དཔལ་ས་སྐྱ་པའི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་གི་བཀའ་སློབ།

དེ་རིང་འདིར་བཙུན་མའི་མཁན་པོ་བྱམས་པ་མཁས་གྲུབ་ལགས་དང་ལས་བྱེད་རྣམ་པ། དེ་གར་ནང་བཞིན་སློབ་ཕྲུག་དགེ་འདུན་བཙུན་མ་རྣམ་པར་དུས་ཚོད་འདི་དང་སྟབས་བསྟུན་ནས་ཚིག་ཁ་ཤས་ཤིག་ཞུ་རོགས་ཅེས་རེ་བསྐུལ་ཞུ་སོང་། དམིགས་གསལ་ང་ལ་བསླབ་བྱ་དེ་འདྲ་རྒྱབ་ཡ་གང་ཡང་མེད། ཡིན་ནའང་ང་རང་ཚོ་སྤྱིར་བཏང་ནས་ནང་པ་སངས་རྒྱས་པ་ཡིན་པས་ཆ་དང་། དེ་གར་ནང་བཞིན་གྱི་ལྷག་པར་དུ་བཤད་གྲྭ་བ་སློབ་སྦྱོང་བྱེད་མཁན་ཡིན་པས་ཆ་ནས་བསམ་བློ་གཏང་དགོས་ས་དེ་འདྲའི་རིགས་ཚིག་ཁ་ཤས་ཞུ་ན་བསམ་སོང་། དེ་གར་ནང་བཞིན་གནས་སྟངས་ཞུ་ན་མི་འདུག་ཚིག་ཁ་ཤས་ཤིག་རྩ་བ་ཉིད་ནས་བརྗེད་མི་ནུས་པའི་དེ་འདྲའི་སྐོར་སྐད་ཆ་ཁ་ཤས་ཤིག་ཞུ་ན་བསམ་སོང་།
སྤྱིར་བཏང་ནས་ང་རང་ཚོས་ཚང་མ་བཤད་གྲྭར་སློབ་སྦྱོང་སྦྱང་པའི་སྐབས་ཡིན་པ་དང་། དེར་མངོན་པ་དང་ཚད་མ་རེད། དེ་ཚོ་དོན་དག་ལ་དཔེ་མི་སྲིད་པ་ཟབ་པོ་ཡོད་པའི་རིགས་དེ་འདྲ་སྦྱང་བསྡད་ཡོད་རེད། སྦྱང་པའི་རྒྱུ་མཚན་གང་ཡིན་པ་དེ་ཁྱེད་རང་ཚོས་ཚང་མས་མཁྱེན་གྱིས་ཡོད་རེད་དེ། རེ་ཟུང་རེ་ཟུང་ཞིག་ཞུ་པ་ཡིན་ན་ཕན་གྱི་རེད་བསམ་ནས་ཞུ་དགོས་བསམ་སོང་། དེ་ནས་སྤྱིར་བཏང་བདག་ཅག་གི་སྟོན་པ་ཉམས་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་ཀྱིས་འགྲོ་བ་སེམས་ཅན་བསམ་གྱི་མི་ཁྱབ་པའི་ཆེད་དུ་དང་། སེམས་ཅན་བསམ་གྱི་མི་ཁྱབ་པའི་ཁམས་དང་མོས་པ་ལ་བསྟུན་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་དེ་འདྲ་གསུངས་པ་རེད། དེ་གའི་དེ་གསུངས་པའི་རྒྱུ་མཚན་གཙོ་བོ་དེ་གང་རེ་ཞུ་པ་ཡིན་ན། སེམས་ཅན་གཅིག་དང་གཅིག་གིས་བསམ་བློ་གཏོང་སྟངས་མི་འདྲ་བ་དེ་འདྲ་མང་པོ་ཡོད་རེད། སོ་སོ་ལ་དགོས་པའི་ཆོས་ཡང་མི་འདྲ་བ་མང་པོ་ཡོད་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་བཀའ་འགྱུར་དང་བསྟན་འགྱུར་ལ་སོགས་པའི་མདོ་ཡི་ཆོས་མང་པོ་དང་། རྒྱུད་ཀྱི་ཆོས་མང་གསུངས་པ་རེད། དེ་གར་ནང་བཞིན་མདོ་དང་རྒྱུད་ལ་འགྲེལ་པ་མཛད་མཁན་རྒྱ་གར་གྱི་མཁས་གྲུབ་དང་། དེ་གར་ནང་བཞིན་བོད་ཀྱི་མཁས་གྲུབ་བསམ་གྱི་མི་ཁྱབ་པ་དེ་འདྲ་བྱུང་པ་རེད། དེ་རྣམ་པས་ཐུགས་བརྩེ་བ་ཆེན་པོས་ཐོག་ནས་བསྟན་བཅོས་ལ་སོགས་པ་མཛད་གནང་པ་རེད། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་དགོས་ཡ་དེ་ཡང་གཙོ་ང་རང་ཚོས་སློབ་སྦྱོང་བྱེད་ཡ་དང་། ལྷག་པར་དུ་ང་རང་ཚོས་ཉམས་ལེན་བྱེད་ཡ་ཆེད་དུ་གསུངས་གནང་བ་རེད། ང་རང་ཚོས་ཐེག་པ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་ཀུན་སློང་ཡོད་པའི་གང་ཟག་ཡིན་པས་ཆ་ནས་ང་རང་ཚོས་ལྷག་པར་དུ་སྦྱང་དགོས་ཡ་དགོས་པའི་རྒྱུ་མཚན་ཆེན་པོ་ཡོད་རེད། གང་ཡིན་ཞུ་ན། སྤྱིར་བཏང་ང་རང་ཚོས་བཤད་གྲྭར་བསྡད་པའི་སྐབས་ལ་མངོན་པ་དང་ཚད་མ་དབུ་མ་སོགས་མང་པོ་ཞིག་སྦྱང་གིས་ཡོད་རེད། དེའི་ནང་ནས་ཁ་ཤས་ཤིག་ཉམས་སུ་ལེན་དགོས་པའི་རིགས་དང་། ཁ་ཤས་ཤིག་ཨེན་གཅིག་མིན་གཅིག་ཉམས་སུ་ལེན་མི་དགོས་པ་དེ་འདྲ་ཡོད་རེད། གང་ཡིན་ཞུ་ན། ཁ་ཤས་ཤིག་བྱེ་བྲག་སྨྲ་བ། ཡང་ཁ་ཤས་ཤིག་མདོ་སྡེ་པ། གང་ལྟར་གྲུབ་མཐའ་སྨྲ་བ་བཞི་པོ་ལའང་བསྟན་བཅོས་མི་འདྲ་བ་སོ་སོའི་ཁུངས་སྟོན་མཁན་བསྟན་བཅོས་རེ་ཡོད་རེད། ང་ཚོས་གཙོ་བོ་གྲུབ་མཐའ་གཅིག་བཟུང་དགོས་ཀྱིས་ཡོད་རེད། མཐའ་མ་དེར་ང་རང་ཚོས་ཉམས་སུ་ལེན་སྐབས་གྲུབ་མཐའ་གཅིག་ཉམས་སུ་ལེན་དགོས་ཀྱི་ཡོད་རེད། ང་རང་ཚོས་མཐའ་མ་ལ་དབུ་མའི་ལྟ་བ་བརྒྱུད་ལ་སྐྱེས་དགོས་ཀྱི་ཡོད་རེད། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་དབུ་མའི་ལྟ་བ་སྐྱེས་དགོས་ཀྱི་ཡོད་རེད། དེ་ཚོས་སྐྱེ་རབས་འདི་དང་སྐྱེ་རབས་མ་ཆད་ཀྱི་བར་དུ་སྐྱེས་དགོས་ཀྱི་ཡོད་རེད། དེ་སྐྱེས་པ་བྱ་བའི་དོན་དུ་འདི་སྔོན་ལ་ཡང་བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པའི་ལྟ་གྲུབ་དེ་ཚོས་སྦྱང་དགོས་ན་ག་རེ་ཡོང་གི་རེད་ཞུ་ན། རྗེས་མ་ང་རང་ཚོས་གཞན་ལ་འཆད་ན་བཤད་ཐུབ་པ་ཞིག་ཡོང་གི་ཡོད་རེད། དེ་གལ་ཆེན་པོ་ཞེ་དྲག་རེད། ང་རང་ཚོས་ཐེག་པ་ཆེན་པོ་ཡིད་དུས་རྩ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་དང་པོ་སེམས་ཅན་གཞན་ལ་ཆོས་བསྟན་དགོས་ཀྱི་ཡོད་རེད། སེམས་ཅན་གཞན་ལ་ཆོས་བསྟན་དགོས་དུས་རྩ་ནས་ཆོས་གཅིག་བཤད་སྟངས་དེ་ཡིས་སེམས་ཅན་གཞན་ལ་ཕན་པའི་ཁྱབ་པ་ཡོད་མ་རེད། གང་ཟག་ཁ་ཤས་ཁ་ཤས་ལ་ཕན་ཐོག་སྲིད་ཀྱི་རེད་དེ་གང་ཟག་ཕལ་ཆེར་ཕན་པའི་ཁྱབ་པ་ཡོད་མ་རེད། བྱས་ཙང་ཁ་ཤས་ལ་བྱེ་བྲག་སྨྲ་བའི་ཆོས་བསྟན་སོང་ན་ཕན་ཐོག་ཡོང་ཡ། དེ་འདྲའི་འདྲ་བོ་ཡོང་གིས་ཡོད་རེད། བྱས་ཙང་གང་ཟག་སོ་སོའི་ཁམས་དང་མོས་པ་ཟེར་ནའང་། ཁོ་རང་ཚོའི་དགོས་པ་དང་བསྟུན་ནས་གང་ལྟར་ཆོས་འདྲ་ཞིག་བསྟན་ན་ག་ལེ་ག་ལེར་ང་རང་ཚོའི་དབུ་མའི་ལྟ་བ་ལ་སོགས་པའི་ང་རང་ཚོས་ཀྱི་ཉམས་ལེན་གྱི་ཆོས་བསྟུན་ནས་བཤད། དེ་འདྲའི་ཐོག་ནས་ཁོ་རང་ཚོའི་གོ་བ་དང་ཤེས་ཡོན་ཡར་རྒྱས་གཏང་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་། ང་རང་ཚོས་བཤད་གྲྭར་བསྡད་པའི་རྒྱུ་མཚན་གཙོ་བོ་གཅིག་དེ་ཡིན་གྱི་རེད་བསམ་གྱིས་འདུག དེ་ཡིན་དུས་འདི་ཐུགས་ལ་བཞག་རོགས་གནང་ཞུ་ཡ་ཡིན།
གཅིག་དེ་ང་རང་ཚོས་སློབ་སྦྱོང་བྱེད་པའི་སྐབས་ལ་ཀུན་སློང་འཁྱེར་སྟངས་སྐོར་ལ་ཏོག་ཙམ་ཞུ་པ་ཡིན་ན། ང་རང་ཚོས་བཤད་གྲྭ་མ་ཞུགས་པའི་སྔོན་ལ་བྱང་ཆུབ་ཀྱི་སེམས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་ཀུན་སློང་ཁྱེར་ནས་བཤད་གྲྭར་འཛུལ་ཡོད་སྲིད་ཀྱི་རེད། ཡིན་ནའང་དེ་འདྲ་དེ་འདྲ་བྱས་ནས་སྐབས་རེ་བསམ་བློ་འཁྱེར་སྟངས་དེ་དྲན་པ་བརྗེད་འགྲོ་ཡི་འདུག་ག དེ་ཡིན་དུས་དེ་དྲན་པ་བརྗེད་རུང་གི་མ་རེད་ཅེས་ཞུ་ཡ་ཡིན། གང་ཡིན་ཞུ་ན། སློབ་གྲྭར་སློབ་སྦྱོང་གཙོ་བོ་བྱེད་ནས་བཞུགས་ཡ་རེད། རང་ལ་ཕན་ཐོག་ཡ་ཆེད་དུ་ཁོ་ན་མ་རེད། གཞན་ལ་ཕན་ཐོག་ཡ་ཆེད་དུ་སློབ་སྦྱོང་བྱེད་དགོས་ཀྱི་རེད་མ་གཏོགས་པ། རང་རང་སོ་སོ་གཅིག་གི་ཆེད་དུ་བསམ་བློ་གཏང་ནས་སློབ་སྦྱོང་བྱེད་ཡ་ཡོད་མ་རེད། ང་རང་ཚོས་ཐེག་པ་ཆེན་པོ་ཡིན་དུས་རྩ་བ་དེ་འདྲའི་བྱས་ནས་སློབ་སྦྱོང་བྱེད་དགོས་ཡོད་རེད་ཅེས་ཞུ་ཡ་ཡིན། དེ་ཚོ་ཧོབ་ཚོད་གང་ལ་སྐད་ཆ་ཟབ་པོ་དེ་འདྲ་བཤད་དུས་གལ་ཆེན་ཡོད་གྱི་མ་རེད་དེ། དོན་དག་དངོས་མ་ལ་དཔེ་མི་སྲིད་པ་གལ་ཆེན་པོ་རེད། དེ་འདྲ་བོ་གལ་ཆེན་པོ་ཡིན་པ་དེ་དྲན་པ་བརྗེད་འགྲོ་ཡི་འདུག་ག   བྱས་ཙང་དེ་འདྲ་བ་མང་པོ་ཞིག་མཐོང་ཡ་ཡོད་དུས་རྩ་ནས་དེ་འདྲ་ཞིག་ཞུ་ན་དྲན་གསོ་འདྲ་བྱེད་ཐུབ་ན་བསམ་ནས་ཞུ་པ་ཡིན། གཞན་གང་ཡང་ཞུ་ཡ་མེད་རྣམས་པ་ཚོས་སློབ་སྦྱོང་དཔེ་མི་སྲིད་པ་ཡག་པོ་གནང་འདུག ང་རང་ཡིན་ནའང་དེ་འདྲའི་སློབ་སྦྱོང་བྱེད་མ་ཐུབ་དེ་འདྲ་དཔེ་མི་སྲིད་པ་ཡག་པོ་གནང་འདུག ཁྱེད་རྣམས་པའི་སློབ་སྦྱོང་བྱེད་པ་ནང་བཞིན་ང་རང་བྱ་ཐུབ་ན་བསམ་པའི་རྗེས་སུ་ཡིད་རངས་ཞུ་གིས་ཡོད། མུ་མཐུད་ནས་དེ་འདྲའི་སློབ་སྦྱོང་གནང་རོགས་གནང་ཅེས་ཞུ་ཡ་ཡིན། སློབ་སྦྱོང་གནང་དུས་སྐབས་ལ་ཡང་མང་པོ་ཞིག་གིས་བཤད་གྲྭ་ནང་ལ་བསྡད་ཚར་བ་ཟེར་དུས། ལོ་མང་པོ་དེ་འདྲ་ཞིག་སློབ་སྦྱོང་བྱས་པའི་རྗེས་མཐའ་མ་ལ་བཀའ་བཅུ་པ་ཟེར་བའི་མིང་ཞིག་དང་། མཁན་པོ་ཟེར་བའི་མིང་ཞིག་ཐོབ་དགོས་ཟེར་ནས་དེ་རྗེས་ལ་མིང་རྫིག་པོ་ཞིག་འཁྱེར་ནས་སྐྱིད་པོ་གཏང་དགོས་བསམ་མཁན་མང་པོ་ཞིག་ཡོང་གྱིས་ཡོད་རེད། དེ་འདྲ་བསམ་བློ་རྩ་བ་ཉིད་ནས་མ་འཁྱེར་རོགས་ཞུ་ཡ་ཡིན། གང་ལྟར་དེ་འདྲའི་བསམ་བློ་གཏང་ན་ཡག་པོ་ཡོད་མ་རེད། སྤྱིར་བཏང་ང་རང་ཚོས་སློབ་སྦྱོང་ག་རེ་བྱེད་པ་ཡིན་ནའང་གཞན་ལ་ཕན་ན་བསམ་པའི་བསམ་བློ་མཐོང་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། ཁྱེད་རྣམ་པའི་སློབ་སྦྱོང་མུ་མཐུད་ནས་ཡག་པོ་གནང་རོགས་གནང་ཅེས་ཞུ་ཡ་ཡིན།
སྤྱིར་བཏང་སངས་རྒྱས་ཀྱི་བསྟན་པ་འཛིན་ཟེར་མཁན་དེ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་ཀྱི་ཡོད་རེད། དེ་འདྲ་བྱེད་ནས་བསྟན་པ་འཛིན་མཁན་དགེ་འདུན་བཙུན་པ་དཔེ་མང་པོ་ཡོད་རེད། དགེ་འདུན་བཙུན་མ་དེང་སང་དཀོན་པོ་ཡོད་དུས་རྩ་ནས། ལྷག་པར་དུ་ཆོས་བཤད་ཐུབ་མཁན་གྱི་དགེ་འདུན་བཙུན་མ་དཀོན་པོ་ལྟ་བུའི་དུས་ཚོད་དེ་ཆགས་བསྡད་ཡོད་རེད། ཡིན་ནའང་དེང་སང་ང་རང་ཚོའི་དྲིན་ཅན་རྩ་བའི་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་དང་། ༧གོང་མ་ཁྲི་འཛིན་རིན་པོ་ཆེ་དང་དེ་ག་ནང་བཞིན་རྩ་བའི་བླ་མ་གཞན་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་རང་ཚོ་མཉམ་དུ་འཛོམས་ནས་སློབ་སྦྱོང་བྱེད་ཡ་གོ་སྐབས་བཟང་པོ་ཞིག་ཐོབ་བསྡད་ཡོད་རེད། དེ་འདྲའི་དུས་ཚོད་ཡོད་དུས་སློབ་སྦྱོང་ཏན་ཏན་ཏིག་ཏིག་ཞིག་གནང་རོགས་གནང་ཅེས་ཞུ་ཡ་ཡིན། གཞན་དག་དམིགས་གསལ་གང་ཡང་ཞུ་ཡ་མེད། ཐུགས་རྗེ་ཆེ།
སྤྱི་ལོ་༢༠༡༨-༠༣-༢༡ཉིན་༧སྐྱབས་མཆོག་འཁོན་གདུང་ཨ་སངྒ་བཛྲས་ས་སྐྱའི་བཙུན་མའི་མཐོ་སློབ་ཀྱི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་བྱ་དགའ་ཕུལ་བའི་རྗེས་སུ་གནང་བའི་བཀའ་སློབ།
—— ཡེ་ཚེ་ནས་སྒྲ་ཕབ་ཞུ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*