་སེལ་ན་ཤིང་གི་ཐ་སྙད་འདོགས་པར་བྱེད་པ་རྣམས་ཆོས་ཅན། ཤིང་མ་ཡིན་དེ་ཡོངས་སུ་སྤངས་ནས་ཤིང་ལ་འཇུག་པར་ནི་མི་འགྱུར་ཏེ། ཤིང་མ་ཡིན་མི་སེལ་བའི་ཕྱིར། དཔེར་ན་ཤིང་ཞེས་པའི་སྒྲས་ཤིང་གི་ཁྱད་པར་ལ་འཇུག་པ་ཤིང་མ་ཡིན་སེལ་བ་ལ་རག་ལས་པ་བཞིན་ནོ། །གལ་ཏེ་དེ་ལྟར་ཐལ་བས་མི་གནོད་དེ། གཞན་ཤིང་མ་ཡིན་དགག་པ་དང་ཤིང་སྒྲུབ་པ་གཉིས་ཀ་མི་བྱེད་པར་མདུན་ན་གནས་པའི་ལྗོན་པ་གཅིག་གཅིག་རབ་ཏུ་བསྟན་ནས་འདི་ཤིང་ཡིན་ནོ་ཞེས་བརྡ་བྱེད་ལ། ཐ་སྙད་འདོགས་པའི་ཚེ་ན་ཡང་ལྗོན་པ་དེ་ལ་ཤིང་དུ་རྟོགས་པར་འགྱུར་བ་དེའི་ཕྱིར་གལ་ཏེ་རྣམ་གཅོད་ཅེས་སོགས་ཀྱི་ཉེས་པ་འདི་ནི་མེད་དོ་སྙམ་ན། ཉེས་པ་སྤོང་མི་ནུས་ཏེ། ལྗོན་པ་འདི་ཡང་ཤིང་ཡིན་ཞེས་མི་ལྡན་རྣམ་གཅོད་དུ་སྦྱོར་ན་ནི་བརྡ་ལས་དེ་དག་ཅེས་བྱ་བའི་ཐལ་བ་ལྡོག་པ་མེད། འདི་ཁོ་ན་ཤིང་ཡིན་ཞེས་གཞན་ལྡན་རྣམ་གཅོད་དུ་སྦྱོར་ན་ནི་གལ་ཏེ་རྣམ་གཅོད་ཅེས་བྱ་བའི་ཐལ་བ་ལྡོག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། བརྡ་སྦྱོར་བའི་སྔོན་དུ་ཤིང་བསལ་རྣམས་རིགས་གཅིག་ཏུ་རྟོགས་པ་ཞེས་བྱ་བའི་ཤེས་པ་ནི་གཅིག་ལ་གནས་པའི་རྟོགས་པ་པོ་སྟེ་བརྡ་སྦྱོར་མཁན་པོས་ཤིང་འཛིན་རྟོག་བློའི་རྒྱུའི་དོན་དེ་དང་དེ་མ་ཡིན་པ་རྣམས་ཀྱི་བདག་ཉིད་སོ་སོར་རྣམ་པར་འབྱེད་པར་བྱེད་དོ། །དེ་ལྟར་ཕྱེ་བ་ལ་བརྟེན་ནས་ཤིང་འཛིན་རྟོག་བློ་དེ་ལ་ནི་ཡོད་པ་སྟེ་སྣང་བའི་ཤིང་བསལ་གྱི་དངོས་པོ་རྣམས་ཤིང་འཛིན་གྱི་བློའི་རྒྱུ་ཉིད་དུ་སྣང་བ་དང༌། རྒྱུ་མ་ཡིན་པའི་ངོ་བོ་བྲལ་བ་དང༌། ངོ་བོ་གཅིག་འདྲ་བར་སྣང་བའི་བདག་ཉིད་ཀྱིས་ཤིང་དང་ཤིང་མ་ཡིན་ཐ་དད་པར་ནི་ཤེས་པར་འགྱུར་རོ། །དེ་ལྟར་ཤེས་པས་སེལ་ངོར་ཤིང་མ་ཡིན་ལས་ཐ་དད་པའི་གཞན་སེལ་ལ་ཤིང་ཞེས་པའི་བརྡ་སྐད་སྦྱོར་ཏེ། གཞན་སེལ་ལ་བརྡ་སྦྱར་བ་དེ་ལས་རང་མཚན་དེ་རྟོགས་པའམ་འཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་འགྱུར་ཏེ། བློ་འཁྲུལ་པས་གཞན་སེལ་དང་རང་མཚན་གྱི་དངོས་པོ་གཅིག་ལྟར་དུ་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་ཞེས་བརྗོད་པའི་སྒྲ་དེ་སེལ་འཇུག་མ་ཡིན་ཏེ། བསལ་བྱ་ཤེས་བྱ་མ་ཡིན་པ་མི་སྲིད་པའི་ཕྱིར་རོ་ཞེ་ན། ཤེས་བྱ་ཞེས་བརྗོད་པ་ལ་སོགས་པའི་ཚིག་ཐ་སྙད་དུ་ནི་འཇོག་པ་རྣམས་ལ་ཆོས་ཅན། ལོག་ཕྱོགས་རྣམ་པར་གཅོད་པ་འགའ་ཞིག་ཡོད་དེ། གཞན་དུ་ན་སྒྲ་སྦྱོར་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཁྱབ་སྒྲུབ་ནི། ཉན་པ་པོའི་བློ་ནི་དོན་མ་ཡིན་པ་འགའ་ལས་རྣམ་པར་བཟློག་ནས་རང་གི་ཞེན་དོན་འགའ་ཞིག་ལ་འཇུག་པར་བྱ་བའི་ཕྱིར་དུ་རྗོད་བྱེད་ཀྱི་སྒྲ་ནི་རབ་ཏུ་སྦྱོར་བར་བྱེད་དེ། རྗོད་བྱེད་ཀྱི་ཚིག་དེས་བརྗོད་བྱའི་དོན་དེ་ངེས་པར་བཟུང་བའི་ཕྱིར་རོ། །གསུམ་པ་ནི། གཞན་སེལ་ཞེས་པའི་སྒྲ་དེ་སེལ་འཇུག་ཡིན་ནམ་མ་ཡིན། ཡིན་ན་གཞན་སེལ་ཐུག་མེད་དུ་འགྱུར་ཏེ། གཞན་སེལ་ལ་ཡང་དེའི་གཞན་སེལ་སོགས་དགོས་པའི་ཕྱིར་ཞེ་ན། སེལ་བ་ཐུག་མེད་དུ་ཐལ་བ་མེད་དེ། རྗོད་བྱེད་ཀྱི་སྒྲ་གང་ཞིག་རང་གི་བརྗོད་བྱའི་དོན་གང་ལས་ཐ་དད་པ་དེ་རྣམ་པར་བཟློག་ནས་བརྗོད་དོན་མ་ཡིན་པ་དེ་དག་ལས་ཐ་དད་པའི་ཁྱད་པར་རང་མཚན་རྣམས་མཚུངས་པར་འཛིན་པའི་རྒྱུར་གྱུར་པའི་དོན་གྱི་རྣམ་པ་སྣང་བ་ཅན་ལ་འགོད་པའི་ཕྱིར། དེ་ཉིད་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། སློབ་དཔོན་གྱིས་སྒྲས་ནི་གཞན་ལས་ལོག་པའི་ལྡོག་པ་ཡིས་དངོས་པོ་རང་མཚན་དེའི་ཆ་འགའ་ཞིག་རྟོགས་ཤིང་འཐོབ་པར་འགྱུར་ཞེས་པའི་ལུང་གིས་རབ་ཏུ་བཤད་པའི་ཕྱིར་རོ། །ལུང་གཉིས་པ་ཡང་ཤཱཀ་བློས་སྒྲས་ནི་དོན་གཞན་སེལ་བར་བྱེད་ཅིང༌། རང་གི་དོན་དག་བརྗོད་པར་བྱེད་དོ། །ཞེས་ཀྱང་དྲངས་སོ། །གལ་ཏེ་ཤིང་ཞེས་པའི་སྒྲ་ལས་ཤིང་བསལ་རང་མཚན་ལ་མི་འཇུག་པར་ཐལ། གཞན་སེལ་དངོས་མེད་དེ་བརྗོད་པའི་ཕྱིར་ཞེ་ན། གཞན་སེལ་འདི་ལའང་དངོས་པོའི་ངོ་བོ་ཅུང་ཟད་མེད་མོད། ཤིང་ཞེས་པའི་སྒྲ་རྣམས་ལས་གཞན་སེལ་དེ་རྟོགས་པ་ཉིད་ཀྱིས་གཞན་ཤིང་མ་ཡིན་ལས་ལོག་པའི་ཤིང་བསལ་རང་མཚན་རྟོགས་པར་འགྱུར་བ་ཡིན་ཏེ། ཤིང་ཞེས་པའི་སྒྲ་དེ་ལ་ནི་སྤྱི་དངོས་པོ་བ་འགའ་ཡིས་ཁྱད་པར་དུ་བྱས་པའི་རྫས་གཞན་འགའ་ཞིག་རྟོགས་པར་འགྱུར་བ་མེད་པའི་ཕྱིར། སྒྲ་གཞན་སེལ་གྱི་སྒོ་ནས་སྦྱོར་ན་དགག་བྱ་ཚིག་གིས་ཟིན་པར་བརྗོད་དགོས་སམ་ཞེ་ན། ཤིང་ཞེས་པ་གཅིག་པུས་ཆོག་པ་ཡིན་གྱི། ཤིང་མ་ཡིན་ལས་ལོག་པའི་ཤིང་ཞེས་པ་ལྟ་བུ་དགག་སྒྲུབ་ཀྱི་སྒྲ་གཉིས་དངོས་སུ་སྦྱོར་བར་བྱེད་དགོས་པའང་མ་ཡིན་ཏེ། ཤིང་དང་ཤིང་མ་ཡིན་ནི་ཕན་ཚུན་དུ་གཅིག་ལ་གཅིག་ཡོད་པ་མ་ཡིན་པའི་ཕྱིར། ཤིང་གི་གཞན་སེལ་ཆོས་ཅན། དངོས་པོར་ཐལ། རྟོག་པ་ལ་དེར་སྣང་བའི་ཕྱིར་ཞེ་ན། རྟོག་པ་ལ་དངོས་པོར་སྣང་བ་དེ་ཉིད་ཀྱི་ཕྱིར་ན་ཤིང་གི་གཞན་སེལ་འདི་དོན་དམ་དུ་སྒྲུབ་ནུས་པ་མ་ཡིན་ཏེ། གཞན་སེལ་འདི་དངོས་པོར་མེད་པ་ལ་དངོས་པོ་དང་ལྡན་པ་ཉིད་དུ་མཐོང་བ་ནི་བློ་འཁྲུལ་པ་ཡིས་བསླད་པ་ཡིན་པའི་ཕྱིར། གཞན་དུ་ན་གཞན་སེལ་དེ་ཤ་པ་དང་རྫས་གཅིག་གམ་རྫས་ཐ་དད། དང་པོ་ལྟར་ན་ཤིང་མ་ཡིན་གྱི་དངོས་པོ་ལས་ལྡོག་པའི་ཙནྡན་ཤིང་གི་དངོས་པོར་མི་འགྱུར་ལ། གཉིས་པ་ལྟར་ན། ཤ་པ་ཤིང་གི་དངོས་པོར་མི་འགྱུར་ཏེ། ཤ་པ་དང་ཙནྡན་འདི་ཤིང་གི་གཞན་སེལ་འདི་ལས་རྫས་ཐ་དད་དོ་ཞེས་ནི་བརྗོད་པའི་ཕྱིར་རོ། །བཞི་པ་ནི། སྒྲ་རྟོག་གཞན་སེལ་ལ་འཇུག་ན་དགག་གྲུབ་གཅིག་ཆར་དུ་རྟོག་པར་འགྱུར་ཏེ། སྒྲའི་སྟེང་གི་མ་བྱས་པ་བསལ་བའི་དང་རྟག་པ་བསལ་བའི་གཞན་སེལ་གཉིས་ལ་ཐ་དད་པ་མེད་པའི་ཕྱིར་ཞེ་ན། སྒྲའི་སྟེང་དུ་འདྲེས་པ་ལྟ་བུར་སྣང་བའི་དོན་རྟག་པ་ལྟ་བུ་ཅིག་གཅོད་པ་ན། མི་རྟག་ཅེས་པའི་སྒྲའམ་བྱས་པའི་རྟགས་ནི་སྒྲའི་སྟེང་དུ་རྟག་པ་གཅིག་པུ་སེལ་བའི་བྱ་བ་བྱེད་ཀྱི། རྟགས་དང་རྗེས་དཔག་དེ་ལ་རྟག་པ་བཅད་པ་ཡི་དངོས་པོའི་ངོ་བོ་བརྗོད་བྱར་བྱེད་པ་ཅི་ཡང་མེད་པའི་ཕྱིར་ན་ངེད་ཀྱི་ཕྱོགས་ལ་ཉེས་པ་དེ་མི་འཇུག་ལ། རྒོལ་བ་ཁྱོད་ལྟར་ན་འབྲས་བུའམ་དགོས་པ་དུ་མ་ཅན་གྱི་སྒྲ་དང་རྟོག་པ་རྣམས་རྟེན་ནམ་ཡུལ་གཅིག་ལ་འཇུག་པར་འགྱུར་ཏེ། བྱས་པ་ཞེས་པའི་ཚིག་གང་གི་བརྗོད་པར་བྱེད་པ་ལས་མི་རྟག་པ་སོགས་ཀྱི་ཆོས་མ་ལུས་པར་ནི་རྟོགས་པར་འགྱུར་བ་སྒྲ་རྟོག་ཡུལ་ལ་དངོས་པོའི་དབང་གིས་འཇུག་པའི་ནུས་པ་ཡིན་པ་དེས་ནའོ། །དོན་ནི་ཨུཏྤལ་ཞེས་པའི་སྒྲས་སྔོན་པོ་བརྗོད་པར་ཐལ་བ་དང༌། གཅིག་ཤོས་ཀྱིས་ཀྱང་དེ་བརྗོད་པར་ཐལ་ཞེས་པའོ། །དེ་ལ་འོ་ན་གཞི་མཐུན་བརྗོད་པའི་སྒྲ་མི་སྲིད་པར་འགྱུར་རོ་ཞེ་ན། ཨུཏྤལ་སྔོན་པོ་དེ་ཨུཏྤལ་དང་སྔོན་པོ་གཉིས་ཀས་ཁྱབ་པའི་ཆོས་ཅན་གཅིག་པུ་ཉིད་དུ་རྟོག་པ་ལ་སྣང་བའི་ཚེ་བློ་རྟོག་པའི་ངོར་བྱས་ནས་གཞི་མཐུན་པ་ནི་ཉིད་དུ་འགྱུར་ཏེ། གང་གི་ཚེའམ་ཕྱིར་ན་སྔོན་པོ་ཞེས་པའི་སྒྲས་སྔོ་མིན་བསལ་བའི་རྣམ་གཅོད་གཅིག་གཅིག་སྟོན་པ་ན་གཞན་ཨུཏྤལ་མི་སྤོང་བར་གནས། གཅིག་ཤོས་ཀྱིས་ཀྱང་སྔོན་པོ་མི་སྤོང་བར་གནས་པ་དེས་ནའོ། །དེ་སྒྲུབ་པ་ནི། སྔོན་པོ་ཞེས་པའི་སྒྲ་ནི་སྔོ་མིན་རྣམས་གཅོད་བྱེད་པ་ན་དངོས་པོའི་ཆོས་ཨུཏྤལ་ལ་རེག་པར་འགྱུར་བ་ཡིན་ཏེ། སེལ་ངོར་སྔོ་མིན་བསལ་བ་དེ་ནི་ཨུཏྤལ་དེ་ལ་ཡོད་ཅེས་བྱ་བ་དང་གཅིག་ཤོས་ཀྱང་སྔོན་པོ་ལ་ཡོད་ཅེས་བྱ་བའི་ཕྱིར། སྔར་གཉིས་ཀས་གཅིག་བརྗོད་ཅེས་པའང་དོན་འདི་ཉིད་དེ། རྟ་མ་ཡིན་པ་དང་བ་ལང་ཞེས་བརྗོད་པའི་སྒྲས་དོན་དེ་དང་དེ་སོ་སོར་མི་སྤོང་བ་ལ་འཆད་དགོས་ཀྱི། བརྗོད་པ་ཉིད་དུ་བཤད་ན་རྟེན་གཅིག་འགྱུར་ཞེས་པས་གནོད་དོ། །གཉིས་ཀས་དོན་གཅིག་བརྗོད་པར་ཁས་ལེན་ན་བ་ལང་གི་བ་ལང་ཉིད་ཅེས་པ་ལྟ་བུ་ལ་སྦྱར་ནས་ལོག་ལྡོག་སོ་སོར་དབྱེའོ། །ཨུཏྤལ་སྔོན་པོ་ཞེས་བརྗོད་པའི་ཚེ་རྫས་ལྡོག་སོ་སོ་ལ་བསམ་པས་གཉིས་པོ་ཆོས་དང་ཆོས་ཅན་དུ་འགྱུར་མོད། བརྗོད་ཚུལ་ནི་ཆོས་ཅན་བརྗོད་པ་ཞེས་བྱ་སྟེ། གཞི་མཐུན་བརྗོད་པའི་སྒྲ་ཡིན་པས་སོ། །མདོར་ན་སྤྱི་དངོས་པོ་བ་གཅིག་ནི་སྒྲས་བརྗོད་པར་བྱེད་པ་མ་ཡིན་ཏེ། བློ་ལ་སྣང་བ་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྣང་རུང་གི་དངོས་པོ་ལ་མ་དམིགས་ན་མེད་པས་ཁྱབ་པ་ངེས་པའི་ཕྱིར་རོ། །གསུམ་པ་ནི། སྒྲ་རྟོག་སྒྲུབ་འཇུག་ལ་སྐྱོན་ཡོད་པ་དེའི་ཕྱིར་སྤྱིའི་ཡུལ་ཅན་གྱི་སྒྲ་རྣམས་དང་ནི་བློ་ཉིད་ཀྱང་གཞན་སེལ་བའི་ཡུལ་ཅན་དུ་བསྟན་ཏེ། སྤྱི་དེ་དག་དངོས་པོ་ལ་མི་སྲིད་པའི་ཕྱིར། སྲིད་ན་སྤྱི་བསལ་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། བུམ་བསལ་གྱི་དངོས་པོ་ཆོས་ཅན། ཁྱོད་ཀྱི་ངོ་བོ་བློ་མ་འཁྲུལ་བ་ལ་ཐ་དད་དུ་གང་ལས་སྣང་སྟེ་ངོ་བོ་གཅིག་ཉིད་ཡིན་པའི་ཕྱིར། བུམ་སྤྱི་གཅིག་ནི་ཆོས་ཅན། གསེར་བུམ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཀའི་སྤྱོད་ཡུལ་ཅན་མ་ཡིན་ཏེ། དོན་གཅིག་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན། དབྱེར་མེད་པ་སྟེ་གཞི་མཐུན་པའི་ཐ་སྙད་དག་ཀྱང་རྒྱུ་མེད་པར་འགྱུར་ཏེ། སྤྱི་བསལ་རྫས་ཐ་དད་པར་གྱུར་པའི་ཕྱིར། འོ་ན་ཁྱེད་རང་ལའང་མཚུངས་སོ་ཞེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། སྤྱི་བསལ་རྫས་གཅིག་དང་རྫས་ཐ་དད་དུ་བརྟགས་པའི་ཐལ་འགྱུར་གྱི་ཉེས་པ་དེ་དག་མེད་དེ། ལྡོག་པ་གཞན་སེལ་དེ་དངོས་པོར་མེད་ཅིང༌། སེལ་ངོར་བསལ་བ་ཀུན་ལ་ཁྱབ་བྱེད་དུ་ཡོད་པའི་ཕྱིར། བཞི་པ་ལ་གཉིས་ཏེ། སྤྱི་དོན་གཞན་མེད་ན་དུ་མ་ལ་སྒྲ་བློ་གཅིག་མི་འཇུག་པར་ཐལ་བ་བྱེ་བྲག་པའི་རྩོད་པ་སྤང་བ་དང༌། སྤྱི་གཙོ་བོ་མེད་ན་དུ་མས་འབྲས་བུ་གཅིག་མི་སྐྱེད་པར་ཐལ་བ་གྲངས་ཅན་གྱི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་བུམ་བསལ་རྣམས་ལ་བུམ་པ་ཉིད་ཅེས་བྱ་བའི་སྤྱི་དོན་གཞན་ཡོད་དེ། སྒྲ་རྟོག་གཅིག་འཇུག་པའི་ཕྱིར་ཞེ་ན། དེ་ལ་གཉིས་ཏེ། སྒྲ་རྟོག་གཅིག་འཇུག་པ་གཞན་སེལ་ལ་ལྟོས་པར་བསྟན། སྤྱི་དོན་གཞན་ལ་མི་ལྟོས་པར་བསྟན་པའོ། །དང་པོ་ནི། ཆུ་སྐྱོར་བ་དེ་ཡི་འབྲས་བུ་རིགས་གཅིག་པ་དེ་ཡོངས་སུ་བསྟན་པའི་ཕྱིར་དུ་བུམ་བསལ་ཐ་དད་པ་འབྲས་བུ་རིགས་གཅིག་བྱེད་པ་དག་ལ། བརྡ་སྦྱོར་རྒན་པོས་བུམ་པ་ཞེས་པའི་སྒྲ་གཅིག་བརྡར་བྱས་པ་ཆོས་ཅན། སྤྱི་དངོས་པོ་བ་གཅིག་གི་རྒྱུ་མཚན་ཅན་མ་ཡིན་ཏེ། སེལ་ངོར་ཆུ་སྐྱོར་བ་དེའི་འབྲས་བུ་མེད་པ་ཅན་ལས་ལོག་པར་ལྡོག་པ་ཡི་ནི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། དངོས་པོ་རང་མཚན་ལ་བརྡ་དངོས་སུ་སྦྱོར་བ་མ་ཡིན་ཏེ། རང་མཚན་ཐ་དད་པ་དག་སྒྲས་དངོས་སུ་བསྟན་པ་ནི་དཀའ་བ་དང་མི་ནུས་པ་དང་འབྲས་བུ་མེད་པའི་ཕྱིར་ཡིན་ཏེ། དངོས་པོ་ཀུན་རང་རང་གི་ངོ་བོ་ལ་མ་འདྲེས་པར་གནས་པའི་ཕྱིར། དཔེར་ན་ཁྲ་བོ་ཡི་ནི་ངོ་བོ་གང་ཡིན་པ་དེ་ནི་སེར་སྐྱ་ལ་ཡོད་པ་མ་ཡིན་པ་བཞིན་ནོ། །རྩ་བའི་གཏན་ཚིགས་ནི་སེལ་ངོར་ཆུ་སྐྱོར་བ་ལྟ་བུའི་དོན་ལ་ཐ་དད་མེད་པར་ཡང་སྒྲའི་ཐ་དད་མི་རིགས་སོ་སྟེ་སྒྲ་གཅིག་སྦྱོར་བར་རིགས་ཏེ། སེལ་ངོར་ཆུ་སྐྱོར་བ་དེའི་འབྲས་བུ་མ་ཡིན་པ་ལས་ལོག་པའི་ལྡོག་པ་དེ་བརྡ་དང་ཐ་སྙད་ཀྱི་དུས་གཉིས་ཀ་དག་ལ་ཡང་ཡོད་པ་ཡིན་པའི་ཕྱིར། དེའི་ཕྱིར་བརྡ་སྦྱར་བ་དེའི་འབྲས་བུ་དོན་གོ་བ་དེ་འདོད་ན་ཡང་སེལ་ངོར་དེ་འབྲས་མེད་ལས་ཐ་དད་པ་ཉིད་ལ་སྦྱོར་རིགས་ཏེ། དཔེར་ན་མིག་ལ་སོགས་པའི་རྐྱེན་གསུམ་པོ་དེ་ལ་གཟུགས་རྣམ་པར་ཤེས་པའི་ཤེས་པ་གཅིག་གི་འབྲས་བུ་ཅན་ཞེས་པའི་སྒྲ་གཅིག་གིས་སྟོན་པ་དག་ནི་སྲིད་པར་འགྱུར་བ་བཞིན་ནོ། །དེ་ལ་དེས་སྟོན་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་ཁྱད་པར་མེད་པའི་འབྲས་བུ་རྣམ་ཤེས་གཅིག་སྐྱེད་པའི་ཕྱིར་རོ། །དགོས་པ་ནི། རྐྱེན་གསུམ་པོ་དེའི་ངོ་བོ་སྤྱི་ལས་ནི་ཐ་དད་མེད་དུ་ཟིན་ཀྱང་རྣམ་ཤེས་གཅིག་གི་འབྲས་བུ་ཅན་ཞེས་པའི་བརྡ་ལས་བྱུང་བ་སྙད་པར་བྱ་བ་ཆོས་ཅན། དགོས་པ་ཡོད་དེ། རྐྱེན་གསུམ་པོ་ཀུན་དུས་འགའ་ཞིག་གི་ཚེ་གཅིག་ཆར་དུ་རྟོགས་པར་བྱ་བའི་ཕྱིར་ཡིན་པས་སོ། །གཉིས་པ་ནི། གལ་ཏེ་སྤྱི་དངོས་པོ་བ་གཅིག་གནས་པའི་ཕྱིར་ན་བསལ་བ་མང་པོ་དག་ལའང་མཉན་པ་གཅིག་འཇུག་གོ་ཞེ་ན། ལན་ལ་གཉིས་ཏེ། བརྟགས་ན་གནས་པ་མི་འཐད་པ་དང༌། འཐད་དུ་ཆུག་ཀྱང་བསལ་བ་གསར་བྱུང་ལ་མཉན་པ་གཅིག་མི་འཇུག་པར་ཐལ་བའོ། །དང་པོ་ལ་བསྟན་པ་ནི། སྤྱི་བསལ་བ་ལ་གནས་པའི་དོན་དེ་ལ་བརྟེན་པ་ཡིན་ནམ་དེས་བསལ་བར་བྱས་པ་ཡིན། དེ་གཉིས་ཀ་ལྟར་ཡང་སྤྱི་བསལ་དེ་ལ་མི་རིགས་སོ་ཞེས་མདོར་བསྟན་ནས། བཤད་པ་ལ་གཉིས་ཏེ། དེ་ལ་བརྟེན་པ་མི་འཐད། དེས་བསལ་བར་བྱས་པ་ཡང་མི་འཐད་པའོ། །དང་པོ་ནི། སྤྱི་རྟག་པ་ཆོས་ཅན། བསལ་བ་ལ་བརྟེན་པ་མ་ཡིན་ཏེ། དེས་ཁྱོད་ལ་ཕན་འདོགས་པ་མེད་པའི་ཕྱིར། ལྡོག་ཁྱབ་ནི། མཐུར་དུ་ལྟུང་བའི་ངང་ཚུལ་ཅན་གྱི་རྒྱ་ཤུགས་སོགས་ལའང་མི་ལྟུང་བ་དེའི་ཡུལ་ཅན་དུ་སྐྱེད་པ་ནི་མཁར་གཞོང་ལ་སོགས་པས་ནུས་ལ། དེ་འདྲ་དེ་ཡང་སྤྱི་བསལ་དེ་ལ་མི་སྲིད་དོ། །དེ་སྒྲུབ་པ་ནི། དེ་ཆོས་ཅན། བསལ་བ་ལ་གནས་ཤིང་བརྟེན་པ་མ་ཡིན་ཏེ། བསལ་བ་དེ་མེད་ན་ཡང་རྟག་པར་གནས་པའི་ཕྱིར། རྟག་པར་མི་གནས་པ་དེ་ཡང་མི་རིགས་ཏེ། སྤྱི་ཡི་གནས་པ་སྤྱི་དང་རྫས་ཐ་དད་པ་ཡིན་ནམ་རྫས་ཐ་དད་པ་མ་ཡིན་ཞེས་པ་ཡི་རྣམ་པར་དཔྱོད་པས་བརྟགས་ན་མི་རིགས་པ་ཉིད་ཀྱི་ཕྱིར་ཏེ། ཇི་སྐད་དུ། གནས་པ་པོ་ལས་གཞན་མིན་ཕྱིར། །གཞན་ཉིད་ན་ཡང་དེ་རྒྱུ་ཡིན། །ཅེས་བཤད་པ་དེའོ། །གཉིས་པ་ནི། བརྟེན་པའི་དོན་དེས་གསལ་བ་ལ་བྱེད་དོ་ཞེ་ན། གསལ་བྱ་བསལ་བྱེད་ཡིན་ན་འདི་ལྟ་བུ་ཞིག་དགོས་སོ་ཞེས་སྟོན་པ་ནི། མུན་ཁུང་གི་བུམ་གཟུགས་གང་ཡིན་པ་དེ་ཆོས་ཅན། སྒྲོན་འོད་ཀྱི་གསལ་བྱ་ཡིན་ཏེ། སྒྲོན་འོད་དེས་ཁྱོད་ཀྱི་བདག་ཉིད་ལ་དམིགས་པའི་རྣམ་ཤེས་སྐྱེད་རུང་བའི་དོན་དུ་བལྟ་བ་པོ་གཞན་གྱི་ངོར་བྱེད་པའི་ཕྱིར། སྒྲོན་འོད་ཆོས་ཅན། བུམ་གཟུགས་དེ་གསལ་བར་བྱེད་པའི་རྒྱུ་རུ་འདོད་དེ། བུམ་གཟུགས་དེ་རང་འཛིན་ཤེས་པ་སྐྱེ་རུང་ཉིད་ཀྱི་བྱེད་པ་པོ་ཡང་ཡིན་པའི་ཕྱིར། དེ་འདྲ་དེ་སྤྱི་གསལ་ལ་མི་སྲིད་དོ་ཞེས་པ་ནི། སྤྱི་འདི་ནི་ཆོས་ཅན། རང་འཛིན་ཤེས་པ་སྐྱེད་པ་གསལ་བ་དེ་ལ་ལྟོས་པ་མི་རུང་སྟེ། གསལ་བ་མེད་པའི་སྔ་ནས་དེ་སྐྱེད་རུང་ཉིད་ཀྱི་ཕྱིར་ནའོ། །སྤྱི་དེ་ནི་ཆོས་ཅན། སྤྱི་ལྡན་གསལ་བ་ལས་གསལ་བར་བྱེད་དགོས་པ་གང་ལས་ཡིན་ཏེ། འགྱུར་བ་མེད་པའི་ཕྱིར། གལ་ཏེ་མིག་སྨན་གྱིས་མིག་དབང་ལ་བཞིན་དུ་གསལ་བས་སྤྱི་ལ་ཕན་བཏགས་པས་དེ་དག་སྤྱི་འཛིན་གྱི་བློ་སྐྱེད་དོ་ཞེ་ན། མིག་སྨན་ལ་སོགས་པ་བཞིན་དུ་གསལ་བ་ལས་སྤྱི་འཛིན་གྱི་དབང་པོའང་འདུ་བྱེད་པ་མ་ཡིན་ཏེ། གསལ་བ་དེ་ནི་ཡོད་མེད་ཀྱི་དུས་དག་ལ་སྤྱི་འཛིན་གྱི་རྟོགས་པ་གསལ་མི་གསལ་ཐ་དད་མེད་པའི་ཕྱིར་རོ། །གལ་ཏེ་གསལ་བ་དེ་དག་རིགས་རྣམས་ཀྱི་ནི་གསལ་བྱེད་ཀྱང་ཡིན་པའི་རྒྱུ་མཚན་གྱིས་རིགས་དང་ལྡན་པར་འདོད་དོ་ཞེ་ན། སྒྲོན་མ་ལ་སོགས་ནི་ཆོས་ཅན། བ་ལང་ཉིད་སོགས་དེ་དང་ལྡན་པ་འཐོབ་པར་ཐལ། དེའི་གསལ་བྱེད་ཡིན་པའི་ཕྱིར། གཉིས་པ་ལ་བསྟན་པ་དང་བཤད་པའོ། །དང་པོ་ནི། བྱེ་བྲག་པ་གང་དག་རིགས་ནི་གསལ་བ་ལས་གཞན་ནམ་དེའི་ཉེས་སྤོང་དུ་གཞན་མ་ཡིན་པར་ཡོད་པ་ཉིད་དུ་འདོད་པ་དེའི་ལུགས་ལ་ཆོས་ཅན། སྔོན་མེད་པའི་གསལ་བ་གསར་བྱུང་རྣམས་ལ་ནི་སྤྱིའི་བློ་གྲོས་ཇི་ལྟར་འཇུག་པ་ཡིན་ཏེ། གཅིག་གསལ་བ་རྙིང་པ་ལ་ཡོད་པར་མཐོང་བའི་སྤྱི་དེ་ནི་གཞན་གསལ་བ་གསར་བྱུང་ལ་མཐོང་བ་མི་སྲིད་པའི་ཕྱིར། རྟགས་ཁས་བླངས་ཏེ། སྤྱི་དེ་གསལ་བ་རྙིང་པ་ལས་རྫས་གཞན་ཉིད་མ་ཡིན་ན་ནི་དེ་དང་རྫས་གཅིག་དགོས་པས་གསལ་བ་གསར་བྱུང་ལ་རྗེས་སུ་འགྲོ་བ་མེད། རྙིང་པ་ལས་རྫས་གཞན་ཉིད་དང་གསར་བྱུང་དང་རྫས་གཅིག་ན་ཡང་རྙིང་པ་དེ་ལ་བརྟེན་པ་སྟེ་རྗེས་སུ་འགྲོ་བ་མ་ཡིན་དགོས་པའི་ཕྱིར། མདོར་བསྟན་གྱི་གཞན་མིན་ཞེས་པ་བཤད་མ་ཐག་པ་འདི་ཡིན་གྱི་གྲངས་ཅན་ལ་སྦྱོར་བ་སྐབས་མ་ཡིན་ནོ། །གཉིས་པ་ནི། གཟེགས་ཟིན་གྱིས་སྤྱི་ནི་ཐམས་ཅད་དུ་སོང་བའོ་ཞེས་བཤད་པ་ལ། རྗེས་འབྲང་གཉིས་ལས། པེ་ཐ་ར་ནི་རྟེན་ཐམས་ཅད་དུ་སོང་བ་ལ་འདོད། པེ་ལུ་ཀ་ནི་ཡུལ་ཐམས་ཅད་དུ་སོང་བ་ལ་འདོད་དོ། །ལུགས་དང་པོ་དགག་པ་ནི། སྤྱི་དེ་ཆོས་ཅན། གསལ་བ་གསར་བྱུང་ལ་རྗེས་སུ་མི་འགྲོ་བར་ཐལ། གསལ་བ་གསར་བྱུང་སྐྱེས་པའི་ཡུལ་དེ་ནི་སྔར་ནས་ཡོད་པའང་མ་ཡིན། ཕྱིས་ཡོད་པའང་མ་ཡིན། ཆ་དང་ལྡན་པའང་མ་ཡིན། རང་གི་རྟེན་གསལ་བ་སྔ་མ་ནི་ཡོང་ཡེ་མི་འདོར་བའི་ཕྱིར། ཀྱེ་མ་འདོད་པ་འདི་ནི་ཕོངས་པའི་རྒྱུ་ཉིད་ཡིན་ནོ། །ཡོང་མི་འདོར་སྒྲུབ་པ་ནི། ཡུལ་གཞན་གྱི་གསལ་བ་ལ་གནས་པར་གྱུར་པའི་སྤྱི་དེ་ནི་ཆོས་ཅན། རང་གི་གནས་སམ་རྟེན་དེ་ལས་མི་གཡོ་བཞིན་དུ་དེ་ལས་གནས་སམ་རྟེན་གཞན་དུ་སྐྱེ་བ་ལ་གནས་ན་རྒོལ་བའི་འདོད་པ་དེ་ཤིན་ཏུ་རིགས་པར་ལྡན་ཡང༌། གསར་དུ་སྐྱེས་པའི་ཡུལ་ན་ཡོད་པ་ཅན་གྱི་གསལ་བ་དེ་དག་ལ་ཁྱབ་པ་དེ་ནི་གཅིག་ངོ་མཚར་ཆེ་སྟེ། གང་ན་གསལ་བ་གསར་བྱུང་གི་དངོས་པོ་དེ་གནས་པར་གྱུར་པའི་ཡུལ་དེར་ནི་འབྲེལ་བ་སྟེ་ཡོད་པའང་མ་ཡིན་པར་པེ་ཐ་ར་ཉིད་ཀྱིས་ཁས་བླངས་པའི་ཕྱིར། གཉིས་པ་ནི། པེ་ལུ་ཀ་ན་རེ། གསལ་བ་ཡོད་མེད་ཀྱི་ཡུལ་ཀུན་ན་རིགས་དེ་ཡོད་པའི་ཕྱིར་ན་ཉེས་པ་སྔ་མ་རྣམས་མེད་དོ་ཞེ་ན། སྤྱི་དེ་ཆོས་ཅན། གསལ་བ་ཡོད་མེད་ཀྱི་ཡུལ་ཀུན་ཏུ་མཐོང་བར་ཐལ། ཡུལ་ཀུན་ན་ཡོད་པ་གང་ཞིག ཆ་ཐ་དད་མེད་པའི་ཕྱིར་ན་ཡུལ་གཅིག་ཏུ་གསལ་བས་དེ་ཐམས་ཅད་དུ་གསལ་བ་ཉིད་ཡིན་པའི་ཕྱིར། འདོད་ན་སྤྱི་དེ་ཡང་ཆོས་ཅན། གསལ་བས་གསལ་བར་བྱས་པ་ལ་ལྟོས་པ་མ་ཡིན་པར་འགྱུར་ལ། འདོད་ན་སྤྱི་དང་དེ་དང་ལྡན་པ་དག་གི་རྟོགས་ཚུལ་གྲུབ་མཐའ་ལས་ཅིའི་ཕྱིར་ན་ལྡོག་པར་འདོད་དེ། གྲུབ་མཐའ་ལ་ནི་གསལ་བྱེད་ཀྱི་གསལ་བ་རྟོགས་པ་མ་ཡིན་ན་གསལ་བྱ་སྤྱི་དེ་ཡང་དག་པར་རྟོགས་པ་མ་ཡིན་པར་ཁས་བླངས་པའི་ཕྱིར། བྱེ་བྲག་པའི་ཐུན་མོང་གི་འདོད་པ་ནི། སྤྱི་དངོས་པོ་བ་གཅིག་མེད་ན་གསལ་བ་དུ་མ་ལ་སྤྱི་སྒྲ་གཅིག་འཇུག་པའི་རྒྱུ་མེད་དོ་ཞེས་ཟེར་བ་དེ་ཡང་མི་འཐད་དེ། ཐ་དད་མེད་པའི་དོན་སྤྱི་དངོས་པོ་བ་མེད་པར་ཡང་སྐྱེས་བུ་དུ་མ་ལ་འཚེད་པ་པོ་ཉིད་ལ་སོགས་པའི་སྒྲ་བརྗོད་པ་མཐོང་བ་ཡིན་པའི་ཕྱིར། འཚེད་པའི་ལས་དེ་དེའི་རྒྱུའོ་ཞེ་ན། ལས་དེ་ཆོས་ཅན། འཚེད་པ་པོ་ཞེས་པའི་སྒྲ་འཇུག་པའི་རྒྱུ་མ་ཡིན་པར་ཐལ། ཐ་དད་དུ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། ལས་ཀྱི་རིགས་དེ་དེའི་རྒྱུའོ་ཞེ་ན། འཚེད་ལས་འདི་ཡི་རིགས་ཆོས་ཅན། འཚེད་པ་པོ་ཞེས་པའི་སྒྲ་འཇུག་པའི་རྒྱུ་མ་ཡིན་པར་ཐལ། འཚེད་ལས་ཁོ་ན་དང་འཕྲོད་འདུས་འབྲེལ་བའི་ཕྱིར་ན་ལས་ཞེས་པའི་མཉན་པ་གཞན་གྱི་རྒྱུ་མཚན་དུ་ཁས་བླངས་པའི་ཕྱིར། ཡང་འཚེད་པ་པོ་ཞེས་པའི་སྒྲའི་རྒྱུ་འཚེད་ལས་ཀྱི་སྤྱི་ཡིན་པ་དེ་མི་རིགས་པ་མིན་པ་མིན་པར་ཐལ། འཚེད་པའི་སྐྱེས་བུ་དང་འབྲེལ་པ་མེད་པའི་ཕྱིར། ཁྱབ་པ་ནི། སྐྱེས་བུ་དང་འབྲེལ་པ་མེད་ཀྱང་དེ་ལ་དེའི་སྒྲ་འཇུག་པའི་རྒྱུ་ཡིན་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཡང་སྔར་འཚེད་ལས་བྱས་ད་ལྟ་བྱེད་བཞིན་པ་མ་ཡིན་པ་དེ་ཆོས་ཅན། འཚེད་པ་པོ་ཞེས་པའི་སྒྲ་མི་འཇུག་པར་ཐལ། དེ་འཇུག་པའི་རྒྱུ་ལས་ཀྱང་གནས་པ་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་པ་ནི། འཚེད་ལས་མེད་ན་འཚེད་པ་པོ་ཞེས་པའི་ཤེས་བརྗོད་དག་གི་རྒྱུ་ཡོད་པ་མ་ཡིན་དགོས་པར་ཁས་བླངས་པ་ཡིན་ཏེ། ལས་མེད་ནའང་སྒྲ་དེ་འཇུག་ན་དེ་དེའི་རྒྱུ་མཚན་ཅན་མ་ཡིན་པ་འཐོབ་པའི་ཕྱིར་རོ། །ལས་ཀྱི་ནུས་པ་དེ་སྒྲ་འཇུག་པའི་རྒྱུའོ་ཞེ་ན། ལས་ཀྱི་ནུས་པའང་ཆོས་ཅན། འཚེད་པ་པོ་ཞེས་པའི་སྒྲ་འཇུག་པའི་རྒྱུ་མ་ཡིན་ཏེ། དེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གལ་ཏེ་འཚེད་པ་པོ་ཉིད་ཅེས་བྱ་བའི་སྤྱི་དོན་གཞན་དེ་སྒྲ་འཇུག་པའི་རྒྱུའོ་ཞེ་ན། འཚེད་པོ་ཉིད་ལ་སོགས་པའི་སྤྱི་དེ་ཆོས་ཅན། ཡོད་པ་ཉིད་ལ་སོགས་པ་བཞིན་དུ་དང་པོ་འཚེད་ལས་མི་བྱེད་པའི་གོང་ཉིད་དུ་སྐྱེས་བུ་ལ་གསལ་བར་འགྱུར་བའམ། མིན་ན་ནི་ཕྱིས་ཀྱང་གསལ་བར་མི་འགྱུར་ཏེ། སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་བྱ་བས་ཕན་འདོགས་པ་ལ་ལྟོས་ནས་གསལ་བར་བྱེད་པ་ཡིན་ན། དེ་ཆོས་ཅན། བྱ་བ་ལ་ལྟོས་པ་མེད་དེ། འགྱུར་བ་མེད་པའི་ཕྱིར། སྤྱི་འདི་ནི་བྱ་བས་ཕུལ་དུ་བྱུང་བར་བྱར་ཡོད་ནའང་བྱ་བ་དེ་ཆོས་ཅན། འཚེད་པ་པོ་ཉིད་ཀྱི་སྤྱི་ལ་ཕན་འདོགས་བྱེད་གང་ལས་ཡིན་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར། དེས་ན་རང་གི་ལུགས་ནི། སེལ་ངོར་འཚེད་པ་པོ་མ་ཡིན་པ་ལས་ལོག་པའི་གཞན་སེལ་དེ་ཉིད་རྗོད་བྱེད་ཀྱི་སྒྲ་དང་ཤེས་པ་འཇུག་པའི་རྒྱུ་ཡིན་ཏེ། གསལ་བ་རྣམས་ཐ་དད་དུ་མཚུངས་པ་ཡིན་ན་ཡང་སེལ་ངོར་དེ་མ་ཡིན་ལས་ལོག་པའི་རིགས་ཉེ་བ་གང་གིས་སྐྱེས་བུ་འགའ་ཞིག་ལ་འཚེད་པ་པོ་ཞེས་པའི་སྒྲ་འཇུག་ལ་གཞན་ལ་མ་ཡིན་པའི་ཕྱིར། གཉིས་པ་ལ། ཕྱོགས་སྔ་མ་ནི། གྲངས་ཅན་ན་རེ། གལ་ཏེ་ཁྱེད་ལ་ལྡོག་པ་གཞན་སེལ་སྤང་པ་ཡི་གསལ་བ་རྣམས་ལ་དངོས་པོར་གྱུར་པའི་རྗེས་འགྲོ་གཞན་མེད་ན་གཅིག་ས་བོན་གྱི་འབྲས་བུ་གང་ཡིན་པ་དེ་གཞན་ཆུ་ལུད་དྲོད་གཤེར་སོགས་ཀྱི་འབྲས་བུ་མ་ཡིན་པར་ཐལ། གསལ་བ་རྣམས་སྤྱི་གཙོ་བོ་མེད་པའི་ཤིན་ཏུ་ཐ་དད་ཡིན་པའི་ཕྱིར་ཞེ་ན། དེ་དགག་པ་ལ། གྲངས་ཅན་དགག་པ་དངོས་དང༌། དེས་འཛེམ་མེད་པའི་འདོད་པ་ཡང་ཁེགས་པའོ། །དང་པོ་ལ། གཞན་ལ་གནོད་བྱེད་དེ་ཡོད་པར་བསྟན། རང་ལ་གནོད་བྱེད་དེ་དག་མི་འཇུག་པར་བསྟན། གཞན་ལ་ཁས་བླངས་ནང་འགལ་གྱི་གནོད་བྱེད་ཡོད་པར་བསྟན། དེས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་གསལ་བ་རྣམས་སྤྱི་གཙོ་བོའི་ངང་དུ་བདག་ཉིད་གཅིག་པ་ཡིས་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་ན་ལྷན་ཅིག་བྱེད་པའི་རྐྱེན་དོན་མེད་པར་འགྱུར་ཏེ། ས་བོན་གྱི་བདག་ཉིད་གཅིག་ལའང་མྱུ་གུ་དེ་རྫོགས་པར་སྐྱེས་པའི་ནུས་པ་དེ་ཡོད་པའི་ཕྱིར། ཐལ་བ་ལས་ཐ་དད་མེད་པའི་ངོ་བོ་སྤྱི་གཙོ་བོ་དེ་ཆོས་ཅན། འབྲས་བུ་སྐྱེད་བྱེད་དུ་མི་འགྲོ་སྟེ། ཁྱད་པར་རང་མཚན་རྣམ་པར་ངེས་པ་དང་བྲལ་བའི་ཕྱིར། དེའི་ཁྱབ་པ་ནི། ཁྱད་པར་རྣམས་ལས་འབྲས་བུ་དེ་དག་འབྱུང་སྟེ། ཁྱད་པར་ས་བོན་ལྟ་བུ་གཅིག་དང་བྲལ་ན་འབྲས་བུ་མེད་པའི་ཕྱིར། འདིར་བྱེ་བྲག་ཅེས་པ་ནི་ཅུང་མི་ལེགས་པས། ལྷར་ཁྱད་པར་རྣམས་ལས་ཤེས་འབྱུང་བ་ལྟར་རོ། །མདོར་ན་སྤྱི་དང་འབྲས་བུ་སྐྱེད་བྱེད་ཀྱི་གཞི་མཐུན་མི་སྲིད་དེ། སྣང་ངོར་དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་དོན་དམ་པར་ཡོད་པ་ཡིན་ལ། དེ་ཡང་གསལ་བ་ལ་རྗེས་སུ་འགྲོ་བ་མེད་ཅིང༌། གང་ཞིག་གསལ་བ་རྣམས་ལ་རྗེས་སུ་འགྲོ་བ་དེ་ལས་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཐམས་ཅད་ཐམས་ཅད་ཀྱི་སྐྱེད་བྱེད་དུ་ཐལ་བའི་དང༌། གསལ་བ་རྣམས་སྐྱེད་བྱེད་མ་ཡིན་པར་ཐལ་བའི་དང༌། སླར་ཡང་ཐམས་ཅད་ཐམས་ཅད་ཀྱི་སྐྱེད་བྱེད་དུ་ཐལ་བའི་གནོད་བྱེད་མེད་པའོ། །དང་པོ་ནི། སྤྱི་གཙོ་བོ་མེད་ན་ནས་ཀྱི་ས་བོན་གྱིས་སཱ་ལུའི་མྱུ་གུ་སྐྱེད་པར་ཐལ། གཙོ་བོའམ་ནུས་པ་མེད་ཀྱང་འབྲས་བུ་སྐྱེད་པར་མཚུངས་པའི་ཕྱིར་ཞེ་ན། སྤྱི་ཡིན་ན་འབྲས་བུའི་རྒྱུར་འགལ་བ་དེས་ན་གསལ་བ་རྣམས་བདག་ཉིད་ཐ་དད་ཀྱང་དེ་ལྟར་ཐལ་བ་མེད་དེ། ནས་ཀྱི་ས་བོན་འགའ་ཞིག་ནས་མྱུག་གི་རྒྱུ་ཡིན་ལ། གཞན་པའི་མ་ཡིན་པ་འདི་རང་བཞིན་ཡིན་པའི་ཕྱིར། གཞན་ཡང་ཁྱེད་ལྟར་ན་གསལ་བ་རྣམས་སྐྱེ་འཇིག་གཅིག་ཆར་དུ་བྱེད་པར་འགྱུར་ཏེ། སྤྱི་གཙོ་བོའི་ངང་དུ་ཐ་དད་པ་མེད་པའི་ཕྱིར། སྤྱི་གཙོ་བོ་དེ་ལས་གནས་སྐབས་ཐ་དད་པས་ན་དེ་ལྟར་དུ་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ཆོས་ཅན། གསལ་བ་དེའི་རང་བཞིན་མ་ཡིན་པར་ཐལ། གསལ་བ་གཅིག་འཇིག་པའི་ཚེ་ཁྱོད་ཀྱི་བདག་ཉིད་མི་འཇིགས་པར་གནས་པའི་ཕྱིར་ན་ནིའོ། །འདོད་པ་དེས་ན་ཁྱོད་དང་གསལ་བ་རྣམས་ལ་སྤྱི་དང་ཁྱད་པར་དུ་འཛིན་པའི་བློ་སྐྱེ་བར་མི་འགྱུར་རོ། །ཞེས་ཁྱབ་པ་ཁས་བླངས། འོ་ན་ཁྱེད་ལའང་གཞན་སེལ་དེ་གསལ་བ་དང་རྫས་གཅིག་གམ་ཐ་དད་ཅེས་བརྟགས་ན་ཉེས་པ་དེ་མཚུངས་སོ་ཤེ་ན། གཞན་སེལ་ལ་མེད་དགག་དང་བློ་ལ་སྣང་བ་གཉིས་ལས་ལྡོག་པ་མེད་དགག་དེ་ཆོས་ཅན། གསལ་བ་འཇིག་པའི་ཚེ་ཁྱོད་གནས་པ་དང་མི་གནས་པའི་རྟོག་པས་རྣམ་འགྲེལ་མཛད་པ་ལ་གནོད་པ་མ་ཡིན་ཏེ། ཁྱོད་དངོས་པོའི་ངོ་བོ་ཉིད་དུ་མེད་པའི་ཕྱིར། མ་ཡིན་དགག་ཏུ་གྱུར་པའི་སྤྱི་ཆོས་ཅན། གསལ་བ་འཇིག་པའི་ཚེ་ཁྱོད་འཇིག་མི་འཇིག་བརྟགས་པས་སུན་དབྱུང་བ་མེད་དེ། ཁྱོད་འཛིན་པ་ཡི་བློ་ཡང་བསླད་པ་ཡིན་པ་དེའི་ཕྱིར། ཡང་ཞེས་པ་སྔ་མར་མ་ཟད་ཅེས་པའོ། །གཉིས་པོའི་མཚན་གཞི་ནི། བུམ་པ་ཞེས་པའི་སྒྲས་བུམ་མིན་རྣམ་པར་བསལ་ཙམ་དང་བུམ་འཛིན་རྟོག་པས་སྒྲོ་བཏགས་པའི་བུམ་ཙམ་དེའོ། །ཡང་སྒྲས་དོན་རང་མཚན་འཛིན་པ་ནི་ནོར་ཏེ། ཉེས་པ་དེ་རང་ལ་མཚུངས་པར་ཁས་བླངས་པའི་ཕྱིར། གཉིས་པ་ནི། མྱུ་གུ་དེའི་སྐྱེད་བྱེད་ཀྱི་ངོ་བོ་གང་ཡིན་པའི་ཆུ་ལུད་སོགས་ཆོས་ཅན། མྱུ་གུ་ཇི་ལྟར་བསྐྱེད་དེ། སྤྱི་གཙོ་བོ་དེ་ལས་གཞན་པས་སོ་ཞེ་ན། མ་ངེས་ཏེ། ཐ་དད་པའི་ཁྱད་པར་རང་མཚན་ཉིད་འབྲས་བུ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ལའང་ཐ་དད་མ་ཡིན་པ་སྤྱི་གཙོ་བོ་དེ་ཡོད་དོ་ཞེ་ན། ཡོད་དུ་ཆུག་མོད་དེས་འབྲས་བུ་དེ་སྐྱེད་པ་མ་ཡིན་ནོ་ཞེས་བརྗོད་ཟིན་པར་མ་ཟད། གསལ་བ་རྣམས་ཆོས་ཅན། སྤྱི་གཙོ་བོ་ལས་ཐ་དད་དུ་བྱེད་པ་ཡིན་ཏེ། གཞན་གཅིག་ཏུ་སྣང་བ་ལའང་མི་རྟེན་པའི་ཕྱིར་དང༌། སྤྱི་གསལ་གཉིས་ཀྱི་ནང་ནས་གསལ་བ་དེ་ཉིད་དོན་དམ་པ་དང༌། དེ་ནི་གཞན་ལས་ལོག་པ་ཡིན་པ་དང༌། དེ་ནི་རྒྱུ་དང་འབྲས་བུར་བཤད་པ་དང༌། དེ་ནི་རང་གི་མཚན་ཉིད་དུ་འདོད་པ་དང༌། དེ་ཁོ་ན་ནི་བླང་དོར་གྱི་འབྲས་བུ་ཅན་ཡིན་པས་སྐྱེས་བུ་ཐམས་ཅད་འཇུག་པའི་ཡུལ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཁྱད་པར་རྣམས་ཀྱིས་འབྲས་བུ་མི་སྐྱེད་པའམ་སྐྱེད་ན་ཐམས་ཅད་ཀྱིས་ཐམས་ཅད་སྐྱེད་པར་འགྱུར་ཏེ། སྤྱི་གཙོ་བོ་མེད་པའི་ཕྱིར་ཞེ་ན། སྤྱི་གཙོ་བོ་མེད་པའི་ཐ་དད་དུ་ཁྱད་པར་མེད་ནའང་རྒྱུ་ཐམས་ཅད་འབྲས་བུ་ཀུན་གྱི་སྒྲུབ་བྱེད་མ་ཡིན་ཏེ། ཐ་དད་ན་ཡང་དངོས་པོའི་ཆོས་ཉིད་ཀྱིས་ཁྱད་པར་རྣམས་འབྲས་བུ་འགའ་ཞིག་ཁོ་ནའི་བྱེད་པ་པོར་འགྱུར་བའི་ཕྱིར། ཇི་ལྟར་གྲངས་ཅན་རང་གི་ལུགས་ལ་གཙོ་བོའི་ངང་དུ་ཐ་དད་མེད་པར་ཁྱད་པར་མེད་ན་ཡང་ཐམས་ཅད་ཀུན་གྱི་སྒྲུབ་བྱེད་མ་ཡིན་པ་དེ་བཞིན་ནོ། །རང་ལ་ཉེས་པ་དེ་མེད་པར་མ་ཟད་ཁྱེད་ལ་ནས་ཀྱི་ས་བོན་ཆོས་ཅན། ནས་མྱུག་གཅིག་ཉིད་ཀྱི་སྐྱེད་པར་བྱེད་པ་དང་མི་བྱེད་པའི་འགལ་བར་འགྱུར་ཏེ། སྲན་མའི་ས་བོན་དང་ཡང་ཐ་དད་མེད་པའི་ཕྱིར་ནའོ། །གལ་ཏེ་སྲན་མའི་ས་བོན་ལས་གནས་སྐབས་ཐ་དད་དུ་ཡོད་པ་དེའི་ཕྱིར་སྲན་མྱུག་སྐྱེད་པའི་བྱ་བ་མེད་དོ་ཞེ་ན། ལྷན་ཅིག་བྱེད་རྐྱེན་ཆུ་ལུད་སོགས་ཆོས་ཅན། མྱུ་གུ་མི་སྐྱེད་པར་ཐལ། ས་བོན་ལས་གནས་སྐབས་ཐ་དད་པའི་ཕྱིར། འོན་ཏེ་གཙོ་བོ་དེ་ཉིད་གར་མཁན་གྱི་ཚུལ་དུ་འབྲས་བུ་རིམ་བཞིན་བྱེད་པ་པོ་ཉིད་ཡིན་ནོ་ཞེ་ན། བྱེད་པ་པོ་དེ་ཅི་གཙོ་བོའི་དངོས་པོ་གཅིག་བུ་དེ་ཉིད་ཀྱིའམ་སྟེ་མི་འཐད་པར་ཐལ། སྔ་ཕྱིའི་རིམ་པ་མེད་པའི་ཕྱིར། གསུམ་པ་ནི། སྤྱི་དང་དེ་ལྡན་གསལ་བའི་དངོས་པོ་ཆོས་ཅན། ཤིན་ཏུ་ནི་ཐ་དད་པ་དང་ཐ་དད་མེད་པ་གཉིས་ཀའི་གཞི་མཐུན་དུ་འགྱུར་བའམ། ཡང་ན་རྣམ་གྲངས་ཀྱིས་ཕན་ཚུན་ཐ་དད་པ་ཁོ་ནར་འགྱུར་ཏེ། འདྲ་བ་དང་མི་འདྲ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། དེ་ཡང་ཐ་དད་པ་དེ་ལྟར་དུ་འགྱུར་བ་འདོད་དོ་ཞེ་ན། གལ་ཏེ་གྲངས་ཅན་དེ་དག་གི་ལུགས་ལ་ནུས་པ་ཡིན་པས་རྟག་པ་དང་ཁྱད་པར་ཡིན་པས་མི་རྟག་པའི་བདག་ཉིད་གང་གིས་ཁྱད་པར་དང་སྤྱི་ཞེས་བྱ་བ་དེ་དག་རྣམ་གྲངས་ཀྱིས་ཐ་དད་ན་སྤྱི་དང་ཁྱད་པར་དུ་འདོད་པའང་ཆོས་ཅན། ཇི་ལྟར་བུམ་སྣམ་སོགས་ཕན་ཚུན་སྤྱི་དང་ཁྱད་པར་དུ་མི་འགྱུར་བ་བཞིན་དུ་སྤྱི་དང་ལྡན་པ་དང་ཁྱད་པར་དང་ལྡན་པ་ཅན་དུ་མི་འགྱུར་བར་ཐལ། འབྲེལ་མེད་ཐ་དད་པ་ཉིད་དུ་འགྱུར་བ་དེ་ལྟ་ནའང་སྟེ་དེའི་ཕྱིར་རོ། །བཞི་པ་ནི། སྤྱི་དངོས་མེད་དུ་བསྟན་ཟིན་པ་ན་དོན་བྱེད་པ་དེའི་རྟེན་ནི་ཐ་དད་པ་རང་མཚན་ནམ་ཐ་དད་མེད་པའི་སྤྱི་དེ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ལ། དེའི་ཚེ་ན་རང་མཚན་གྱི་བདག་ཉིད་ཐ་དད་པ་དེ་ཁོ་ན་ཡིན་ཏེ། བཙོ་སྲེག་གི་འབྲས་བུ་འདོད་པ་ཅན་གྱི་བསྒྲུབ་བྱ་མེ་དེ་དོན་གཉེར་གྱི་སྐྱེས་བུ་འདི་ནི་མེ་རང་མཚན་གང་གི་བདག་ཉིད་མདུན་དུ་བྱས་ནས་འཇུག་པར་འགྱུར་བའི་ཕྱིར་རོ། །དེའི་ཚེ་ན་རྟོག་ངོར་མེ་ཙམ་དུ་མཚུངས་པ་ཉིད་ཀྱི་ལྡོག་པ་དག་ནི་ཁྱབ་བྱེད་དུ་ཡོད་པར་སྣང་བ་ཉིད་ཡིན་གྱི། གསལ་བ་ལ་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་བ་མེད་དེ། དེ་ཡོད་ན་མེ་དོན་གཉེར་གྱི་སྐྱེས་བུ་ཆུར་འཇུག་པ་ལ་སོགས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེར་འདི་སྐད་ཅེས། ཤཱཀ་བློ་ཞི་འཚོའི་ལུང་དྲངས་ནས། རང་མཚན་གཞན་སེལ་ཉིད་དུ་འཆད། །གཞུང་ནས་མ་བཤད་གཞན་སེལ་ནི། །སློབ་དཔོན་དེ་དག་གིས་མི་བཞེད། །དགག་ཚིག་ལན་བརྒྱར་སྦྱར་ན་ཡང༌། །རང་མཚན་སྣང་བ་ལས་མི་འདའ། །སྣང་སེལ་ཕན་ཚུན་འཆོལ་བའམ། །མངོན་སུམ་སེལ་འཇུག་ཉིད་དུ་འགྱུར། །དེ་མ་ཡིན་ལས་ལོག་པ་ཡི། །དངོས་པོ་སེལ་བར་མི་བཞེད་པས། །གཞུང་དུ་ལྡོག་པ་ཞེས་བྱ་བའི། །མིང་ཉིད་ཁོ་ནས་བསྟན་པ་ཡིན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། སྔར་བཤད་པའི་རིགས་པས་ཁེགས་པ་དང༌། མ་བཤད་པའི་རིགས་པས་དགག་པའོ། །དང་པོ་ནི། གྲངས་ཅན་བཀག་པའི་རིགས་པ་དེ་ཉིད་ཀྱིས་ནི་ཆོས་ཅན། འཛེམ་མེད་པ་སྟེ་གཅེར་བུ་པ་དངོས་པོ་ཐམས་ཅད་གསེར་དང་གསེར་གྱི་རྣ་རྒྱན་བཞིན་དུ་རང་བཞིན་གཅིག་ཅིང་གནས་སྐབས་རྫས་ཐ་དད་པ་ཡིན་ནོ་ཞེས་མི་ཤེས་པའི་མུན་པས་སྤྲུལ་པ་གང་ཅི་ཡང་རུང་བ་སྨྲ་བ་དེ་དག་ཀྱང་ནི་བསལ་བ་ཡིན་ཏེ། དངོས་པོ་རྣམས་ལ་མཐའ་གཅིག་པ་ནི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འཇུག་པ་འཆོལ་བར་ཐལ་བ་དང༌། སྒྲ་བློ་གཅིག་དང་ཐ་དད་མི་སྲིད་པར་ཐལ་བའོ། །དང་པོ་ནི། དངོས་པོ་ཐམས་ཅད་རང་བཞིན་གཅིག་པ་དང་གནས་སྐབས་རྫས་ཐ་དད་པ་གཉིས་ཀའི་ངོ་བོ་ཡིན་ན་ཞོ་འཐུང་ཞེས་ནི་བསྐུལ་བ་ན་ཅིའི་ཕྱིར་རྔ་མོ་འཐུང་བ་ལ་མི་རྒྱུག་སྟེ་རྔ་ཞོ་གཉིས་པོ་དེའི་ཁྱད་པར་བསལ་བའི་ཕྱིར། འོན་ཏེ་ཞོ་ལ་རྔ་མོ་ལས་ཕུལ་དུ་བྱུང་བའི་ཁྱད་པར་འགའ་ཞིག་ཡོད་པ་གང་གིས་ཁྱད་པར་ཞོ་ཁོ་ན་ལ་འཇུག་པར་འགྱུར་རོ་ཞེ་ན། རྔ་ཞོ་གཉིས་པོ་དེ་རང་བཞིན་གཅིག་པ་དང་གནས་སྐབས་ཐ་དད་པ་གཉིས་ཀ་མ་ཡིན་པར་གཞན་ཁོ་ན་ཡིན་པར་ཐལ། ཕུལ་དུ་བྱུང་བའི་ཁྱད་པར་ཅན་དེ་ཉིད་ཞོ་ཡིན་ལ། ཁྱད་པར་དེ་གཞན་རྔ་མོ་ལ་མེད་པའི་ཕྱིར། གཉིས་པ་ནི། དངོས་པོ་རྣམས་ལ་སྒྲ་བློ་གཅིག་འཇུག་པ་དང་ཐ་དད་འཇུག་པ་དེ་འདྲ་མི་སྲིད་པར་འགྱུར་ཏེ། དངོས་པོ་ཐམས་ཅད་ཀུན་བདག་ཉིད་གཅིག་ཡིན་ན་བློ་སྒྲ་ཐ་དད་འཇུག་པར་མི་འགྱུར་ལ། གནས་སྐབས་རྫས་ཐ་དད་ཀྱིས་བསྡུས་པར་སྨྲ་བ་ལ་སྒྲ་བློ་གཅིག་འཇུག་པ་དེ་མེད་པའི་ཕྱིར་ན་གཅིག་དང་ཐ་དད་ཀྱི་ཐ་སྙད་མི་སྲིད་པར་འགྱུར་བས་སོ། །གཉིས་པ་ནི། དངོས་པོར་མེད་པའི་ཡུལ་ཅན་གྱི་སྒྲ་དང་ནི་རྟོག་པ་དེ་དག་ཉིད་རྣམ་གཅོད་གཞན་སེལ་རྗོད་པར་བྱེད་པར་གྲུབ་སྟེ། དངོས་མེད་མཐའ་དག་གི་ངོ་བོ་མེད་པའི་ཕྱིར་ན་ངོ་བོ་བརྗོད་པ་དང་དཔྱད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལ། དངོས་མེད་ལ་ནི་སྣང་ངོ་དང༌། །སེལ་ངོ་གཉིས་སུ་དབྱེར་མེད་ཅིང༌། །ལྡོག་པ་གཞན་སེལ་ཀུན་མཁྱེན་གྱི། །ཡུལ་དུ་མེད་ཀྱང་ལྷན་སྐྱེས་ཀྱི། །རྟོག་པའི་ངོ་ན་ཡོད་པ་དང༌། །མེད་པ་དག་གིས་རྣམ་པར་དབྱེ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རང་བཞིན་རྟགས་ཀྱི་དབྱེ་བ་དཔེར་བརྗོད་པ་དང༌། རྟགས་དེའི་འབྲེལ་པ་ངེས་བྱེད་ཀྱི་རིགས་པ་དངོས་བཤད་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། རྟགས་དང་བསྒྲུབ་བྱ་མཚུངས་པའི་རྩོད་པ་སྤང་བའོ། །དང་པོ་ནི། རང་བཞིན་གྱི་རྟགས་ལ་རང་གི་ངོ་བོ་ངེས་པ་ཁྱད་པར་བྱེད་ཆོས་ཀྱི་བྱེ་བྲག་ངེས་པ་ལ་ལྟོས་པའམ་འོན་ཏེ་འབའ་ཞིག་པའི་མིང་ཅན་མི་ལྟོས་པ་གཉིས་སོ། །གཉིས་པོའི་མཚན་གཞི་ནི་སྒྲ་འཇིག་པར་སྒྲུབ་པ་ལ་འབྲས་བུ་བྱས་པ་དང་ཡོད་པ་ཉིད་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། རྒོལ་བ་སོ་སོ་ལ་ལྟོས་ནས་བསྒྲུབ་བྱ་སྒྲ་མི་རྟག་པ་གཅིག་བུ་སྒྲུབ་པའི་ཕྱིར་དུ་བརྗོད་པའོ། །གཉིས་པ་ནི། གལ་ཏེ་སྒྲའི་སྟེང་དུ་ཡོད་པ་གཏན་ཚིགས་ཀྱི་རང་བཞིན་ཡིན་ན་གཙོ་བོའི་སྟེང་དུ་ཡོད་པ་ཇི་ལྟར་བསྒྲུབ་བྱ་མ་ཡིན་ཏེ་ཡིན་པར་མཚུངས་ལ། ཡོད་པ་ཁྱད་པར་ཅན་དཔེ་ལ་རྗེས་འགྲོ་མེད་པས་བསྒྲུབ་བྱ་ཡིན་པ་དག་ལས་ཉམས་ན་ཡོད་པ་ཁྱད་པར་ཅན་ཤེས་འདོད་ཆོས་ཅན་ལ་རྗེས་འགྲོ་མེད་པ་ནི་གཏན་ཚིགས་ཡིན་པ་དག་ལས་ཉམས་སོ་ཞེ་ན། དེ་འདྲ་དེ་བསྒྲུབ་བྱ་ཡིན་ཀྱང་རྟགས་ཀྱིས་སྒྲུབ་པར་མི་ནུས་ལ། གཅིག་ཤོས་གཏན་ཚིགས་སུ་བཀོད་པས་ནི་རང་གི་བསྒྲུབ་བྱ་དེ་སྒྲུབ་པར་ནུས་པས་མི་མཚུངས་སོ་ཞེས་སྟོན་པ་ལ། གྲངས་ཅན་གྱིས་གཙོ་བོའི་སྟེང་དུ་ཡོད་པ་བསྒྲུབ་བྱ་ཡིན་ན་ཡོད་པ་དེ་ཁྱད་པར་བ་དག་ནི་བསྒྲུབ་བྱར་འགྱུར་དགོས་ཏེ། དེ་ཡིན་པའམ་ཡོད་ཙམ་བསྒྲུབ་བྱའི་ཆོས་སུ་བྱེད་པ་གང་རུང་ལས་གཙོ་བོའི་སྟེང་དུ་ཡོད་པའི་ཁྱད་པར་ཙམ་དུ་སྟེ་ཡོད་ཙམ་ནི་བསྒྲུབ་བྱ་ཡིན་ན་སྤྱིའི་ཆོས་ཅན་ཏེ་གཙོ་བོའི་སྒྲ་དོན་ལ་ཕྱི་རྒོལ་སངས་རྒྱས་པས་ཤེས་འདོད་ཞུགས་པའི་དོན་འགའ་ཞིག་ཀྱང་འགྲུབ་པ་ཉིད་དུ་མི་འགྱུར་བའི་ཕྱིར་ཏེ། གཙོ་བོའི་སྒྲ་དོན་ཡོད་ཙམ་དེ་འདྲ་བ་ཡང་སངས་རྒྱས་པ་ལ་བཀག་པ་མེད་པ་སྟེ་དེས་དེ་སེལ་ངོར་ཡོད་པ་ཉིད་དུ་གྲུབ་ཟིན་པའི་ཕྱིར། འདོད་དོ་ཞེ་ན། གྲངས་ཅན་གྱིས་དེ་ལྟར་སྒྲུབ་མི་ནུས་ཏེ། གྲངས་ཅན་གྱིས་གཙོ་བོ་ཡོད་པར་སྒྲུབ་པའི་སྐབས་འདིར་ཡོད་པ་ཁྱད་པར་ཅན་བསྒྲུབ་བྱར་བཟུང་ན་གཏན་ཚིགས་བསྒྲུབ་བྱའི་ཆོས་སམ། ཤེས་འདོད་ཆོས་ཅན་ལ་རྗེས་སུ་འགྲོ་བ་མེད་པ་ཅན་ནམ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་ཅན་གང་རུང་དུ་འགྱུར་བའི་ཕྱིར་རོ། །རང་ལ་མི་མཚུངས་ཏེ། ཡོད་ཉིད་དེའི་ཁྱད་པར་རྟགས་སུ་བཟུང་བ་མེད་པར་དངོས་པོ་ཙམ་ནི་སྟེ་དེའི་རང་ལྡོག་སྒྲུབ་བྱེད་དུ་བཀོད་པ་ན་དངོས་པོ་དེ་ཙམ་ལ་མི་རྟག་པས་ཁྱབ་པར་བྱེད་ཅིང༌། བསྒྲུབ་བྱ་བཏགས་པ་བ་ཤེས་འདོད་ཆོས་ཅན་གྱི་རྗེས་སུ་འགྲོ་བ་ཉམས་པ་མེད་པའི་ཕྱིར། རྗེས་འགྲོ་མེད་ཅན་འགྱུར་ཞེས་པའི་རྟགས་སྒྲུབ་པ་ནི། སྔ་རྒོལ་གྲངས་ཅན་ཆོས་ཅན། གཙོ་བོའི་སྒྲ་དོན་གྱི་སྟེང་དུ་ཡོད་པ་ཁྱད་པར་བ་དེ་བསྒྲུབ་བྱར་འགྱུར་བ་ཉིད་དུ་བྱས་པ་ལ་དགོས་པ་ཇི་ལྟར་ཡོད་དེ། དངོས་པོར་མ་གྲུབ་པ་གཙོ་བོའི་སྒྲ་དོན་ཡོད་པར་སྒྲུབ་པ་ལ་དངོས་པོར་ཡོད་པ་རྟོགས་སུ་འགོད་ན་ཕྱོགས་ཆོས་མེད། གཉིས་ཀ་ལ་བརྟེན་པ་ཤེས་བྱ་ལྟ་བུ་འགོད་ན་ལྡོག་པ་མ་གྲུབ་པས་ཁྱབ་པ་འཁྲུལ་པ་ཅན་དུ་སོང༌། དངོས་པོར་མེད་པའི་ཆོས་ནི་རྗེས་འགྲོ་མེད་པས་ཁྱབ་པ་འགལ་བ་ཡིན་པའི་ཕྱིར་རོ། །རང་ལ་མི་མཚུངས་པ་ནི། མི་རྟག་པའི་རང་བཞིན་དུ་གྲུབ་པའི་ཡོད་པ་ནི་གོ་བྱེད་ཡིན་ཞིང༌། ཡོད་པ་དེ་ལ་ཁྱབ་བྱེད་དུ་ཚད་མས་ངེས་པ་ཡི་རང་བཞིན་དུ་ངེས་པ་མི་རྟག་པ་ནི་གོ་བྱ་ཡིན་པས་ན་རྗེས་འགྲོ་གྲུབ་ལ། མི་རྟག་པ་འདི་ལྡོག་པ་ན་ཡོད་པ་དེ་ལྡོག་པར་བྱེད་དེ། དཔེར་ན་མི་རྟག་པ་ཉིད་ལ་བྱས་པ་རྗེས་སུ་འགྲོ་བའམ་མི་འཇིགས་པས་ན་མ་བྱས་པ་ཡིན་དགོས་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། རྗེས་འགྲོ་སྒྲུབ་པ་དང༌། ལྡོག་པ་སྒྲུབ་པའོ། །དང་པོ་ནི། བུམ་པ་ཆོས་ཅན། འཇིག་པ་ནི་རང་གི་ངོ་བོས་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ། སྤྱིར་འཇིག་ལ་ཁྱོད་རང་སྐྱེད་བྱེད་ཀྱི་རྒྱུ་ལས་གཞན་པའི་འཇིག་རྒྱུ་མེད་པའི་ཕྱིར་ནའོ། །དེའི་ཁྱབ་པ་ནི། དངོས་པོ་གང་ཞིག་དེ་དང་དེར་འགྱུར་བ་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་རྣམས་ནི་ངེས་པར་དེ་དང་དེར་འགྱུར་བ་མེད་པར་མཐོང་ངོ་ཞེས་པའོ། །མ་ངེས་ཏེ། འཇིག་རྒྱུ་གཞན་ལ་ལྟོས་ཀྱང་འཇིག་པ་དེའི་རྒྱུ་མང་པོ་ཡོད་པས་བུམ་སོགས་འཇིག་པར་ངེས་སོ་ཞེ་ན། དེ་ལྟ་ན་ཡང་བུམ་པའི་ཁྱད་པར་འགའ་ཞིག་ལ་ནི་འཇིག་པ་མི་སྲིད་པར་འགྱུར་ཏེ། འཇིག་རྒྱུ་དང་མ་ཕྲད་པ་སྲིད་པའི་ཕྱིར་རོ། །དེས་ན་འབྲས་བུ་འཇིག་པ་སྐྱེད་པའི་ནུས་པ་གནས་པ་མེད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་འཇིག་པ་རྒྱུ་གཞན་དང་ལྡན་པར་སྨྲ་བ་རྣམས་ཀྱི་འཇིག་པའི་རྒྱུར་ནི་འདོད་པའི་ཐོ་བ་ལ་སོགས་པ་ཐམས་ཅད་དག་བུམ་སོགས་ཀྱི་འཇིག་པ་སྐྱེད་པ་ལ་འཁྲུལ་པ་ཉིད་དུ་བཤད་པ་ཡིན་པར་གྲུབ་པ་ན། བུམ་པ་འདི་ནི་ཆོས་ཅན། ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཏེ། སྤྱིར་འཇིག་ལ་འཇིག་པ་དེའི་རྒྱུ་གཞན་ལ་དེ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་ཡང་ངོ༌། །གཉིས་པ་ནི། བུམ་པ་གང་ལ་གྲུབ་ཙམ་ནས་འཇིག་ངེས་སུ་འགྱུར་བ་ཞེས་བྱ་བ་དེ་ལས་དངོས་པོ་གཞན་ལའང་ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཏེ། སྤྱིར་འཇིག་ན་སྐད་ཅིག་གིས་འཇིག་པར་བསྒྲུབས་ཟིན་པའི་ཕྱིར། གསུམ་པ་ནི། རྒྱུ་འབྲས་དང་རང་བཞིན་གྱི་འབྲེལ་པ་ངེས་བྱེད་བཤད་ཟིན་པ་དེས་ན་དངོས་པོ་སྟེ་སྒྲུབ་པའི་ཡུལ་ཅན་གྱི་རྗེས་སུ་དཔོག་པ་གང་ཡིན་པ་རྣམ་པ་གཉིས་པོ་དེ་རང་གི་འཇུག་ཡུལ་ལ་མི་སླུ་བ་ཡིན་ཏེ། འབྲས་བུ་དུ་བ་དང་ངོ་བོ་བྱེད་པ་དེ་དག་ལས་གཉིས་ཀ་ཡང་རང་གི་བསྒྲུབ་བྱའི་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཚད་མས་ངེས་པའི་ཕྱིར། གཉིས་པ་ལ། གཏན་ཚིགས་གཉིས་ཀྱི་འབྲེལ་པ་ངེས་བྱེད་བཤད་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དང༌། སྣང་རུང་མ་དམིགས་པའི་རྟགས་ཀྱི་འབྲེལ་པ་ངེས་བྱེད་དོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་འདིས་རང་གི་དགག་བྱ་ཡོད་ངེས་ཀྱི་ཐ་སྙད་འགོག་ནུས་པར་བསྟན། མེད་ངེས་ཀྱི་ཐ་སྙད་སྒྲུབ་མི་ནུས་པར་བསྟན་པའོ། །དང་པོ་ནི། འདྲེ་ཤ་ཟའི་བུམ་པ་མི་དམིགས་པ་ནི་གཞི་འདིར་དེ་འདྲ་ཡོད་ངེས་ཀྱི་ཐ་སྙད་འགོག་པ་ལ་ཚད་མར་བཤད་དེ། བསྐལ་དོན་དེའི་ངོ་བོ་མི་དམིགས་ན་དེ་ཡོད་ངེས་ཀྱི་ཐ་སྙད་འཇུག་པར་མི་བྱེད་ཅེས་བྱ་བས་སོ། །དེ་ཡིན་ཏེ། སྤྱིར་ཆོས་གང་ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ལ་དེ་དམིགས་བྱེད་ཀྱི་བློ་སྔོན་དུ་སོང་བ་ཅན་ཉིད་ཡིན་དགོས་པའི་ཕྱིར། གཉིས་པ་ནི། མི་དམིགས་པའི་ཕྱིར་ན་བསྐལ་པའི་དོན་དེ་རྣམས་ཇི་ལྟར་མེད། ལུང་དང་མངོན་སུམ་དང་རྗེས་དཔག་གིས་མ་དམིགས་པས་མེད་པར་མི་འགྲུབ་པའི་ཕྱིར། རྟགས་གྲུབ་སྟེ། བསྐལ་པའི་དོན་རྣམས་ནི་བསྟན་བཅོས་ཀྱི་སྐབས་དང་འབྲེལ་པ་མེད་པ་དང་དབང་པོ་ལས་འདས་པ་དང་སྒྲུབ་བྱེད་ཀྱི་རྟགས་མེད་པ་ཅན་གྱི་ཕྱིར་རོ། །དེས་ན་གཞི་འདིར་འདྲེ་ཤ་ཟའི་བུམ་པ་ཆོས་ཅན། ཡོད་མེད་གང་རུང་དུ་ངེས་པའི་ཚད་མ་ཉིད་སྐྱེ་བར་མི་འགྱུར་ཏེ། ཁྱོད་ཁྱོད་རང་ཡོད་པར་ངེས་པའི་འབྲས་བུ་ཅན་དང་མེད་པར་ངེས་པའི་འབྲས་བུ་ཅན་གང་རུང་མ་ཡིན་པའི་ཕྱིར། གཉིས་པ་ལ་བསྟན་པ་དང་བཤད་པའོ། །དང་པོ་ནི། ཕུལ་དུ་བྱུང་བ་སྣང་རུང་དུ་ཡོད་པ་ཅན་གྱི་རྟགས་ཀྱི་ཁྱད་པར་ལ་ལ་རང་གི་དགག་བྱ་མེད་ངེས་སུ་སྒྲུབ་པ་ལ་གཏན་ཚིགས་ཚད་མ་དག་ཏུ་འགྱུར་ཏེ། མ་དམིགས་པས་དེར་སྒྲུབ་མི་ནུས་པའི་རིགས་པ་འདི་ནི་རང་བཞིན་ཡོད་ཀྱང་ཤེས་བྱེད་གསུམ་གྱིས་མི་ཤེས་པ་སྣང་མི་རུང་ལ་བརྗོད་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འབྲེལ་ཟླ་མ་དམིགས་པའི་དང༌། འགལ་ཟླ་དམིགས་པའི་འབྲེལ་པ་ངེས་བྱེད་དོ། །དང་པོ་ནི། གལ་ཏེ་སྣང་རུང་མ་དམིགས་པའི་གཏན་ཚིགས་འགའ་ཞིག་གིས་དོན་དེ་མེད་པར་ནི་རྟོགས་པར་འགྱུར་བ་ཡང་ཡོད་དེ། རྒྱུ་མེ་སྣང་རུང་ཚད་མས་མི་ཤེས་ན་མཚན་མོའི་རྒྱ་མཚོར་འབྲས་བུ་དུ་བ་ནི་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་དང་དོན་གྱི་རང་བཞིན་ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་མེད་པ་རྟགས་ཅན་བསྒྲུབ་བྱར་བྱས་པ་ལ་སྣང་རུང་གི་རང་བཞིན་ཤིང་ཚད་མས་མི་དམིགས་པ་ཡང་གཏན་ཚིགས་ཡིན་པ་དང༌། སྣང་རུང་གི་བུམ་པ་མཐོང་བ་མེད་པའི་རྒྱུ་མི་སྲིད་པར་ནི་གྱུར་པ་ན་སྣང་རུང་བུམ་པའི་དངོས་པོ་མ་དམིགས་པའི་རྟགས་ལས་ས་ཕྱོགས་སུ་བུམ་པའི་དངོས་པོ་མེད་པ་རྟོགས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གྲང་རེག་དེ་དང་འགལ་བ་ཚ་རེག་དམིགས་པ་ནི་ཆོས་ཅན། གཞི་འགར་གྲང་རེག་མེད་པ་ཉིད་དུ་ངེས་པར་འགྱུར་ཏེ། ཚ་རེག་དང་འགལ་བའི་གྲང་རེག་གི་དངོས་པོ་ཡོད་ན་ཡང་དེ་རྒྱུན་ཆགས་སུ་ཡོད་པ་ལ་གནོད་བྱེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྣང་རུང་མ་དམིགས་པའི་དགག་བྱ་འགོག་ཚུལ་ལ་དང༌། མི་སྣང་བ་མ་དམིགས་པའི་དགག་བྱ་འགོག་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྣང་རུང་མ་དམིགས་པས་འགའ་ཞིག་མེད་ངེས་སུ་སྒྲུབ་ནུས་ན་སློབ་དཔོན་གྱིས་གཙོ་བོ་ནི་ཡོད་པ་མ་ཡིན་ཏེ་མ་དམིགས་པའི་ཕྱིར། ཞེས་བཤད་པ་འདི་མི་འཐད་པར་འགྱུར་ཏེ། གཙོ་བོ་ཡོད་ན་ནི་ཡོད་པ་མ་ཡིན་ཏེ་ཞེས་སྒྲུབ་མི་ནུས། མེད་ན་ནི་ཆོས་ཅན་མེད་པས་ཡོད་པའི་ཐ་སྙད་ཀྱང་འགོག་མི་ནུས་པར་འགྱུར་རོ་ཞེ་ན། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པའི་སྒྲ་དོན་གྱི་ཆོས་ནི་རྣམ་པ་གསུམ་མོ། །དེ་གང་ཞེ་ན། དངོས་པོར་ཡོད་པ་ལ་བརྟེན་པ་དང༌། མེད་པ་ལ་བརྟེན་པ་དང༌། གཉིས་ཀ་ལ་བརྟེན་པའོ། །དེ་ལྟར་གསུམ་གྱི་ནང་ནས་རྟེན་དངོས་པོར་མེད་པ་གཙོ་བོའི་སྒྲ་དོན་དེ་དངོས་པོའི་ཉེར་ལེན་མེད་པ་ཅན་དུ་སྒྲུབ་པ་ལ་དེར་སྣང་རུང་མ་དམིགས་པ་ནི་དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། དེས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར། དེའི་ཚེ་གཙོ་བོའི་སྒྲ་དོན་དེ་ཉིད་ནི་སེལ་ངོར་མེད་པ་མ་ཡིན་ཏེ། གཙོ་བོ་ཞེས་པའི་སྒྲ་སྦྱོར་བའི་ཕྱིར། སྒྲ་དོན་ཡོད་ན་དེ་ཉིད་ཡོད་དགོས་ཏེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་མཐའ་གཅིག་ཏུ་བརྗོད་བྱ་དོན་དམ་པ་ལ་འཇུག་པ་ཅན་ཉིད་དོ་ཞེ་ན། དོན་སྒྲ་སོགས་རྣམས་ལ་ནི་རྒོལ་ཕྱི་རྒོལ་གྱི་མཐོང་བའི་བྱེ་བྲག་ཐ་དད་པའི་དབང་གིས་རྟག་པ་དང་མི་རྟག་པ་ལ་སོགས་པར་བརྗོད་པའི་སྒྲ་རྣམས་ནི་འཇུག་པར་མི་འགྱུར་ཏེ། དེ་ལྟར་འཇུག་པའི་རྒྱུ་རྟག་མི་རྟག་གཉིས་སུ་མེད་པ་ཅན་ཡིན་པའི་ཕྱིར་དང༌། འདས་པ་དང་མ་སྐྱེས་པའི་བུམ་པ་ལ་ཡང་བུམ་པ་ཞེས་པའི་སྒྲ་མི་འཇུག་པར་ཐལ་བ་དང༌། ཚིག་འགའ་ཞིག་ཀྱང་རྫུན་པའི་དོན་ཅན་ཉིད་དུ་མི་འགྱུར་བར་ཐལ་བའི་ཕྱིར། དེ་ལྟར་ན་རྗོད་བྱེད་ཀྱི་ཚིག་དེ་དག་བློ་རྟོག་པ་ལ་སྣང་བའི་དོན་ནམ། སྒྲ་དོན་གྱི་ཡུལ་ཅན་དུ་འདོད་དོ། །གཙོ་བོ་མེད་ན་དེའི་སྒྲ་དོན་ཀྱང་མེད་དོ་ཞེས་བསྙོན་པ་ཡིན་ན་ནི། གཙོ་བོ་ཆོས་ཅན་དུ་བཟུང་ནས་གྲངས་ཅན་གྱིས་ཡོད་པ་དང༌། སངས་རྒྱས་པས་ཡོད་པ་མ་ཡིན་པར་སྒྲུབ་པ་ལ། སེལ་ངོར་བསྒྲུབ་བྱ་མི་སྲིད་པར་འགྱུར་ཏེ། དེའི་ཚེ་ཆོས་ཀྱི་རྟེན་གཙོ་བོ་ནི་རྒོལ་བའི་ཚད་མས་བསལ་བའི་ཕྱིར་ན་ཚོགས་པ་བསྒྲུབ་བྱར་མི་འགྱུར་ལ། ཡན་གར་བའི་ཆོས་དངོས་པོའི་ཉེར་ལེན་ཅན་དུ་ཡོད་པའམ་མེད་པ་ནི་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པའི་ཕྱིར། འདིར་གྲངས་ཅན་གྱིས་སངས་རྒྱས་པའི་ངོར་གཙོ་བོ་ཡོད་པར་སྒྲུབ་པའི་ཚེ་བསྒྲུབ་བྱ་མི་སྲིད་ཅེས་འཆད་རྒྱུ་མ་ཡིན་ཏེ། དེའི་ཚེ་དོན་བྱེད་ནུས་སྟོང་ལྟ་བུ་དང༌། ཤེས་བྱ་ལྟ་བུ་བཀོད་ན་འགལ་བ་དང་མ་ངེས་པ་གང་རུང་དུ་འགྱུར་བར་བཤད་པས་ཕྱོགས་ཆོས་འགྲུབ་པར་གསལ་ལ། བསྒྲུབ་བྱ་མེད་པ་ལ་ཕྱོགས་ཆོས་མི་འབྱུང་བའི་ཕྱིར། དེ་བཞིན་དུ་དངོས་གྱུར་གྱི་ནམ་མཁའ་དང་བདག་རྟག་པ་ཆོས་ཅན་དུ་བཟུང་བའི་ཚེ་དེ་དང་དེའི་སྒྲ་དོན་ཁས་ལེན་པ་དང༌། སྒྲ་རྟག་པར་སྒྲུབ་པ་ལྟ་བུའི་ཚེ་ཡང་སྒྲ་དོན་ཁས་ལེན་པས་བསྒྲུབ་བྱ་འབྱུང་ལ། སྒྲ་དོན་བསྙོན་ན་དེ་དག་གི་ཚེ་ཡང་བསྒྲུབ་བྱ་མི་འབྱུང་བར་འགྱུར་ཞེས་འཕེན་པའོ། །གལ་ཏེ་སྒྲ་དོན་དགག་སྒྲུབ་ཀྱི་དངོས་རྟེན་དུ་འཇོག་ན་འཇུག་ཡུལ་དུ་ཡང་རུང་ངམ་ཞེ་ན། སྒྲ་དོན་བསྙོན་པ་མེད་པ་སྟེ་སེལ་ངོར་ཁས་ལེན་པ་རྣམས་ཀྱིས་དོན་བྱེད་པའི་ནུས་པ་ཡོད་པ་དང་མེད་པའི་ཕྱོགས་ཀྱི་བྱེ་བྲག་གིས་དངོས་པོ་ཉིད་ནི་དཔྱད་པར་བྱ་སྟེ། བརྟག་ཅིང་དཔྱད་པ་འདི་ལས་འབྲས་བུ་འབྱུང་བ་ནི་དོན་བྱེད་ནུས་པ་ལ་རག་ལས་པའི་ཕྱིར། དེ་སྒྲུབ་པ་ནི། དོན་བྱེད་ནུས་པ་མ་ཡིན་པ་ལ་དོན་གཉེར་སྐྱེས་བུས་བརྟགས་པས་ཅི་ཞིག་བྱ་སྟེ། མ་ནིང་གཟུགས་བཟང་ངམ་མི་བཟང་ཞེས་འདོད་ལྡན་རྣམས་ཀྱིས་བརྟགས་པས་ཅི་ཕན་པ་བཞིན་ནོ། །སྒྲ་དོན་ཡོད་ན་སློབ་དཔོན་གྱིས་བརྟགས་པ་མ་དམིགས་པའི་ཆོས་ཤེས་གསུངས་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། རྟོག་པའི་ཤེས་པའི་ཡུལ་ཡིན་པ་ཉིད་ཀྱིས་སྒྲའི་དོན་ནི་བརྟགས་པ་ཡིན་ལ། དངོས་པོའི་རྟེན་ནམ་ཉེར་ལེན་ཅན་དུ་མ་གྲུབ་པ་དེ་སྒྲ་དོན་འདིའི་ཆོས་སུ་རིགས་པ་སྨྲ་བ་ཕྱོགས་ཀྱི་གླང་པོས་གསུངས་པ་ཡིན་པའི་ཕྱིར། དེ་ལ། སེལ་ངོར་ཡོད་པས་ཐ་སྙད་ཚེ། །ཡོད་པའི་གོ་ཆོད་དོན་དམ་དུ། །མ་ཡིན་པས་ན་གྲུབ་པའི་མཐར། །ཡོད་མ་ཡིན་པ་སྒྲ་དོན་ནོ། །ཞེས་སོ། གཉིས་པ་ནི། བསྟན་བཅོས་སྐབས་དང་ཞེས་པ་མི་འཐད་དེ། འདི་ལྟར། ལུང་གིས་མ་དམིགས་ན་མེད་དགོས་ཏེ། ལུང་ཚད་མ་ནི་ཤེས་བྱ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར། དཔེར་ན་རིག་བྱེད་བཞིན་ནོ་ཞེ་ན། ལན་ལ་གསུམ་སྟེ། ལུང་ཙམ་ལས་ལུང་དོན་དེ་སྒྲུབ་མི་ནུས། དཔྱད་པ་གསུམ་གྱིས་དག་པའི་ལུང་ལས་ཤིན་ལྐོག་སྒྲུབ་ནུས་ཀྱང་ལུང་དེ་རྟོགས་དཀའ་བ། སྐྱེས་བུས་མ་བྱས་པའི་ལུང་མི་སྲིད་པར་སྒྲུབ་པའོ། །དང་པོ་ནི། ལུང་ཙམ་དེ་ལས་རང་གི་བརྗོད་བྱའི་དོན་གྲུབ་པ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་རྣམས་ནི་རང་གི་བརྗོད་བྱའི་དངོས་པོ་དང་མེད་ན་མི་འབྱུང་བ་ཉིད་མེད་པའི་ཕྱིར་རོ། །སྤྱིར་གཏན་ཚིགས་སུ་མི་རུང་བ་མ་ཡིན་ཏེ། ལུང་དེ་དག་རང་སྨྲ་བ་པོའི་བསམ་པ་སྟོན་པར་བྱེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་དེ་ལྟ་ན་སློབ་དཔོན་གྱིས། །ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་བཤད་པ་དང་འགལ་ལོ་ཞེ་ན། ལན་ལ་གསུམ་སྟེ། ཡིད་ཆེས་ཚིག་ཅེས་པའི་དང་མི་སླུ་ཞེས་པའི་དང༌། རྗེས་སུ་དཔག་པ་ཉིད་ཅེས་པའི་དོན་བཤད་པའོ། །དང་པོ་ནི། ཡིད་ཆེས་པའི་ཚིག་ནི་ཚིག་དེ་ལ་ཡོངས་སུ་བརྟགས་པ་ན་སྔ་ཕྱི་འབྲེལ་ཆགས་པ་དང་ནི་ཐར་པ་དང་རྗེས་སུ་མཐུན་པའི་ཐབས་སྟོན་པ་དང༌། སྐྱེས་བུའི་དོན་མཐོང་ལྟ་བུ་རྗོད་པར་བྱེད་པའི་ངག་གི་དབང་དུ་བྱས་པ་ཡིན་གྱི། དེ་ལས་གཞན་པ་བྱ་རོག་གི་སོ་རྟོག་པའི་བསྟན་བཅོས་ལྟ་བུའི་དབང་དུ་བྱས་པ་མ་ཡིན་ནོ། །གཉིས་པ་ནི། མཐོང་བ་མངོན་གྱུར་དང་མ་མཐོང་བ་ལྐོག་གྱུར་གྱི་དངོས་པོ་ཡི་དོན་དེ་དག་ལ་མངོན་སུམ་དང་རྗེས་སུ་དཔག་པ་རྣམ་པ་གཉིས་ཀྱིས་ཀྱང་གནོད་པ་མེད་ཅིང་གྲུབ་པ་ནི་མི་སླུ་བ་ཞེས་པའི་ཚིག་འདིའི་དོན་ནོ། །གསུམ་པ་ལ་གཉིས་ཏེ། ཡིད་ཆེས་རྗེས་དཔག་གསུང་བའི་རྒྱུ་མཚན་དང༌། དེ་རྗེས་དཔག་ཡིན་པའི་ཤེས་བྱེད་དོ། །དང་པོ་ནི། ཡིད་ཆེས་པའི་ཚིག་ནི་རྗེས་སུ་དཔག་པའི་གཏན་ཚིགས་ཉིད་དུ་སློབ་དཔོན་གྱིས་གསུངས་ཏེ། ཡིད་ཆེས་པའི་ཚིག་འདི་ཡི་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་ནའང་འཇལ་དགོས་ཤིང༌། མངོན་རྗེས་གཉིས་ཀྱིས་གཞལ་བའི་གོ་སྐབས་མེད་པའི་ཕྱིར། གཉིས་པ་ནི། གཞལ་བྱ་མངོན་ལྐོག་གཉིས་སྟོན་པ་དང༌། མི་སླུ་བའི་སྤྱི་སྟེ་མི་སླུ་བར་མཚུངས་པའི་ལུང་གི་རྟགས་ལས་ཤིན་ཏུ་ལྐོག་གྱུར་རྟོགས་པའི་བློ་ནི་ཆོས་ཅན། གཞན་ཤིན་ཏུ་ལྐོག་གྱུར་ལ་རྗེས་སུ་དཔག་པ་ཉིད་ཡིན་ཏེ། བླང་བྱ་དང་དོར་བྱའི་དེ་ཉིད་ནི་ཐབས་དང་བཅས་པ་རབ་ཏུ་ངེས་པ་ཡིས་གྲོལ་བ་དོན་གཉེར་གྱི་གཙོ་བོའི་དོན་ལ་མི་སླུ་བའི་ཕྱིར། འདིར་ལུང་དེ་ལ་དཔྱད་པ་གསུམ་གྱིས་དག་པའི་ཚེ་ཡིད་ཆེས་རྗེས་དཔག་ཁས་ལེན་པ་དང༌། མ་དག་པའི་ཚེ་ཤིན་ལྐོག་སྟོན་པའི་ལུང་ཡིན་ཀྱང་རང་གི་བརྗོད་བྱའི་དོན་བསྒྲུབ་མི་ནུས་ཏེ། དོན་དང་འབྲེལ་པ་ནི་མེད། དེ་དེ་ལ་མི་སླུ་བར་ཡིད་ཆེས་པ་ཡང་མེད་པའི་ཕྱིར། དག་པའི་ཚེ་ནི་འབྲེལ་པ་མེད་ཀྱང་ཡིད་ཆེས་པས་བརྗོད་བྱའི་དོན་བསྒྲུབ་ནུས་སོ། །དེ་ལྟར་ན་དཔྱད་པ་གསུམ་གྱིས་དག་པའི་ཚེ་བསྐལ་དོན་གྱི་ཁྱད་པར་འགའ་ཞིག་ལུང་གིས་མ་དམིགས་པས་མེད་པར་སྒྲུབ་ནུས་པ་ཞིག་སྲིད་དོ་ཞེས་པ་ནི་འདིའི་ཐད་ཀྱི་རྩ་འགྲེལ་གྱི་དོན་ནོ། །གཉིས་པ་ནི། འདིར་རིགས་པ་ཅན་པ་ན་རེ། སྐྱེས་བུ་ཕུལ་དུ་བྱུང་བ་ལ་ལྟོས་པའི་ཚིག་དེ་ཇི་བཞིན་དོན་ཅན་དུ་སངས་རྒྱས་པ་ལས་གཞན་གྱིས་ཤེས་སོ་ཞེ་ན། གལ་ཏེ་སྐྱེས་བུ་ཕུལ་དུ་བྱུང་བ་དེ་ཐ་མལ་པས་ཤེས་པར་ནུས་ན་དེའི་ཚིག་ལས་མངོན་ལྐོག་གཉིས་ཀྱང་རྟོགས་ནུས་པའི་དོན་འདི་འདོད་ན་ཡང་དེ་འདྲ་དེ་ཐ་མལ་པས་རྟོགས་པར་དཀའོ་ཞེས་ནི་རིགས་པ་ཅན་པ་ལས་གཞན་གྱིས་ཤེས་ཏེ། མདུན་གྱི་སྐྱེས་བུ་འདི་ནི་ཆགས་སོགས་འདི་ལྟ་བུ་དང་ལྡན་ནོ་ཞེས་སམ་ལྡན་པ་མ་ཡིན་ནོ་ཞེས་གཞན་ལ་སྐྱོན་དང་ལྡན་པའམ་སྐྱོན་མེད་པའི་ཚད་མ་རྣམས་ནི་རྙེད་པར་དཀའ་བའི་ཕྱིར། དེ་ལྟ་ན་ཡང་སྐྱེས་བུ་ཁྱད་པར་ཅན་མི་སྲིད་པ་ནི་མ་ཡིན་ཏེ། ཉེས་པ་ཆགས་སོགས་ཀུན་མི་མཐུན་པའི་ཕྱོགས་ཏེ་སྤོང་བྱེད་ཀྱི་གཉེན་པོ་དང་བཅས་པ་ཉིད་ཀྱི་ཕྱིར་ན་གཉེན་པོ་དེ་གོམས་པ་ལས་གོམས་པ་པོའི་སེམས་ཀྱི་བདག་ཉིད་དུ་འགྱུར་བས་ན་གང་ཟག་ལ་ལའི་སེམས་རྒྱུད་ཟག་པ་ཟད་པར་འགྱུར་བའི་ཕྱིར། དཔེར་ན་ཐ་མལ་གྱི་དུས་འདིར་གཉེན་པོ་འཕེལ་ན་ཆགས་སོགས་འགྲིབ་པ་དང༌། གཉེན་པོ་འགྲིབ་ན་ཕུལ་དུ་བྱུང་བ་ལ་བརྟེན་པ་མ་མཐོང་བ་བཞིན་ནོ། །རྩ་བའི་རྟགས་ནི། འཚེ་བ་མེད་པ་སྙིང་རྗེ་ཆེན་པོ་དང་ཡང་དག་པའི་དོན་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ངོ་བོ་ཉིད་ལ་ནི་ཕྱིན་ཅི་ལོག་ཆགས་སོགས་ཀྱིས་འབད་དུ་ཟིན་ཀྱང་མི་ཟློག་སྟེ། གོམས་པ་པོའི་བློ་ནི་གཉེན་པོ་དེའི་ཕྱོགས་འཛིན་པའི་ཕྱིར་རོ། །དེས་དེ་སྤོང་བར་ནུས་ཏེ་ཆགས་སོགས་ཉེས་པ་རྣམ་པ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ལས་སྐྱེས་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་དང་མ་རིག་པ་རྣམ་པ་ཀུན་ཏུ་མཚུངས་པར་ལྡན་ཞིང༌། མ་རིག་པ་མཚུངས་ལྡན་དང་བཅས་པ་དེར་ཡུལ་དེ་ལ་ཆགས་པ་དང་དེ་ལས་ཞེ་སྡང་ལ་སོགས་འབྱུང་བའི་ཕྱིར། འཇིག་ལྟ་དང་མཚུངས་པར་ལྡན་པའི་མ་རིག་པ་ཁོ་ན་ཆགས་སོགས་ཀྱི་རྒྱུ་ཡིན་པ་དེ་ཉིད་ཀྱིས་ན་ཉེས་པ་ཆགས་སོགས་རྣམས་ཀྱི་རྒྱུ་ནི་གཏི་མུག་ཡིན་པར་གསུངས་སོ། །མདོ་གཞན་ལས་འཇིག་ཚོགས་ལ་ལྟ་བ་ཆགས་སོགས་ཀྱི་རྒྱུར་གསུངས་པ་ཡིན་ཏེ། དེ་སྤངས་པ་ན་ཆགས་སོགས་ཀྱི་རྩ་བ་སྤོང་བའི་ཕྱིར་རོ། །དེ་ལ། སྐྱེས་བུ་ཁྱད་པར་ཅན་སྲིད་ཀྱང༌། །དེར་མི་ཤེས་ཕྱིར་དེས་སྨྲས་པ། །གཞལ་བྱའི་གནས་གསུམ་གང་ལ་ཡང༌། །སྒྲུབ་བྱེད་ཉིད་དུ་མི་འདོད་དོ། །རྣམ་འགྲེལ་ནས་གསུངས་གཞལ་བྱ་གཉིས། །དཔྱོད་ཚེ་དེ་ལུང་ཡིད་ཆེས་མིན། །ཡུལ་གཉིས་དག་ནས་ཤིན་ལྐོག་ལ། །དཔྱོད་ཚེ་དེ་ལུང་ཡིད་ཆེས་གནས། །མ་རིག་ཉེས་པའི་རྩ་བ་ཞེས། །འཆད་པ་འཇིག་ཚོགས་ལྟ་བ་དང༌། །མཚུངས་ལྡན་ཁོ་ནའི་དབང་བྱས་ཕྱིར། །གཉིས་ཀ་ཉེས་པའི་རྩ་བར་བཤད། །ཅེས་སོ། །གསུམ་པ་ལ། ཕྱོགས་སྔ་མ་ནི། སྤྱོད་པ་པ་སོགས་ལ་ལ་ན་རེ། རིག་བྱེད་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཚིག་ཡིན་པའི་ཕྱིར། ཁྱབ་སྟེ། ཚིག་རྣམས་དོན་ལོག་པ་སྟོན་པ་ཉིད་ཀྱི་རྒྱུ་ནི་ཉེས་པ་ཆགས་སོགས་རྣམས་ཡིན་ལ། དེ་ཡང་སྐྱེས་བུ་ལ་བརྟེན་པའི་ཕྱིར་ཞེས་བརྗོད་པར་བྱེད་དོ། །ལན་ལ་གཉིས་ཏེ། སྐྱེས་བུས་མ་བྱས་པའི་རྟགས་ཀྱིས་རིག་བྱེད་བདེན་པའི་དོན་ཅན་ཡིན་པ་དགག