རྫོང་གསར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་གྱིས་གསུངས།
གླང་ཡག་ཚུལ་ཁྲིམས་བསྟན་འཛིན་གྱིས་ཡི་གེར་ཕབ།
བླ་མ་བཟང་ངན་གྱི་ཕྱོགས་ནས་ང་ཚོ་འདྲ་བོ་ཡིན་ན། དཔེ་མི་སྲིད་པའི་ལས་སླ་བོ་རེད། ཁོ་དང་ལྷན་དུ་སྐད་ཆ་ཚིག་ཁ་ཤས་བཤད་པ་ཡིན་ན། ཁོའི་བསམ་བློ་གཏོང་ཕྱོགས་དང་། ལས་ཀ་སྒྲུབ་སྟངས་ག་འདྲ་ཡིན་པ། ཕལ་ཆེར་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་རེད། བརྒྱ་ཆའི་སྒང་ནས་བསམ་བློ་བཏང་ན། བརྒྱ་ཆ་དགུ་བཅུ་ཙམ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་རེད། ཡིན་ན་ཡང་། རྒྱ་ནག་གི་མི་ལ་བསམ་བློ་བཏང་བ་ཡིན་ན། སྤྱིར་བོད་མི་རིགས་ལ་རྒྱུས་ལོན་ཆེན་པོ་མེད། ཁྱད་པར་དུ་བླ་མ་རྣམས་ལ་རྒྱུས་ཆེན་པོ་མེད་པ་ཡིན་དུས། དེར་བརྟེན། ཁོང་ཚོས་བླ་མ་བཟང་ངན་ཞིག་འབྱེད་དགོས་ན་ཏོག་ཙམ་དཀའ་རྒྱུ་རེད། ད་དུང་། མ་ཚད་པ་ཞིག་ལ་བླ་མ་མང་ཤོས་ཤིག་གིས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད། དེས་ན། ངས་འདི་ནས་རྒྱ་ནག་གི་དད་ལྡན་ཕོ་མོ་ཡོངས་ལ་ཞུ་རྒྱུ་ཞིག་ལ། ཁྱོད་ཚོའི་མིག་གིས་མཐོང་བ་ཡིད་ཆེས་བྱེད་རྒྱུ་ཡོད་པ་མ་རེད། རྣ་བས་ཐོས་པ་དེའང་ཡིད་ཆེས་བྱེད་རྒྱུ་ཡོད་པ་མ་རེད་ཞུ་བ་ཡིན། གང་རེད་ཟེར་ན། ཁྱོད་ཚོ་རྒྱུ་བདག་མང་པོ་ཞིག་བླ་མ་དེ་ཚོས་ཡར་ལ་འཁྲིད་སོང་ནས། ཁོང་ཚོས་དགོན་པ་རེ་འགའ་ལ་སྒོར་ཏོག་ཙམ་སྦྱིན། ཁྱོད་ཚོས་ཁོ་ལ་ཁྲི་ཞིག་ལས་ཤོག་ཟེར་ནས་མི་སྐྱ་ཕོ་མོ་རྣམས་ཀྱང་དེ་ཉིན་མཇལ་ཁ་ལ་ཤོག་དང་། དཔེ་ཤག་རེ་འགའ་སྦྱིན་རྒྱུ་ཡོད་ཟེར་བ་རེད། དེ་རྒྱ་རིགས་དད་ལྡན་མང་ཚོགས་ཀྱིས་གཏན་ནས་ཧ་གོ་ཡི་ཡོད་པ་མ་རེད། ཁོ་ཚོས་མཐོང་རྒྱུ་ལ་ཁྲི་མཐོན་པོ་ཞིག་གི་ཐོག་ལ་བཞག་ཐལ། མི་མང་རྣམས་ཀྱིས་ཕྱག་དབང་ཞུས་ཐལ། དེ་བསམ་ནས་བླ་མ་ཚད་ལྡན་ཞིག་ཡིན་ས་རེད་བསམ་པ་རེད། ཡིན་ནའང་། དོན་དངོས་པོའི་ཐོག་ལ་འཁྲབ་སྟོན་ཞིག་ཡིན་པ་རེད། དེའི་རིགས་དཔེ་མི་སྲིད་པའི་མང་པོ་ཡོད་པ་རེད། དཔེར་མཚོན་ཞིག་བཞག་དགོས་ན། བཞག་ཚད་མེད་པ་ལྟ་བུ་རེད། དེ་ཡིན་ན། ངས་བསམ་རྒྱུར། ཁྱོད་ཚོས་ཐད་ཀར་བླ་མ་བཟང་ངན་ལྟ་རྒྱུ་ལ་དཀའ་ངལ་ཡོད་པ་རེད། འོན་ཀྱང་། བླ་མ་བསྟེན་སྔ་མ་བྱེད། བླ་མ་ཚོའི་མགོ་མཇུག་གི་བྱ་བ་སྤྱོད་པ་རྣམས་ལ་བརྟག་དཔྱད་ཡག་པོ་གྱིས། ལྷག་པར་དུ་ངོ་ཤེས་དང་མི་ཤེས་ཀྱི་མཚམས་ནས་ངས་སྐུ་འདྲ་ཞིག་བཞེངས་དགོས་སྒོར་མོ་དགོས་ཟེར་མཁན་དང་། སློབ་གྲྭ་ཞིག་བཙུགས་དགོས་སྒོར་མོ་དགོས་ཟེར་མཁན། ངས་ཚོགས་པ་ཞིག་འཚོག་དགོས་སྒོར་མོ་དགོས་ཟེར་མཁན་གྱི་རིགས་མང་ཤོས་རྫུན་མ་རེད་ཞུ་ཕོད་པ་མ་རེད་དེ། བླ་མའི་སྤུས་ཚད་སྡུག་ཤོས་དག་ཡིན་སྲིད་རྒྱུ་རེད།
ངོ་མ། སེམས་བསམ་པའི་ཐོག་ནས་ཁྱོད་ཚོ་ལ་ཆོས་པ་སློབ་གཉེར་པ་ཞིག་དང་། ཁྱོད་ཚོ་ལ་སློབ་སྦྱོང་གི་རེ་བ་ཞིག་བྱེད་ནས་ཆོས་གསུང་འདུག་མཁན་གྱི་བླ་མ་ཞིག་ཡོད་ན། ཁྲི་མཐོ་རུང་མ་མཐོ་མེད། སྐད་གྲགས་ཆེ་རུང་མ་ཆེ་མེད། དེ་འདྲ་བའི་བླ་མ་ཞིག་ལ་ཁྱོད་ཚོས་བསྟེན་ན་སྤུས་ཚད་ཡག་པོ་ཡོད་པ་རེད། གཙོ་ཆེ་བ་ནི། ཁོ་ལ་སྙིང་རྗེ་ཆེན་པོ་ཡོད་མེད་ལ་བལྟ་རྒྱུ་རེད་དེ། ཁྱོད་ཚོའི་མིག་གིས་བླ་མ་བཟང་ངན་ཚད་མར་བཟུང་ཐུབ་པ་མ་རེད། རྣ་བས་ཀྱང་ཚད་མར་བཟུང་ཐུབ་པ་མ་རེད། ཁོ་ཚོ་མང་ཤོས་ཤིག་གིས་སྙིང་རྗེ་ཆེན་པོ་འཁྲབ་ཀྱི་ཡོད་པ་རེད། དེ་ཡིན་ན། རྒྱུན་རིང་པོ་ཞིག་ལ་བརྟག་དཔྱད་བྱ་རྒྱུ་དེ་ང་རང་གིས་གལ་ཆེན་ཞིག་ཡིན་པར་དྲན་གྱི་ཡོད།
2017/10/19ཉིན་ཟིན་བྲིས་ཕབ།
2017/10/20ཉིན་སྒེར་གྱི་བར་སྟོང་དུ་བཀོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།