ཕྱོགས་གཅིག་བདེན་པའི་རྟགས་ཀྱིས་བདེན་པར་སྒྲུབ་མི་ནུས་པའོ། །དང་པོ་ལ་གསུམ་སྟེ། རྟགས་དེ་ལ་རྗེས་འགྲོ་མེད་པར་བསྟན། རྟགས་དེའི་ཕྱོགས་ཆོས་མི་འགྲུབ་པར་བསྟན། རྟགས་དེའི་ལྡོག་པ་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། མགོ་མཚུངས་ཀྱི་སྒོ་ནས་འགལ་བ་དང༌། རང་ལུགས་ཀྱི་སྒྲུབ་བྱེད་བཀོད་ནས་འགལ་བ་དང༌། རྣམ་པར་བརྟགས་ནས་འགལ་བའོ། །དང་པོ་ནི། རིག་བྱེད་ཆོས་ཅན། ལོག་པའི་དོན་ཅན་ཅིས་མ་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཚིག་ཡིན་པའི་ཕྱིར། འདི་བརྟག་པ་མཐར་བཟུང་བས་ཁྱབ་འབྲེལ་ཁས་མི་ལེན་ཀྱང༌། ཁྱབ་པར་ཐལ། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ་ནི་བརྩེ་སོགས་ཡོན་ཏན་ཡིན་ལ། དེ་ཡང་སྐྱེས་བུ་ལ་བརྟེན་དགོས་པའི་ཕྱིར། གཉིས་པ་ནི། རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། སྐྱེས་བུས་བྱས་པ་མ་ཡིན་དུ་ཆུག་ན་ཡང་མ་བྱས་པ་དེའི་ཕྱིར་ལོག་པ་ཉིད་དུ་སྲིད་དེ། དོན་ཤེས་པར་བྱེད་པ་དག་གི་རྒྱུ་ནི་བརྡ་ཡིན་ལ། བརྡ་ནི་སྐྱེས་བུ་ལ་བརྟེན་པས་སོ། །གསུམ་པ་ལ་བཞི་ལས། དང་པོ་ནི། སྐྱེས་བུས་མ་བྱས་པའི་ཚིག་དེ་བདེན་པའི་དོན་ཅན་ཡིན་ན་ཚིག་དེ་ལས་རང་གི་དོན་གོ་བ་བརྡ་འབྲེལ་སྐྱེས་བུས་བྱས་པ་ལ་ལྟོས་སམ་མི་ལྟོས། མི་ལྟོས་ན་བརྡ་རིག་པ་མེད་པར་ཡང་འདིའོ་སྙམ་དུ་རྟོགས་པར་འགྱུར་ཏེ། དོན་གོ་བ་བརྡ་དོན་གྱི་འབྲེལ་བ་སྐྱེས་བུས་བྱས་པ་ལ་ལྟོས་པ་མ་ཡིན་པའི་ཕྱིར། ལྟོས་ན་གཞན་དག་གིས་རིག་བྱེད་སྐྱེས་བུས་མ་བྱས་པར་བརྟགས་པ་ནུས་མེད་དུ་འགྱུར་ཏེ། དོན་གོ་བ་དེ་ནི་སྐྱེས་བུས་བྱས་པའི་བརྡ་ལས་གསལ་བ་ཡིན་པའི་ཕྱིར། གཉིས་པ་ནི། སྐྱེས་བུས་མ་བྱས་པའི་ཚིག་དེ་བརྗོད་བྱའི་དོན་གཅིག་ཁོ་ན་དང་འབྲེལ་ལམ་དུ་མ་དང་ཡང་འབྲེལ། དང་པོ་ལྟར་ན། ཨགྣེ་ཞེས་པའི་ཚིག་རྣམས་ཆོས་ཅན། དོན་གཞན་ལ་བརྡ་སྦྱར་ཡང་རྟོགས་པར་མི་འགྱུར་བར་ཐལ། དོན་གཅིག་ཁོ་ན་ལ་འབྲེལ་པ་ངེས་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། རང་གི་བརྗོད་བྱའི་དོན་དང་འགལ་བ་ཡང་གསལ་བར་བྱེད་པ་ཡིན་པར་ཐལ། དོན་དུ་མ་དང་ངོ་བོ་ཉིད་ཀྱིས་མངོན་པར་འབྲེལ་བའི་ཕྱིར། རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་ཀྱང་ཀུན་ཏུ་བརྟགས་པ་དོན་མེད་པར་འགྱུར་ཏེ། གཏན་ཚིགས་དེ་ཉིད་ཀྱི་ཕྱིར། རིག་བྱེད་སྐྱེས་བུས་ལེགས་པར་མ་བྱས་པ་རྣམས་པ་ཀུན་ཏུ་དོན་མེད་པར་འགྱུར་ཏེ། ཚིག་དང་དོན་ཐ་དད་པ་རྣམས་ལ་འབྲེལ་པ་ཡང་རྣམ་པར་བཞག་པའི་ཕྱིར་དུ་སྐྱེས་བུས་གཏན་ཚིགས་བརྗོད་དགོས་པའི་ཕྱིར། སྐྱེས་བུས་ལེགས་པར་བྱས་པར་ཁས་ལེན་ནོ་ཞེ་ན། རིག་བྱེད་པ་ཁྱོད་ཀྱི་འདོད་པ་འདི་ནི་ཆོས་ཅན། དངོས་སུ་གླང་ཆེན་གྱི་ཁྲུས་དང་འདྲ་བར་འགྱུར་ཏེ། བདེན་པའི་དོན་ཅན་སྒྲུབ་པའི་ཕྱིར་དུ་སྐྱེས་བུས་མ་བྱས་པར་ཁས་ལེན་སྒྲ་དོན་གྱི་འབྲེལ་བ་སྒྲུབ་པའི་ཕྱིར་དུ་སྐྱེས་བུས་བྱས་པར་ཁས་ལེན་པས་སོ། །བརྟག་པ་གསུམ་པ་ལ་གཉིས་ལས་དང་པོ་ནི། རིག་བྱེད་ཀྱི་ཚིག་དོན་ལ་ངོ་བོ་ཉིད་ཀྱིས་འབྲེལ་པ་ཡོད་ན་དེ་རྟག་གམ་མི་རྟག རྟག་ན་དེ་ལ་འབྲེལ་པ་རྟག་པ་ཡོད་པ་མ་ཡིན་ཏེ། འབྲེལ་པ་ཅན་གྱི་དོན་རྣམས་ནི་མི་རྟག་པའི་ཕྱིར། གཉིས་པ་ལྟར་ན། རིག་བྱེད་ཀྱི་སྒྲ་རྣམས་ལ་ནི་ཆོས་ཅན། རྟག་པའི་རང་བཞིན་དག་རྣམ་པར་ཟློག་རིགས་པར་ཐལ། ཁྱོད་དང་དོན་གྱི་འབྲེལ་པ་དེ་དོན་དང་ལྷན་ཅིག་སྐྱེས་པའི་ཕྱིར། འདོད་ན་ནི་དེ་ལྟར་མི་རིགས་སོ། །དེའི་དོན་དང་སྒྲའི་འབྲེལ་པ་དེ་ཆོས་ཅན། སྐྱེས་བུའི་བློ་ཡིས་ལེགས་པར་བྱས་པ་ཡིན་ཏེ། དེའམ་ངོ་བོ་ཉིད་ཀྱིས་གྲུབ་པ་གང་རུང་ལས་ཕྱི་མ་མི་རིགས་པའི་ཕྱིར། རང་ལུགས་ཀྱི་འབྲེལ་པ་ཆོས་ཅན། མི་རྟག་པ་དང་རྟག་དངོས་གང་རུང་གི་ཉེས་པ་འདི་མེད་དེ། རྟོག་པས་རྣམ་པར་བརྟགས་པའི་ཕྱིར། གལ་ཏེ་འབྲེལ་པའི་རྟེན་ནི་འཇིག་ན་ཡང་འབྲེལ་པ་ནི་འཇིག་པ་མ་ཡིན་ཏེ། རྟག་པའི་ཕྱིར། རིགས་དང་འདྲའོ་ཞེ་ན། བསལ་བ་རྣམས་ཆོས་ཅན། རྒྱུ་མཚན་གང་གིས་ན་རིགས་དེའི་རྟེན་དུ་འདོད་པ་ཡིན་ཏེ། རྟག་པ་རྣམས་ལ་རྟེན་གྱི་ནུས་པ་གང་འཇུག་སྟེ་མེད་པའི་ཕྱིར། གལ་ཏེ་སྤྱི་བསལ་བ་ལ་བརྟེན་པའི་དོན་དེས་དེ་བསལ་བར་བྱས་པ་ལ་འཆད་དོ་ཞེ་ན། རིགས་པ་ཤེས་པས། བུམ་སོགས་ཀྱང་ཆོས་ཅན། རང་འཛིན་ཤེས་པ་སྐྱེ་བ་ལ་ནི་སྒྲོན་འོད་ཀྱིས་གསལ་བར་འདོད་དེ། རང་འཛིན་ཤེས་པ་སྐྱེད་པར་བྱེད་པ་ཡི་ལྷན་ཅིག་བྱེད་པའི་རྒྱུ་རྣམས་ཚོགས་པ་ན་རང་འཛིན་ཤེས་པ་དེ་སྐྱེད་པར་ནི་རུང་བ་ཉིད་དུ་སྒྲོན་འོད་ཀྱིས་བྱས་པའི་ཕྱིར། གསལ་བྱེད་ཡིན་ན་དེ་ལྟ་བུ་ཞིག་དགོས་པ་ལས་བུམ་བསལ་དེས་ཆོས་ཅན། གང་གི་ཕྱིར་ན་བུམ་སྤྱི་དེ་གསལ་བར་འདོད་པ་ཡིན་ཏེ། འགྱུར་བ་མེད་པའི་རྟག་པ་རྣམས་ལ་སྔ་ཕྱི་ཁྱད་པར་མེད་པས་ན་རྟག་པ་དེ་ལ་ཁྱོད་རང་གིས་གསལ་བྱེད་ཀྱི་དོན་ཅི་བྱས་ཏེ་མ་བྱས་པའི་ཕྱིར། གཉིས་པ་ནི། སྒྲ་དོན་གྱི་འབྲེལ་པ་དངོས་པོ་ཉིད་དུ་གྲུབ་པར་གྱུར་དུ་ཆུག་མོད། དེ་སྒྲ་དོན་དང་རྫས་གཅིག་གམ་ཐ་དད། ཐ་དད་ན་དེ་དང་དེའི་འབྲེལ་པ་ཆོས་ཅན། བློ་མ་འཁྲུལ་བས་རྫས་སྣ་ཚོགས་སུ་དམིགས་པར་འགྱུར་ཏེ། རྫས་ཐ་དད་པའི་ཕྱིར། འབྲེལ་པ་དེ་ཆོས་ཅན། གཞན་སྒྲ་དོན་ལ་རག་ལས་པའམ་གཞན་གྱི་འབྲེལ་བར་ཇི་ལྟར་འགྱུར་ཏེ། དེ་ལས་རྫས་གཞན་དུ་ཡོད་པའི་ཕྱིར། དེ་ལས་རྫས་ཐ་དད་མ་ཡིན་ནོ་ཞེ་ན་དེ་ཉིད་དེའི་འབྲེལ་པར་འགྱུར་ལ། དེ་ཡང་མ་ཡིན་ན་སྒྲ་དོན་ལ་དངོས་པོའི་འབྲེལ་བ་མེད་པར་འགྱུར་ཏེ། རྫས་གཅིག་དང་ཐ་དད་འདི་ལས་གཞན་པའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། དེས་ན་སྒྲ་དོན་གྱི་འབྲེལ་བ་ནི་རྟོག་པས་བྱས་པ་ཡིན་ཏེ། སྒྲ་དང་དོན་གྱི་དངོས་པོའི་ངོ་བོ་ནི་འབྲེལ་མེད་ཐ་དད་ཡིན་པའི་ཕྱིར་རོ། །བརྟག་པ་བཞི་པ་ནི། རིག་བྱེད་ཀྱི་ཡི་གེ་ལ་མིང་ཚིག་སོགས་དང་བརྗོད་བྱའི་དོན་ལ་འབྲེལ་པ་གྲུབ། ཅེས་བརྟགས་པ་ན་གཉིས་ཀ་ལྟར་ཡང་མི་འཐད་དེ། ཡི་གེ་རེ་རེས་ཞེ་འདོད་ཀྱི་དོན་སྟོན་པ་མེད་པ་ཅན་དུ་འགྱུར་ཞིང༌། མིང་ཚིག་སོགས་ནི་རྟོག་པས་ཀུན་ཏུ་བརྟགས་པའི་དངོས་མེད་ཡིན་ལ། དེ་དང་བརྗོད་འི་དོན་ལ་དངོས་པོར་གྲུབ་པ་ཡི་ནི་འབྲེལ་པ་འདི་ཇི་ལྟ་བུར་ན་འཇུག་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར་རོ། །འདིར་ནི་སྐྱེས་བུས་མ་བྱས་ཚིག །དོན་དང་འབྲེལ་བ་བཀག་པའི་ཕྱིར། །བརྗོད་བྱའི་དོན་ལ་རྗེས་འགྲོ་མེད། །དེ་ཕྱིར་ཚིག་ལས་དོན་མི་འགྲུབ། །རིག་བྱེད་ལས་འབྱུང་བརྗོད་བྱའི་དོན། །བདེན་ལ་བསལ་བ་འདིར་མ་བཤད། །སངས་རྒྱས་གསུང་ནི་བརྗོད་དོན་དང༌། །འབྲེལ་པ་མེད་ཀྱང་དཔྱད་གསུམ་གྱིས། །རྣམ་པར་དག་ནས་གནས་གསུམ་པར། །འཕོ་བའི་ཚེ་ན་ཡིད་ཆེས་ཚིག །རིག་བྱེད་ནང་འགལ་དང་བཅས་པས། །གནས་གསུམ་པར་ནི་འཕོ་མི་སྲིད། །ཡི་གེའི་ཆ་ཤས་སྐད་ཅིག་མ། །རིམ་གྱིས་ཐོས་ནས་དྲན་རྟོག་གིས། །དོན་སྟོན་ངག་ཏུ་སྒྲོ་བཏགས་ཕྱིར། །ཚིག་སོགས་དངོས་པོར་གྲུབ་པ་མེད། །ཅེས་སོ། །གཉིས་པ་ལ་གཉིས་ཏེ། རིག་བྱེད་མ་བྱས་པར་མི་འགྲུབ་པ་དང༌། འགྲུབ་ཏུ་ཆུག་ཀྱང་བདེན་པའི་དོན་ཅན་དུ་འགལ་བའོ། །དང་པོ་ལ་གཉིས་ཏེ། མ་བྱས་པའི་སྒྲུབ་བྱེད་དགག་པ་དང༌། བསྒྲུབ་བྱ་མ་བྱས་པ་ཉིད་དགག་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་གཉིས་ཀྱིས་མི་འགྲུབ་པར་བསྟན་པ་དང༌། འགྲུབ་ནའང་ཡོན་ཏན་མེད་པར་བསྟན་པའོ། །དང་པོ་ནི། བྱེད་པ་པོ་རྣམས་མི་དྲན་པའི་ཕྱིར་ཞེས་པའི་རྟགས་ཀྱིས་རིག་བྱེད་སྐྱེས་བུས་མ་བྱས་པར་ཡང་འདོད་དོ་ལོ། །དེ་ལྟར་འདོད་པ་འདི་ལའང་ཆོས་ཅན། བློ་གྲོས་ངན་པའི་མུན་པས་ཁྱབ་སྟེ། རྟགས་མ་གྲུབ་པ་དང་ཁྱབ་པ་མ་ངེས་པའི་གནོད་བྱེད་རྗེས་སུ་བརྗོད་པ་ཡོད་པ་དེས་ནའོ། །ཡང་གལ་ཏེ་རིག་བྱེད་ཀྱི་བསྟན་བཅོས་གཞན་ལའང་ཆོས་ཅན། སྐྱེས་བུས་མ་བྱས་ཏེ། ཐོག་མེད་ཡིན་པའི་ཕྱིར་ཏེ། འདོན་པ་སྔ་མ་སྔོན་དུ་མ་སོང་བར་འདོན་མི་ནུས་པའི་ཕྱིར། ཇི་ལྟར་ད་ལྟ་རིག་བྱེད་འདོན་པའི་སྐྱེས་བུ་འདི་སློབ་དཔོན་གཞན་ལ་མ་ཐོས་པར་ཡི་གེ་དང་ཚིག་གི་བཀོད་པ་ནི་བརྗོད་པའི་ནུས་པ་མེད་པ་དེ་ལྟར་རོ་ཞེས་འགའ་ཞིག་སྨྲའོ། །འོ་ན་གསར་དུ་སྤེལ་བ་ཡི་ནི་གཞུང་གཞན་དེ་ཡང་ཆོས་ཅན། གང་གིས་ན་ཐོག་མེད་ཡིན་པ་དེ་ལྟར་དུ་རྗེས་སུ་མི་དཔོག་སྟེ་དཔོག་རིགས་པར་ཐལ། སློབ་དཔོན་སྔ་མའི་མན་ངག་ཡོད་པ་ལས་གཞན་མེད་པར་གཞན་དག་གིས་འདོན་པ་གང་མཐོང་སྟེ་མ་མཐོང་བའི་ཕྱིར། ཚིག་གི་རིགས་གང་སྐྱེས་བུ་གང་ལས་སྐྱེ་བར་གྲུབ་པ་དེའི་ཚེ་ན། རྒྱུ་སྐྱེས་བུ་ལས་བྱུང་བར་མ་མཐོང་བ་ཅན་གྱི་ཚིག་གཞན་ཡང་སྐྱེས་བུ་དེ་ལས་འབྱུང་བར་ཡང་དག་པར་ཤེས་ཏེ། ཚིག་ཏུ་ཁྱད་པར་མེད་པའི་ཕྱིར། མེ་དང་ཤིང་གི་རིགས་པ་བཞིན་ནོ། །ཚིག་དེ་ལ་འཇིག་རྟེན་པའི་ཚིག་སྐྱེས་བུས་བྱས་པ་དང༌། རིག་བྱེད་མ་བྱས་པའི་ཁྱད་པར་དག་ནི་མ་བསྟན་པར་བྱེད་པ་པོ་མི་དྲན་པ་སོགས་ཀྱི་གཏན་ཚིགས་རབ་ཏུ་སྤྲོས་པ་གང་ཡིན་པ་དེ་དག་ཐམས་ཅད་འཁྲུལ་པ་ཅན་ཡིན་ཏེ། ཚིག་ཐམས་ཅད་སྐྱེས་བུའི་འབྲས་བུ་ཉིད་དུ་མཚུངས་པར་མཐོང་བའི་ཕྱིར། རིག་བྱེད་རྣམ་པ་ཀུན་ཏུ་ཐོག་མེད་དུ་གྲུབ་པར་གྱུར་དུ་ཆུག་མོད། དེ་ལྟར་ན་སྐྱེས་མིན་རྟེན་ཅན་དུ་འགྲུབ་པ་མ་ཡིན་ཏེ། ཐོག་མེད་ཡིན་པ་དེའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་ཡིན་དགོས་ན་སྐྱེས་བུས་བྱས་པའི་ཐ་སྙད་གཞན་ཡང་མི་ལ་མི་བརྟེན་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཀླ་ཀློ་ལ་སོགས་པའི་ཐ་སྙད་དང༌། རྒྱང་འཕན་གྱིས་ལས་འབྲས་མེད་པར་སྨྲ་བའི་ཚིག་རྣམས་ཀྱང་ཆོས་ཅན། སྐྱེས་བུས་མ་བྱས་པ་དེ་བཞིན་དུ་འགྱུར་ཏེ། ཐོག་མེད་ཡིན་པའི་ཕྱིར་ནའོ། །འདོད་མི་ནུས་ཏེ། སྔོན་གྱི་རྒན་རབས་དག་གིས་འདུས་བྱས་པའི་རྒྱུ་ཅན་ཡིན་པའི་ཕྱིར། གཉིས་པ་ནི། རིག་བྱེད་དེའང་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་ནའང་དོན་གཅིག་ཁོ་ན་ལ་འཇུག་པའི་ཡོན་ཏན་ཅི་ཞིག་ཡོད་དེ། དོན་གྱི་འདུ་བྱེད་ཀྱི་ཁྱད་པར་སྣ་ཚོགས་པ་རྣམས་ལ་འཇུག་པར་མཐོང་བའི་ཕྱིར་ན་ཁྱབ་པ་ལ་ཐེ་ཚོམ་དག་ཀྱང་ཟ་བ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཡི་གེ་དང་ངག་སྐྱེས་བུས་མ་བྱས་པ་དགག ཡི་གེའི་གོ་རིམ་མ་བྱས་པ་དགག རིག་སྒྲ་རྟག་པར་སྒྲུབ་པའི་སྒྲུབ་བྱེད་མི་འཐད་པར་བསྟན་པའོ། །དང་པོ་ནི། རིག་བྱེད་སྐྱེས་བུས་མ་བྱས་ན་ཡི་གེའམ་ངག་གང་མ་བྱས་པ་ཡིན། དང་པོ་ལྟར་ན། རིག་བྱེད་ཀྱི་ཡི་གེ་རྣམས་སྐྱེས་བུས་མ་བྱས་པར་སྒྲུབ་པར་བྱེད་ན་འབྲས་བུ་ཅིར་འགྱུར་ཏེ། སྐྱེས་བུས་བྱས་པའི་ཡི་གེ་གཞན་དང་ཁྱད་པར་མེད་པའི་ཕྱིར། གཉིས་པ་ལྟར་ན། སྣང་རུང་མ་དམིགས་པ་དང༌། བརྟགས་ནས་དགག་པ་གཉིས་ལས། དང་པོ་ནི། ངག་ནི་ཡི་གེ་ལས་ཐ་དད་དུ་ཡོད་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར། གཉིས་པ་ལ། ཆ་ཡོད་མེད་ལ་དང༌། རྟག་མི་རྟག་ལ་དང༌། ཁྱབ་མ་ཁྱབ་ལ་བརྟགས་ནས་དགག་པའོ། །དང་པོ་ནི། ངག་དེ་ཆ་དང་བཅས་སམ་ཆ་མེད་གཅིག་ཡིན། ཡན་ལག་གི་ཆ་ཤས་དུ་མའི་བདག་ཉིད་ཡིན་ནོ་ཞེ་ན། ཆ་ཤས་རེ་རེས་དོན་སྟོན་ནམ་མི་སྟོན། ངག་དེ་རྣམས་ཀྱི་ཆ་ཤས་ཐ་དད་པ་རེ་རེས་དོན་སྟོན་པ་མེད་པ་ཉིད་དོ་ཞེ་ན། རིག་བྱེད་ཀྱི་ངག་ཆོས་ཅན། སྐྱེས་བུས་བྱས་པར་ཐལ། ཁྱོད་ཀྱི་ཆ་ཤས་རེ་རེས་དོན་སྟོན་པ་དེའི་དངོས་པོ་ཅན་མ་ཡིན་པ་ལ་ཆ་ཤས་དུ་མས་དོན་སྟོན་པ་དེའི་དངོས་པོ་ཅན་དུ་བཏགས་པའི་ཕྱིར། དཔེར་ན་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཉིད་ལ་སོགས་པར་བཏགས་པ་བཞིན་ནོ། །ངག་གི་ཆ་ཤས་རེ་རེས་དོན་སྟོན་པ་དང་བཅས་པ་ཉིད་ཡིན་ནོ་ཞེ་ནའང་དོན་སྟོན་པ་ལ་ངག་གི་ཆ་ཤས་དུ་མ་ཉིད་དགོས་པར་བཏགས་པ་ཕྱིན་ཅི་ལོག་ཡིན་པར་ཐལ་བ་དང༌། ངག་གི་ཡན་ལག་གཅིག་ནི་རྟོགས་པས་ཀྱང་ངག་གི་དོན་དག་རྟོགས་པར་འགྱུར་ཏེ། ཆ་ཤས་རེ་རེས་དོན་སྟོན་པའི་ཕྱིར། མ་ངེས་ཏེ། ཆ་ཤས་ཐམས་ཅད་གཅིག་ཆར་དུ་ཐོས་པ་ཡིན་ནོ་ཞེ་ནའང་མི་འཐད་དེ། སྔ་ཕྱིར་ཐོས་པའི་དུས་ཀྱི་ཁྱད་པར་མི་རུང་བར་ཐལ་བའི་ཕྱིར་རོ། །གཉིས་པ་ལྟར་ཆ་མེད་གཅིག་ཉིད་ཡིན་ན་ཡང་ངག་དེ་ཆོས་ཅན། རིམ་གྱིས་རྟོགས་པ་མི་སྲིད་པར་ཐལ། ཆ་ཐ་དད་མེད་པའི་ཕྱིར། གཉིས་པ་ནི། ངག་དེ་རྟག་གམ་མི་རྟག མི་རྟག་ན་ནི། རིག་བྱེད་ཀྱི་ངག་དེ་ཆོས་ཅན། ཅེས་སྐྱེས་བུས་བྱས་པ་མ་ཡིན་ཏེ། སྐྱེས་བུའི་རྩོལ་བ་ལས་བྱུང་བའི་ཕྱིར། རྟག་པ་ཉིད་ཡིན་ན་ཡང་དེ་ཆོས་ཅན། རྟག་པར་ནི་དམིགས་པར་འགྱུར་ཏེ། དམིགས་རུང་གི་རྟག་པ་གང་ཞིག སྒྲིབ་གཡོགས་ཀྱིས་སྒྲིབ་པར་བྱར་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་རྐྱེན་འགའ་ཞིག་མ་ཚང་བའི་ཚེ་ཐོས་པ་མ་ཡིན་ནོ་ཞེ་ན། དེ་ཆོས་ཅན། གཅིག་ཀྱང་རྐྱེན་གཞན་ལ་ལྟོས་པ་ནི་ཡིན་པ་བླ་སྟེ་རྟག་པར་ངེས་པ་དག་ནི་འགལ་བ་ཡིན་པར་ཐལ། རྐྱེན་ལ་ལྟོས་པའི་ཕྱིར། གསུམ་པ་ནི། ངག་དེ་ཡུལ་ཀུན་ལ་ཁྱབ་པ་ཡིན་ནམ་མ་ཁྱབ་པ་ཡིན། གལ་ཏེ་ངག་དེ་དག་ཐམས་ཅད་དུ་ཁྱབ་བྱེད་མ་ཡིན་ནོ་ཞེ་ན། ཡུལ་གཅིག་ཏུ་མ་དམིགས་ན་ཐམས་ཅད་དུ་ནི་དམིགས་པར་མི་འགྱུར་ཏེ། ཆ་ཤས་མེད་པའི་ཕྱིར། གལ་ཏེ་ཡུལ་ཐམས་ཅད་དུ་ཁྱབ་བོ་ཞེ་ན། རིག་བྱེད་ཀྱི་ངག་ཆོས་ཅན། སྐྱེས་བུ་ཐམས་ཅད་ཀྱིས་དུས་གཅིག་ཆར་དུ་དམིགས་པ་དག་ཏུ་འགྱུར་ཏེ། དམིགས་རུང་གང་ཞིག ཐམས་ཅད་དུ་ཁྱབ་པའི་ཕྱིར། རྐྱེན་གྱིས་འདུས་བྱས་པའི་ཚེ་དམིགས་པ་ཡིན་ནོ་ཞེ་ན་ཡང་དེ་ཆོས་ཅན། རྐྱེན་གང་གིས་འདུ་བྱེད་པར་འགྱུར་ཏེ། འགྱུར་བ་མེད་པའི་ཕྱིར། རྣ་བའི་དབང་པོ་ལེགས་པར་བྱས་པར་གྱུར་པའི་ཚེ་ན། དེས་ཀྱང་ཆོས་ཅན། རིག་བྱེད་ཀྱི་སྒྲ་མ་ལུས་པ་ཐོས་པར་འགྱུར་ཏེ། དེའི་མཐུན་རྐྱེན་མཐའ་དག་ཚང་བའི་ཕྱིར། གལ་ཏེ་རྣ་བའི་དབང་པོ་ལེགས་པར་བྱས་པའི་ཁྱད་པར་ལས་ཡུལ་ཐ་དད་པའི་ཕྱིར་དོན་གཅིག་ཁོ་ནའི་ཡུལ་ཅན་དུ་ངེས་པ་ཡིན་ནོ་ཞེ་ན། རྣ་བའི་དབང་པོ་ལེགས་པར་བྱས་པ་དེ་ཆོས་ཅན། སྒྲ་ཡི་ཚོགས་པ་དུ་མ་ཡི་ཅ་ཅོ་ཇི་ལྟར་ཐོས་པར་འགྱུར་ཏེ། སྒྲ་གཅིག་ཁོ་ན་ཐོས་པའི་ཕྱིར། གལ་ཏེ་སྒྲའི་ཚོགས་པ་དེ་ལ་སྒྲ་ཙམ་ཡན་གར་བ་ཅིག་ཐོས་པར་འགྱུར་གྱི། རྗོད་བྱེད་ཀྱི་སྒྲ་ཐོས་པ་མ་ཡིན་ནོ་ཞེ་ན་མི་འཐད་དེ། སྒྲ་རང་མཚན་དག་ལས་ཐ་དད་པའི་སྒྲ་ཙམ་ཡན་གར་བ་ཡོད་དོ་ཞེས་བྱ་བ་འདི་ལ་རྒོལ་བ་ཁྱོད་རང་ཆེས་ཤིན་ཏུ་དད་པར་བྱ་བ་ཙམ་ཡིན་གྱི་དོན་ལ་མེད་པའི་ཕྱིར། སྒྲ་གཞན་དག་ནི་མི་གྲག་པར་གནས་པ་ན་ཉན་ཤེས་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་གཅིག་ཀྱང་ཇི་ལྟར་ཐོས་པ་ཡིན་ཏེ། སྒྲ་ཙམ་ཡན་གར་བ་ཁོ་ན་ཐོས་པའི་ཕྱིར། ཡང་ན་དེ་ཆོས་ཅན། རྗོད་བྱེད་ལས་ཐ་དད་པའི་སྒྲ་ཙམ་ཡན་གར་བ་ཇི་ལྟར་རྟོགས་པར་འགྱུར་ཏེ། རྗོད་བྱེད་ཀྱི་སྒྲ་རེ་རེ་ཁོ་ན་ཐོས་པ་ལ་ནུས་པ་ངེས་པའི་ཕྱིར། གཞན་ཡང་སྒྲ་ཙམ་ཡན་གར་བ་དེ་རྗོད་བྱེད་ཀྱི་སྒྲ་མ་ཡིན་པའི་རྒྱུ་མཚན་ཅི་ཡིན། རྗོད་བྱེད་ལ་མ་ལྟོས་པར་བརྗོད་བྱའི་དོན་མི་སྟོན་པའི་ཕྱིར་ཞེ་ན། ཉེས་པ་གང་དང་གང་གིས་ཀྱང་སྒྲ་ཙམ་ཡན་གར་བ་རྗོད་བྱེད་ཀྱི་སྒྲར་མི་འདོད་པའི་ཉེས་པ་དེ་ཇི་ལྟར་རྗོད་བྱེད་ཀྱི་སྒྲ་དེ་ལ་མེད་དེ། དེས་ཀྱང་སྒྲ་ཙམ་ལ་མ་ལྟོས་པར་དོན་མི་སྟོན་པའི་ཕྱིར་ཏེ། དོན་སྟོན་པ་སྒྲ་ཙམ་དག་གིས་གསལ་བ་ལ་རག་ལས་པའི་ཕྱིར་ནའོ། །གསུམ་པ་ནི། གལ་ཏེ་ཡི་གེའི་རིམ་པ་དེ་སྐྱེས་བུས་མ་བྱས་པའི་ངག་ཡིན་ནོ་ཞེ་ན། དེ་ལ་གསུམ་སྟེ། བསྟན་པ། བཤད་པ། དོན་བསྡུ་བའོ། །དང་པོ་ནི། ཡི་གེའི་གོ་རིམ་ཆོས་ཅན། མ་བྱས་པའི་ངག་མ་ཡིན་ཏེ། ཡི་གེ་རྣམས་ལས་ཐ་དད་དུ་མེད་པའི་ཕྱིར་དང༌། ཡི་གེ་ལས་རྫས་ཐ་དད་པའི་གོ་རིམ་དེ་དག་རྣམ་པར་བཞག་པའང་མེད་པའི་ཕྱིར་དང༌། ཡུལ་དུས་ཀྱི་གོ་རིམ་གཞན་ནི་འགལ་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཡུལ་དུས་ཀྱི་གོ་རིམ་མི་འཐད་པ་དང༌། གསལ་བའི་རིམ་པ་མི་འཐད་པ་དང༌། ཡི་གེ་ལས་ཐ་དད་པའི་གོ་རིམ་མི་འཐད་པའོ། །དང་པོ་ནི། རིག་བྱེད་ཀྱི་ཡི་གེ་ཆོས་ཅན། ཡུལ་དང་དུས་ཀྱི་གོ་རིམ་མེད་པར་ཐལ། ཡུལ་ཐམས་ཅད་དུ་ཁྱབ་པ་དང་རྟག་པར་བརྗོད་ཅིང་ཁས་བླངས་པའི་ཕྱིར་དང༌། མི་རྟག་པ་དང་ཁྱབ་བྱེད་མ་ཡིན་པ་ལ་ཁས་བླངས་འགལ་བའི་སྐྱོན་ཡང་སྔར་ནི་བརྗོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་འདོད་པ་གསུམ་ལས། དང་པོ་ནི། རིག་བྱེད་ཀྱི་ཡི་གེ་ལ་བྱེད་པ་ལྕེ་རྐན་གྱི་གསལ་བའི་རིམ་པ་ཡོད་པས་དེ་སྐྱེས་བུས་མ་བྱས་པའི་ངག་ཡིན་ནོ་ཞེ་ན། དེ་ལྟ་བུའི་གསལ་བའི་རིམ་པའང་ངག་མ་ཡིན་ཏེ། རྟག་པ་ལ་གསལ་བའི་རིམ་པ་ཡོད་པའང་གོང་དུ་བསལ་ཟིན་པའི་ཕྱིར། ཡི་གེ་ཆོས་ཅན། ལྕེ་རྐན་སོགས་ཀྱི་འབྲས་བུ་ཉིད་ཡིན་ཏེ། བྱེད་པ་དེ་རྣམས་ཀྱི་བྱ་བ་ཉིད་ལས་ཁྱོད་གསར་དུ་གྲུབ་པའི་ཕྱིར། དེ་ལྟར་གྲུབ་པ་ན་ཁྱོད་དེའི་གསལ་བྱ་མ་ཡིན་ཏེ། གསལ་བྱེད་རང་ཉིད་ཀྱི་སྔ་རོལ་དུ་གྲུབ་པའི་དོན་ལ་རང་འཛིན་ཤེས་པ་སྐྱེ་རུང་དུ་བྱས་པའི་སྒོ་ནས་གཞན་གསལ་བྱ་འཛིན་པའི་བློའི་རྒྱུ་བྱེད་པ་ནི་གསལ་བྱེད་དུ་འདོད་པའི་ཕྱིར། དཔེར་ན་མུན་ཁུང་གི་བུམ་གཟུགས་དང་སྒྲོན་མ་བཞིན་ནོ། །སྔར་ཡོད་གསལ་བར་བྱེད་པ་ལས་གཞན་དུ་ན་གསལ་བྱེད་འདི་ཆོས་ཅན། སྐྱེད་པར་བྱེད་པ་པོ་ལས་ཁྱད་པར་ཅི་ཡོད་དེ། སྔར་མེད་གསལ་བར་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། རིག་བྱེད་ཀྱི་ཡི་གེ་འདི་བྱེད་པ་རྣམས་ཀྱི་ཚོགས་པའི་བྱ་བ་ལས་ནི་ངེས་པར་ཡང་གསར་དུ་དམིགས་པའི་ཕྱིར་ན་འབྲས་བུ་ཉིད་ཡིན་གྱི། གསལ་བར་བྱས་པ་མ་ཡིན་ཏེ། གསལ་བྱེད་ལ་གསར་དུ་སྐྱེད་པ་དེ་མི་སྲིད་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྤྱོད་པ་པ་ཁྱོད་ཀྱི་ལུགས་ལ་རིག་བྱེད་ཀྱི་སྒྲ་དེའི་ངོ་བོ་ཐོས་པའི་སྒྲིབ་བྱེད་དང་བྲལ་ཙམ་དེ་ཡི་གེ་གསལ་བའི་དོན་ཡིན་ལ། དེ་མ་བྱས་པའི་ངག་ཡིན་ནོ་ཞེ་ན། དེ་ལྟར་བྲལ་ཙམ་དེ་ཆོས་ཅན། ཁྱོད་ལ་བྱེད་པའི་ཚོགས་ཀྱི་ནུས་པ་དེ་ཅིའི་ཕྱིར་ན་རུང་བར་འགྱུར་ཏེ། དངོས་པོར་མེད་པའི་ཕྱིར། སྐྱེད་བྱེད་ཀྱི་རྒྱུ་གཞན་དག་ཀྱང་གསལ་བྱེད་ཡིན་པ་ཐོབ་པར་འགྱུར་ཏེ། བྱེད་པ་ལྕེ་རྐན་རིག་བྱེད་ཀྱི་སྒྲའི་གསལ་བྱེད་གང་ཞིག སྒྲ་དང་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར། དེ་བཞིན་དུ་ནི་ཁས་ལེན་ནོ་ཞེ་ན། རྒྱུ་རྣམས་ཀུན་ནི་ཆོས་ཅན། སྐྱེད་བྱེད་དུ་དོན་མེད་པ་ཉིད་དུ་ཐལ། གསལ་བྱེད་ཡིན་པའི་ཕྱིར། འདོད་པ་གསུམ་པ་ནི། རིག་སྒྲ་ཐོས་པའི་བློ་ཉན་ཤེས་སྐྱེས་པ་ནི་ཡི་གེ་གསལ་བའི་རིམ་པ་ཡིན་ལ། དེ་སྐྱེས་བུས་མ་བྱས་པའི་ངག་གོ་ཞེ་ན། དེ་ལྟ་ན་སྤྱོད་པ་པས་བློ་ཉན་ཤེས་ནི་སྐྱེས་བུའི་རྟེན་ཅན་མ་ཡིན་པར་དམ་བཅས་པ་དེ་ཆོས་ཅན། དམ་བཅའ་ཡང་དག་མ་ཡིན་ཏེ། ཁྱོད་ཀྱི་ཞེན་དོན་ལ་རྒོལ་བ་རང་གི་ཁས་བླངས་དང་མངོན་སུམ་དང་གྲགས་པའི་མིང་ཅན་རྣམ་རྟོག་གཏིང་ཚུགས་དང་རྗེས་སུ་དཔག་པའི་ཚད་མ་རྣམས་ཀྱིས་གཅིག་ཆར་དུ་གནོད་པའི་ཕྱིར། གསུམ་པ་ནི། ཡི་གེ་རྣམས་ལས་ཐ་དད་པའི་རིམ་པའང་ཡོད་པ་མ་ཡིན་ཏེ། གསལ་བར་དཔྱད་ཅིང་བཀག་ཟིན་པའི་ཕྱིར། གསུམ་པ་ནི། ཡི་གེའི་གོ་རིམ་དེ་ནི་ཆོས་ཅན། ཇི་ལྟར་ན་སྐྱེས་བུའི་རྟེན་ཅན་མ་ཡིན་ཏེ། རྣམ་པར་རྟོག་པས་སྒྲོ་བཏགས་པའི་ཕྱིར་ནའོ། །གསུམ་པ་ལ་གཉིས་ཏེ། རྟག་པའི་སྒྲུབ་བྱེད་མི་འཐད་པ་དང༌། མི་རྟག་པའི་སྒྲུབ་བྱེད་བཤད་པའོ། །དང་པོ་ནི། རིག་བྱེད་པ་ན་རེ། འདིའོ་སྙམ་དུ་ངོ་ཤེས་པ་དང་སྔར་ནས་ཡོད་པ་ཞིག་རང་གི་ལས་ལ་སྦྱོར་བ་དང༌། སྔར་རྟོགས་པའི་ཨ་དང་ཕྱིས་རྟོགས་པའི་ཨ་ལ་ཁྱད་པར་མེད་པ་སོགས་གང་ཡིན་པ་དེ་རིག་སྒྲ་རྟག་པའི་སྒྲུབ་བྱེད་དུ་འདོད་དོ་ཞེ་ན་ནི། རྟགས་དེས་དེ་རྟག་པར་སྒྲུབ་པའི་མཐུན་དཔེ་མེད་པ་ཅན་ཡིན་ཏེ། དངོས་པོ་རྣམས་ནི་སྐད་ཅིག་གིས་འཇིག་པའི་ཕྱིར་རོ། །དངོས་རྣམས་ནི་ཞེས་པའི་རིགས་པ་དེ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ངན་པ་གཞན་ཡང་སུན་དབྱུང་བར་བྱ་བ་ཡིན་ཏེ། དངོས་པོ་ལ་མི་རྟག་པས་ཁྱབ་པར་བསྟན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྟགས་དགོད་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། རིག་བྱེད་ཀྱི་སྒྲ་ནི་ཆོས་ཅན། མི་རྟག་སྟེ། ཡོད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། བསྟན་པ་ནི། ཁྱབ་སྟེ། ཡོད་པ་ནི་གྲུབ་ཙམ་ནས་འཇིག་པ་དང་འབྲེལ་པ་ཅན་ཡིན་པའི་ཕྱིར། གཉིས་པ་བཤད་པ་ལ་གཉིས་ཏེ། ལྟོས་མེད་ཀྱིས་རྗེས་འགྲོ་སྒྲུབ་པ་དང༌། གནོད་པ་ཅན་གྱིས་ལྡོག་པ་སྒྲུབ་པའོ། །དང་པོ་ནི། གལ་ཏེ་དངོས་པོ་ལ་འཇིག་པས་ཁྱབ་ཀྱང་གྲུབ་ཙམ་ནས་འཇིག་པས་མ་ཁྱབ་སྟེ། ཤིང་འཇིག་པ་མེ་དང་བུམ་པ་འཇིག་པ་ཐོ་སོགས་ལ་ལྟོས་པའི་ཕྱིར་ཞེ་ན། དེ་ལ་གཉིས་ཏེ། འཇིག་པ་རྒྱུ་བཅས་ལ་གནོད་བྱེད་བསྟན་པ་དང༌། རྒྱུ་མེད་ལ་གནོད་བྱེད་མི་འཇུག་པའོ། །དང་པོ་ནི་འོ་ན་ཤིང་གི་འཇིག་པ་ཤིང་ལས་དོན་གཞན་ཡིན་ནམ་མིན། ཤིང་ལས་དོན་གཞན་དུ་གྱུར་པའི་འཇིག་པ་དག་མེ་ལས་སྐྱེ་ན། ཤིང་ནི་ཆོས་ཅན། མེས་བསྲེགས་པའི་འོག་ཏུ་མཐོང་བ་ཉིད་དུ་འགྱུར་ཏེ། དེའི་ཚེ་འཇིག་པ་མེད་པའི་ཕྱིར། མ་གྲུབ་སྟེ། དོན་གཞན་དེ་ཉིད་ཤིང་དེའི་འཇིག་པ་ཡིན་ནོ་ཞེ་ན། ཇི་ལྟར་ཤིང་དང་འབྲེལ་མེད་དོན་གཞན་ནི་གཞན་ཤིང་གི་འཇིག་པར་འགྱུར་བ་བླ་སྟེ་ཡིན་དུ་ཆུག ཅིའི་ཕྱིར་ཤིང་མེས་བསྲེགས་པའི་འོག་ཏུ་མི་སྣང་བ་ཡིན། འཇིག་པ་དོན་གཞན་དེས་བདག་གིར་བཟུང་བའི་ཕྱིར་སྣང་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར་ན་ཤིང་ལས་དོན་གཞན་པའི་འཇིག་པ་དེ་ཡིས་ཤིང་མི་སྒྲིབ་པའི་ཕྱིར། གཞན་ཡང་ཤིང་གི་འཇིག་པ་ཆོས་ཅན། འཇིག་པ་ཅན་དུ་འགྱུར་ཏེ། མེ་ལས་སྐྱེ་བའི་ཕྱིར། འདོད་པ་དེ་ལྟ་ན་ཡང༌། ཤིང་མེས་བསྲེགས་པའི་འོག་ཏུ་མཐོང་བར་འགྱུར་རོ། །གལ་ཏེ་ནག་པ་གསོད་བྱེད་བསད་པ་ན་ནག་པ་སླར་འབྱུང་བ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་ཤིང་དང་ཤིང་གི་འཇིག་པ་འདི་ལའང་དེ་བཞིན་ནོ་ཞེ་ན། མི་མཚུངས་ཏེ། ནག་པ་གསོད་བྱེད་དེ་ནག་པ་བསད་པའི་ཆ་ཉིད་མ་ཡིན་པའི་ཕྱིར། བརྟག་པ་གཉིས་པ་ལྟར་ཤིང་གི་འཇིག་པ་ཤིང་ལས་གཞན་ཉིད་མ་ཡིན་པ་དེ་མེ་ལས་སྐྱེའོ་ཞེ་ན། ཤིང་ཉིད་གྲུབ་ཙམ་ནས་འཇིག་པ་ཉིད་དུ་འགྱུར་བར་གྲུབ་སྟེ། དེའི་འཇིག་པ་དེ་ལས་གཞན་མ་ཡིན་པའི་ཕྱིར། མེ་ཆོས་ཅན། ཤིང་གི་འཇིག་པའི་རྒྱུ་ཉིད་མ་ཡིན་ཏེ། འཇིག་པ་དེ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། ཤིང་གི་འཇིག་པ་དེ་ཤིང་དང་རྫས་གཅིག་དང་ཐ་དད་གང་རུང་མ་ཡིན་ནོ་ཞེ་ན། མི་འཐད་དེ། གཅིག་དང་ཐ་དད་འདི་ལས་གཞན་པའི་རྣམ་པའང་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་འགལ་རྫས་གཅིག་ཏུ་ཐལ་བའི་དང༌། གཅིག་དང་ཐ་དད་མཚུངས་པའི་ཉེས་པ་མི་འཇུག་པའོ། །དང་པོ་ནི། འཇིག་པ་རྒྱུ་གཞན་མེད་པ་ཅན་ཡིན་ནའང་དངོས་པོར་མེད་པས་རྟག་དགོས་པའི་ཕྱིར་དངོས་པོ་སྟེ་མི་རྟག་པ་དང་འཇིག་པ་སྟེ་རྟག་པ་དག་ལྷན་ཅིག་ཏུ་ཡོད་པར་འགྱུར་རོ་ཞེ་ན། འཇིག་པ་རྒྱུ་གཞན་མེད་ན་དངོས་པོར་མེད་པ་ཡིན་དགོས་ཀྱང་དེར་མེད་པ་ལ་རྟག་པ་ཉིད་གང་ལས་ཡིན་ཏེ། ཐ་སྙད་དུ་རྟག་མི་རྟག་གི་རྣམ་གཞག་ནི་དངོས་པོའི་དབང་དུ་བྱས་པའི་ཕྱིར། འཇིག་པ་རྒྱུ་གཞན་མེད་ལ་བུམ་སོགས་ཀྱི་དངོས་པོ་འཇིག་པ་མེད་པ་ཉིད་ཀྱི་སྒོ་ནས་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་མི་རུང་སྟེ། གང་གི་ཕྱིར་ན་བུམ་སོགས་ཀྱི་དངོས་པོ་འཇིག་པའི་རྒྱུ་གཞན་གྱིས་འཇིག་པ་དག་ནི་མི་འདོད་མོད། སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་འཇིག་པར་བྱེད་པའི་ཕྱིར། འཇིག་པ་དོན་གཞན་དུ་མེད་ན་བུམ་པའི་འཇིག་པ་ཞེས་ཐ་དད་དུ་དབྱེ་བ་མི་འཐད་དོ་ཞེ་ན། མི་འཐད་མི་དགོས་ཏེ། བུམ་སོགས་ཀྱི་དངོས་པོ་འཇིག་པ་རྒྱུ་གཞན་ལ་ལྟོས་པ་མེད་པའི་ཕྱིར་ན་ལྟོས་མེད་དེ་ཤེས་པའི་དོན་དུ་སེམས་ཀྱིས་ནི་བུམ་པ་དང་དེའི་འཇིག་པ་ཐ་དད་དུ་སྒྲོ་བཏགས་ནས་རེད་མ་ཐག་ཏུ་འཇིག་པའི་གནས་སྐབས་དེ་རྒྱུ་གཞན་མེད་པ་ཅན་དུ་བཤད་པའི་ཕྱིར། གཉིས་པ་ནི། དངོས་པོར་མེད་པ་འཇིག་པ་དེ་བུམ་སོགས་རང་ཉིད་གྲུབ་ཙམ་ལས་ཡོད་ནའང༌། དེའི་འཇིག་པ་དེ་དང་རྫས་གཅིག་དང་ཐ་དད་དུ་བཏགས་པའི་རྣམ་རྟོག་འདི་ནི་མཚུངས་སོ་ཤེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། དེ་ལྟ་བུའི་བརྟག་པ་དེ་ཡིས་ཅུང་ཟད་ཀྱང་གནོད་པར་འགྱུར་བ་མེད་དེ། བུམ་སོགས་ཀྱི་འཇིག་པ་ནི་དེ་དང་དེའི་དངོས་པོ་མེད་པར་གྱུར་པ་ཙམ་ཞིག་ཡིན་པའི་ཕྱིར། འཇིག་པ་དངོས་པོར་ཡོད་པ་ལ་རྫས་གཅིག་དང་ཐ་དད་ཀྱི་རྣམ་རྟོག་འདི་འཇུག་པར་འགྱུར་ཏེ། སྒྲུབ་པ་སྟེ་རྫས་ནི་དངོས་པོ་དང་འབྲེལ་བའི་ཕྱིར་རོ། །འཇིག་པ་དངོས་པོ་མ་ཡིན་ཏེ། དབུས་མཐར། མི་རྟག་པའི་དོན་མེད་པ་ཡིན་ཞེས་གསུངས་པ་ནི་དངོས་པོ་མ་ཡིན་ཞེས་བྱ་བའང་ཡིན་པའི་ཕྱིར་རོ། །གལ་ཏེ་བུམ་པའི་འཇིག་པ་དངོས་པོ་ཡིན་ཏེ། ཐོ་སོགས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ཞེ་ན། གལ་ཏེ་ཐོ་སོགས་ཀྱིས་བུམ་སོགས་ཀྱི་འཇིག་པ་ལ་ཕན་པའི་བྱ་བ་ཅུང་ཟད་ཅིག་ཡོད་ན་འཇིག་པ་དེ་གཞན་ཐོ་སོགས་ལ་ལྟོས་པར་འགྱུར་གྱི། ཐོ་སོགས་ཀྱི་དངོས་པོ་གང་ཡིན་པ་དེ་ཆོས་ཅན། ཅི་སྟེ་འཇིག་པ་འགའ་ཞིག་གི་ལྟོས་སར་འགྱུར་ཏེ། ཁྱོད་ཀྱིས་དེ་ལ་ཕན་པའི་བྱ་བ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། ཇི་སྐད་བཤད་པ་དེས་ནི་ཆོས་ཅན། འཇིག་པ་ཕྱིས་ཀྱི་རྒྱུ་མེད་པ་ཅན་ཡིན་ནའང་མ་སྐྱེས་པ་ལས་འཇིག་པར་འགྱུར་བའི་ཕྱིར་ན་དངོས་པོར་མེད་དགོས་པས་དངོས་པོར་ཡོད་པ་ཉིད་དང་འཇིག་པ་སྟེ་རྟག་པ་དང་དངོས་མེད་ཀྱང་ཡིན་པའི་སྐྱོན་གྱི་ཧ་ཅང་ཐལ་བ་བསལ་བ་ཡིན་ཏེ། བུམ་པའི་འཇིག་པ་དེ་བུམ་པ་སྐྱེད་བྱེད་ཀྱི་རྒྱུ་ལས་བྱུང་བས་སེལ་ངོར་དངོས་པོ་ཡིན་པ་དང༌། རིགས་པས་བརྟགས་ན་སྐད་ཅིག་ཀྱང་མི་གནས་པས་དངོས་པོར་མེད་ཀྱང་རྟག་པ་ཉིད་དུ་མི་འདོད་པའི་ཕྱིར་རོ། །འདིར་གཞུང་འགྲེལ་གྱི་དངོས་བསྟན་ལ་དངོས་པོ་ལ་མི་རྟག་པས་ཁྱབ་པ་དང༌། མི་རྟག་པའི་དོན་འཇིག་པ་དང༌། འཇིག་པའི་དོན་དངོས་མེད་དང༌། དངོས་མེད་ལ་རྟག་པས་མ་ཁྱབ་པ་དང༌། རྟག་པ་ལ་དངོས་པོས་ཁྱབ་པ་རྣམས་གསལ་བར་བཤད། བོད་ཀྱི་རྣམ་བཤད་དག་ཏུ་དེ་ཇི་བཞིན་པར་འཆད་མ་བདེ་ནས་རྟག་རྫས་ཞེས་དང༌། འཇིག་པ་དགོས་སར་ཞིག་པ་ཞེས་དང༌། ཞིག་པ་ལ་རྟག་པ་དང་མི་རྟག་པ་ལ་དངོས་པོའི་ཁྱབ་པ་ཁས་བླངས་ནས་འཆད་མོད། བསྡུས་སྐད་ཁུངས་མེད་ཚད་མར་བྱས་པས་སྐབས་ཀྱི་དོན་ལས་ཉམས་སོ། །འོ་ན་ཅི་དངོས་པོ་ལ་དངོས་མེད་ཀྱིས་ཁྱབ་པ་ཁས་ལེན་ནམ་ཞེ་ན། གཞན་སེལ་ཕྱིན་ཅི་མ་ལོག་པའི་ངོར་དངོས་པོ་ཉིད་དུ་ཁས་བླངས་པ་དེ་ཡིན་ན། གནས་ཚུལ་དོན་དམ་པ་ལ་དངོས་པོར་མེད་དགོས་ཏེ། ཤིང་རྟའི་སྲོལ་འདིར་ནི་མི་རྟག་དོན་ནི་མེད་དོན་དང་ཞེས་འཆད་དགོས་པའི་ཕྱིར། དེ་ལ་འདི་སྐད་ཅེས། འཇིག་རྟེན་དུ་ནི་དངོས་པོ་ལ། །རྟག་དང་མི་རྟག་གཉིས་ཕྱེ་བ། །སྒྲ་དང་ལྷན་ཅིག་སྐྱེས་པ་ཡི། །རྟོག་པའི་ངོར་ཡང་དེ་ཉིད་དོ། །རྟོག་ངོའི་དངོས་ཀུན་སྐད་ཅིག་ཀྱང༌། །མི་གནས་ཕྱིར་ན་འཇིག་པ་དང༌། །དངོས་མེད་ཉིད་དུ་གང་འཆད་པ། །བསྟན་བཅོས་ཉིད་དང་གྲུབ་པའི་མཐའ། །རྒྱུ་ལས་སྐྱེས་དང་རང་ངོ་བོས། །སྟོང་པ་མི་འགལ་དེ་ཡི་ཕྱིར། །དངོས་ཀུན་ངོ་བོས་སྟོང་པ་ལ། །མི་རྟག་ཅེས་ནི་བརྗོད་པ་ཡིན། །མི་རྟག་པ་ལ་དངོས་པོ་ཡིས། །ཁྱབ་པ་གཞུང་ནས་བཤད་པ་མེད། །ཞིག་པ་མི་རྟག་པ་མིན་ན། །སྔར་བྱུང་དངོས་པོ་མེད་དང་འགལ། །གཞུང་འདིར་ཕྲ་བའི་མི་རྟག་པ། །གསལ་བར་གསུངས་ཕྱིར་ཐོས་བསམ་གྱིས། །སྒྲོ་འདོགས་གཅོད་ཚེ་དངོས་པོ་ཀུན། །རང་སྟོང་ཉིད་དུ་གསལ་བར་བསྒྲགས། །ཞེས་སོ། །གཉིས་པ་ནི། དབང་ཕྱུག་པ་ན་རེ། ཇི་ལྟར་ཏེ་དཔེར་ན་སྐྱེ་ལྡན་འགའ་ཞིག་ནི་ཐོགས་བཅས་ཉིད་དུ་འདོད་ལ། འགའ་ཞིག་ཐོགས་མེད་ཡིན་པ་དེ་བཞིན་དུ་སྐྱེ་ལྡན་དུ་ཡོད་པ་རྣམས་འཇིག་པའི་རང་བཞིན་ཡིན་ལ། དབང་ཕྱུག་ལྟ་བུ་སྐྱེ་ལྡན་མ་ཡིན་པ་རྣམས་འཇིག་པ་མ་ཡིན་ནོ་ཞེ་ན། དངོས་པོ་རྣམས་ཆོས་ཅན། མི་རྟག་པའི་ངོ་བོར་ཐ་དད་མེད་དེ། མི་རྟག་པ་ལས་ཐ་དད་པར་སྐྱེད་བྱེད་ཀྱི་རྒྱུ་རྣམས་མེད་པ་ཉིད་ཀྱི་ཕྱིར། ཁྱབ་སྟེ། རྒྱུའི་རང་བཞིན་ཐ་དད་དུ་ངེས་པ་ལས་འབྲས་བུའི་རང་བཞིན་སོ་སོར་ངེས་པའི་ཕྱིར། གལ་ཏེ་རིག་བྱེད་ཀྱི་སྒྲ་མི་རྟག་ཀྱང་སྒྲའི་ནུས་པ་དང་འབྲེལ་པ་རྟག་གོ་ཞེ་ན། ཇི་སྐད་བཤད་པའི་རིགས་པ་དེ་ཆོས་ཅན། སྒྲ་དང་དོན་དེ་རྣམས་ཀྱི་འབྲེལ་པ་ཡང་རྟག་པ་ཉིད་ནི་བསལ་བ་ཡིན་ཏེ། སྒྲ་མི་རྟག་པར་གྲུབ་པ་དེའི་ཕྱིར། སྒྲའི་ནུས་པའང་སྔར་བཤད་པའི་འབྲེལ་པ་རྟག་དངོས་སུ་ཁས་བླངས་པའི་སྐྱོན་གྱིས་བསལ་བ་ཡིན་ཏེ། ནུས་པ་ཅན་མི་རྟག་ན་ནུས་པ་མི་རྟག་དགོས་པའི་ཕྱིར། གཉིས་པ་ནི། སྐྱེས་བུས་མ་བྱས་པ་ཞེས་བྱ་བ་ཉིད་དེ་རིག་བྱེད་ཇི་ལྟ་བ་བཞིན་གྱི་དོན་ཤེས་པའི་སྒྲུབ་བྱེད་མ་ཡིན་ཏེ། སྐྱེས་བུའི་ཉེས་པས་སྐྱོན་མེད་པའི་མེ་ལ་སོགས་པ་དོན་བདེན་པ་ལས་རྣམ་པ་གཞན་དུ་མཐོང་བའི་ཕྱིར། རིག་བྱེད་དེ་ནི་མ་བྱས་པར་འདོད་ན་དོན་ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར་བས་ཁྱབ་སྟེ། རྟག་པ་དག་ལས་དངོས་པོའི་ནུས་པ་འགའ་ཡང་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར། དེའི་དཔེ་ནི་རྣམ་རྟོག་སྔ་མའི་བག་ཆགས་ལས་བྱུང་བའི་སྒྲོ་བཏགས་པ་ནམ་མཁའི་སྤྱོད་ཡུལ་ཅན་གྱི་བློ་དག་འགའ་ཞིག་ཆོས་ཅན། གཟུང་དོན་གྱི་སྤྱོད་ཡུལ་ཅན་མ་ཡིན་ཏེ། བག་ཆགས་དེ་ལས་སྐྱེ་བར་འགྱུར་གྱི་རྒྱུ་གཞན་མེད་པའི་ཕྱིར། གསུམ་པ་ནི། གལ་ཏེ་སྐྱེས་བུས་མ་བྱས་པའི་ཚིག་ནི་བདེན་པའི་དོན་ཅན་ཁོ་ན་ཡིན་ཏེ། རྟགས་ཟློག་པས་བསྒྲུབ་བྱའི་ཆོས་དང་འགལ་བ་ལ་ཁྱབ་པའི་ཕྱིར་ཏེ། སྐྱེས་བུས་བྱས་པའི་ངག་ཕྱིན་ཅི་ལོག་ཉིད་དུ་མཐོང་བའི་ཕྱིར་ནའོ་ཞེ་ན། རྟགས་དེ་མི་མཐུན་ཕྱོགས་ལས་ཟློག་པ་མི་འགྲུབ་པར་བསྟན། ཟློག་ཏུ་ཆུག་ཀྱང་རྩ་བའི་ཕྱོགས་ཆོས་མི་འགྲུབ་པར་བསྟན་པའོ། །དང་པོ་ནི། སྐྱེས་བུས་མ་བྱས་པའི་ཚིག་དེ་ནི་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་དོགས་པར་འགྱུར་ཏེ། དེ་ལ་མེད་པར་སྒྲུབ་པའི་ཕྱིར་དུ་གཏན་ཚིགས་མ་བསྟན་པའི་ཕྱིར་དང༌། དངོས་པོ་འགལ་བ་བདེན་རྫུན་གཉིས་ཀ་དག་ལ་ཡང་སྐྱེས་བུས་བྱས་པ་ཅིག་གིས་ཁྱབ་པར་བྱེད་པ་མཐོང་བའི་ཕྱིར་དང༌། རྟགས་ཀུན་ལ་མ་དམིགས་པས་མེད་པ་ཉིད་དུ་མི་འགྲུབ་ཅེས་ནི་བཤད་ཟིན་པའི་ཕྱིར་རོ། །དེས་ན་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ནི་མ་གྲུབ་ན་དེ་ལས་བཟློག་པ་ཉིད་ལ་ཐེ་ཚོམ་ཟའོ། །དེའི་ཕྱིར་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་མི་སྲིད་དེ། གལ་ཏེ་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་མཐུན་པའི་ཕྱོགས་ལས་ལྡོག་པ་དང་བསྒྲུབ་བྱའི་ཆོས་ཅན་ལ་ཡོད་པ་ཉིད་དེ་ཚུལ་གསུམ་ངེས་པ་ཡི་འབྲས་བུ་ཅན་གྱི་ཤེས་པ་ཡིས་གྲུབ་པར་གྱུར་ན་སྒྲུབ་བྱེད་ཡིན་པའི་ཕྱིར། མི་མཐུན་ཕྱོགས་ལས་བཟློག་པའི་གཏན་ཚིགས་ཐམས་ཅད་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཅན་ཡིན་ཏེ། རྟགས་གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས་ལས་བཟློག་པ་ཉིད་དུ་བརྗོད་པ་དེ་ཉིད་ནི་གཏན་ཚིགས་འདིའི་ཆོས་མཐུན་པར་འགྱུར་བ་དེས་ནའོ། །གཉིས་པ་ལ་གསུམ་སྟེ། སྔགས་དང་དེའི་གོ་རིམ་སྐྱེས་བུས་བྱས་པར་སྒྲུབ། བྱེད་པ་པོ་དེ་སྐྱེས་བུ་ཁྱད་པར་ཅན་དུ་གྲུབ་པ། དེས་སྐྱེས་བུ་ཁྱད་པར་ཅན་མི་སྲིད་པའི་ལོག་རྟོག་ཀྱང་ཁེགས་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། སྔགས་རྣམས་ཆོས་ཅན། སྐྱེས་བུས་བྱས་པ་ཡིན་ཏེ། སྐྱེས་བུ་འགའ་ཡིས་ནད་ཞི་བ་སོགས་སུ་བརྡ་བྱས་པ་ཉིད་ཡིན་ན་འབྲས་བུ་སྒྲུབ་བྱེད་ཡིན་པའི་ཕྱིར། ཅི་སྟེ་འབྲས་བུ་འགྲུབ་པ་སྔགས་ཀྱི་དངོས་པོ་ཁོ་ནའི་ནུས་པ་ཡིན་ནོ་ཞེ་ན། སྔགས་ཀྱི་གོ་རིམ་གཞན་དུ་སྟོན་པ་ལའང་སྔགས་འབྲས་འགྲུབ་པར་འགྱུར་ཏེ། སྔགས་ཀྱི་ཡིག་འབྲུ་ལ་ཁྱད་པར་མེད་པའི་ཕྱིར་དང༌། སྔགས་ལས་དོན་གཞན་ཉིད་དུ་གྱུར་པ་ཡི་སྔགས་ཀྱི་བཀོད་པ་ཡོད་པའང་སྔར་ནི་བསལ་བ་ཡིན་པའི་ཕྱིར་དང༌། རྐྱེན་ཆོ་ག་སོགས་ལ་ལྟོས་པ་ཡིན་ན་ཡིག་འབྲུ་ཁོ་ན་ལ་སྔགས་འབྲས་འགྲུབ་པའི་ནུས་པ་མེད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་སྔགས་ཀྱི་དངོས་པོ་ཁོ་ན་ལས་སྔགས་འབྲས་འགྲུབ་ནུས་པ་དེ་འདྲ་ན་སྔགས་འབྲས་དོན་གཉེར་དེའི་འདོད་དོན་རྟག་ཏུ་འགྲུབ་པར་འགྱུར་བ་དང༌། སྔགས་དེ་ནི་སྐྱེས་བུ་ཀུན་གྱི་འདོད་དོན་སྒྲུབ་བྱེད་དུ་འགྱུར་རོ། །སྔགས་ཆོས་ཅན། སྔགས་འབྲས་འགྲུབ་པ་བྱེད་པ་པོའི་ཁྱད་པར་ལ་ལྟོས་པ་ཡང་མི་རུང་བར་ཐལ། སྐྱེས་བུས་ལེགས་པར་བྱས་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། སྔགས་ཀྱི་དངོས་པོའི་འབྲས་བུ་ཐ་དད་དེ་བྱེད་པ་པོ་ཐ་དད་ཀྱིས་བྱེད་པ་ཡིན་ན་སྔགས་ཀྱི་དངོས་པོ་སྐྱེས་བུས་འདུས་བྱས་པ་ཡི་ཁྱད་པར་ཡང་ཡིན་དགོས་པའི་ཕྱིར་རོ། །སྔགས་འདོན་པར་བྱེད་པ་པོའི་རིགས་བཟང་ངན་དོན་དམ་དུ་གྲུབ་པའི་ཁྱད་པར་ལས་སྔགས་འབྲས་ཀྱི་ནུས་པ་སོ་སོར་ངེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རིགས་བཟང་ངན་ནི་བརྡ་ཙམ་ལས་འགྱུར་བའི་ཕྱིར། སྔགས་ཆོས་ཅན། བྲམ་ཟེས་གཙང་སྦྲ་སོགས་ཅི་ཞིག་བྱེད་ནས་སྔགས་འབྲས་བྱེད་པོར་འགྱུར་ཏེ། རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པ་ཅན་ཡིན་པའི་ཕྱིར་ནའོ། །གལ་ཏེ་སྔགས་སྒྲ་མངོན་པར་གསལ་བ་དེ་འབྲས་བུར་སྦྱོར་བ་ཡིན་ནོ་ཞེ་ན། རྟག་པ་ལ་གསལ་བའི་རིམ་པ་ཡོད་པ་དེ་ནི་གོང་དུ་བསལ་ཟིན་ཏོ། །གལ་ཏེ་སྔགས་ཀྱི་སྒྲ་གང་ལས་བློ་ཉན་ཤེས་སྐྱེས་པ་དེ་སྔགས་སྒྲ་གསལ་བ་ཡིན་ལ། དེ་ནི་འབྲས་བུར་སྦྱོར་རོ་ཞེ་ན། ཉན་པ་པོ་གདོལ་པའང་ཆོས་ཅན། སྔགས་ཀྱི་འབྲས་བུ་དང་འབྲེལ་བར་འགྱུར་ཏེ། སྨྲ་བ་པོ་བྲམ་ཟེ་དེ་ཁྱོད་ཀྱི་ཉན་ཤེས་ལ་སྔགས་སྒྲ་མངོན་པར་གསལ་བའི་རྒྱུ་ཡིན་པའི་ཕྱིར། གཞན་ཡང་སྒྲ་ངག་གི་བྱེད་པ་རྣམས་ཀྱི་སྦྱོར་བ་ཅུང་ཟད་སྐྱོད་པའམ་སྔགས་ཡིད་ཀྱིས་བཟླས་པ་དོན་མེད་པར་འགྱུར་ཏེ། སྔགས་སྒྲ་མངོན་པར་གསལ་བ་མ་ཡིན་པའི་ཕྱིར་ཏེ། མངོན་པར་གསལ་བའི་སྒྲ་ནི་རྣ་བའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་སྔགས་ཀྱི་དོན་སྤྱི་འཛིན་པའི་བློ་རྟོག་པ་དེའང་བརྒྱུད་པས་དེ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་སྔགས་སྒྲ་གསལ་བ་ཡིན་ནོ་ཞེ་ན། དོན་སྤྱི་འཛིན་པའི་བློ་ཆོས་ཅན། གཟུང་དོན་ཅན་ཡིན་པ་མི་འགྲུབ་སྟེ། རྟོག་པའི་རྗེས་སུ་འགྲོ་བའི་ཕྱིར་རོ། །སྔགས་ཡིད་ཀྱིས་བཟླས་པའི་ཚེ་ཆོས་ཅན། སྔགས་ཀྱི་དངོས་པོ་ལ་བརྡ་སྦྱོར་བ་མ་ཡིན་ཀྱང་སྔགས་འབྲས་འགྲུབ་པ་མི་འགལ་ཏེ། སྔགས་རང་གི་མཚན་ཉིད་དང་སྤྱིའི་རང་བཞིན་རྣམས་ངོ་བོ་གཅིག་ཏུ་བརྗོད་པར་འདོད་ནས་བརྡ་བྱེད་རྣམས་ཀྱིས་བརྗོད་པའི་ཕྱིར། གཉིས་པ་སྔགས་ཀྱི་གོ་རིམ་སྐྱེས་བུས་བྱས་པར་སྒྲུབ་པ་ནི། གལ་ཏེ། སྔགས་ཀྱི་གོ་རིམ་དོན་གཞན་མེད་ན་ནི་ས་རཿདང་ར་སཿཞེས་ཐོས་པ་ལས་འབྲས་བུ་རོ་དང་མཚོ་ཞེས་ཐ་དད་དུ་མེད་པར་འགྱུར་རོ་ཞེ་ན། ཡི་གེ་ལྔ་པོ་དེ་ནི་ཆོས་ཅན། སྐྱེས་བུ་ལ་བརྟེན་པ་ཅན་གྱི་གོ་རིམ་ནི་ཡོད་དེ། ཀུན་སློང་ལས་སྐྱེ་བ་དང་ཉན་ཤེས་ཀྱིས་ཐོས་པ་དང་དྲན་ཤེས་ཀྱིས་དྲན་པའི་རིམ་པ་གསུམ་དམིགས་པའི་ཕྱིར་ཏེ། ཡི་གེ་ས་ཀུན་སློང་གི་ཤེས་པ་ལས་ས་དང་སའི་སྲོག་ཡིག་ཨ་ཀུན་སློང་གི་ཤེས་པ་སྐྱེས་ལ། ཨ་ཀུན་སློང་གི་ཤེས་པ་ལས་སྒྲ་སྟེ་ཨ་སྐྱེ་བའི་ཕྱིར་དང༌། ཐོག་མར་ཡི་གེ་ས་ཐོས་དེ་ནས་ས་དེའི་ཁྱད་པར་ཅན་གྱི་ཨ་དེ་ནི་རྣ་བས་ངེས་པ་སྟེ་ཐོས་པར་འགྱུར་བ་ཡིན་པའི་ཕྱིར་དང༌། ཡི་གེ་ལྔ་པོ་དེ་ཐོས་པ་མྱུར་བ་མ་ཡིན་པར་ཐོས་པ་ཅན་གྱི་ཚེ་ན་ཐོག་མར་ས་དེ་དྲན་པ་ལ་ལྟོས་ནས་ནི་ཕྱིས་ནི་ཨའི་བདག་ཉིད་ལ་དྲན་པར་བྱེད་པས་སོ། །སའི་སྲོག་ཡིག་ཨ་ཆོས་ཅན། སའི་ཁྱད་པར་ཅན་ཞེས་བརྗོད་དེ། ས་འཛིན་ཤེས་པ་དེས་བསྐྱེད་པའི་ཤེས་པ་ཅན་ཡིན་པའི་ཕྱིར། ཇི་སྐད་བཤད་པ་དེ་ནི་ཡི་གེ་རྣམས་ཀྱི་རྒྱུ་ཀུན་སློང་དང་འབྲས་བུ་རང་འཛིན་པའི་སེམས་ཉིད་ཀྱི་གོ་རིམ་དག་ནི་ཡིན་ཞེས་བརྗོད་ལ། དེ་དག་ཀྱང་སྐྱེས་བུས་བྱས་པ་ཉིད་ཡིན་པ་དེའི་ཕྱིར་ཡི་གེ་ས་རཿཞེས་པའི་ངོ་བོའི་ཚིག་དང་ར་སཿཞེས་པའི་ཚིག་ལ་ཆོས་ཅན། ལྷན་ཅིག་པ་སྟེ་ཡིག་འབྲུ་ལ་ཁྱད་པར་མེད་པར་བརྗོད་ཀྱང་འབྲས་བུའི་ཁྱད་པར་གཞན་ཉིད་གོ་བར་བྱེད་དེ། བྱེད་པ་པོའི་ཀུན་སློང་གི་འདུ་བྱེད་ལས་ཐ་དད་པའི་ཕྱིར། མདོར་ན་ཡི་གེ་རྣམས་ཀྱི་གོ་རིམ་དེའང་སྐྱེས་བུས་སྤེལ་བར་བྱེད་པ་ལས་འཇུག་པ་ཡིན་ཏེ། སྐྱེས་བུའི་འདོད་པ་དང་མི་འགལ་བར་གྲུབ་པ་ཅན་གྱི་གོ་རིམ་ནི་རྟག་པར་གནས་པ་འགལ་བའི་ཕྱིར་རོ། །སྐྱེས་བུ་དང་ནི་ཡི་གེ་ལྔ་པོ་རྣམས་རྒྱུ་འབྲས་ཉིད་དུ་གྲུབ་པའི་ཕྱིར་ན་ཡི་གེའི་རིམ་པ་ཀུན་སྐྱེས་བུ་ལས་བྱུང་སྟེ། མེ་དང་ཤིང་གི་རིགས་པ་བཞིན་ནོ། །གཉིས་པ་ནི། སྔགས་ཞེས་པའི་གོ་རིམ་བྱེད་པའི་ཚུལ་ཅན་གྱི་སྐྱེས་བུ་ཆོས་ཅན། ཐ་མལ་པ་གཞན་དང་ཐུན་མོང་མ་ཡིན་པ་ཉིད་དུ་གྲུབ་སྟེ། སྔགས་ཀྱི་གོ་རིམ་སྡེབ་ཤེས་པ་དང་སྔགས་འབྲས་བྱིན་གྱིས་རློབས་པའི་མཐུ་ཡོད་པ་དག་གིས་སོ། །ཁྱབ་སྟེ། གཞན་ལ་ཤེས་མཐུ་དེ་དག་མེད་པའི་ཕྱིར་རོ། །གང་ཡང་ནམ་མཁའ་ལྡིང་གི་རྒྱུད་རིག་པ་འགའ་ཞིག་གིས་གསང་སྔགས་འགའ་ཞིག་བྱེད་པར་འགྱུར་བ་དེ་དག་གི་སྔགས་དེ་ཆོས་ཅན། གཙོ་བོ་ནམ་མཁའ་ལྡིང་གི་རྒྱུད་རྩོམ་པ་པོ་དེའི་མཐུ་ཡིན་ཏེ། དེས་བཤད་པའི་རིགས་པ་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེས་ན་འབྲས་བུ་འདོད་པས་སྔགས་རྣམས་ནི་སྤྱིར་བྱས་པ་དང་བྱེ་བྲག་སྐྱེས་བུས་བྱས་ཤེས་བརྗོད་པར་བྱའོ། །གསུམ་པ་ལ། སྔར་བཤད་པའི་རིགས་པ་དང༌། རིགས་པ་གཞན་གྱིས་དགག་པ་གཉིས་ལས། དང་པོ་ནི། ཇི་སྐད་བཤད་པ་འདི་ཉིད་ཀྱིས་ནི་ཆོས་ཅན། སྐྱེས་བུ་ནུས་པ་ཅན་མེད་པའི་སྒྲུབ་བྱེད་ནི་བསལ་བ་ཡིན་ཏེ། དེ་ཡོད་པར་གྲུབ་ཟིན་པའི་ཕྱིར། གཉིས་པ་ལ། དངོས་དང༌། ནང་འགལ་བརྗོད་པའོ། །དང་པོ་ནི། སྤྱོད་པ་པས་སྐྱེས་བུ་ཁྱད་པར་ཅན་མེད་པའི་སྒྲུབ་བྱེད་དུ་གང་བརྗོད་པའི་བློ་དང་དབང་པོ་དང་ལྡན་པ་དང༌། ངག་སྨྲ་བ་དང་སྐྱེས་བུ་ཉིད་ལ་སོགས་པ་ཆོས་ཅན། ཇི་ལྟ་བ་བཞིན་གྱི་དོན་རྟོགས་བྱེད་དུ་ཡོད་པ་མ་ཡིན་ཏེ། ལྷག་མ་དང་ལྡན་པས་ན་ཚད་མ་ལྟར་སྣང་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྐྱེས་བུ་ཁྱད་པར་ཅན་མེད་ན་རིག་བྱེད་དོན་ངེས་མི་འཐད་པར་ཐལ་བ་དང༌། དེ་མེད་ཀྱང་དེ་འཐད་པའི་ལན་དགག་པའོ། །དང་པོ་ནི། རིགས་བྱེད་དོན་ངེས་མི་འཐད་པར་ཐལ། དོན་ངེས་འདི་ནི་སྐྱེས་བུས་བརྟགས་པ་ཡིན་ལ། དེ་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར། རྟགས་གྲུབ་སྟེ། རིག་བྱེད་ཀྱི་སྒྲ་ནི་འདི་ཁོ་བོས་བརྗོད་པའི་དོན་དང་འདི་དོན་མ་ཡིན་ནོ་ཞེས་བརྗོད་པར་མི་བྱེད་པའི་ཕྱིར། རིག་བྱེད་དོན་ངེས་དེ་དྲང་སྲོང་རྒྱལ་སྤོགས་ཀྱིས་རིག་ནས་སྤྱོད་པ་པ་ལ་བཤད་པ་ཡིན་ནོ་ཞེས་ཟེར། སྤྱོད་པ་པ་ཁྱེད་བྱུང་རྒྱལ་སྤོགས་པ་དེ་བཞིན་དུ་སྐྱེས་བུ་ཉིད་ཀྱི་རྣམ་པ་འགས་ཀྱང་རིག་བྱེད་དོན་ངེས་ཤེས་པ་དང་ལྡན་པ་འགའ་ཅིས་མི་འདོད་དེ། རྒྱལ་སྤོགས་པ་དེ་གཅིག་བུས་དོན་དེ་ཉིད་རིག་པ་ཡིན་གྱི། གཞན་གྱིས་མ་ཡིན་པའི་ཁྱད་པར་ཡང་ནི་སུ་ཡིས་བྱས་ཏེ་མ་བྱས་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། དོན་དེས་ཚད་མས་གྲུབ་པ་མི་འཐད་པ་དང༌། གྲགས་པས་དང༌། རིག་བྱེད་རང་ཉིད་ཀྱིས་སྨྲས་པ་དང༌། རང་བཞིན་གྱིས་ངེས་པ་མི་འཐད་པའོ། །དང་པོ་ནི། གལ་ཏེ་རྒོལ་བ་གང་གི་ཚིག་ཚད་མར་གྱུར་པ་ཡིས་མི་སླུ་བ་དེ་ལ་བརྟེན་ནས་རིག་བྱེད་དོན་ངེས་དེ་རིག་པ་ཡིན་ནོ་ཞེ་ན། མི་འཐད་དེ། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ངེས་རྣམས་ལ་ལུང་ཚད་མ་ཡོད་པར་སྲིད་པ་མ་ཡིན་པའི་ཕྱིར། དེ་མ་གྲུབ་ན་རིག་བྱེད་སྐྱེས་བུས་བྱས་པ་མ་ཡིན་པར་སྨྲ་བ་དེ་དོན་མེད་ཡིན་པར་ཐལ། གང་གི་ཚིག་ནི་ཚད་མ་ཡིས་མི་སླུ་བར་གྲུབ་པའི་སྐྱེས་བུ་དེ་ཡིས་བྱས་པའི་ཚིག་དེ་ལུང་ཚད་མ་ཡིན་ནོ་ཞེས་ཐོབ་པ་དེའི་ཕྱིར། གལ་ཏེ། དེ་ཡང་རྟགས་མ་གྲུབ་ན་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལུང་ལ་ལྟོས་པ་མེད་པར་ནི་ཤེས་པ་སྲིད་ན་དབང་པོ་ལས་འདས་པའི་དོན་རིག་པའི་སྐྱེས་བུ་འགའ་ཡོད་དོ་ཞེས་ནི་མངོན་པར་འདོད་རིགས་པར་འགྱུར་རོ། །མདོར་ན་རིག་བྱེད་དོན་ངེས་ནི་གང་ལས་རྟོགས་ཏེ། སྤྱོད་པ་པ་བདག་ཉིད་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པའམ་སྐྱེས་བུ་གཞན་ལས་རིག་བྱེད་དོན་ངེས་དེ་རིག་པ་ཡང་ནི་མ་ཡིན། རིག་བྱེད་རང་ཉིད་ཀྱིས་ཀྱང་དེ་རིག་པར་བྱེད་པ་མིན་པའི་ཕྱིར་ནའོ། །དེས་ན་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལ། ཁྱི་ཤ་ཟ་ཞེས་བྱ་བ་དེ་དོན་མ་ཡིན་ཞེས་པ་འདི་ལ་ཚད་མ་གང་ཡོད་དེ་མེད་དོ། །གཉིས་པ་ནི། རིག་བྱེད་དོན་ངེས་འཇིག་རྟེན་གྱི་ཚིག་ལ་རབ་ཏུ་གྲགས་སོ་ཞེ་ན། འཇིག་རྟེན་གྱི་གྲགས་པ་དེ་ལ་སྣ་ཚོགས་པའི་དོན་ཅན་གྱི་སྒྲ་དོན་གཅིག་ཁོ་ན་ལ་འཇུག་པ་འདི་གང་གིས་རྣམ་པར་དབྱེ་བ་མི་འཐད་དེ། གྲགས་པ་དེ་ལས་དབང་པོ་ལས་འདས་པའི་དོན་མཐོང་བ་གང་ཡོད་དེ་མེད་པའི་ཕྱིར། རིག་བྱེད་དུ་ནི་འཇིག་རྟེན་ན་གྲགས་པ་མ་ཡིན་པའི་དོན་བརྗོད་དེ། དཔེར་ན་འཁྲིག་པའི་བདེ་བ་ལ་མཐོ་རིས་དང་གཙུབ་སྟན་ལ་ལྷ་མོ་ལ་སོགས་པའི་སྒྲས་བསྟན་པ་མཐོང་བ་བཞིན་ནོ། །རིག་བྱེད་ཀྱི་སྒྲ་གཞན་དག་ཡུལ་གཞན་དུ་དོན་རེ་རེ་ཁོ་ན་ལ་འཇུག་པ་ཡིན་ནོ་ཞེ་ན། ཨགྣེ་ཞེས་པ་དེ་དང་འདྲ་བའི་རིག་བྱེད་ཀྱི་སྒྲ་གཞན་དག་ལ་ནི་ཆོས་ཅན། དོན་ངེས་མ་ཡིན་ཏེ། སྔ་མ་དེ་འདྲའི་རྣམ་རྟོག་མཚུངས་པ་ཉིད་དུ་འགྱུར་བའི་ཕྱིར། མདོར་ན་གྲགས་པ་དག་ཀྱང་མི་རྣམས་ཀྱི་ཚིག་ཡིན་ལ་དེ་ཡང་ཚད་མར་མི་འདོད་པའི་སྡང་བ་དང་སླར་ཡང་དེ་ལས་དོན་ངེས་རྟོགས་པ་ཡིན་ནོ་ཞེས་འདོད་པ་འདི་ནི་ཅི་ཞིག་ཡིན་ཏེ་འགལ་ལོ། །གལ་ཏེ་གྲགས་པ་ལས་རྒལ་བའི་རྟོག་དཔྱོད་ལ་རྒྱུ་ཅི་ཡོད་ཅེ་ན། གྲགས་པའི་རྟགས་ཀྱིས་དོན་ངེས་དེར་འཛིན་པ་ལ་རྒྱུ་ཅི་ཡོད་དེ། རབ་ཏུ་གྲགས་པ་ཚད་མ་ཉིད་མ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། རིག་བྱེད་དོན་ངེས་ལ་གྲགས་པ་ངེས་བྱེད་དུ་མ་མཐོང་བ་ཡིན་ཏེ། འཇིག་རྟེན་ན་གྲགས་པ་དག་གིས་དོན་སྣ་ཚོགས་ལ་འཇུག་པར་ནུས་པ་ཅན་གྱི་སྒྲ་རང་ཉིད་དོན་གཅིག་ཁོ་ནའི་ཡུལ་ཅན་དུ་ངེས་པར་འདོད་པ་ལ་དོགས་པ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། གྲགས་པ་དོན་གཞན་གྱི་ཡུལ་ཅན་དུ་མི་སྲིད་པ་མེད་པའི་ཕྱིར། དེ་སྒྲུབ་པ་ནི། གྲགས་པ་ཉིད་ཀྱིས་སྒྲ་དོན་གཅིག་གི་ཡུལ་ཅན་དུ་ངེས་པ་ལ་དོགས་པ་སྐྱེད་པའི་རྒྱུ་མཚན་ནི་གང་གི་ཕྱིར་ན་གྲགས་པ་དེ་ལ་རྗོད་བྱེད་ཀྱི་སྒྲ་རྣམས་དོན་སྣ་ཚོགས་ལ་འཇུག་པ་ཅན་ཉིད་དུ་མཐོང་བའི་ཕྱིར། གསུམ་པ་ནི། རིག་བྱེད་དོན་ངེས་དེ་རིག་བྱེད་རང་ཉིད་ཀྱིས་སྨྲས་པ་ཡིན་ནོ་ཞེ་ན། རིག་བྱེད་དོན་ངེས་སྐྱེས་བུས་བྱས་པར་ཐལ། དེ་སྐྱེས་བུས་བྱས་པ་དང་རིག་བྱེད་རང་ཉིད་ཀྱིས་སྨྲས་སོ་ཞེས་པའི་ཟོལ་འཇོག་དེ་དག་བྱེ་བྲག་བརྟག་པར་གྱིས་ཤིག་སྟེ་ཁྱད་པར་མེད་པའི་ཕྱིར། དཔེར་ན་སྐྱེས་བུ་འགའ་ཞིག་གྲོང་དེར་འགྲོ་བའི་ལམ་ནི་ཤར་མ་འདི་ཡིན་ནོ་ཞེས་སྡོམ་དུམ་འདི་ནི་སྨྲ་བར་འགྱུར་རོ་ཞེས་ཟེར་བ་དང༌། གཞན་ནི་བདག་ཉིད་ཀྱིས་གྲོང་དེར་འགྲོ་བའི་ལམ་སྨྲ་བ་དེ་ལྟར་རོ། །གལ་ཏེ་རིག་བྱེད་ཀྱི་སྒྲ་གདོད་མ་ནས་དོན་ཐམས་ཅད་ལ་འཇུག་ཏུ་རུང་ཡང་ཕྱིས་དོན་གྱི་ཁྱད་པར་རེ་རེ་ཁོ་ནའི་གསལ་བྱེད་དུ་ངེས་པ་ཡིན་ནོ་ཞེ་ན། དེ་ཆོས་ཅན། དོན་གཅིག་ཁོ་ན་གསལ་བར་བྱེད་པ་ཅན་དེ་གང་ལས་ཡིན་ཏེ། དོན་ཐམས་ཅད་ལ་འཇུག་ཏུ་རུང་ན་དོན་གཅིག་གི་གསལ་བྱེད་དུ་ངེས་པ་གང་ལས་ཡིན་ཏེ་དེར་འགལ་བའི་ཕྱིར་དང༌། སྐྱེས་བུའི་བརྗོད་འདོད་ནི་སྒྲ་དོན་གཅིག་ཁོ་ནར་ངེས་པའི་རྒྱུ་ཡིན་ཞིང༌། བརྡ་ནི་དེའི་གསལ་བྱེད་ཡིན་ལ། བརྡའ་དང་བརྗོད་འདོད་དེ་ནི་སྐྱེས་བུ་མ་ཡིན་པ་ལ་མེད་ན་སྐྱེས་བུའི་ཚིག་ནི་རྫུན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྒྲ་བརྗོད་འདོད་ཀྱི་དབང་གིས་ངེས་པ་མ་གཏོགས་པར་གཞན་གང་གིས་ཀྱང་དབང་པོ་ལས་འདས་པའི་དོན་ངེས་ཤེས་བྱ་བ་དེ་ཤེས་མི་ནུས་པའི་ཕྱིར། བཞི་པ་ནི། རིག་བྱེད་ཀྱི་སྒྲ་ཆོས་ཅན། དོན་གཞན་ལ་བརྡ་སྦྱར་བའི་སྒོ་ནས་ཀྱང་འཇུག་ཏུ་མི་རུང་བར་ཐལ། དོན་གཅིག་ཁོ་ནའི་རྗོད་བྱེད་དུ་རང་བཞིན་གྱིས་ནི་ངེས་པ་ཡིན་པའི་ཕྱིར། འདོད་ན་བརྡ་སྦྱར་བ་ཡང་དོན་མེད་པ་ཅན་ཉིད་དུ་འགྱུར་རོ། །དེ་ཆོས་ཅན། བརྡ་ལས་ཁྱད་པར་གྱི་དོན་རེ་རེ་བའི་གསལ་བྱེད་པའང་གང་ལས་ཡིན་ཏེ། དེ་ལ་མ་ལྟོས་པར་རང་བཞིན་གྱིས་ངེས་པའི་ཕྱིར། ཁྱབ་སྟེ། ཡུལ་གང་ལ་འདོད་པ་ཙམ་གྱིས་རང་རྒྱུད་དུ་སྦྱར་བ་དེ་ལ་དོན་གཅིག་ལ་ངེས་པ་ཞེས་བྱ་བ་གང་ཡོད་དེ་མེད་པའི་ཕྱིར་རོ། །དེས་ན་བརྡ་ནི་ཆོས་ཅན། མངོན་པར་འདོད་པའི་དོན་གཅིག་ཁོ་ན་གསལ་བྱེད་དུ་མི་འགྱུར་ཏེ། དོན་ཐམས་ཅད་ལ་རུང་བ་ཉིད་ཀྱི་ཕྱིར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ་ཞེས་པ་ནི། སྐྱེས་བུ་ནུས་མེད་སྒྲུབ་བྱེད་ནི། །ཞེས་པ་མན་ཚོད་ཞར་ལས་བྱུང་བ་རྣམས་སོ། །གཉིས་པ་ལ་ཕྱོགས་སྔ་མ་ནི། རིག་བྱེད་ནས་བཤད་པའི་ཚིག་གཞན་ཡང་ཆོས་ཅན། བདེན་པའི་དོན་ཅན་དེ་འདྲ་ཡིན་ཏེ། རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་མེ་གྲང་བ་ཟློག་བྱེད་ཡིན་ཞེས་པའི་ངག་བདེན་པ་བཞིན་ནོ། །ཞེས་དེ་སྐད་གཞན་དག་ཟེར་རོ་ལོ། །དེ་དགག་པ་ལ། སྒྲུབ་བྱེད་འཁྲུལ་པ་དང༌། བསྒྲུབ་བྱ་སྐྱོན་དང་བཅས་པའོ། །དང་པོ་ནི། གཏན་ཚིགས་འདི་འདྲ་ཆོས་ཅན། རིགས་པ་ཤེས་པས་བཀག་པ་ཡིན་ཏེ། ལྷག་ལྡན་འཁྲུལ་པ་ཅན་ཉིད་ཀྱི་ཕྱིར་རོ། །དཔེར་ན་རོ་འདྲ་བར་སྒྲུབ་པ་ལ་གཟུགས་ཀྱི་ངོ་བོ་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་དང༌། སྣོད་གཅིག་གི་ནང་དུ་ཆུད་པའི་རྟགས་ཀྱིས་འབྲས་ལྷག་མ་ལ་ཡང་ཆོས་པར་དཔོག་པ་བཞིན་ནོ། །གཉིས་པ་ནི། རིག་བྱེད་པ་ཆོས་ཅན། བུད་མེད་གཡེམ་མས་མུ་ཅོར་གྱི་ཚིག་སྨྲས་པས་རང་གི་བདག་པོ་ལས་རྒྱལ་བའི་བདག་པོ་དེ་དང་མཚུངས་པ་ཡིན་ཏེ། ནང་འགལ་བ་ཀུན་ཏུ་མ་བསལ་ཞིང༌། སྐྱེས་བུ་ལ་མཁོ་བའི་བསྟན་བཅོས་ཀྱི་དོན་ཀྱང་མ་བསྟན་ལ། ཕྱོགས་གཅིག་བདེན་པ་དེ་མཐའ་དག་བདེན་ནོ་ཞེས་ཁས་ལེན་པའི་ཕྱིར། ནང་འགལ་བ་ཇི་ལྟར་ཡོད་ཅེ་ན། སྐྱེས་བུ་རྟག་པ་བྱེད་པ་པོ་ཉིད་དང་དངོས་པོ་རྣམས་རྟག་པ་དང་དབང་པོ་ལས་འདས་པའི་སྤྱི་སོགས་དབང་པོས་བཟུང་བྱ་དང་དངོས་པོ་རྣམས་རྒྱུ་མི་མཉམ་པ་རྟག་པ་ལས་དང་གནས་པ་མི་མཉམ་པ་གྲུབ་ཟིན་གནས་པའི་རྟེན་དང་འཇིག་པ་མི་མཉམ་པ་འཇིག་རྒྱུ་དོན་གཞན་གྱིས་འཇིག་པ་དང༌། གཞན་ཡང་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་རྣམ་པ་གཉིས་ཀྱིས་རྣམ་པར་བསལ་བའི་སྤྱོད་ཡུལ་རང་བློ་རང་ལ་ལྐོག་ཏུ་གྱུར་པ་དང༌། འཇིག་རྟེན་ཕ་རོལ་མེད་པར་འདོད་པ་སོགས་སམ་ལུང་ལ་ལྟོས་པའི་རྗེས་དཔག་དང་འགལ་བ་ཁྲུས་ལས་སྡིག་པ་འདག་པ་ལ་སོགས་པ་དག་ནི་བརྗོད་པར་བྱེད་པའི་ཕྱིར། རྟགས་གཉིས་པ་ནི། གལ་ཏེ་ཕྱོགས་གཅིག་བདེན་པ་དེ་ལྟར་ཚད་མའི་དོན་ཅན་དུ་གྲུབ་ན། འོ་ན་སྐྱེས་བུའི་ཚིག་འདི་ལ་ཚད་མ་མ་ཡིན་པ་ཅི་ཡོད་དེ། སྐྱེས་བུ་མང་དུ་སྨྲ་བ་ལ་བདེན་པའི་དོན་ཅིག་མེད་པ་མ་ཡིན་པའི་ཕྱིར། གསུམ་པ་འབྲེལ་པ་ངེས་བྱེད་ཀྱི་མཇུག་བསྡུ་བ་ནི། ཚིག་དོན་ལ་འབྲེལ་པ་མེད་དེ། བརྗོད་པ་པོའི་བརྗོད་འདོད་ལ་གནས་པའི་སྒྲ་འདི་བརྗོད་བྱའི་དངོས་པོ་དག་གི་རང་བཞིན་ནམ་འབྲས་བུ་གང་རུང་མ་ཡིན་པའི་ཕྱིར། ཁྱབ་སྟེ། བདག་གཅིག་དང་དེ་བྱུང་འདི་ལས་རྣམ་པར་བཟློག་པས་ཀྱང་འབྲེལ་པ་འཁྲུལ་པ་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མ་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་ཀྱི་འཇུག་པ་ནི་བརྗོད་བྱའི་དོན་མཐོང་བས་བྱེད་དོ་ཞེ་ན། དོན་སྒྲ་དེ་ནི་ཆོས་ཅན། ཕན་ཚུན་དག་ཏུ་ནི་འགལ་བ་རྟག་པ་དང་མི་རྟག་པར་བརྗོད་པའི་ཚིག་ནི་ཇི་ལྟར་འཇུག་པར་འགྱུར་ཏེ། དོན་གཅིག་ལ་འགལ་བ་ཅན་གཉིས་སུ་མེད་པའི་ཕྱིར། དེས་ན་རྗོད་བྱེད་ཀྱི་ཚིག་དེ་ལས་བརྗོད་བྱའི་དོན་གང་ངེས་པ་ཡིན་ཏེ། ལུང་དང་དོན་གྱི་དངོས་པོ་རྣམས་རྟོགས་པ་པོའི་རྣམ་པ་འགས་ཀྱང་མེད་ན་མི་འབྱུང་བར་ནི་མི་འགྲུབ་པའི་ཕྱིར་ནའོ། །དེའི་ཕྱིར་མངོན་སུམ་དང་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་དཔྱོད་པའི་སྐབས་འདིར་ཆོས་ཅན། སྣང་རུང་མ་ཡིན་པའི་དོན་འགའ་ཞིག་མ་དམིགས་པས་ནི་མེད་ངེས་ཀྱི་འབྲས་བུ་ཅན་དུ་མི་འགྲུབ་སྟེ། ལུང་དེ་ནི་འཇལ་བྱེད་དུ་ལོག་ནའང་བསྐལ་དོན་གྱི་དངོས་པོ་མེད་ངེས་སུ་གྲུབ་པར་མི་འགྱུར་བ་དེས་ནའོ། །དེ་དག་གིས་ནི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པ་དེ་དག་སྣང་རུང་གི་རང་བཞིན་དང་རྒྱུ་འབྲས་ཀྱི་དབང་དུ་བྱས་ཞེས་པར་གྲུབ་བོ། །མདོར་ན་རིག་བྱེད་ལས་གང་བཤད་བདེན་པའི་དོན་ཅན་དུ་ཁས་ལེན་པའི་སྤྱོད་པ་པ་སོགས་ཆོས་ཅན། བླུན་པོ་ཡིན་ཏེ། ཤེས་རབ་འཆལ་པའི་རྟགས་ལྔ་ཚང་བ་ཡིན་པའི་ཕྱིར། དེ་གང་ཞེ་ན། རིག་བྱེད་ཡུལ་མ་ལུས་པ་ལ་ཚད་མ་དང་ནི་སྐྱེས་བུ་རྟག་པ་འགའ་བྱེད་པ་པོར་སྨྲ་བ་དང༌། ཁྲུས་ལས་ཆོས་འདོད་པ་དང༌། ཡོན་ཏན་མེད་ཀྱང་བྲམ་ཟེ་ལ་སོགས་པའི་རིགས་སུ་སྨྲ་བས་དྲེགས་པ་དང༌། སེམས་ཀྱི་སྡིག་པ་གཞོམ་པའི་ཕྱིར་དུ་ལུས་ཀྱི་གདུང་བ་རྩོམ་ཞེས་བྱ་བ་སྟེ། ཤེས་རབ་ཀྱིས་བརྟགས་ན་མི་འཐད་པའི་ཕྱིར་རོ། །དེ་ལ། མེད་ན་མི་འབྱུང་འབྲེལ་བ་དང༌། །གཞན་སེལ་རྣམ་གཞག་ཞིབ་མོ་དང༌། །དངོས་ཀུན་མི་རྟག་པར་སྒྲུབ་པ། །ལེའུ་འདི་ཡི་བསྡུས་པའི་དོན། །འབྲེལ་པ་མེད་ན་མི་འབྱུང་སྟེ། །ལྡོག་པའི་སྒྲུབ་བྱེད་ཁོ་ནར་ངེས། །ཕྱོགས་ཆོས་གྲུབ་ཅིང་འདི་ངེས་ན། །བསྒྲུབ་བྱ་མ་ལུས་སྒྲུབ་པར་ནུས། །རང་མཚན་རྟོག་པའི་ཡུལ་ལས་འདས། །སྒྲ་རྟོག་ཡུལ་དུ་གང་ཤར་བ། །དེ་ལ་དགག་ཚིག་མ་སྦྱར་ཀྱང༌། །ལྡོག་པ་གཞན་སེལ་ཞེས་བྱར་བསྙད། །ཀླུ་སྒྲུབ་གཞུང་དུ་རྟེན་འབྲེལ་གྱིས། །སྟོང་ཉིད་བསྒྲུབས་པ་དེ་ཇི་བཞིན། །གང་འདིར་ཡོད་དང་སྐྱེ་ལྡན་གྱིས། །དངོས་ཀུན་གནས་པ་མེད་པར་བསྒྲུབས། །གནས་མེད་སྟོང་པ་ཉིད་དོན་ཏེ། །མདོར་ན་སངས་རྒྱས་རྣམས་ཀྱི་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །སྟོང་ཉིད་ཅེས་མི་བཞེད་ཅེས་དང༌། །གང་འདིར་འཇིག་པ་དངོས་མེད་ཅེས། །གསལ་བར་གསུངས་ལས་རྟོགས་ཕྱིར་རོ། །དེ་ལྟ་ན་ཡང་སྐྱེ་ལྡན་གྱི། །རྟགས་ལས་སེལ་ངོའི་དངོས་པོར་གྲུབ། །ངེས་པའི་དོན་དུ་རྟག་གྱུར་ན། །དངོས་པོ་ཉིད་ལས་མ་འདས་ཕྱིར། །དངོས་པོ་མེད་ཀུན་རྟག་མི་བཞེད། །འཇིག་པ་དངོས་མེད་གཞུང་དུ་གསལ། །ཆོས་འདིའི་ངེས་དོན་གཞན་སྟོང་ཞེས། །མཐའ་གཅིག་ཉིད་དུ་ཁས་ལེས་ན། །རང་རིག་རང་གསལ་རྟག་དངོས་དང༌། །རྟོག་པའི་ཡུལ་ལས་འདས་ཤེས་བྱ། །ཞེས་ཚད་མ་རྣམ་འགྲེལ་ལས་གཞུང་འཆད་ཉན་གྱི་ལེའུ་དང་པོ་ཉིད་དུ་བཤད་པར་བྱ་བ། རང་དོན་རྗེས་སུ་དཔག་པའི་དགོངས་དོན་ཟུར་ཕྱིན་ཞིང་ཚིག་དོན་འཇུག་ངོགས་བདེ་བར་སྦྱར་བ་ཡིན་ནོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*