མངོན་སུམ་ལེའུའི་རྣམ་པར་བཤད་པ། ཀ ༽

༼ཚ༽༄༅། །མངོན་སུམ་ལེའུའི་རྣམ་པར་བཤད་པ་བཞུགས་སོ།།

ན་མོ་མཉྫུ་བཛྲ་ཡ། ཚངས་པའི་ཐུགས་ཀྱིས་ཆོས་ཀུན་བདག་གིར་མཛད། །བརྒྱ་བྱིན་མིག་གིས་རིག་གནས་ཀུན་ལ་རྟོག །འཆི་མེད་རྔ་ཡིས་ལེགས་བཤད་དུས་ཇི་བཞིན། །འདོམས་མཛད་དགེ་བའི་བཤེས་ཁྱོད་བསྔགས་པར་འོས། །དངོས་ཀུན་རང་བཞིན་ཡེ་ཤེས་ཉི་མ་ནི། །འགྲོ་ཀུན་ཡིད་ལ་གདོད་ནས་རྟག་རྒྱུ་བ། །གཟུང་འཛིན་འཁྲུལ་པའི་སྤྲིན་རུམ་སྟུག་པོ་ནས། །འདོན་མཁས་སྡེ་བདུན་མཛད་པོ་འདི་ན་དགེ །བྱིས་རྣམས་མགུ་བྱེད་ངོ་མཚར་མང་ཤེས་ཀྱང༌། །ངེས་དོན་ནང་གི་དཀྱིལ་མཛངས་མི་གསལ་ན། །རྣམ་འགྲེལ་སྒེག་མོས་དཔྱོད་ཆེན་སིམ་མི་ནུས། །མཁས་ཀུན་དགའ་བའི་རྣམ་གཞག་འདིར་བཤད་བྱ། །ལ་ལའི་རྣམ་བཤད་གྱ་གྱུའི་འཁྱོག་འགྲོས་ཀྱིས། །གཞུང་ཆེན་ལམ་དུ་མ་ཞུགས་ཅ་ཅོ་ཅན། །སྲོལ་ཆེན་ལམ་དུ་ཞུགས་པའི་ཆུ་བོ་ལྟར། །དགོངས་དོན་བདེ་བར་འབབ་པ་འདི་ཡིན་ནོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། མངོན་སུམ་གྱི་ལེའུ་འདི་བཤད་པ་ལ་གསུམ་སྟེ། རྣམ་བཤད་འདིའི་དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔོན་གྱི་འགྲེལ་མཛད་མཁས་པ་རྣམས་ཀྱི་ཐུགས་ལ་བཞུགས་ཀྱང་ཚིག་གི་ཟུར་མ་ཕྱིན་པ་དང༌། ཕྱི་མའི་དུས་འདིར་བྱིས་པ་མགུ་བྱེད་ཀྱི་དཔྱོད་པས་ལོག་པར་བརྟགས་པ་མང་པོ་པ་དག་བྱུང་བ་དེ་སྤང་བའི་དོན་དུའོ། །གཉིས་པ་ནི། དེ་དང་དེ་དག་གང་ཞེ་ན། ཐོག་མར་ཚད་མའི་གྲངས་ངེས་ལ་འཁྲུལ་པས་ཕུང་གསུམ་ཁས་ལེན་པ་དང༌། གཞལ་བྱ་དང་འཇུག་ཡུལ་གྱི་རྣམ་དབྱེ་མ་ཕྱེད་པས་ཚད་མ་ལ་འཇུག་ཡུལ་རྟོགས་པས་ཁྱབ་པ་དང༌། གཞལ་བྱ་སྤྱི་མཚན་ལ་བཅད་ཞུགས་འཐོབ་གསུམ་དགོས་པ་དེ་མ་ཤེས་པར་ཤེས་བྱ་ལ་གཞལ་བྱས་ཁྱབ་པར་ཁས་ལེན་པ་དང༌། གཞལ་བྱ་ལྐོག་གྱུར་དང་འཇུག་ཡུལ་ལྐོག་གྱུར་གྱི་ཤན་མ་ཕྱེད་པར་རྗེས་དཔག་ལ་རང་ཡུལ་ལྐོག་གྱུར་དེ་རྟོགས་པས་ཁྱབ་པར་ཁས་ལེན་པ་དང༌། མི་སླུ་བའི་དོན་འཐོབ་པའི་ནུས་པ་ལ་བཤད་པ་དེ་མ་གོ་བར་རྟགས་འཛིན་སེམས་རང་འབྲས་རྟགས་ཅན་རྗེས་དཔག་གི་འཇུག་ཡུལ་ལ་མི་སླུ་བ་མ་ཡིན་པར་འདོད་པ་དང༌། ཡང་དེ་མ་གོ་ནས་གཞན་ལས་ངེས་ཀྱི་ཚད་མ་མི་སྲིད་པར་འདོད་པ་དང༌། བཅད་ཤེས་ཀྱི་འཇོག་མཚམས་འཇུག་ཡུལ་ལ་ལྟོས་ནས་ཡིན་པ་དེ་མ་གོ་བར་གཞལ་བྱ་རྟོགས་ཟིན་གྱི་ཆ་ནས་འཇོག་པར་ཁས་ལེན་པ་དང༌། རྗེས་དཔག་འཇུག་ཡུལ་ལ་མི་སླུ་བར་བཤད་པ་དེ་མ་གོ་བར་དེ་སྣང་ཡུལ་ལ་འཇུག་ཡུལ་ལ་མ་འཁྲུལ་བར་ཁས་ལེན་པ་དང༌། ནོར་འོད་ལ་ནོར་ཞེན་གྱི་བློ་འཇུག་ཡུལ་ལ་མི་སླུ་བར་ཐང་བརྡལ་བཞིན་དུ་བསྡུས་པའི་ལུང་ཚད་མར་བྱས་ནས་ཚད་མིན་གྱི་བློ་ལ་འཇུག་ཡུལ་མེད་པས་ཁྱབ་པར་འདོད་པ་དང༌། སེལ་ངོར་ཡོད་པས་ཡོད་པའི་གོ་མི་ཆོད་པར་བཤད་པ་དེ་མ་གོ་བར་སྣང་བརྟགས་སོ་སོར་ཕྱེ་བའི་ཚེ་ཡང་སྤྱི་མཚན་གཞལ་བྱར་ཁས་ལེན་པ་དང༌། མ་བརྟགས་པ་དང་ཐ་སྙད་དུ་སྤྱི་མཚན་ཚད་མས་རྟོགས་པར་ཁས་ལེན་ཀྱང༌། དཔྱད་པའི་ཚེ་ཚད་མའི་གཞལ་བྱ་ལ་ནི་ཤེས་པས་ཁྱབ་ཅིང༌། འཇུག་ཡུལ་ལ་རང་མཚན་གྱིས་ཁྱབ་པར་བཤད་པ་དེ་མ་གོ་བར་བསྡུས་པའི་ལུང་གིས་སྤྱི་མཚན་རྗེས་དཔག་གིས་དངོས་སུ་གཞལ་བར་འདོད་པ་དང༌། དཔྱད་པའི་ཚེ་རྗེས་དཔག་འཇུག་ཡུལ་ལ་རྟོག་པར་སོང་བ་དེ་མི་ཤེས་པར་དངོས་ཀྱི་གཞལ་བྱ་ཉིད་ལ་རྟོག་པར་འདོད་པ་དང༌། ཚད་མ་དེས་བཅད་པ་དང་གཞལ་བྱའི་རྣམ་དབྱེ་མ་ཕྱེད་པར་ཞིབ་མོའི་ཚེ་ནའང་བཅད་པ་དེ་ཉིད་གཞལ་བར་ཁས་ལེན་པ་དང༌། དཔྱད་པའི་ཚེ་སྤྱི་མཚན་གཞལ་བྱ་མ་ཡིན་ཀྱང༌། འཇུག་ཡུལ་རང་མཚན་ལ་མངོན་ལྐོག་གཉིས་ཡོད་པའི་རྒྱུ་མཚན་གྱིས་ཚད་མ་ལ་མངོན་རྗེས་གཉིས་སུ་དབྱེ་བ་མ་ཤེས་པར་སྤྱི་མཚན་གཞལ་བྱ་མ་ཡིན་ན་ཚད་མ་མངོན་སུམ་གཅིག་བུར་འགྱུར་རོ་ཞེས་ཟེར་བ་དང༌། དོན་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཙམ་གྱིས་དོན་དེ་རྟོགས་པར་ཁས་ལེན་པ་དང༌། ཡང་ལ་ལ་དག དེ་ལ་དེས་མ་ཁྱབ་པའི་རྒྱུ་མཚན་གྱིས་མངོན་སུམ་ལ་ཚད་མས་མ་ཁྱབ་པ་དང༌། དོན་རང་མཚན་དེ་ལ་མ་འཁྲུལ་ན་དེ་ལ་མི་སླུ་དགོས་པར་བཤད་པ་དེ་མ་ཤེས་པར་དེ་ལ་མི་སླུ་ན་དེ་རྟོགས་དགོས་པར་འཆད་པ་དང༌། རྡུལ་ཕྲན་ཁྱད་པར་ཅན་དབང་མངོན་གྱི་དམིགས་རྐྱེན་དུ་བཤད་པ་དེ་མ་ཤེས་པར་རགས་པ་དེར་འདོད་པ་དང༌། རགས་པ་ཡན་ལག་ཅན་རང་ལུགས་ལ་ཡོད་པར་ཡང་ཁས་ལེན་ན་ནི་དེ་མ་ཤེས་པར་དོན་དུ་སྣང་བའི་མངོན་སུམ་གྱིས་དེ་རྟོགས་པར་ཁས་ལེན་པ་དང༌། དེས་དེ་རྟོགས་པར་འཆད་པ་འཇིག་རྟེན་གྱི་ལུགས་ཡིན་ཞེས་གསལ་བར་བཤད་བཞིན་དུ་དེ་འདྲ་དེ་མདོ་སྡེ་པའི་གྲུབ་མཐར་ཁས་ལེན་པ་དང༌། ཕྱི་དོན་རགས་པ་གཅིག་དང་དུ་མ་གང་དུ་ཡང་ཁས་མི་ལེན་པ་དེ་མ་གོ་བར་གཅིག་ཏུ་ཁས་ལེན་པ་དང༌། གཅིག་ཏུ་ཁས་བླངས་ན་དེ་ཕྱིར་ཚོགས་པ་གཅིག་ཡོད་མིན་གྱི་ཉེས་པས་རེག་པ་དེ་མ་གོ་བར་བདེན་པའི་ཞེས་དགག་བྱ་སྦྱོར་མཚམས་ལ་རེ་བ་དང༌། རགས་པ་བདེན་མེད་བྱེ་མདོ་གཉིས་ཀའི་གྲུབ་མཐར་གསལ་བ་དེ་མ་ཤེས་པར་སེམས་ཙམ་པ་ཁོ་ནའི་ལུགས་སུ་འདོད་པ་དང༌། ལེའུ་འདི་ན་མདོ་སྡེ་པ་ལ་ཕྱི་རོལ་གྱི་དོན་རྟོགས་ཀྱི་རྣམ་གཞག་གི་འཇིག་རྟེན་ན་གྲགས་པར་ཁས་ལེན་པ་ཅིག་དང༌། དོན་སྣང་གི་དུས་སུ་དོན་འགགས་ཟིན་པའི་རྒྱུ་མཚན་གྱིས་དོན་ལ་བལྟ་བའི་མངོན་སུམ་གྱིས་དོན་མ་རྟོགས་པར་འཆད་པ་ཅིག་དང་གཉིས་སུ་ཕྱེ་བ་དེ་མི་ཤེས་པར་དེའི་གྲུབ་མཐའ་ལ་དེས་དེ་རྟོགས་པས་ཁྱབ་པར་ཁས་ལེན་པ་དང༌། གཞུང་འདིར་དོན་སྨྲ་བ་རང་ལུགས་སུ་འཇོག་པ་དེའི་ཚེ་དོན་རིག་པའི་མངོན་སུམ་ཁས་མི་ལེན་པ་ཉིད་དུ་གསལ་བར་བཤད་པ་དེ་མ་ཤེས་པར་བསྡུས་པའི་ལུང་གིས་བསྒྲིབས་ནས་དེས་དེ་རྟོགས་པ་ཉིད་རང་ལུགས་སུ་འཇོག་པ་དང༌། འདིར་རྣལ་འབྱོར་སྤྱོད་པ་ལ་དོན་དུ་སྣང་བའི་རྣམ་པར་འདོད་པ་ཅིག་དང༌། རྣམ་པ་དེ་དངོས་མེད་དུ་འདོད་པ་ཅིག་དང་གཉིས་སུ་གསལ་བར་བཤད་པ་དེ་མི་ཤེས་པར་རྣམ་རིག་པ་གཞིར་བྱས་ལ་རྣམ་པ་ལ་ཤེས་པས་ཁྱབ་པར་ཁས་ལེན་པ་དང༌། རྣལ་འབྱོར་པ་ལ་སེམས་ཙམ་པ་དང་དབུ་མ་པ་གཉིས་སུ་ཕྱེ་བ་དེ་མ་ཤེས་པར་གཞུང་གི་དགོངས་པ་མཐར་ཐུག་སེམས་ཙམ་པ་ཉིད་དུ་གནས་པར་འདོད་པ་དང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་གསལ་བར་བཤད་པ་དེ་ཤེས་བཞིན་ཁྱད་དུ་བསད་ནས་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ས་པའི་ཐ་སྙད་གསར་དུ་བསམས་ནས་དེ་ལས་ལྷག་པའི་སྟོང་ཉིད་གཞུང་འདིར་མ་བཤད་པར་ཁས་ལེན་པ་དང༌། འདིར་བཤད་པའི་བདག་མེད་གཉིས་ཀྱི་ངོས་འཛིན་མཐར་ཐུག་རིག་པ་ལ་འཆད་དགོས་པ་བྱམས་ཆོས་དང་ཐོགས་མེད་སྐུ་མཆེད་ཀྱིས་ཕྱེ་བའི་ཤིང་རྟའི་སྲོལ་ཡིན་པ་དེ་མི་ཤེས་པར་མེད་དགག་གི་ཆ་ཁོ་ན་ལ་ངོས་འཛིན་པ་དང༌། དེའི་ངོས་འཛིན་དེར་འཆད་པ་དེ་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་བའི་དོན་ཅན་དུ་འཆད་པའི་ལུགས་འདི་དང་ཆེས་འགལ་བ་ཉིད་དུ་མ་གོ་བར་ཤེར་མདོ་དྲང་དོན་ཁོ་ནར་འཆད་པ་གཞུང་འདིའི་དགོངས་པར་འཆད་པ་དང༌། སྤྱིར་ཡང་ཤིང་རྟའི་སྲོལ་ཆེན་འདི་པས་བཀའ་འཁོར་ལོ་བར་པ་ངེས་པའི་དོན་ཅན་དུ་འཆད་པ་དེ་ཤེས་བཞིན་ཁྱད་དུ་བསད་ནས་དྲང་བའི་དོན་ཅན་ཁོ་ནར་འགྲེལ་བ་དང༌། རྒྱན་མཁན་པོ་དང་རྔོག་ལོ་ལྟ་བུས་ཀྱང་གཞུང་འདིའི་མཐར་ཐུག་དབུ་མར་གཟིགས་ནས་འཆད་མོད། ལུགས་འདི་དག་གིས་ནི་ཐེག་པ་ཆེན་པོའི་འཕགས་ལམ་ནི་ལྟ་ཅི་སྨོས་ཡང་དག་པར་ན་ཉན་ཐོས་ཀྱི་ལམ་ཙམ་ཡང་བསྟན་པ་མེད་དོ་ཞེས་ཟེར་བ་དང༌། ཡང་གཟུང་ཡུལ་དང་གཟུང་དོན་དོན་གཅིག་པར་གཞུང་ན་ངེས་པར་གསལ་བཞིན་དུ་བསྡུས་པའི་ལུང་གིས་སྣང་ཡུལ་གཟུང་ཡུལ་གྱིས་ཁྱབ་པར་ཁས་ལེན་པ་དང༌། ཡང་བསྡུས་པའི་ལུང་ན་རྣམ་འགྲེལ་གྱི་མཐར་ཐུག་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་བཀྲལ་བ་དེ་ཁས་ལེན་པའི་དྲི་ཙམ་ཡང་མི་བྲོ་བར་སྡེ་བདུན་གྱི་གསང་ཚིག་རིགས་པའི་དབང་ཕྱུག་ཕྱྭ་པས་བཀྲལ་བ་དེའི་སྒོ་ནས་འཆད་ཅེས་ཟེར་བ་དང༌། ཡང་ཡིད་མངོན་གྱི་བདག་རྐྱེན་ཡིད་དབང་གི་བཤད་པ་གཞུང་ན་ཡེ་མེད་པ་དེ་མ་གོ་བར་དེ་མ་ཐག་རྐྱེན་ཉིད་ཡིད་དབང་དུ་ཁས་ལེན་པ་དང༌། མངོན་པ་ལྟར་འཆད་ན་ཡང་དོན་དམ་པའི་ཡིད་དང་ཀུན་རྫོབ་པ་འདས་མ་ཐག་པའི་ཡིད་ཅེས་བྱ་བ་གཉིས་ལས་མ་བཤད་པ་ལ་དེ་ལྟར་འཆད་པའི་དྲི་ཙམ་ཡང་མེད་པར་གཙོ་བོ་སེམས་ཐམས་ཅད་ཡིད་དབང་ཡིན་ཞེས་ཟེར་བ་དང༌། ཡིད་མངོན་གྱི་དེ་མ་ཐག་རྐྱེན་ལ་དབང་ཤེས་ཀྱིས་ཁྱབ་པར་བཤད་པ་ཉིད་ཀྱིས་ཡིད་མངོན་རྒྱུན་མེད་དུ་འཆད་དགོས་པ་དེ་མ་གོ་བར་ཡིད་མངོན་རྒྱུན་མཐའ་པའི་ལུགས་ཁོ་ན་ཁས་མ་བླངས་ན་རྒྱུན་བཅས་སུ་ཁས་ལེན་དགོས་པར་སོང་ཟེར་བ་དང༌། བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པ་རྣམས་ཇི་བཞིན་མ་ཤེས་པའི་སྐྱོན་གྱིས་རང་རིག་ལ་འཛིན་རྣམ་གྱིས་ཁྱབ་པར་ཁས་བླངས་པའམ། གང་ན་དེར་ཁས་པའི་སྐྱོན་གྱིས་ཁ་ཕྱིར་བལྟའི་ཤེས་པ་རྣམས་རང་རིག་ཏུ་སྒྲུབ་མ་ཤེས་པ་དང༌། ཡང་བསྡུས་པའི་ལུགས་ལ་དོན་རིག་གི་འཇོག་ཚུལ་རྣམ་མེད་རྗེན་ཆར་ཁས་ལེན་པ་དེ་བྱས་པས་ཕྱིར་བལྟའི་ཤེས་པ་རང་རིག་ཏུ་ཁས་ལེན་མ་ནུས་པ་དང༌། དེ་ལྟར་མི་ལེན་པ་དེ་ཡང་དབང་ཤེས་ལ་དོན་དུ་སྣང་བ་ཤེས་པར་ཁས་མི་ལེན་པ་བསྡུས་པ་བའི་རང་ལུགས་དེ་ལ་ཐུག་པས་མདོ་སེམས་གཉིས་ཀའི་གྲུབ་མཐའི་རྩ་བ་བཤིག་པ་དང༌། དོན་དུ་སྣང་བ་ཤེས་པར་ཁས་མི་ལེན་པ་ལ་ལྷན་ཅིག་སྐྱེ་དམིགས་ངེས་ཀྱི་རྣམ་གཞག་ཉམས་པ་དེ་མ་གོ་བར་དོན་དང་དོན་སྣང་གི་ཚད་མ་དམིགས་ངེས་སུ་འཆད་པ་དང༌། ཡང་དབང་ཤེས་ལ་སྔོན་པོར་སྣང་བ་དེ་ཉིད་སྔོན་པོར་ཁས་ལེན་པ་བྱེ་སྨྲ་དང་བསྡུས་པའི་འཆད་ལུགས་ཡིན་པ་དེ་མ་གོ་བར་དེ་འདྲ་དེ་སེམས་ཙམ་པའི་རང་ལུགས་སུ་འཆད་པ་དང༌། སྔོན་པོར་སྣང་བ་ཤེས་པར་ཁས་ལེན་པ་སེམས་ཙམ་པའི་རང་ལུགས་ཡིན་པ་དེ་དང་སྔོན་པོར་སྣང་བ་དེ་ཉིད་སྔོན་པོར་ཁས་ལེན་པ་བསྡུས་པའི་རང་ལུགས་ཡིན་པ་དེ་མ་ཤེས་པར་འགལ་བ་ཅན་གཉིས་པོ་བསྲེས་ནས་སྔོན་པོ་ཤེས་པར་འདོད་པ་སེམས་ཙམ་པའི་ལུགས་ཤེས་འཆད་པ་དག་ཀྱང་སྣང་བ་དང༌། ཡང་མདོ་སེམས་ཀྱི་གྲུབ་མཐའི་རྩ་བ་འཆུགས་པས་མངོན་སུམ་བཞིར་གྲངས་ངེས་པའི་དུས་ཀྱི་རང་རིག་དེ་དང་བློ་ཚུལ་གཉིས་སྒྲུབ་ཀྱི་རང་རིག་དོན་གཅིག་པར་ཁས་ལེན་པ་དང༌། ཡང་དེ་འཆུགས་པས་སེམས་ཙམ་པ་རང་ལུགས་ལ་གཟུགས་སྒྲ་སོགས་རྟོགས་པའི་མངོན་སུམ་ཡོད་པར་ཁས་ལེན་པ་དང༌། ཡང་དེ་འཆུགས་པས་སེམས་ཙམ་པ་རང་ལུགས་ལ་མངོན་སུམ་འཁྲུལ་ཤེས་ཁས་ལེན་པ་དང༌། ཡང་མདོ་སེམས་གཉིས་ཀའི་ལུགས་ལ་རྣལ་འབྱོར་མངོན་སུམ་ལ་རང་རིག་གིས་ཁྱབ་པར་འཆད་མ་ཤེས་པ་དང༌། དེའི་འཁྲུལ་གཞི་ཡང་བདག་མེད་གཉིས་ཀྱིས་འཛིན་མེད་དགག་ཁོ་ནར་འཆད་པ་ལ་ཐུག་ལ། དེའི་ཚེ་ན་ལྡོག་པ་གཞན་སེལ་གྱི་ཡུལ་ཅན་གྱི་མངོན་སུམ་ཁས་བླངས་པས་ཚད་མ་གཉིས་ཀྱི་གྲངས་ངེས་འཆད་བྱེད་ཀྱི་གཞུང་ཐམས་ཅད་བཤིག་པ་དང༌། མདོ་སྡེ་པ་དང་རྣམ་བདེན་པའི་གཞུང་དུ་འཛིན་རྣམ་གྱི་ངོས་འཛིན་འཆད་དཀའ་ཡང་དེ་དག་གི་སྐབས་སུའང་འཛིན་རྣམ་རང་རིག་གྱི་མཚན་ཉིད་དུ་ཁས་ལེན་པ་དང༌། ཡང་འབྲས་རྟོག་གི་རྣམ་གཞག་ཡང་དག་པར་ན་གཅིག་ཉིད་དུ་འདུས་མོད། མདོ་གཞུང་གི་དངོས་བསྟན་དུ་གཉིས་ལས་ལྷག་པར་མ་བཤད་པ་ལ་གསུམ་ཞེས་འཁྲུལ་པ་དང༌། གཉིས་པོ་དོན་རིག་པ་དང་རང་རིག་པ་གཉིས་སུ་ངེས་པ་ལ། མདོ་གཞུང་ན་ཡེ་མི་བཞུགས་པའི་དཔྱད་ན་རང་རིག་པ་ཡིན་ཀྱང་ཐ་སྙད་དུ་དོན་རིག་པ་འབྲས་བུ་ཞེས་སྔ་མ་དག་གསུང་བ་དང༌། བོད་ཕྱི་མས་མདོ་གཞུང་གི་རང་རིག་ལ་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་ཞེས་རང་དང་རིག་པའི་ཚིག་གཉིས་ཚང་བ་ཙམ་གྱིས་ཆོག་པར་འཛིན་པ་དང༌། ཡང་འབྲས་བུའི་རྟོག་པ་གཉིས་ལས་དོན་རིག་པ་དེ་འཇིག་རྟེན་ན་གྲགས་ཚོད་ཡིན་གྱི། གྲུབ་མཐའ་པ་རང་གི་ལུགས་མ་ཡིན་ཞེས་གསལ་བར་བཤད་བཞིན་དུ། ཕལ་ཆེར་གྱིས་མདོ་སྡེ་པའི་རང་ལུགས་ཡིན་ཞེས་ཟེར་བ་དང༌། དེ་བས་ཀྱང་སྨྲ་ཁམ་ཆེ་བ་དག་སེམས་ཙམ་པའི་རང་ལུགས་སུའང་ཁས་ལེན་པ་དང༌། ཡང་ཚད་འཆད་གཉིས་མཚན་མཚོན་དུ་འཆད་པའི་ཁུངས་མེད་བཞིན་དུ་སྔོན་ཉིད་ནས་དེར་ཁས་ལེན་པ་དང་བྱུང་བ་དང༌། རྣམ་གཞག་འཇོག་པའི་ཚེ་འབྲས་བུའི་ཟུར་དུ་ཚད་མ་ཞེས་དང༌། འཇོག་བྱེད་ཀྱི་ཟུར་དུ་གསར་དུ་མི་སླུ་བའི་རིག་པ་ཞེས་གཞུང་འགྲེལ་གྱི་ཁུངས་མེད་བཞིན་དུ་འཆད་པ་དང༌། བྱ་བྱེད་ལས་གསུམ་གྱི་རྣམ་གཞག་འཆད་རྒྱུ་ཡིན་པ་དེ་མ་གོ་བར་དེ་དང་དེ་རྟོགས་ཀྱི་ཚད་མའི་མཚན་ཉིད་ཙམ་ཞིག་འཆད་པར་གོ་འདུག་པ་དང༌། ཚད་མའི་མཚན་ཉིད་ཀྱི་ཟུར་ན་གཞལ་བྱ་རྟོགས་པ་དང་འཇུག་ཡུལ་ལ་མི་སླུ་བ་གཉིས་ཡོད་པ་དེའི་ནང་ནས། མི་སླུ་བར་འཇོག་བྱེད་ལ་ཡུལ་མི་སླུ་བར་གནས་པ་དང་ཡུལ་ཅན་དེ་འཐོབ་པའི་ནུས་པ་དང༌། དེ་གཉིས་ཀའི་ཤེས་བྱེད་དུ་ཡུལ་ལ་བརྒྱུད་ནས་འབྲེལ་བ་དང་གསུམ་པོ་དེ་གོང་དུ་བཤད་ཟིན་པས་འདིར་དཔྱོད་རྒྱུ་མ་ཡིན་པ་དང༌། གཞལ་བྱ་རྟོགས་པའི་སྒྲུབ་བྱེད་འདིར་དྲིས་ནས་འཆད་རྒྱུ་ཡིན་པ་དེ་མ་གོ་བར་བསྡུས་པའི་ལུགས་ཀྱིས་མི་སླུ་བའི་གོ་དོན་བདེན་པའི་དོན་རྟོགས་ལ་འཆད་པ་དེ་ཞེ་ཕུགས་སུ་བཞག་ནས། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་དོན་རྟོགས་ཚད་མའི་མཚན་ཉིད་ཡིན་ཞེས་ཟེར་བ་དང༌། དེ་ལྟར་བཤད་ན་རྣམ་འགྲེལ་ངེས་སུ་ཚད་མའི་མཚན་ཉིད་གཞལ་བྱ་བཅད་པ་དང་འཇུག་ཡུལ་ལ་མི་སླུ་བ་གཉིས་ཚོགས་སུ་བཤད་པ་ལྟར་འཆད་མི་ཤེས་པའི་ཉེས་དམིགས་ཆེན་པོ་ཡོད་པ་དེ་དང༌། ཡང་མཚན་མཚོན་ལ་ཤེས་བྱེད་མེད་པར་མ་ཟད། མཚན་མཚོན་དུ་བཞག་ནས་ཀྱང་ཁྱབ་པའི་སྒོ་བཞི་རྩི་བ་རྒྱ་བོད་ཀྱི་མཁས་པ་སུའི་ལུགས་ལའང་མེད་བཞིན་དུ་ཁས་ལེན་པ་དེ་དང༌། མདོ་སྡེ་པའི་གྲུབ་མཐའ་དཔྱིས་ཕྱིན་པར་མ་ཤེས་པས་རྣམ་གཞག་གསུམ་པ་སེམས་ཙམ་པའི་ལུགས་ཉིད་དུ་འཆད་པ་དང༌། སེམས་ཙམ་པའི་ལུགས་དཔྱིས་ཕྱིན་པར་མ་ཤེས་པས་ཕྱི་དོན་གཞལ་བྱར་བྱས་པའི་རྣམ་གཞག་གསུམ་པ་རང་ལུགས་སུ་ཁས་ལེན་པ་དང༌། བག་ཆགས་བརྟན་བྱུང་གི་ཤེས་པའི་ངོར་ཡོད་པས་ཡོད་པ་ཉིད་དུ་འགལ་བ་དེ་མ་ཤེས་པར་ཐ་སྙད་དུ་ཕྱི་དོན་ཡོད་པ་སེམས་ཙམ་པའི་རང་ལུགས་སུ་ཁས་ལེན་པ་དང༌། མདོ་སེམས་གཉིས་ཀའི་གྲུབ་མཐའ་དཔྱིས་མ་ཕྱིན་པས་དོན་ལ་བལྟ་བའི་མངོན་སུམ་ཆོས་ཅན་དུ་བཟུང་ནས། དོན་རིག་པ་ལ་སྒྲུབ་བྱེད་འགོད་མཁན་མདོ་སྡེ་པ་དང༌། དེ་ལ་རྟགས་ཀྱི་སྐྱོན་བརྗོད་པའི་གཞུང་རྣམས་སེམས་ཙམ་པ་ཁོ་ན་ལ་སྦྱོར་བ་དང༌། ཡང་དེ་ལྟར་མ་ཤེས་པས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་རྣམ་གཞག་སྔ་རྟིང་གཉིས་གསུངས་པ་དེ་སེམས་ཙམ་པ་ཁོ་ནའི་ལུགས་སུ་ཁས་ལེན་པ་དང༌། ཡང་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་འདི་ཕྱི་དོན་འགོག་བྱེད་ཀྱི་རྩ་བའི་གཏན་ཚིགས་ཀྱི་ཕྱོགས་ཆོས་སྒྲུབ་བྱེད་ཡིན་པ་དེ་མགོ་བར་དེ་འགོག་བྱེད་ཀྱི་རིགས་པ་དངོས་སུ་འདོད་པ་དང༌། སེམས་ཙམ་པས་མདོ་སྡེ་པའི་ངོར་ཕྱི་དོན་མེད་པའི་སྒྲུབ་བྱེད་དུ་སྣང་རུང་མ་དམིགས་པའི་གཏན་ཚིགས་བཀོད་པ་ན་ཕྱོགས་ཆོས་གྲུབ་པ་དེ་མ་གོ་བར་མདོ་སྡེ་པའི་ལུགས་ཀྱིས་ཕྱི་དོན་མངོན་སུམ་གྱིས་གྲུབ་པར་ཁས་ལེན་པ་དང༌། ཡང་མདོ་སྡེ་པའི་ལུགས་ཀྱིས་ཕྱི་རོལ་གྱི་དོན་མེད་པ་ལ་རྗེས་དཔག་གི་བསལ་བ་འཇུག་པ་དེ་མ་གོ་བར་ཕྱི་དོན་མངོན་སུམ་གྱིས་གྲུབ་པར་འཆད་པ་དང༌། སེམས་ཙམ་པའི་ལུགས་ལ་ནུས་པ་དམིགས་རྐྱེན་དུ་འཆད་པའི་གཞུང་ཡེ་མེད་པ་དེ་མ་གོ་བར་དེའི་རྣམ་གཞག་བྱེད་པ་དང༌། རྣམ་རྫུན་དབུ་མ་པའི་གཞུང་འཆད་མ་ཤེས་པར་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་བྱེད་ཀྱི་རིགས་པ་ཞེས་བྱ་བའི་ཐ་སྙད་བྱེད་པ་དང༌། ཚད་མའི་མདོ་འགྲེལ་ཇི་བཞིན་དུ་མ་ཀླག་པས་རྣམ་འགྲེལ་དུ་ཚད་འབྲས་སོ་སོའི་གཞུང་གི་སྦྱོར་མཚམས་འཁྲུལ་པ་ཁོ་ནར་བཤད་པ་རྣམས་སོ། །དེ་ལྟ་བུའི་འཁྲུལ་པ་དེ་དག་གཞུང་སོ་སོའི་སྐབས་སུ་ལུང་དང་སྦྱར་བའི་རིགས་པ་དག་གིས་ལེགས་པར་སྤངས་ནས། རང་རང་གི་ཚིག་བཟུང་སླ་བ་དང་དོན་གོ་བདེ་བར་འཆད་དོ་ཞེས་པ་ནི་རྣམ་བཤད་འདིའི་བསྡུས་པའི་དོན་ནོ། །གསུམ་པ་ལ་གཉིས་ཏེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་པ་དང༌། མངོན་སུམ་གཏན་ལ་ཕབ་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་ཡོད་པར་བསྟན་པ་དང༌། གནོད་བྱེད་མེད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟགས་དགོད་པ་དང༌། ཚུལ་སྒྲུབ་པའོ། །དང་པོ་ནི། ཤེས་བྱ་འདིར་ཆོས་ཅན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། ཚད་མའི་གཞལ་བྱ་ལ་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་བཀོད་པ་དེའི་འོག་ཏུ་ཚུལ་གསུམ་བསྒྲུབས་ནས་གཏན་ཚིགས་ནི་སྒྲུབ་པའི་ངག་ཏུ་འགོད་དགོས་ཏེ། རྟགས་ཀྱི་སྦྱོར་བས་ཚུལ་གསུམ་དྲན་ལམ་དུ་འཕེན་ནུས་པ་སྲིད་ཀྱང་རྗོད་བྱེད་ལ་ལྷག་ཆད་ཀྱི་སྐྱོན་དང་བྲལ་བ་དགོས་པས་སོ། །རྩ་སྦྱོར་དེ་ལྟར་འགོད་པ་ཡང་གྲངས་ངེས་ལ་ཤེས་འདོད་ཞུགས་པའི་ངོར་ཡིན་གྱི། གཞུང་གི་དོན་སྦྱོར་འདྲི་བ་ཐམས་ཅད་ལ་ནི་སྦྱོར་བ་འགོད་ཚུལ་བག་དང་ལྡན་པར་བྱ་དགོས་ཏེ། གྲུབ་ཟིན་པ་དང་བསལ་བ་ཞུགས་པའི་ངོར་རང་རྒྱུད་འགོད་པ་ལ་ནི་རྟགས་ཕྱོགས་གཉིས་ཀའི་སྐྱོན་དང་བཅས་པས་རྒོལ་བ་ཚར་བཅད་ཀྱི་གནས་སུ་འགྲོ་བའི་ཕྱིར། འདིར་གྲངས་ཀྱི་དོན་ནི་དབྱེ་གཞི་དེ་ལ་དེར་དབྱེ་དགོས་ཤིང༌། དབྱེ་བ་དེ་ལས་མང་མི་དགོས་པའོ། །བོད་ཕྱི་མ། ཚད་མ་ཙམ་པོ་དེ་གང་རུང་མ་ཡིན་པས་ཕུང་གསུམ་སྲིད་དོ་ཞེས་ཟེར་བ་ནི་རྫས་ལྡོག་ཤན་མ་ཕྱེད་པའི་གཏམ་སྟེ། ལྡོག་པའི་ཕུང་གསུམ་ཤེས་བྱེད་དུ་བཀོད་ནས་རྫས་ཀྱི་གྲངས་ངེས་བཤིག་པས་སོ། །གཞན་དུ་ན་མིག་དང་རྣ་བ་སོགས་རྫས་ཀྱི་གྲངས་ངེས་ཡོད་པ་ཐམས་ཅད་ལ་རྫས་མང་པོ་དག་ཏུ་ཐལ་བར་འགྱུར་ཏེ། ཙམ་པོ་དེ་ཡང་རྫས་སུ་ཁས་བླངས་པས་སོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སེལ་ངོར་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་སྒྲུབ། རང་སྤྱིའི་རང་བཞིན་གཏན་ལ་ཕབ་པའོ། །དང་པོ་ལ་གསུམ་སྟེ། རྟགས་དགོད། ཁྱབ་པ་སྒྲུབ། སྒྲུབ་བྱེད་དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གཞལ་བྱ་རང་སྤྱི་དེ་ལ་ཕུང་གསུམ་མི་སྲིད་དེ། གཞལ་བྱ་ལ་དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་ངེས་པའི་ཕྱིར་དང༌། འདྲ་བ་དང་མི་འདྲ་བ་གཉིས་ཉིད་དུ་ངེས་པའི་ཕྱིར་དང༌། རྗོད་བྱེད་ཀྱི་སྒྲས་བརྗོད་པའི་དངོས་ཀྱི་ཡུལ་ཡིན་པ་དང་མ་ཡིན་པ་གཉིས་སུ་ངེས་པའི་ཕྱིར་དང༌། ཡུལ་ཅན་ལ་ཡང་རྒྱུ་མཚན་གཞན་བརྡ་དང་རྩོལ་བ་སོགས་ཡོད་པ་ན་བློ་ནི་ཡོད་པ་དང༌། རྐྱེན་གསུམ་མ་ཚང་ན་མེད་པའི་བློ་གཉིས་སུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། གཏན་ཚིགས་སྔ་མ་བཞི་པོའི་རྟགས་མི་མཐུན་ཕྱོགས་ལས་ཟློག་སྟེ། དོན་དམ་པར་དོན་བྱེད་ནུས་པ་གང་ཡིན་པ་དེ་བསྟན་བཅོས་འདིར་དོན་དམ་པར་ཡོད་པ་ཡིན་ལ། དེ་ལས་གཞན་པའི་གཞལ་བྱ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ་དེ་དག་རང་དང་སྤྱིའི་མཚན་ཉིད་དུ་གསུང་རབ་ལས་བཤད་པའི་ཕྱིར། གཞུང་འདི་ནི་མདོ་སེམས་ཐུན་མོང་སྟེ། ལུགས་གཉིས་ཀ་ལ་རང་སྤྱི་གཉིས་དང་བདེན་པ་གཉིས་ཡིན་ཁྱབ་མཉམ་ཞིང༌། དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་ཀྱིས་གཉིས་པོ་སོ་སོར་མཚོན་ནུས་པའི་ཕྱིར། མཚན་གཞི་ནི་མི་མཐུན་ཏེ། མདོ་སྡེ་པས་ནི་རྡུལ་ཕྲན་ཆ་མེད་དོན་དམ་པར་འདོད་ལ། གཅིག་ཤོས་ཀྱིས་ནི་ཀུན་རྫོབ་ཏུ་འདོད་པས་སོ། །གཉིས་ཀས་ཀྱང་ཤེས་པ་ཆ་མེད་དང་རང་ལ་གྲགས་པའི་བདག་མེད་གཉིས་པོ་ནི་དོན་དམ་དུ་འདོད་པ་ལ་ཁྱད་པར་མེད་དོ། །ལུགས་གཉིས་ཀ་ལ་བདེན་པ་གཉིས་ཀྱི་འཇོག་མཚམས་ལ་ཐེམ་སྐས་ཀྱི་རིམ་པ་གཉིས་གཉིས་བྱུང་སྟེ། འཇིག་རྟེན་ན་གྲགས་པ་ལྟར་ཐ་སྙད་བྱས་པ་དང༌། གྲུབ་མཐའི་དབང་གིས་བཞག་པ་ལས་སོ། །དེ་ཡང་མདོ་སྡེ་པས་མ་དཔྱད་པའི་ཚེ་ཟླ་གཉིས་དང་སྐྲ་ཤད་སོགས་ཡུལ་ཅན་གྱི་བློ་དང་བཅས་པ་ཀུན་རྫོབ་ཀྱི་བདེན་པ་དང༌། ཕྱི་དོན་རགས་པ་ཡུལ་ཅན་གྱི་བློ་དང་བཅས་པ་དོན་དམ་པ་སྟེ་འཇིག་རྟེན་ན་དེ་ལྟར་གྲགས་པས་སོ། །དཔྱད་པའི་ཚེ་རགས་པ་བློ་དང་བཅས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང༌། ཆ་མེད་པའི་རྡུལ་དང་ཤེས་པ་ནི་དོན་དམ་པའི་བདེན་པའོ། །དེ་དག་གི་ཤེས་བྱེད་ཀྱང༌། མདོ་སྡེ་པའི་སྐབས་ན། འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །ཅེས་པ་ལྟ་བུ་འཇིག་རྟེན་གྱི་གྲགས་པ་ཐད་སོར་བཞག་པ་ཅིག་དང༌། རང་གི་ངོ་བོ་དཔྱོད་པ་ན། ཞེས་པ་ལྟ་བུ་གྲུབ་མཐའ་དབང་བཙན་པ་ཅིག་དང་གཉིས་བཤད་པས་སོ། །སེམས་ཙམ་པས་མ་དཔྱད་པའི་ཚེ་བག་ཆགས་མི་བརྟན་པའི་ཤེས་པ་ཡུལ་དང་བཅས་པ་ནི་ཀུན་རྫོབ་ཀྱི་བདེན་པ། བག་ཆགས་བརྟན་བྱུང་གི་ཤེས་པ་ཡུལ་དང་བཅས་པ་ནི་དོན་དམ་པའི་བདེན་པར་འཇོག དཔྱད་པའི་ཚེ་དེ་འདྲ་དེ་ཡང་ཀུན་རྫོབ་ཀྱི་བདེན་པའོ། །རྣམ་བདེན་པ་ཕྱི་རོལ་དོན་གྱིས་སྟོང་པའི་ཤེས་པ་སྐད་ཅིག་མ་དང༌། རྣམ་རྫུན་པ་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་དོན་དམ་པར་འདོད་དོ། །སྐབས་དེ་དང་དེར་ཡུལ་གྱི་ཀུན་རྫོབ་ལ་མེད་པས་ཁྱབ་པ་དང༌། ཡུལ་ཅན་གྱི་ཀུན་རྫོབ་ལ་རྫུན་པས་ཁྱབ་པར་ཁས་ལེན་ནོ། །འདིར་བོད་ཕྱི་མ་དངོས་པོ་ལ་དོན་དམ་པར་དོན་བྱེད་ནུས་པས་ཁྱབ་ཅིང༌། རང་མཚན་ལ་དེས་མ་ཁྱབ་སྟེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་མེད་དགག་བཞིན་ནོ་ཞེས་ཟེར། དང་པོ་མི་འཐད་དེ། འདས་མ་འོངས་ཀྱི་དངོས་པོ་དང་རྫུན་ཚིག་བཞིན་ནོ། །གཉིས་པ་མི་འཐད་དེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པ་དང་མ་མཐུན་པས་སོ། །གསུམ་པ་ལ་གཉིས་ཏེ། མཚན་ཉིད་དེ་མཚན་གཞི་རང་མཚན་ལ་མི་སྲིད་པ་སྤང་བ་དང༌། ཁྱབ་ཆེས་པ་སྤང་བའོ། །དང་པོ་ནི། ངོ་བོ་ཉིད་མེད་པར་སྨྲ་བ་ན་རེ། དོན་དམ་པར་དོན་བྱེད་པའི་ནུས་པ་ནི་ཤེས་བྱ་ཐམས་ཅད་ཀྱི་ནང་ན་མེད་དོ་ཞེ་ན། མ་ཡིན་ཏེ། ས་བོན་སོགས་ནི་མྱུ་གུ་སོགས་ལ་ཕན་པའི་ནུས་པ་མངོན་སུམ་གྱིས་མཐོང་བའི་ཕྱིར། གལ་ཏེ་དེ་ལྟར་མཐོང་བ་དེ་ཀུན་རྫོབ་ཙམ་དུ་འདོད་དོ་ཞེ་ན། དེ་ལས་དེ་སྐྱེ་བར་མངོན་སུམ་གྱིས་མཐོང་བར་འགྱུར་བ་དེ་ལྟར་ཅི་སྟེ་འགྱུར་ཏེ་མི་འགྱུར་བར་ཐལ། མངོན་སུམ་ནི་མ་འཁྲུལ་ལ་ཀུན་རྫོབ་ཀྱི་བློ་ནི་འཁྲུལ་བའི་ཕྱིར། དེ་ལྟར་འཆད་པའི་ཚེ་གཞུང་འདི་མདོ་སྡེ་པ་ཁོ་ནར་ངེས་ལ། རྣམ་རིག་པ་ལྟར་འཆད་ན་ས་བོན་སོགས་ཕྱི་རོལ་དོན་གྱིས་འབྲས་བུ་སྐྱེད་པ་ཀུན་རྫོབ་ཏུ་སྒྲུབ་པ་ལ་ཐམས་ཅད་ནུས་མེད་རྟགས་སུ་བཀོད་ནས། ཀུན་རྫོབ་མ་ཡིན་པ་དེ་ལྟར་ཅི་སྟེ་འགྱུར་ཞེས་རང་གཞུང་ཁོ་ནར་སྦྱོར་དགོས་པ་ཡིན་ཏེ། ལུགས་དེས་དོན་དམ་པའི་མཚན་གཞི་གཅིག་ལས་མི་འདོད་པས་སོ། །གཉིས་པ་ནི། གལ་ཏེ་གཞལ་བྱ་ཀུན་ལ་དོན་བྱེད་པའི་ནུས་པ་དེ་ཡོད་དོ་ཞེ་ན། སྤྱིའི་མཚན་ཉིད་ཆོས་ཅན། དོན་བྱེད་ནུས་པ་མ་ཡིན་ཏེ། རང་འཛིན་གྱི་བློ་ལ་ཕན་བཏགས་སྟོབས་ཀྱིས་བློ་དེ་ཁྱོད་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་མཐོང་བའི་ཕྱིར། ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་སྟོན་པ་ནི་མིག་དང་གཟུགས་སོགས་ལས་གཟུང་འཛིན་གྱི་བློ་སྐྱེ་བ་བཞིན་ནོ། །རིགས་སྤྱི་དང་ཚོགས་སྤྱི་གང་གིས་ཀྱང་རང་འཛིན་ཤེས་པ་མི་སྐྱེད་པར་བསྟན་པ་དེས་ནི་ཆོས་ཅན། གཞན་ཡང་མཚོན་པ་ཡིན་ཏེ། རྫས་བུམ་པ་དང་འདེགས་འཇོག་སོགས་ཀྱི་ལས་དང་བུམ་པ་ཉིད་ཅེས་བྱ་བའི་སྤྱི་དང༌། གཅིག་གཉིས་ལ་སོགས་པའི་གྲངས་དང་སོགས་པའི་སྒྲས་བྱེ་བྲག་དང༌། འདུ་བའི་ཡུལ་ཅན་གྱི་བློ་ནི་རྫས་བུམ་པ་སོགས་ཀྱི་གཟུང་དོན་ལས་མི་སྐྱེ་བར་བཤད་པ་ཡིན་པའི་ཕྱིར། བློ་དེ་དག་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། བརྡ་དང་རྩོལ་བ་སོགས་ནང་གི་ཡན་ལག་གི་རྗེས་སུ་འཇུག་པའི་ཕྱིར། གལ་ཏེ་སྐྲ་ཤད་སོགས་དོན་བྱེད་མི་ནུས་པས་རང་མཚན་མ་ཡིན་མོད། གཞལ་བྱ་ནི་ཡིན་པའི་ཕྱིར་སྤྱི་མཚན་ནོ་ཞེ་ན། དེ་ཆོས་ཅན། གཞལ་བྱ་སྤྱི་མཚན་མ་ཡིན་ཏེ། འཇུག་ཡུལ་གྱི་དོན་དུ་ཞེན་ནས་འཇུག་པ་མེད་པའི་ཕྱིར་རོ། །འོ་ན་ནམ་མཁའ་དང་མོ་གཤམ་གྱི་བུའི་དོན་སྤྱི་སོགས་ཀྱང་གཞལ་བྱར་མི་འཐད་པས་ཤེས་བྱ་མ་ཡིན་པར་འགྱུར་རོ་ཞེ་ན། མེད་པ་གཞན་སེལ་ལ་ཆོས་ཅན། ཤེས་བྱ་མ་ཡིན་པའི་ཉེས་པ་དག་ཏུ་ཐལ་བར་མི་འགྱུར་ཏེ། རྟོག་པས་ཤེས་བྱར་འཛིན་པའི་ཕྱིར། འདིའི་ངག་དོན་ནི། གཞལ་བྱ་ཡིན་ན་དེ་འཇལ་བྱེད་ཀྱི་ཚད་མ་ཡོད་དགོས། ཚད་མ་དེ་ཡིན་ན་འཇུག་ཡུལ་ལ་མི་སླུ་དགོས་པ་ལས། སྐྲ་ཤད་དང་ནམ་མཁའི་དོན་སྤྱི་ལྟ་བུ་ནི་གཞལ་བྱ་མ་ཡིན་ཏེ། ཁོའི་ཡུལ་ཅན་གྱི་བློ་ཡིན་ན་འཇུག་ཡུལ་དང་མ་འབྲེལ་དགོས་པའི་ཕྱིར་རོ། །དེས་ན་བར་གྱི་བསྡུས་པ་བ་དག ཤེས་བྱ་ལ་གཞལ་བྱས་ཁྱབ་པ་གཞུང་འདིས་བཀག་པར་མ་ཟད། གཞུང་ཆེན་དག་དང་མི་མཐུན་ཏེ། ཀུན་བཏགས་ལ་ཤེས་བྱས་ཁྱབ་པ་དང་བདག་གཉིས་ནི་ཀུན་བཏགས་སུ་གསལ་བར་བཤད་པའི་ཕྱིར། སྤྱི་དང་གཞན་སེལ་ཙམ་ལ་ཡང་གཞལ་བྱས་མ་ཁྱབ་སྟེ། མེད་པ་གཞན་སེལ་རྟོགས་པའི་རྗེས་དཔག་དང་དེའི་རྟེན་གཉིས་ཀ་མེད་པའི་ཕྱིར། ཡོད་པ་གཞན་སེལ་ནི་དཔྱད་པའི་ཚེ་རང་གི་ངོ་བོ་ཚད་མས་གཞལ་བར་དཀའ་ཡང༌། དེ་དང་འབྲེལ་བའི་འཇུག་ཡུལ་ཡོད་པས་གཞལ་བྱར་བཞག་གོ །དོན་དེ་དག་རིགས་གཏེར་ལས་ཀྱང༌། རང་མཚན་མེད་ཕྱིར་མངོན་སུམ་མིན། །འབྲེལ་པ་མེད་ཕྱིར་རྗེས་དཔག་མེད། །ཅེས་དང༌། དེར་སྣང་བ་དེ་ཤེས་པ་ཡིན། །ཕྱིར་འདོད་ཚད་མས་གཞལ་མི་ནུས། །ཞེས་རྗེས་དཔག་ལ་དངོས་སུ་སྣང་བ་ཤེས་པ་དང༌། དེ་ལ་དོན་དུ་བཏགས་པའི་ཆ་གཞལ་མི་ནུས་པར་བཤད་དོ། །བསྡུས་རྙིང་ལས་ཀྱང་ཡུལ་དང་ཤེས་བྱ་ལ་དེས་མ་ཁྱབ་པར་བཤད་དེ། མེད་པ་གསལ་བ་སྣང་ཡུལ་དུ་བཤད་པས་སོ། །གལ་ཏེ་འོ་ན་སྐྲ་སོགས་སུ་སྣང་བ་འདི་ཅི་ཞེ་ན། སྐྲ་ཤད་དང་ནམ་མཁའ་ལ་སོགས་པར་སྣང་བ་དེ་དག་གི་ཚེ་ན་ཡང་གསལ་བར་སྣང་བ་དེ་ལྟ་བུའི་དངོས་པོ་ནི་རང་མཚན་ཡིན་པ་བཀག་པ་མེད་དེ། གསལ་བར་སྣང་བ་ཉིད་ཤེས་པའི་ངོ་བོའི་དོན་ཉིད་ཡིན་པའི་ཕྱིར། འདི་ནི་སྐྲ་སོགས་སོ་ཞེས་བྱ་བའི་བློ་དག་ནི་སྤྱི་ཡི་སྤྱོད་ཡུལ་ཅན་ཡིན་ལ། དེ་དུས་ཀྱི་སྤྱི་དེ་ནི་གཞལ་བྱ་མ་ཡིན་ཏེ། འཇལ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། སྒྲར་སྣང་གི་ཤེས་པ་ནི་ཆོས་ཅན། གཟུང་དོན་ལ་ལྟོས་པ་མེད་པ་ཅན་ཡིན་ཏེ། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་བསྐྱེད་པའི་ཕྱིར། གལ་ཏེ་འོ་ན་སྤྱི་ནི་ཤེས་པའི་ངོ་བོའི་དོན་ཉིད་ཡིན་པར་ཐལ་བར་འགྱུར་ཏེ། རྟོག་པ་ལ་གསལ་བར་སྣང་བའི་ཕྱིར་ཞེ་ན། སྤྱི་ཞེས་པ་དེ་སྤྱི་རྣམ་ལ་ཟེར་རམ་དོན་སྤྱི་ལ་ཟེར། དང་པོ་ལྟར་ན་དེ་དེར་ཐལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། དེ་ལྟར་ངེད་ཀྱང་འདོད་པས་གྲུབ་ཟིན་པའི་ཕྱིར། གཉིས་པ་ལྟར་ན། དོན་བུམ་གསལ་གྱི་ངོ་བོ་ཉིད་ཀྱི་སྤྱི་ཆོས་ཅན། ཤེས་པ་མ་ཡིན་ཏེ། བུམ་གསལ་ཀུན་ལ་ཁྱོད་ཀྱི་ངོ་བོ་མཚུངས་པ་སྟེ་རྗེས་སུ་འགྲོ་བའི་ཕྱིར་དང༌། སེལ་ངོར་བུམ་མིན་རྣམ་པར་བཅད་ཙམ་གྱི་ལྡོག་པ་ལ་བརྟེན་པའི་ཕྱིར་རོ། །གཉིས་པ་ལ། སྤྱི་མཚན་དངོས་མེད་དུ་སྒྲུབ། རང་མཚན་དངོས་པོར་སྒྲུབ། དེ་ལྟར་གྲུབ་པས་ཚད་མའི་འཇུག་ཡུལ་རང་མཚན་ཁོ་ནར་ངེས་པའོ། །དང་པོ་ལ་རིགས་པ་བརྒྱད་ལས། རྗོད་བྱེད་སྒྲའི་བརྗོད་བྱ་ཡིན་པའི་རྟགས་ཀྱིས་དོན་དམ་པའི་དངོས་མེད་དུ་སྒྲུབ་པ་ལ་གཉིས་ཏེ། རྟགས་དགོད་ཅིང་ཁྱབ་པ་སྒྲུབ་པ་དང༌། ཁྱབ་པ་འཁྲུལ་པའི་ལན་དགག་པའོ། །དང་པོ་ནི། བུམ་སྤྱི་དེ་ཆོས་ཅན། དོན་དམ་པའི་དངོས་པོ་མ་ཡིན་ཏེ། རྗོད་བྱེད་སྒྲའི་བརྗོད་བྱ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དབང་སོགས་རྐྱེན་གསུམ་པོ་འབྲས་བུ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །འདིར་ཞེན་པའི་བརྗོད་བྱ་ཡིན་པས་ནི་དེའི་གོ་མི་ཆོད་དེ། སོང་ཚོད་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར། ཤུགས་ཀྱི་བརྗོད་བྱ་ཞེས་པའི་ཐ་སྙད་ནི་གཞུང་ན་མེད་དོ། །བོད་ཕྱི་མས། རང་མཚན་ཡིན་ན་རང་རང་ལ་དངོས་མིང་རེ་ཡོད་དགོས་པ་རྒྱུ་མཚན་དུ་བྱས་ནས་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པས་ཁྱབ་པ་དང༌། གཞུང་གི་དགོངས་དོན་འཆད་པ་ན་དོན་དམ་པར་ཞེས་སྦྱོར་བར་བྱེད་མོད། དེ་ལྟ་ན་སྒྲ་ཡུལ་ལ་དངོས་པོའི་དབང་གིས་འཇུག་པ་དང༌། རང་མཚན་ལ་བརྡ་དངོས་སུ་སྦྱོར་བར་ཐལ་བ་དང༌། རང་མཚན་རྟོག་པའི་དངོས་ཡུལ་དུ་ཐལ་ལ། དེ་ལྟ་ན་རྣམ་མེད་རྗེན་ཆར་ལས་འོས་མེད་དེ། རྟོག་པ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ནི་བཀག་པའི་ཕྱིར། དོན་དམ་པར་སྒྲའི་དངོས་ཀྱི་བརྗོད་བྱ་དོན་སྤྱི་ལ་འཆད་པ་ཆེས་མི་འཐད་དེ། དོན་དམ་པར་ཡོད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྒྲས་མིང་སོགས་ལྡན་མིན་འདུ་བྱེད་རང་མཚན་དངོས་སུ་བརྗོད་པས་དབང་སོགས་དོན་ཡོད་པའི་ལན་དགག སྒྲས་སྤྱི་རང་མཚན་ཡན་གར་བ་དངོས་སུ་བརྗོད་པས་དབང་སོགས་དོན་ཡོད་པའི་ལན་དགག རྟོག་པས་རང་མཚན་དངོས་སུ་འཛིན་ཀྱང་མངོན་སུམ་དུ་མི་འཛིན་པས་དེ་དོན་ཡོད་པའི་ལན་དགག་པའོ། །དང་པོ་ནི། ཉན་ཐོས་མང་བཀུར་བ་དག་ན་རེ། དེས་དེ་བརྗོད་ཀྱང་དབང་སོགས་འབྲས་བུ་དང་བཅས་ཏེ། བུམ་པ་ཞེས་བརྗོད་པའི་སྒྲས་བུམ་པའི་མིང་རང་མཚན་དང༌། སོགས་པ་ལྟོ་ལྡིར་བ་ལྟ་བུའི་མཚན་མ་རང་མཚན་དེ་བརྗོད་པ་ཡིན་ལ། བུམ་པའི་གཟུགས་དང་དྲི་སོགས་འཛིན་པའི་ཤེས་པ་སྐྱེད་པ་ལ་དབང་སོགས་དོན་ཡོད་པའི་ཕྱིར་ཞེ་ན། འོ་ན་དེས་འཆད་པ་པོ་དང་ཉན་པ་པོའི་བློ་དང་འབྲལ་བའི་མིང་སོགས་བརྗོད་དམ། བརྗོད་བྱ་ཕྱི་རོལ་གྱི་དོན་རང་མཚན་དང་རྗེས་སུ་འབྲེལ་བ་ཅན་གྱི་མིང་སོགས་བརྗོད་དམ། གསུམ་པོ་གང་དང་ཡང་འབྲེལ་མེད་ཀྱི་མིང་སོགས་བརྗོད། དང་པོ་ལྟར་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ལས་དོན་བུམ་གསལ་རང་མཚན་ལ་འཇུག་པར་མི་འགྱུར་བ་ཉིད་དུ་ཐལ། དོན་དང་འབྲེལ་པ་མེད་པ་ཅན་གྱི་མིང་སོགས་བརྗོད་པའི་ཕྱིར། གལ་ཏེ་བློ་ལ་སྣང་བའི་མིང་སོགས་དང་དོན་རང་མཚན་གཉིས་པོ་ཚུལ་ལམ་རྣམ་པ་འདྲ་བ་ལས་འཁྲུལ་ནས་དོན་ལ་འཇུག་པར་འགྱུར་རོ་ཞེ་ན། ཕྱི་རོལ་གྱི་དོན་དང་བློ་ལ་སྣང་བ་ཆོས་ཅན། དུས་ཀུན་དང་ཡུལ་ཀུན་ལ་འཁྲུལ་བ་མ་ཡིན་པར་ཐལ། འདྲ་བ་ལས་འཁྲུལ་བའི་ཕྱིར། སྒྲ་ལས་དོན་ལ་མི་འཇུག་པར་ཐལ་བའི་ཉེས་པ་དེ་ཁྱེད་ལའང་མཚུངས་སོ་ཞེ་ན། ཤེས་པ་ལ་སྣང་བའི་གཞན་སེལ་སྒྲའི་བརྗོད་བྱར་འདོད་པའི་ལུགས་ལ་ཆོས་ཅན། སྒྲ་ལས་དོན་ལ་མི་འཇུག་པར་ཐལ་བ་དེ་མཚུངས་པ་མ་ཡིན་ཏེ། ཕྱི་རོལ་དོན་གྱི་རྣམ་པ་སྣང་བ་ལ་ཕྱི་རོལ་དོན་དུ་ཞེན་པ་དེ་འདྲ་བའི་བློ་སྐྱེ་ཞིང༌། རྣམ་པ་དེ་ཕྱི་རོལ་དོན་དང་འབྲེལ་བའི་ཕྱིར། ཉན་ཐོས་སྡེ་པ་གཞན་གྱི་ལུགས་ལ་དེ་མེད་དེ། ཕྱི་རོལ་དོན་དུ་སྣང་བ་ཡི་རྣམ་པ་ཅན་གྱི་བློ་ནི་ཁས་ལེན་པ་མེད་པའི་ཕྱིར་རོ། །གལ་ཏེ་ངེད་ཀྱང་མིང་སོགས་ཀྱི་རྣམ་པ་ཅན་གྱི་བློ་ཁས་ལེན་ནོ་ཞེ་ན། འོ་ན་དེར་སྣང་བའི་ཤེས་པ་ལས་རྫས་ཐ་དད་པའི་ཕྱི་རོལ་གྱི་མིང་སོགས་ཡོད་དམ་མེད། མེད་ན་ནི་རྣམ་པ་ལ་དེར་ཞེན་ནས་ཞུགས་པས་ཕྱི་རོལ་གྱི་མིང་སོགས་འཐོབ་པ་མ་ཡིན་པར་འགྱུར་བས་རྩ་བའི་དམ་བཅའ་ཉམས། ཡོད་ན་ནི་དེ་ཚད་མས་གྲུབ་པ་ཅན་མ་ཡིན་ཏེ། ཕྱི་རོལ་གྱི་མིང་སོགས་ལོག་ན་དེར་སྣང་གི་ཤེས་རྣམ་ལྡོག་པ་གྲུབ་པ་མེད་པའི་ཕྱིར་རོ། །སངས་རྒྱས་པ་ལྟར་ན་ནི་བུམ་གསལ་རང་མཚན་ལོག་ན་དེར་སྣང་གི་ཤེས་རྣམ་ལྡོག་པར་ཁས་ལེན་ནོ། །གལ་ཏེ་ཁྱེད་ཀྱི་ལྟར་ན་མིང་སོགས་ཀྱི་རྣམ་པ་སྣང་བའི་རྟོག་པ་དེ་རྒྱུ་ཅི་ལས་ཤེ་ན། ཉེར་ལེན་གྱི་རྒྱུ་བག་ཆགས་དང༌། རྐྱེན་བག་ཆགས་སད་བྱེད་ཀྱི་སྒྲ་ལས་ཡིན་མོད། བརྒྱུད་པའི་རྒྱུ་ནི་ཕྱི་རོལ་གྱི་དོན་ཉིད་ཡིན་གྱི། ལྡན་མིན་འདུ་བྱེད་རྒྱུར་དགོས་པ་མེད་དེ། ཐ་དད་པ་འདིའི་ས་བོན་ཡིན། ཞེས་སོ། །གལ་ཏེ་མིང་སོགས་ཀྱི་རྣམ་པ་ཅན་གྱི་ཤེས་པ་མིང་སོགས་ཉིད་ཀྱི་གཟུང་དོན་ལས་སྐྱེ་དགོས་ཏེ། ཤེས་པ་ཀུན་གཟུང་དོན་དང་ལྡན་པའི་ཕྱིར་ཞེ་ན། འཐད་པ་མ་ཡིན་ཏེ། རྨི་ལམ་གྱི་ཤེས་པ་སོགས་གཟུང་དོན་ཡོད་པ་ལས་རྣམ་པ་གཞན་དུ་མ་མཐོང་བའི་ཕྱིར། དེ་ལ་གཟུང་དོན་ཕྱི་རོལ་གྱི་དོན་མེད་ཀྱང་རྨི་ལམ་གྱི་ལྡན་མིན་འདུ་བྱེད་ཀྱི་གཟུང་དོན་ལས་སྐྱེའོ་ཞེ་ན། དེ་ཆོས་ཅན། མི་ལྡན་པའི་འདུ་བྱེད་ཀྱི་གཟུང་དོན་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། ཁྱོད་ལ་སྔོན་པོ་ལ་སོགས་པར་སྣང་བའི་ཕྱིར་རོ། །གལ་ཏེ་རྨི་ལམ་གྱི་སྔོ་སོགས་ལས་སྐྱེའོ་ཞེ་ན། རྨི་ལམ་གྱི་སྔོ་སོགས་ཆོས་ཅན། གཟུང་དོན་མ་ཡིན་ཏེ། ཐོག་མེད་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། དེ་ཆོས་ཅན། ཤེས་པ་ཡིན་ཏེ། ཡུལ་རུང་བ་ན་གནས་པས་མི་ཤེས་པར་རྨི་བ་པོ་རང་ཉིད་ཀྱི་ཤེས་པ་ལ་གསལ་བར་སྣང་བའི་ཕྱིར། རྨི་ལམ་གྱི་ཤེས་པ་གཟུང་དོན་ལས་སྐྱེ་བ་འགོག་པའི་རིགས་པ་དེས་ནི་ཆོས་ཅན། རིགས་ཅན་གཞན་ཀྱང་མཚོན་ནུས་པ་ཡིན་ཏེ། མིང་སོགས་ལ་རྟོག་པའི་རྟོག་པ་དེ་གཟུང་དོན་ལས་མི་སྐྱེ་བར་བརྗོད་པའི་ཕྱིར་ཏེ། དེ་ལ་དེར་སྣང་བ་ཤེས་པ་ཉིད་དུ་གོ་བའི་ཕྱིར། གཞན་ཡང་མིག་ལ་སོགས་པའི་བློ་མ་འཁྲུལ་པ་གཟུང་དོན་དང་ལྡན་པར་འདོད་པ་དེ་ཉིད་རྒྱུ་མཚན་གང་གིས་དེར་འདོད། གཟུང་དོན་གྱིས་ཕན་པའི་ནུས་པ་མཐོང་བའི་ཕྱིར་ཞེ་ན། གཞན་མིང་སོགས་ལ་རྟོག་པའི་རྟོག་པ་ཆོས་ཅན། གཟུང་དོན་མེད་པ་ཅན་ཐོབ་པར་འགྱུར་ཏེ། མིང་སོགས་ཀྱིས་ཕན་པའི་ནུས་པ་མེད་པའི་ཕྱིར། མིང་སོགས་ལྡན་མིན་འདུ་བྱེད་ཕྱི་རོལ་གྱི་དོན་མ་ཡིན་པ་ནི་ཉན་ཐོས་པ་དག་གི་གཞུང་ལུགས་ཡིན་པས་དེར་སྣང་བའི་རྟོག་པ་ལ་གཟུང་དོན་ཡོད་ན་ཕྱི་དོན་རང་མཚན་ལས་གཞན་དུ་མི་འཐད་པ་དེའི་ཕྱིར་མིང་སོགས་ལ་རྟོག་པའི་རྟོག་པས་ཕྱི་རོལ་གྱི་དོན་འཛིན་པར་ཐལ་བ་ན་དབང་སོགས་དོན་མེད་དུ་ཐལ་བ་ཟློག་མ་ནུས་ཞེས་པའོ། །བརྟག་པ་གསུམ་པ་ལྟར་ཁས་ལེན་ནོ་ཞེ་ན། སྔ་མར་མ་ཟད་གསུམ་པོ་གང་དང་ཡང་འབྲེལ་མེད་བརྗོད་ན་ཡང་སྒྲ་ལས་དོན་རང་མཚན་ལ་འཇུག་པར་མི་འགྱུར་རོ། །གལ་ཏེ་བརྟག་པ་གཉིས་པ་ཁས་ལེན་ནོ་ཞེ་ན། བུམ་པ་ཞེས་བརྗོད་པའི་སྒྲས་འདས་པ་དང་མ་འོངས་པའི་བུམ་པ་བརྗོད་པར་ཏེ་གོ་བར་བྱ་བ་མ་ཡིན་པར་ཐལ། སྒྲ་དེས་དོན་རང་མཚན་དང་གཅིག་ཏུ་འབྲེལ་བའི་མིང་སོགས་ཁོ་ན་བརྗོད་བྱར་ལྡན་པའི་ཕྱིར། ཁྱབ་སྟེ། འདས་མ་འོངས་ཀྱི་དོན་དང་དེའི་མིང་སོགས་ནི་ཟད་པ་དང་མ་སྐྱེས་པའི་ཕྱིར་རོ། །བོད་ཕྱི་མ་དངོས་པོ་ལ་ད་ལྟར་བས་ཁྱབ་ཅེས་ཟེར་བ་གཞུང་འདི་དང༌། འདས་དང་མ་སྐྱེས་པ་ལ་ཡང༌། །ཚིག་འགའ་ཞིག་ཀྱང་རྫུན་པ་ཡི། །དོན་ཅན་ཉིད་དུ་མི་འགྱུར་ཕྱིར། །ཞེས་པས་གསལ་བར་བཀག་པ་ཡིན་ཏེ། གཞུང་འདི་དང་དེ་དག་གིས་ནི་དངོས་པོ་ལ་དོན་དམ་པ་དང་རང་མཚན་གྱིས་ཁྱབ་པ་ལ་གནོད་བྱེད་འཕངས་པའི་ཕྱིར། དེས་ན་དོན་དམ་པར་དོན་བྱེད་ནུས་པ་ལ་ད་ལྟར་བས་ཁྱབ་པ་ཡིན་ཏེ། དེའི་དོན་ནི་འབྲས་བུ་སྐྱེད་བྱེད་དུ་དོན་ལ་གནས་པ་ཞེས་བྱ་བ་དེ་ཡིན་ལ། འདས་པ་ནི་འགགས་ཟིན་པས་དེར་མི་གནས། མ་འོངས་པ་ནི་མ་སྐྱེས་པས་དེར་མི་གནས་པའི་ཕྱིར། དངོས་པོར་ནི་ཁས་ལེན་དགོས་ཏེ། སྐྱེས་པའི་ཕྱིར་དང༌། སྐྱེ་བའི་རྒྱུ་ཡོད་པའི་ཕྱིར་རོ། །མཚན་གཞི་ནི་ན་ནིང་གི་ལོ་ཐོག་དང་སང་ཕོད་ཀྱི་ལོ་ཐོག་ལྟ་བུའོ། །ཡང་དངོས་པོ་ལ་མི་རྟག་པས་ཁྱབ་པ་ནི་གཞུང་ན་གསལ་མོད། བར་གྱི་བསྡུས་པ་མཁན་པོས་དེ་ལ་འདུས་བྱས་དང་རྒྱུ་དང་འབྲས་བུས་ཁྱབ་པར་འཆད་པ་ནི་ནོར་བ་ཡིན་ཏེ། འདུས་བྱས་ཀྱི་དོན་སྐྱེས་པ་ལ་བཤད་པ་དང༌། འདུ་བྱེད་ཀྱི་དོན་སྐྱེ་འཇིག་ཅན་ལ་འཆད་པ་གཉིས་ལས་ནི་རྟོག་གེར་མི་འབྱུང་ལ། དེའི་ཚེ་ན་མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་དང༌། གཞན་དུ་ན་སྐྱེས་ཟིན་སླར་ཡང་སྐྱེ་བར་ཐལ་བའི་ཕྱིར་དང༌། འདས་པའི་དངོས་པོ་སྐྱེ་འཇིག་བྱེད་ན་སྐྱེས་ཟིན་སླར་ཡང་སྐྱེ་བ་དང་ཞིག་ཟིན་སླར་ཡང་འཇིག་པར་འགྱུར་རོ། །ཡང་འདས་པའི་དངོས་པོ་རྒྱུར་འདོད་ན་རྣམ་སྨིན་བྱུང་ཟིན་པའི་ལས་ཀྱིས་འབྲས་བུ་འབྱིན་པར་འགྱུར་བ་དང༌། མེས་ཚིག་པའི་ས་བོན་ལས་མྱུ་གུ་སྐྱེ་བར་འགྱུར་ཏེ། བསྐལ་པ་དང་པོའི་ས་བོན་དེ་རང་འབྲས་མྱུ་གུ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །མ་འོངས་པའི་དངོས་པོ་ནི་རྒྱུ་དང་འབྲས་བུ་གང་དུ་ཡང་མི་འཐད་དེ། རང་གི་རྒྱུ་ལས་མ་སྐྱེས་པའི་ཕྱིར་དང༌། རང་འབྲས་སྐྱེད་པའི་བྱེད་པ་དང་མི་ལྡན་པའི་ཕྱིར། བྱུང་ན་ནི་ད་ལྟར་བ་ཉིད་དུ་འགྱུར་ཏེ། སྐྱེས་ལ་མ་འགགས་པའི་ཕྱིར། འདོད་ན་སང་ཕོད་ཀྱི་ལོ་ཐོག་ཆོས་ཅན། དེ་རིང་གི་དུས་སུ་ཡོད་པར་འགྱུར་ཏེ། ད་ལྟར་བ་ཡིན་པའི་ཕྱིར། གཞན་ཡང་གནངས་ཉིན་གྱི་བུམ་པ་དེ་སང་ཉིན་གྱི་བུམ་པ་ལས་བྱུང་བར་འགྱུར་ཏེ། དེ་རང་རྒྱུ་ལས་བྱུང་བའི་ཕྱིར། འདོད་ན་གཉིས་པོ་ཆོས་ཅན། སྔ་ཕྱིའི་གོ་རིམ་མེད་དེ། མ་འོངས་པ་ཉིད་དུ་མཚུངས་པའི་ཕྱིར། མ་འོངས་པས་འབྲས་བུ་སྐྱེད་ན་དེ་ལ་དངོས་རྒྱུ་ནུས་པ་ཐོགས་མེད་སྲིད་དམ་མི་སྲིད། མི་སྲིད་ན་དེ་ལ་འབྲས་བུ་དངོས་སུ་སྐྱེད་པ་མི་སྲིད་པས་དངོས་ཀྱི་རྒྱུ་མེད་ལ། དེ་མེད་པ་ལ་བརྒྱུད་པའི་རྒྱུ་མི་སྲིད་པས་འབྲས་བུ་སྐྱེད་བྱེད་དུ་འགལ་ལོ། །སྲིད་ན་སང་ཕོད་ཀྱི་ལོ་ཐོག་ཆོས་ཅན། ཁྱོད་སྐྱེས་པར་ཐལ། ཁྱོད་ཀྱི་དངོས་རྒྱུ་ཡོད་པའི་ཕྱིར། འདོད་ན་ཁྱོད་ཀྱི་དངོས་རྒྱུ་འགགས་པར་ཐལ་བ་དང༌། ཁྱོད་ཀྱི་ཐག་རིང་པོའི་བརྒྱུད་རྒྱུ་དག་འགགས་ནས་ཡུན་རིང་དུ་ལོན་པར་ཐལ་ལོ། །འདོད་ན་ནི་ལོ་ཐོག་དེའི་རྒྱུའི་ཕྲེང་བ་དང་མ་འོངས་པའི་གཞི་མཐུན་དེ་དག་ཆོས་ཅན། འདས་ནས་ཡུན་རིང་དུ་ལོན་པ་སོགས་མ་ཡིན་ཏེ། མ་འོངས་པའི་དངོས་པོ་ཉིད་ཀྱི་ཕྱིར་རོ། །དུས་གཉིས་པོ་དངོས་པོར་ནི་འདོད་དེ། སྐྱེས་པའི་ཕྱིར་དང༌། སྐྱེད་བྱེད་ཀྱི་རྒྱུ་ཡོད་པའི་ཕྱིར་རོ། །དེས་ན་ད་ལྟར་བ་ནི་རྒྱུ་དང་འབྲས་བུ་གཉིས་ཀར་ཁས་ལེན་ཞིང༌། འདས་པ་ནི་འབྲས་བུར་འདོད་ལ་རྒྱུར་ཁས་མི་ལེན་ནོ། །འདས་མ་འོངས་ཀྱི་དངོས་པོར་རགས་པ་དོན་དམ་པར་ཁས་མི་ལེན་ཀྱང་དངོས་པོར་ཁས་ལེན་པ་འདི་ནི་ཀུན་རྫོབ་པའི་དངོས་པོ་ཡིན་པ་ཤེས་བྱེད་དུ་འགོད་པ་མ་ཡིན་གྱི། ཐ་སྙད་ཀྱི་དུས་སུ་བདེན་པའི་ཕྱིར་ཞེས་འགོད་པའོ། །དེ་ཡང་གྲུབ་མཐས་བཞག་པའི་བདེན་གཉིས་ཀྱི་རྣམ་དབྱེ་བྱེད་པ་དེའི་ཚེ་དངོས་པོ་དང་ཡོད་པ་ལ་བདེན་གྲུབ་དང་རང་མཚན་དང་ད་ལྟར་བ་སོགས་ཀྱིས་ཁྱབ་ཀྱང༌། ཐ་སྙད་ཀྱིས་བཞག་པའི་བདེན་གཉིས་ཀྱི་རྣམ་དབྱེ་བྱེད་པ་དེའི་ཚེ་ནི་དེ་ལྟར་ཁྱབ་པ་མ་ཡིན་ཏེ། དཔེར་ན། ཇི་སྐད་དུ། བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །ཞེས་དང༌། སྒྲ་དང་བུམ་པའི་ཁྱད་པར་གྱིས། །ཞེས་པ་ལྟ་བུ་སྒྲ་བུམ་ལ་སོགས་པའི་རགས་པ་བྱས་ཡོད་དུ་ངེས་པར་ཁས་ལེན་དགོས་པ་ཞིག་ཡོད་པ་དེའི་ཚེ་དངོས་པོར་ཁས་ལེན་ཀྱང་བདེན་གྲུབ་ཏུ་ཁས་མི་ལེན་ཏེ། མི་རྟག་པར་ཁས་བླངས་པའི་ཕྱིར་རོ། །འདས་མ་འོངས་ནི་གྲུབ་མཐའི་ཚེ་དངོས་པོར་ཡང་མི་འདོད་དེ། ཡོད་པ་མེད་ཆོས་ཇི་ལྟར་འགྱུར། །ཞེས་སོགས་ལས་སོ། །ཐ་སྙད་ཀྱི་ཚེ་ནི་དངོས་པོར་འདོད་ཀྱང་རྒྱུ་འབྲས་སུ་མི་འདོད་པ་དེ་ཁོ་ནའོ། །ཡང་བོད་ཕྱི་མས་དུས་གསུམ་གྱི་མཚན་གཞི་འཛིན་པ་ན། བུམ་པ་ནི་ད་ལྟར་བ་དང༌། དེ་འདས་པ་དང༌། དེ་མ་སྐྱེས་པ་ཞེས་འཛིན་པ་ནི་ཕྱིན་ཅི་ལོག་འབའ་ཞིག་སྟེ། བུམ་པ་འདས་པ་ནི་བུམ་པ་ལ་ལྟོས་ཏེ་མ་འོངས་པ་ཁོ་ན་ཡིན་པའི་ཕྱིར་དང༌། བུམ་པ་མ་སྐྱེས་པ་ནི་དེ་ལ་ལྟོས་ཏེ་འདས་པ་ཁོ་ན་ཡིན་པའི་ཕྱིར། གཞན་དུ་ན་བུམ་པ་དེ་མ་སྐྱེས་གོང་དུ་ཞིག་པ་དང༌། སྐྱེས་པའི་ཚེ་མ་སྐྱེས་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །ཡང་ལ་ལ་དག་གིས་བསམས་པ་ན། །དངོས་པོ་ལ་ད་ལྟར་བས་ཁྱབ་ཀྱང་དེ་རིང་ལ་ལྟོས་ཏེ་འདས་མ་འོངས་སུ་འཇོག་གོ་ཞེས་ཟེར། དེ་རིང་གི་དུས་སུ་མེད་ན་ད་ལྟར་བ་ཉིད་དུ་འགལ་ཏེ། ད་ལྟར་བ་ཡིན་ན་ད་ལྟར་གྱི་དུས་སུ་ཡོད་དགོས་པའི་ཕྱིར་རོ། །རང་ལུགས་ཀྱི་རྣམ་པར་གཞག་པ་ནི་དབུས་མཐའ་རྩ་འགྲེལ་དང་མངོན་པ་ཀུན་ལས་བཏུས་ལས་བཤད་པ་ཇི་ལྟ་བ་བཞིན་དུ་བཟུང་ངོ༌། །གཉིས་པ་ནི། གལ་ཏེ་སྒྲས་རང་མཚན་དངོས་སུ་བརྗོད་ཀྱང་དབང་སོགས་དོན་མེད་དུ་ཐལ་བར་མི་འདོད་དེ། རྗོད་བྱེད་ཀྱི་སྒྲ་ཡིས་སྤྱི་ཡན་གར་བ་ནི་དངོས་སུ་བརྗོད་པའི་ཕྱིར་ཞེ་ན། དེ་ནི་མ་ཡིན་ཏེ། གསལ་བ་དང་འབྲེལ་མེད་ཀྱི་སྤྱི་ཡན་གར་བ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །བརྗོད་དུ་ཡོད་ན་ཡང་སྤྱི་དེ་ཆོས་ཅན། མཚུངས་པ་སྟེ་རྗེས་སུ་འགྲོ་བ་མ་ཡིན་པར་ཐལ་བ་དང༌། རང་འཛིན་གྱི་བློ་ལ་སྣང་བ་གསལ་བ་ལ་ལྟོས་པ་མ་ཡིན་པར་ཐལ། དེ་དང་འབྲེལ་བ་མེད་པའི་ཕྱིར་རོ། །འདོད་པ་དེས་ན། སྤྱི་ཆོས་ཅན། གསལ་བ་ཡོད་མེད་ཀྱིས་དུས་རྟག་ཏུ་དམིགས་པར་འགྱུར་ཏེ། འདོད་ཅིང་དམིགས་རུང་དུ་གྱུར་པའི་རྟག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་སྤྱི་འཛིན་གྱི་རྟོག་པ་གསལ་བ་ལ་མ་རག་ཀྱང༌། སྤྱི་མངོན་སུམ་ལ་སྣང་བ་དེ་གསལ་བ་ལས་གསལ་བ་ཡིན་ནོ་ཞེ་ན། འོ་ན་སྤྱི་དེ་ལ་རང་འཛིན་ཤེས་པ་སྐྱེད་པའི་ནུས་པ་ཡོད་དམ་མེད། དང་པོ་ལྟར་ན་དེ་ཆོས་ཅན། རང་འཛིན་མངོན་སུམ་སྐྱེད་པ་གསལ་བ་ལ་མི་ལྟོས་པར་ཐལ། བདག་ལ་དམིགས་པའི་ཤེས་པ་སྐྱེད་པ་ལ་ནུས་པ་གང་ཡིན་པ་དེ་དུས་རྟག་ཏུ་ནུས་པ་ཉིད་ཡིན་པའི་ཕྱིར། གལ་ཏེ་གསལ་བ་མེད་པའི་དུས་འགའ་ཞིག་གི་ཚེ་དེའི་ནུས་པ་མེད་ན་སྤྱི་དེ་ནི་ཆོས་ཅན། དུས་ཀུན་གྱི་ཚེ་ནུས་མེད་དུ་འགྱུར་ཏེ། རྟག་པའི་ཕྱིར། དེའི་ཁྱབ་འབྲེལ་ནི། སྤྱི་དེ་ཡི་རང་འཛིན་མངོན་སུམ་སྐྱེད་པའི་ནུས་པའམ་ནུས་པ་མེད་པ་ངོ་བོ་ཉིད་ཀྱིས་གང་གནས་པ་དེ་ཆོས་ཅན། ཁྱོད་ཟད་པར་བྱ་བའི་ཕྱིར་དུ་རྐྱེན་གྱི་ནུས་པ་གང་འཇུག་སྟེ། རྟག་པའི་ཕྱིར་ན་བཅོས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་སྤྱི་འཛིན་པའི་རྣམ་པར་ཤེས་པ་དེ་དང་རྗེས་སུ་འབྲེལ་བ་སྟེ་སྣང་བའི་སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་ནི་མྱོང་བའི་སྟོབས་ཀྱིས་རྣམ་པར་ངེས་པ་གང་ཡིན་པ་དེ་ནི་ཆོས་ཅན། སྤྱི་འཛིན་ཤེས་པ་དེ་ལ་གང་གིས་སྤྲུལ་ཏེ། རྣམ་པ་དེ་གཏོད་བྱེད་ཀྱི་རྒྱུ་མེད་པ་ཡིན་པར་ཐལ། གསལ་བས་རྣམ་པ་དེ་མ་སྤྲུལ་བར་ནི་ཁྱོད་ཀྱིས་ཁས་བླངས། སྤྱི་ལ་ནི་སྔོ་སོགས་ཀྱི་ཁ་དོག་དང་དབྱིབས་སུ་མ་གྲུབ་པའི་ཕྱིར། གསུམ་པ་ནི། གལ་ཏེ་སྒྲ་དང་རྟོག་པས་རང་མཚན་དངོས་ཡུལ་དུ་བྱེད་ཀྱང་མངོན་སུམ་དུ་མི་བྱེད་པས་མངོན་སུམ་གྱི་ཤེས་པ་སྐྱེད་པའི་དོན་ཉིད་ཀྱི་ཕྱིར་ན་དབང་པོ་སོགས་དོན་མེད་པ་མ་ཡིན་ནོ་ཞེ་ན། སྒྲ་དང་གཟུགས་སོགས་ལས་བྱུང་བའི་བློ་རྟོག་པ་དང་མངོན་སུམ་ཆོས་ཅན། ཡུལ་གསལ་མི་གསལ་ཐ་དད་དུ་སྣང་བ་གང་ལས་ཡིན་ཏེ། སྒྲ་སོགས་དེའི་དངོས་པོ་གཅིག་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། གཉིས་པ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་རྟགས་ཀྱིས་སྤྱི་དངོས་མེད་དུ་སྒྲུབ་པའི་རིགས་པ་ལ་གསུམ་སྟེ། རྟགས་དགོད། ཕྱོགས་ཆོས་སྒྲུབ། རྩོད་པ་སྤང་བའོ། །དང་པོ་ནི། བུམ་སྤྱི་ཆོས་ཅན། རང་བཞིན་མེད་དེ། རང་གི་གསལ་བ་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་དེའི་ཕྱིར། གཉིས་པ་ནི། གྲངས་ཅན་ན་རེ། སྤྱི་གསལ་དངོས་པོ་གཅིག་ཡིན་ནོ་ཞེ་ན། རིགས་ལྡན་གསེར་བུམ་ཆོས་ཅན། དངུལ་བུམ་གྱི་རིགས་མ་ཡིན་ཏེ། གང་གི་ཕྱིར་ན་གསལ་བའི་ངོ་བོ་གཞན་དངུལ་བུམ་སོགས་ལ་བརྟེན་པ་སྟེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གལ་ཏེ་བྱེ་བྲག་པ་ན་རེ། གཉིས་པོ་དངོས་པོ་ཐ་དད་དུ་གྲུབ་བོ་ཞེ་ན། བུམ་པ་ཉིད་ཅེས་བྱ་བའི་སྤྱི་དེ་ཆོས་ཅན། བུམ་གསལ་གྱི་འབྲས་བུ་ཉིད་དུ་བརྗོད་པར་ཐལ། དེ་ལས་དོན་གཞན་གང་ཞིག དེ་ལ་ལྟོས་པ་སྟེ་འབྲེལ་བའི་ཕྱིར། དེའི་ཁྱབ་པ་ནི། བུམ་སྤྱི་ཆོས་ཅན། བུམ་གསལ་གྱི་འབྲས་བུ་མ་ཡིན་ན་ཇི་ལྟར་ཡང་ཅི་ཞིག་དེ་ལ་འབྲེལ་ཏེ་འབྲེལ་མེད་ཉིད་དུ་ཐལ། བུམ་གསལ་ལས་དོན་གཞན་ཉིད་ཡིན་པའི་ཕྱིར། ལྟོས་ཕྱིར་ལ་འཕྲོས་ནས་འབྲས་བུ་རྒྱུ་ལ་ངེས་པར་ལྟོས་སམ་ཞེ་ན། སྐྱེས་ཟིན་གྱི་འབྲས་བུ་མྱུ་གུ་ཆོས་ཅན། རང་གི་རྒྱུ་ས་བོན་ལ་རག་ལས་པ་མེད་དེ། དེ་ལས་གྲུབ་ཟིན་པའི་ཕྱིར། དེ་ལྟ་ན་ཡང་རྗེས་སུ་སྐྱེས་པའི་རྟོག་པ་ཡིས་མྱུ་གུ་དེ་ནི་ས་བོན་དེ་ལས་བྱུང་ངོ་ཞེས་འབྲེལ་བར་བྱེད་དོ། །གཞུང་འདི་དག་གི་དོན་ནི། སྤྱི་དངོས་པོར་གྲུབ་ན་གསལ་བ་དང་འབྲེལ་མེད་ཡིན་དགོས་ཏེ། དེའི་ཚེ་དེ་གཉིས་དངོས་པོ་གཅིག་ཡིན་ན་ནི་གཅིག་ཡིན་དགོས་པས་འབྲེལ་མེད་དུ་སོང་སྟེ། ལྡོག་པ་ཐ་དད་ནི་བྱེ་བྲག་པས་མི་འདོད་པའི་ཕྱིར། གཅིག་ལ་ནི་འབྲེལ་བ་མེད་དོ། །དངོས་པོ་ཐ་དད་ཀྱི་འབྲེལ་བ་ནི་རྒྱུ་འབྲས་ལས་གཞན་དུ་མི་འཐད་ལ། དེ་ལ་སེལ་ངོའི་འབྲེལ་པ་ནི་ཁོ་མི་འདོད། སྣང་ངོའི་འབྲེལ་པ་ནི་མེད་དེ། གྲུབ་ཟིན་རྒྱུ་ལ་མི་ལྟོས་པའི་ཕྱིར་ཞེས་པའོ། །རྩ་བའི་ཁྱབ་པ་ནི། ཡོད་ན་གཅིག་དང་ཐ་དད་གང་རུང་དུ་ཡོད་དགོས་པ་ལ་ཐུག་མོད་སེལ་ངོར་ཡོད་ན་དེར་ཡོད་མི་དགོས་ཏེ། དེ་དང་དེར་མེད་བཞིན་དུ་ཡོད་པར་སྣང་བ་ཉིད་སེལ་ངོར་ཡོད་པའི་དོན་ཡིན་པས་སོ། །དེས་ན་གཅིག་དང་ཐ་དད་ཀྱི་བརྟག་པ་བཟོད་པ་ལ་ནི་བདེན་པར་ཡོད་པ་ཞིག་དགོས་སོ། །གསུམ་པ་ལ་གསུམ་སྟེ། བསྒྲུབ་བྱ་མི་འཐད་པའི་དང༌། སྒྲུབ་བྱེད་མི་འཐད་པའི་དང༌། སླར་ཡང་བསྒྲུབ་བྱ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། དངོས་པོར་མེད་ཀྱང་གསལ་བ་ལ་རྗེས་སུ་འགྲོ་ན་རི་བོང་གི་རྭ་སོགས་ཀྱང་རིགས་སུ་ཐལ་ལོ་ཞེ་ན། མེད་པའི་རྭ་སོགས་ཆོས་ཅན། བུམ་པའི་རིགས་སུ་ཐལ་བར་མི་འགྱུར་ཏེ། བུམ་གསལ་དེ་ལ་ལྟོས་པ་སྟེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། དངོས་པོར་མེད་ཀྱང་སེལ་ངོར་གསལ་བ་ལ་རྗེས་སུ་འགྲོ་མི་འགྲོའི་ཁྱད་པར་ཡོད་པ་དེའི་ཕྱིར་བུམ་གསལ་རང་མཚན་གྱི་ངོ་བོ་ལ་བརྟེན་ངོ་བོ་མེད་པའི་རིགས་བརྟགས་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་བུམ་པ་ཞེས་པའི་སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན་པ་ན་ཁྱད་པར་བུམ་གསལ་རང་མཚན་དེ་ལ་འཇུག་པའི་དོན་ཅན་ཡིན་པའི་ཕྱིར། སྤྱི་བརྗོད་པས་རང་མཚན་གོ་ནུས་ཏེ། སྤྱི་དེ་ལ་རང་མཚན་གྱི་ངོ་བོར་སྣང་བའམ་དོན་རང་མཚན་ལ་སྤྱི་དེ་ཉིད་དུ་འཛིན་པ་གང་ཡིན་པའི་འཁྲུལ་པ་དེ་མཐོང༌། རྟོག་གཅིག་ཏུ་གོམས་པའི་བག་ཆགས་ཀྱིས་སྤྲུལ་ཞིང་བསྐྱེད་པ་ཡིན་པའི་ཕྱིར། དེས་ན་རི་བོང་གི་རྭ་སོགས་དང་མི་མཚུངས་སོ། །སྤྱི་ལ་གཉིས་ཏེ། སྒྲའི་དངོས་ཀྱི་བརྗོད་བྱ་དང༌། བློ་ལ་སྣང་བའོ། །དང་པོ་ནི། བུམ་མིན་རྣམ་པར་བསལ་ཙམ་གྱི་ཆ་ཡིན་ལ། ཕྱི་མ་ནི་དེ་ལ་བུམ་པར་སྒྲོ་བཏགས་པའོ། །དང་པོ་དེ་དངོས་མེད་དུ་སྒྲུབ་པ་ནི། དོན་བུམ་གསལ་རྣམས་ཀྱི་ནི་སྤྱི་གང་ཡིན་པ་བུམ་པ་ཞེས་པའི་སྒྲ་འདི་དག་གིས་དངོས་སུ་གང་བརྗོད་པ་དེ་ཆོས་ཅན། ཁྱོད་ལ་ངོ་བོ་ཅུང་ཟད་མེད་དེ། གཞན་ལས་བཟློག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཕྱི་མ་དེར་གྲུབ་པ་ནི། དོན་ལ་མེད་པ་སྤྱི་འཛིན་གྱི་བློ་ལ་སྤྱི་ཉིད་དུ་ནི་མཐོང་བའི་ཕྱིར་རམ་རྒྱུ་མཚན་གྱིས་སྤྱིར་འདོད་པ་སེལ་ངོའི་བུམ་པ་དེ་ཆོས་ཅན། ངོ་བོ་མེད་པ་ཅན་ཡིན་ཏེ། ཁྱོད་དངོས་པོར་སྣང་བའི་བློ་དེ་ཡང་བག་ཆགས་ཀྱིས་བསླད་པས་འཁྲུལ་པ་ཡིན་པའི་ཕྱིར། འམ་ཞེས་པ་ཡང་ན་བུམ་སྤྱི་ཆོས་ཅན། ངོ་བོ་ཅན་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ན་དོན་རང་མཚན་དངོས་སུ་མེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་བརྗོད་པའི་སྒྲས་རང་མཚན་བརྗོད་བྱར་བྱས་པ་མ་ཡིན་ཏེ། ཁྱོད་ལ་ངོ་བོ་མེད་པས་སོ། །དེས་ན་གཞུང་འདི་ལྟར་འདོན་ཏེ། དོན་ལ་མེད་པ་སྤྱི་ཉིད་དུ། །མཐོང་ཕྱིར་སྤྱིར་འདོད་གང་ཡིན་པ། །ངོ་བོ་མེད་དེ་སྤྱི་འཛིན་བློ། །འཁྲུལ་པའི་ཕྱིར་དང་བསླད་ཕྱིར་རོ། །ཞེས་པའོ། །སྤང་ལོ་ཙཱ་བའི་གསུང་གིས། མེད་པ་ནི་ཞེས་པ། ཡུལ་དབུས་དང་ཁ་ཆེའི་རྒྱ་དཔེ་ལ་མི་སྣང་བས་འདི་ལྟར་བསྒྱུར་བར་བྱ་སྟེ། ངོ་བོ་མེད་ཅན་སྤྱི་བློ་ལ། །དོན་འཁྲུལ་བ་ལ་སྤྱི་ཡིན་པར། །འདོད་པར་གྱུར་ན་དེ་ཡང་ནི། །སྤྱི་ཉིད་དུ་ཡང་མཐོང་ཕྱིར་རོ། །ངོ་བོ་ཅན་མིན་བརྗོད་ཕྱིར་དང༌། །དོན་དངོས་དེ་ཉིད་མེད་ཕྱིར་རོ། །ཞེས་གསུང་མོད། མིན་པ་དང་མེད་པ་གཉིས་ཀྱི་སྐད་དོད་ཡོད་མེད་ཙམ་མ་གཏོགས་དཀའ་བའི་གནས་མི་སྣང་ངོ༌། །གཉིས་པ་ནི། གལ་ཏེ་བུམ་སྤྱི་དེ་བུམ་གསལ་དང་གཅིག་དང་ཐ་དད་གང་རུང་དུ་མེད་ཀྱང་རྫས་སུ་བརྗོད་པར་བྱ་སྟེ། སྣམ་བུའི་སྤྱི་སོགས་འགའ་ཞིག་ལས་དངོས་པོ་ཐ་དད་པར་འདོད་དོ་ཞེ་ན། བུམ་སྤྱི་ཆོས་ཅན། ཇི་ལྟར་ཡང་བུམ་གསལ་གྱི་དངོས་པོ་རྣམས་དང་གཅིག་དང་ཐ་དད་གང་རུང་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་མ་ཡིན་པར་ཐལ། དངོས་པོར་ཡོད་པའི་ཕྱིར། བུམ་སྤྱི་དང་སྣམ་སྤྱི་ཆོས་ཅན། རྫས་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། ཉེར་ལེན་བུམ་སྣམ་གཉིས་པོ་ཐ་དད་པའི་ཕྱིར་ན་སེལ་ངོར་ཐ་དད་དུ་ཉེ་བར་བཏགས་པ་ཙམ་ཡིན་པའི་ཕྱིར། གསུམ་པ་ནི། བུམ་སྤྱི་དངོས་པོར་ཡོད་དེ། འདས་པ་དང་ནི་མ་འོངས་པའི་དོན་བུམ་སོགས་ལའང་སྤྱི་ཡི་རྒྱུ་ཅན་གྱི་མཉན་པ་དག་ནི་འཇུག་པར་འགྱུར་བའི་ཕྱིར་ཞེ་ན། བུམ་སྤྱི་ཆོས་ཅན། དོན་དམ་པའི་དངོས་པོར་མེད་པ་འདས་མ་འོངས་ཀྱི་བུམ་པའི་ཆོས་སུ་ཇི་ལྟར་འགྱུར་ཏེ། དོན་དམ་པར་ཡོད་པའི་ཕྱིར་རོ། །རྐང་པ་སྔ་མ་གསུམ་རང་གཞུང་དུ་བྱེད་པ་ཉིད་མི་འཐད་པ་ཡིན་ཏེ། འདས་དང་མ་སྐྱེས་པ་ལ་ཡང༌། །ཞེས་དང༌། འདས་དང་མ་འོངས་བརྗོད་བྱ་མིན། །ཞེས་ཚད་བསལ་དུ་འཕངས་པ་དང་མཐུན་པས་སོ། །དེའི་ཚེ་ན་འདི་ལྟར། བུམ་སྤྱི་ཆོས་ཅན། དངོས་པོར་མེད་པའི་ཆོས་སུ་ཇི་ལྟར་འགྱུར་ཏེ། དངོས་པོར་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། འདས་པ་དང་ནི་ཞེས་སོགས་སྦྱར་རོ། །གལ་ཏེ་འདས་སོགས་ཀྱི་བུམ་པ་ལ་བུམ་པ་ཞེས་པའི་སྒྲ་ཉེ་བར་བཏགས་པ་ལས་འཇུག་པ་དེ་འདོད་དོ་ཞེ་ན། གང་ཞིག་སྣམ་བུ་སོགས་ལ་བུམ་པ་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་པ་མེད་ལ། འདས་སོགས་ཀྱི་བུམ་པ་ལ་བཏགས་མིང་དུ་ཉེ་བ་གང་ཡོད་དེ། གཉིས་ཀ་ད་ལྟར་བ་ཡི་བུམ་པ་ཡི་དངོས་མེད་དུ་མཚུངས་པའི་ཕྱིར། དོན་ནི། སྤྱི་རྫས་གཞན་པ་དེ་མེད་ན་མིང་འདོགས་པའི་རྒྱུ་མཚན་མ་ཚང་བར་མཚུངས་པ་ཉིད་དུ་ཁས་བླངས་ཞེས་པའོ། །འོ་ན་བརྗོད་བྱ་རྫས་གྲུབ་ཡོད་མེད་ལས་དངོས་བཏགས་སུ་མི་འཇོག་ན་མིང་གཉིས་པོའི་ཁྱད་པར་གང་ཞེ་ན། དོན་དེ་ལ་འདོད་རྒྱལ་དུ་སྦྱར་བའམ། ཉན་པ་པོའི་བློ་ནི་སྐབས་སྟོབས་ཀྱིས་འཁྲུལ་མེད་དུ་འཇུག་པའི་མིང་ནི་རྟག་ཏུ་དངོས་མིང་ཡིན་ཏེ། རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་དེ་ལྟར་བརྗོད་པའང་འཇིག་རྟེན་ན་ཡོད་པ་བཞིན་ནོ། །ཉན་པ་པོའི་བློ་ནི་སྒྲོ་འདོགས་པ་སྟེ་འཁྲུལ་བཅས་ཀྱི་སྒོ་ནས་འཇུག་པའི་མིང་ནི་བཏགས་མིང་ཡིན་ཏེ། བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་དེ་ལྟར་དུ་བརྗོད་པའང་འཇིག་རྟེན་ན་ཡོད་པ་བཞིན་ནོ། །མཚན་གཞི་གཉིས་པོ་དེ་ལ་མིང་གཉིས་པོའི་མཚན་ཉིད་ཚང་བའི་ཕྱིར་ཞེས་སྟོན་པ་ནི། སེང་གེ་ཞེས་པའི་མིང་ཆོས་ཅན། རི་དྭགས་ཀྱི་རྒྱལ་པོ་དེ་ལ་དངོས་མིང་ཡིན་ཏེ། བརྗོད་བྱ་དོན་གཞན་མེད་ན་ཡང་འགྲོ་བ་འཇིག་རྟེན་པ་ཡིས་རི་དྭགས་ཀྱི་རྒྱལ་པོ་གང་ལ་གྲགས་པ་སྟེ་རྣམ་རྟོག་གཏིང་ཚུགས་པས་བཀོད་པའི་སྒྲ་སྟེ་མིང་ཡིན་པའི་ཕྱིར། དེ་ཆོས་ཅན། བྲམ་ཟེའི་ཁྱེའུ་ལ་དངོས་མིང་ལས་གཞན་ཕལ་པ་བཏགས་མིང་ཡིན་ཏེ། རི་དྭགས་ཀྱི་རྒྱལ་པོ་དེ་དང་མཚུངས་པའི་ཕྱིར་ཞེས་པ་རྒྱུ་མཚན་དུ་བྱས་ནས་འཁྲུལ་པར་རྟོག་པ་ཅན་དུ་སྦྱར་བའི་མིང་ཡིན་པའི་ཕྱིར། གཞན་ཡང༌། དངོས་མིང་དུ་འཇུག་པ་ལ་བརྗོད་བྱ་དངོས་པོར་གྲུབ་མི་དགོས་ཏེ། ཇི་ལྟར་བུ་གླེན་པའི་དངོས་པོ་བུའི་འདོད་དོན་སྒྲུབ་པའི་ནུས་པ་མེད་པ་ལ་བུ་མེད་དོ་ཞེས་བརྗོད་བྱ་དངོས་པོར་ཡོད་པ་ལའང་རྗོད་བྱེད་བཏགས་མིང་དུ་འཇུག་པ་མཐོང་བའི་ཕྱིར་དང༌། གྲངས་ཅན་གྱིས་རྟོག་པའམ་བརྟགས་པ་ཇི་ལྟ་བ་བཞིན་གྱི་དངོས་པོ་མེད་པ་ལའང་སྐྱེས་བུ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པ་དང༌། བྱ་བ་དུ་མ་སྒྲུབ་ནུས་པའི་སྐྱེ་བོ་འགའ་ཞིག་དངོས་པོར་ཡོད་ན་ཡང་གཙོ་བོ་ལ་སོགས་པའི་མཉན་པ་བཏགས་མིང་དུ་འཇིག་རྟེན་པའི་སྐྱེ་བོས་བྱས་པ་ཡིན་པའི་ཕྱིར་རོ། །འདིར་མིང་ནི་གཉིས་ཏེ། ཐོག་མའི་མིང་དང༌། རྗེས་གྲུབ་ཀྱི་མིང་ངོ༌། །དེ་ལའང་གཉིས་ཏེ། འདོད་རྒྱལ་དང༌། དོན་ལྡན་ནོ། །དེ་ལའང་གཉིས་ཏེ། འཁྲུལ་མེད་དང༌། འཁྲུལ་བཅས་སོ། །དང་པོ་གསུམ་ལ་དངོས་མིང་གིས་ཁྱབ་ཅིང༌། ཕྱི་མ་ལ་བཏགས་མིང་དུ་འཇུག་པར་སྨྲ་སྒོ་ལས་བཤད་དོ། །གསུམ་པ་དངོས་མེད་འཛིན་པའི་རྟོག་པ་དང་སྣང་ཚུལ་མཚུངས་པའི་རྟགས་ཀྱིས་སྤྱི་དངོས་མེད་དུ་སྒྲུབ་པ་ལ། རྟགས་དགོད། ཁྱབ་པ་སྒྲུབ། དེ་མ་གྲུབ་པའི་ལན་དགག་པའོ། །དང་པོ་ནི། མ་ཞིག་པ་ད་ལྟར་བའི་བུམ་པ་ལ་རྟོག་པའི་བློ་ཆོས་ཅན། དངོས་པོའི་སྣང་ཡུལ་ཅན་མ་ཡིན་ཏེ། བུམ་པ་ཞེས་པའི་སྒྲ་ལས་ཞིག་པ་འདས་པ་ལ་རྟོག་པའི་བློ་ལ་སྣང་བ་ཇི་འདྲ་ཞིག་འཆར་བ་དེ་དང་འདྲ་བ་དེ་ཁྱོད་ལ་ཡང་སྣང་བའི་ཕྱིར། གཉིས་པ་ནི། ཁྱབ་པ་ཡོད་དེ། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་གཟུང་དོན་དངོས་པོར་ཡོད་པ་ཅན་ལ་དངོས་མེད་འཛིན་པའི་རྟོག་པ་དང་སྣང་ཚུལ་མཚུངས་པ་དེ་དག་མེད་པའི་ཕྱིར། གསུམ་པ་ནི། སྤྱི་ཡན་གར་བ་ཙམ་ཞིག་འཛིན་པར་བྱེད་པའི་ཕྱིར་སེམས་གཉིས་པོ་དག་ནི་སྣང་ཚུལ་མཚུངས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྤྱི་དེ་འབའ་ཞིག་པ་ནི་རྟོག་པས་འཛིན་པར་བྱེད་པ་སྔར་ཉིད་དུ་ནི་རྣམ་པར་བཟློག་ཟིན་པའི་ཕྱིར། བཞི་པ་གསལ་བ་ལ་རྗེས་སུ་འགྲོ་བར་མཚུངས་པའི་རྟགས་ཀྱིས་སྤྱི་དངོས་མེད་དུ་སྒྲུབ་པ་ལ། རྟགས་དགོད་པ་ནི། སྤྱི་འདི་ལ་ཆོས་ཅན། དངོས་པོར་མེད་པའི་མཚན་ཉིད་ཅན་ཡིན་ཏེ། གསལ་བ་ལ་རྗེས་སུ་འགྲོ་བར་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཁྱབ་པ་སྒྲུབ་པ་ལ། མཚུངས་པ་དེ་རྫས་གྲུབ་ལ་མི་སྲིད་དེ། རྫས་གཅིག་དང་ཐ་དད་གང་ལའང་མི་སྲིད་པའི་ཕྱིར་ཞེས་སྟོན་པ་ལ། གྲངས་ཅན་འགོག་པ་ནི། གསལ་བ་རྣམས་ནི་ཆོས་ཅན། ཆ་མེད་གཅིག་གི་ངོ་བོར་ཇི་ལྟར་འགྱུར་ཏེ། ཕན་ཚུན་མ་འདྲེས་པའི་ཁྱད་པར་ཅན་ཡིན་པའི་ཕྱིར། གལ་ཏེ་རང་བཞིན་གཅིག་པ་དང་གནས་སྐབས་ཐ་དད་པའི་ངོ་བོ་ཉིད་གཉིས་ཡོད་དོ་ཞེ་ན། གསལ་བ་རྣམས་ཆོས་ཅན། དངོས་པོ་གཅིག་ཏུ་ཇི་ལྟར་འགྱུར་ཏེ། གནས་སྐབས་རྫས་ཐ་དད་པའི་ཕྱིར་རོ། །དོན་ནི་རྣམ་འགྱུར་རྣམས་གཙོ་བོའི་ངང་དུ་ཐིམ་པའི་ཚེ་ཐམས་ཅད་ནུས་པའི་ངོ་བོར་གཅིག་པ་དང༌། དེ་ལས་བྱུང་བའི་ཚེ་སོ་སོར་གནས་ཞེས་འདོད་པའོ། །གལ་ཏེ་བྱེ་བྲག་པ་ན་རེ། གསལ་བ་དེ་དག་ལ་མཚུངས་པ་སྟེ་རྗེས་སུ་འགྲོ་བའི་དངོས་པོ་དེ་གསལ་བ་དེ་དག་ལས་གཞན་པ་ཉིད་དོ་ཞེ་ན། བ་ལང་གི་སྤྱི་ཆོས་ཅན། གསལ་བ་དེ་དག་གི་ཞེས་པའི་ཚུལ་གྱིས་འབྲེལ་པ་མེད་པར་འགྱུར་ཏེ། རང་གི་གསལ་བ་དང་དུས་མཉམ་དོན་གཞན་ཡིན་པའི་ཕྱིར། རྣམ་འགྲེལ་མཛད་པ་ཆོས་ཅན། སྤྱི་གསལ་དངོས་པོ་གཅིག་དང་ཐ་དད་དུ་བརྟགས་པས་སུན་དབྱུང་དུ་མེད་དེ། རིགས་སྤྱིའི་ངོས་འཛིན་ལྡོག་པ་གཞན་སེལ་ལ་འཆད་པའི་ཕྱིར། ལྔ་པ་འབྲས་བུ་མ་ཡིན་པའི་རྟགས་ཀྱིས་སྒྲུབ་པ་ལ་གཉིས་ལས། ཕྱོགས་ཆོས་སྒྲུབ་པ་ནི། རིགས་སྤྱི་དེ་དངོས་པོ་ཡིན་ན་འབྲས་བུ་ཡིན་ནམ་མིན། དེ་འབྲས་བུ་ཡིན་ནོ་ཞེ་ན། དུ་མ་དང་འཇིག་པར་འགྱུར་ལ། དེ་ཡང་ཁྱོད་ཀྱིས་འདོད་པ་མ་ཡིན་ཏེ། འཇིག་པ་ནི་དངོས་པོ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར་ན་རྟག་པ་ཉིད་མ་ཡིན་དགོས་པའི་ཕྱིར་རོ། །འབྲས་བུ་མ་ཡིན་ནོ་ཞེ་ན། རིགས་རྣམས་ཆོས་ཅན། རང་གི་གསལ་བ་དང་མ་འབྲེལ་བ་དང་དོན་དམ་པའི་དངོས་པོར་མེད་པར་ཡང་གྲུབ་སྟེ། འབྲས་བུ་མ་ཡིན་པའི་ཕྱིར་ཞེས་པ་ནི་དངོས་བསྟན་ནོ། །གོ་དོན་ནི། སྤྱི་རྟག་དངོས་དང་གསལ་བ་ལ་རྗེས་སུ་འགྲོ་བའི་གཞི་མཐུན་དུ་ཁས་ལེན་པ་ལ་གསལ་བའི་འབྲས་བུ་ཡིན་མིན་དྲིས་ནས། ཡིན་ན་རྒྱུ་དུ་མས་བྱས་པའི་རྟགས་ཀྱིས་དུ་མ་དང་མི་རྟག་པར་ཐལ་བ་འཕེན་པ་དང༌། དངོས་པོ་ཡིན་ན་རྟག་པར་འགལ་བའི་ཤེས་བྱེད་ཀྱང་བཀོད་དོ། །དེའི་འབྲས་བུ་མ་ཡིན་ན་དེ་དང་མ་འབྲེལ་བར་གྲུབ་པ་ནི་སྤྱི་གསལ་རྫས་གཞན་དུ་འདོད་པ་གཞིར་བྱས་པའོ། །དངོས་མེད་དུ་འགྱུར་བ་ལ་ནི་རྟག་པ་རྟགས་སུ་བཀོད་པ་སྟེ། དངོས་པོ་ཙམ་དང་ནི། རྗེས་འབྲེལ་ཕྱིར་ན་ཞེས་པ་དང་འབྱོར་བས་སོ། །དེའི་ཕྱིར་གཞུང་འདིས་དངོས་པོ་ལ་འབྲས་བུས་ཁྱབ་པར་བསྟན་པ་མེད་དོ། །དྲུག་པ་རང་འཛིན་ཤེས་པ་སྐྱེ་བ་བརྡ་དྲན་ལ་ལྟོས་པའི་རྟགས་ཀྱིས་སྤྱི་དངོས་མེད་དུ་སྒྲུབ་པ་ལ་གསུམ་ལས། རྟགས་དགོད་པ་ནི། སྤྱི་ཆོས་ཅན། དངོས་པོར་མེད་དེ། རང་འཛིན་པ་ཡི་ནི་བློ་ལ་གསལ་བ་དེ་ལྟར་དུ་སྣང་བ་མེད་པའི་ཕྱིར། གཉིས་པ་ནི། ཁྱབ་སྟེ། རང་ཡུལ་དངོས་པོར་ཡོད་པ་ཡི་སྟོབས་ཀྱིས་སྐྱེས་པ་ཡི་ཤེས་པ་གང་ཡིན་པ་དེ་སྐྱེ་བ་བརྡ་དག་ལ་ལྟོས་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་རྩོད་སྤོང་ནི། སྤྱི་དངོས་པོར་མ་གྲུབ་ན་གསལ་བ་རྫས་གཞན་གཉིས་ལ་རིགས་གཅིག་ཏུ་འཛིན་པའི་བློ་སྐྱེ་བའི་རྒྱུ་ཅི་ཞེ་ན། བརྡ་ཤེས་པ་མེད་ན་ཡང་འགའ་ཞིག་གིས་དཀར་ཟལ་དང་ནག་སྒུར་གྱི་དངོས་པོ་གཉིས་མཐོང་བ་ལ་བློ་ཐ་དད་མེད་པ་རྗེས་སུ་འཇུག་པ་གང་ཡིན་པ་དེ་ཆོས་ཅན། སྤྱི་རྫས་གྲུབ་ཀྱི་རྒྱུ་མཚན་ཅན་མ་ཡིན་ཏེ། གཉིས་པོ་དེ་ལ་བ་ལང་གི་དོན་བྱེད་རུང་ཉེ་བར་ཡོད་པ་དང་འབྲེལ་བ་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན་མིག་སོགས་རྐྱེན་གསུམ་པོ་དེ་རིགས་རྫས་གཞན་མེད་ཀྱང་ཤེས་པ་གཅིག་བུ་དེའི་འབྲས་བུ་ཅན་དུ་ཉེ་བར་འདོད་པ་བཞིན་ནོ། །གོང་གི་རྟགས་གྲུབ་སྟེ། གཉིས་པོ་དེ་སྒྲ་དང་རྟོག་པ་གང་གིས་བ་ལང་མ་ཡིན་པ་ལས་རྣམ་པར་ཕྱེ་བ་ཡིས་དེ་མ་ཡིན་རྣམ་པར་བསལ་ཙམ་གྱི་རིགས་ཀྱང་རྗེས་སུ་འགྲོ་བ་ཡིན་པས་སོ། །བདུན་པ་རང་འཛིན་ཤེས་པ་ལ་ཡན་གར་དུ་མི་སྣང་བའི་རྟགས་ཀྱིས་སྤྱི་དངོས་མེད་དུ་སྒྲུབ་པ་ནི། རིགས་དང་ཚོགས་པའི་སྤྱི་དེ་ཆོས་ཅན། དོན་དམ་པའི་དངོས་པོ་མ་ཡིན་ཏེ། ཐབས་ཀྱི་རྣམ་པ་འགས་ཀྱང་རང་འཛིན་རྣམ་ཤེས་ལ་ཁྱོད་ཀྱི་དངོས་པོ་ཡན་གར་དུ་སྣང་བ་མེད་པའི་ཕྱིར་རོ། །དེ་ལ་དབང་པོ་གཟུགས་ཅན་པས་མ་ངེས་སོ་ཤེ་ན། དབང་པོ་གཟུགས་ཅན་པ་རྣམས་ལ་ཆོས་ཅན། གལ་ཏེ་ཁྱོད་ལ་བལྟ་བ་པོ་ཡོད་ན་དེའི་ལུས་སྣང་བར་འགྱུར་ཏེ། གཟུགས་ཅན་ཡིན་པའི་ཕྱིར། རིགས་རྣམས་ནི་ཆོས་ཅན། སུ་ལ་ཡང་ཡན་གར་དུ་སྣང་བ་མ་ཡིན་ཏེ། དེར་མཐོང་རུང་མ་ཡིན་པའི་ཕྱིར། གསལ་བ་འཛིན་པའི་ཚེ་སྤྱི་ཡན་གར་དུ་སྣང་ངོ་ཞེ་ན། མ་ཡིན་ཏེ། དེའི་ཚེ་ནའང་གསལ་བ་དེའི་སྒྲ་སྟེ་མིང་དང༌། དོན་གྱི་ངོ་བོ་ལས་གཞན་སྣང་བ་མེད་པའི་ཕྱིར། བརྒྱད་པ་དོན་བྱེད་མི་ནུས་པའི་རྟགས་ཀྱིས་སྤྱི་དངོས་མེད་དུ་སྒྲུབ་པ་ནི། ཡན་གར་དུ་སྣང་མི་རུང་བ་དེའི་ཕྱིར་སྤྱི་དེ་ནི་ཆོས་ཅན། དངོས་པོར་མེད་དེ། ཐ་ན་རང་འཛིན་ཤེས་པ་ཙམ་གྱིས་དོན་བྱེད་པར་ཡང་མི་རུང་བའི་ཕྱིར། དེ་མི་རུང་བའི་ཕྱིར་ན་རང་བཞིན་མེད་པས་ཁྱབ་སྟེ། དོན་བྱེད་མི་ནུས་པ་དེ་ནི་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དེའི་ཤུགས་ལ་དོན་དམ་པར་དང་ཐ་སྙད་དུ་དོན་བྱེད་ནུས་པ་དེ་ཐ་སྙད་ཀྱི་དང་དོན་དམ་པའི་དངོས་པོའི་མཚན་ཉིད་དོ། །ཐ་སྙད་ལ་གཉིས་ཏེ། འཇིག་རྟེན་གྱི་དང༌། གྲུབ་མཐའི་ཐ་སྙད་དོ། །དང་པོ་ལ་ཡང༌། ལོག་པའི་དང༌། ཡང་དག་པའི་འོ། །མཚན་གཞི་ནི། སེལ་ངོ་དང༌། རྨི་ལམ་གྱི་བུམ་སོགས་དང་མངོན་སུམ་གྱི་བུམ་སོགས་བཞིན་ནོ། །གྲུབ་མཐའི་ཐ་སྙད་ལ་ཡང་གཉིས་ཏེ། གནས་སྐབས་དང༌། མཐར་ཐུག་གོ །དང་པོ་དེ་གཞིར་བྱས་ལ་སེལ་ངོའི་བུམ་པ་ནི་ཐ་སྙད་ཀྱི་དངོས་པོ་དང༌། སྣང་ངོའི་སྒྲ་བུམ་ལྟ་བུ་དོན་དམ་པའི་དངོས་པོའོ། །མཐར་ཐུག་གི་གྲུབ་མཐའ་གཞིར་བྱས་ལ་རགས་རྒྱུན་སོགས་ཡང་དག་ཀུན་རྫོབ་ཀྱི་དངོས་པོ་དང༌། ཆ་མེད་ཀྱི་དངོས་པོ་རྣམས་དོན་དམ་པའོ། །གཉིས་པ་རང་མཚན་དངོས་པོར་གྲུབ་པ་ནི། ཇི་སྐད་བཤད་པ་ལས་ཟློག་པའི་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་པའི་གཞལ་བྱ་ལ་སོགས་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་དངོས་པོར་གྲུབ་པའི་སྒྲུབ་བྱེད་དུ་འདོད་དོ། །ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་ཕྲ་རགས་ནི་བཤད་མ་ཐག་པ་དེ་ཉིད་དོ། །འདི་དག་ཏུ་ཞིབ་ཆ་ཅུང་ཟད་ནི། རགས་རྒྱུན་གྱི་དངོས་པོ་རྣམས་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་ཀྱང༌། མཐར་ཐུག་གི་རང་མཚན་དུ་མི་འདོད་པའོ། །གལ་ཏེ་སྤྱི་མཚན་དངོས་མེད་ཡིན་ན་དབྱེ་བ་མེད་པར་འགྱུར་རོ། །ཞེ་ན། སྤྱི་དེའང་ཆོས་ཅན། རྣམ་པ་གསུམ་ཡིན་ཏེ། དངོས་པོ་ལ་བརྟེན་པ་དང༌། དངོས་མེད་ལ་བརྟེན་པ་དང༌། གཉིས་ཀ་ལ་བརྟེན་པ་དག་ཏུ་ཕྱེ་བའི་ཕྱིར། ཕྱི་མ་དེ་དག་ཚད་མའི་གྲངས་ངེས་སྒྲུབ་བྱེད་ཀྱི་གཞལ་བྱ་དེར་མི་འཇོག་སྟེ། དེ་གསར་དུ་རྟོགས་བྱེད་ཀྱི་བློའི་རྟེན་གཏན་ཚིགས་མེད་ཅིང༌། ཡོད་ཀྱང་འཇུག་ཡུལ་དང་མ་འབྲེལ་བའི་ཕྱིར། འབྲེལ་ན་དངོས་པོ་ལ་བརྟེན་པར་འགྱུར་རོ། །གལ་ཏེ་དངོས་པོ་ལ་བརྟེན་པའི་སྤྱི་འཛིན་ཤེས་པ་ཆོས་ཅན། དངོས་པོ་ཤེས་པར་འགྱུར་ཏེ། དངོས་པོ་དང་འབྲེལ་བའི་ཡུལ་ཅན་ཡིན་པའི་ཕྱིར། ཞེ་ན་མ་ཡིན་ཏེ། རྟོག་པས་དངོས་པོ་འཛིན་པ་ལ་ལན་བཏབ་ཟིན་པའི་ཕྱིར་དང༌། འདས་སོགས་ཀྱི་ཡུལ་ཅན་དུ་གྱུར་པའི་རྟོག་པ་དངོས་པོ་དང་འབྲེལ་ཡང་དངོས་པོར་སྣང་བ་ལས་རྣམ་པ་གཞན་དུ་མཐོང་བའི་ཕྱིར་རོ། །གལ་ཏེ་རང་འཛིན་གྱི་ཤེས་པས་དངོས་པོ་མི་འཛིན་ན་དེ་དངོས་པོའི་ཆོས་ཉིད་ཡིན་པ་ཉམས་སོ། །ཤེ་ན། དངོས་པོ་ལ་བརྟེན་པའི་སྤྱི་དེ་ཆོས་ཅན། དེ་ལྟར་ཉམས་པའི་ཉེས་པ་འདི་མེད་དེ། དངོས་པོར་འཛིན་པའི་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་རྟོག་པས་ཁྱོད་ཤེས་དགོས་པའི་ཕྱིར། གསུམ་པ་ནི། གཞལ་བྱ་གཉིས་ཀྱི་ནང་ནས་སྤྱི་མཚན་མཐའ་དག་དོན་དམ་པའི་དངོས་པོ་མ་ཡིན་པར་གྲུབ་པ་ན་ཚད་མའི་འཇུག་ཡུལ་དུ་གྱུར་པའི་གཞལ་བྱ་ནི་རང་གི་མཚན་ཉིད་གཅིག་པུར་གྲུབ་པ་ཡིན་ཏེ། གང་ལ་འཇུག་པའི་ཡུལ་ཡོད་མེད་ཉིད་དུ་དཔྱོད་པ་རྣམས་ཀྱི་དོན་དུ་གཉེར་བྱ་ནི་རང་མཚན་དེ་ཁོ་ན་ལས་གྲུབ་པའི་ཕྱིར་རོ། །འདིར་འཇུག་ཡུལ་ལ་རང་མཚན་གྱིས་ཁྱབ་པའི་ཤེས་བྱེད་དངོས་ནི་སྤྱི་མཚན་ཡུལ་སྟེངས་ན་མ་གྲུབ་པས་ཡིན་ལ། དེའི་ཤེས་བྱེད་ཀྱང༌། དེར་གྲུབ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་དགོས་པ་ལས་མི་སྣང་བའི་ཕྱིར། གཞན་དུ་ན་རྗེས་དཔག་ཏུ་འགྱུར་ཏེ། སྤྱི་མཚན་འཇལ་བའི་ཚད་མ་ཡིན་པས་སོ། །དེས་ན་བོད་ཕྱི་མ་སྤྱི་མཚན་ཚད་མའི་འཇུག་ཡུལ་དུ་འདོད་པ་ནི་མདོ་སེམས་ཀྱི་གཞུང་ཁས་ལེན་བཞིན་དུ། དེ་འགོག་བྱེད་ཀྱི་ལུགས་ཁས་བླངས་པས་ཉེས་པ་ཡིན་ཏེ། ཚད་མ་ངེས་གང་རྟོགས་པ་དེ་ཉིད་དེའི་འཇུག་ཡུལ་ཡིན་པ་དང༌། མ་རྟོགས་ན་དེའི་འཇུག་ཡུལ་མ་ཡིན་དགོས་པ་ནི་བསྡུས་པའི་ལུགས་ཡིན་པས་སོ། །དེས་ན་ཡོད་ཉིད་ལ་མི་རྟག་པས་ཁྱབ་པ་དང༌། གཞལ་བྱ་ཉིད་ལ་རང་མཚན་གྱིས་ཁྱབ་པ་ནི་དོན་གཅིག་སྟེ། སེལ་ངོའི་གཞལ་བྱ་ནི་གཞལ་བྱ་ཙམ་ཡིན་གྱི། དེ་ཉིད་དུ་མི་འདོད་པའི་ཕྱིར་རོ། །འོ་ན་སློབ་དཔོན་གྱིས། མཚན་ཉིད་གཉིས་གཞལ་བྱ། །ཞེས་བཤད་པ་དང་འགལ་ལོ། །ཞེས་ཕྱོགས་ཀྱི་གླང་པོས་གཞལ་བྱ་གཉིས་སུ་བཞེད་པ་ཆོས་ཅན། འཇུག་ཡུལ་ཁོ་ནར་ངེས་པ་ལ་ཁྱོད་ཀྱིས་གནོད་པ་མ་ཡིན་ཏེ། འཇུག་ཡུལ་གཅིག་པུ་དེ་ནི་རང་གི་ངོ་བོ་ཡིས་རྟོགས་ཤིང་འཐོབ་པ་དང༌། གཞན་གྱི་ངོ་བོ་ཡིས་འཐོབ་པའི་ཚུལ་གཉིས་ཡོད་པ་ལ་དགོངས་པའི་ཕྱིར། གྲོང་གཅིག་ལ་ལམ་ཐ་དད་ནས་འཇུག་པ་བཞིན་ནོ། །རྟོགས་ཚུལ་གཉིས་ཀ་མ་འཁྲུལ་བ་ཡིན་ནམ་ཞེ་ན། གཉིས་པ་རྗེས་དཔག་ཆོས་ཅན། འཁྲུལ་པ་ཡིན་པར་བཞེད་དེ། རང་ཡུལ་དུ་མངོན་པར་ཞེན་པ་དེ་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པའི་ཕྱིར། གཞན་སྤྱི་མཚན་གྱི་ངོ་བོ་གཞལ་བས་ནི་རང་མཚན་རྟོགས་པ་སྟེ་འཐོབ་ན། རྗེས་དཔག་ཆོས་ཅན། ཚད་མ་མ་ཡིན་པ་སྟེ། རང་མཚན་མི་འཐོབ་པར་ཐལ། རང་མཚན་ལ་འཁྲུལ་པའི་ཕྱིར། ཞེ་ན། རྗེས་དཔག་ཆོས་ཅན། འཇུག་ཡུལ་ལ་འཁྲུལ་པ་ཡིན་ཀྱང་ཚད་མ་ཉིད་ཡིན་ཏེ། བསམ་པ་སྟེ་འཇུག་ཡུལ་ལ་ནི་གསར་དུ་སླུ་བ་མེད་པའི་ཕྱིར་རོ། །འོ་ན་རང་མཚན་དེ་སྣང་བར་ཐལ་ལོ་ཞེ་ན། དེ་ལ་མི་སླུ་ན་དེ་སྣང་མི་དགོས་ཏེ། རྣམ་པ་གཞན་སྤྱི་ཡི་ཚུལ་གྱིས་ཀྱང་རྟོགས་ཤིང་འཐོབ་པ་མཐོང་བའི་ཕྱིར་དང༌། རྟོག་པས་རང་མཚན་འཛིན་པའི་ཕྱོགས་འདི་ལ་ནི་ལན་བཏབ་ཟིན་པའི་ཕྱིར། འདིར་རྗེས་དཔག་འཇུག་ཡུལ་ལ་མ་འཁྲུལ་བ་ནི་ཚད་བསྡུས་ཀྱི་ལུགས་ཏེ། དེ་ལ་མི་སླུ་ན་དེ་རྟོགས་དགོས་པ་དང༌། དེ་རྟོགས་ན་དེ་ལ་འཁྲུལ་བར་འགལ་བ་ནི་ལུགས་དེ་ལ་ཡོད་པས་སོ། །འོ་ན་ལོག་ཤེས་དང་རྗེས་དཔག་ལ། མི་སླུ་བ་ཡིན་མིན་གྱི་ཁྱད་པར་མི་བྱེད་པར་ཐལ། གཉིས་ཀ་འཇུག་ཡུལ་ལ་འཁྲུལ་བར་མཚུངས་པའི་ཕྱིར་ཞེ་ན། རྗེས་དཔག་ཆོས་ཅན། ཁྱོད་དང་ནི་དེར་སྣང་བ་རྟོག་པ་ལོག་ཤེས་དག་རང་ལ་སྣང་བ་ཇི་བཞིན་དུ་དོན་ལ་མེད་པར་མཚུངས་ནའང༌། ཁྱོད་ཚད་མ་སྟེ་མི་སླུ་བ་ཉིད་དུ་རྣམ་པར་བཞག་སྟེ། འཇུག་ཡུལ་གྱི་དོན་བྱེད་པ་དང་རྗེས་སུ་འབྲེལ་བས་སོ། །དཔེར་ན་ནོར་བུ་དང་སྒྲོན་མའི་འོད་དག་ལ་ནོར་བུའོ་སྙམ་པའི་བློ་ཡིས་མངོན་པར་རྒྱུག་པ་གཉིས་པོ་དེ་འཇུག་ཡུལ་ལ་ལོག་པའི་ཤེས་པར་ཁྱད་པར་མེད་ཀྱང༌། དེ་འཐོབ་པའི་དོན་བྱེད་པ་ལ་ཁྱད་པར་ཡོད་པ་དེ་ལྟར་རོ། །འདིར་བོད་ཕྱི་མས་ལོག་ཤེས་ལ་འཇུག་ཡུལ་མེད་པའི་ཁྱབ་པ་ཁས་ལེན་པ་ནི་བསྡུས་པའི་ལུགས་ཏེ། འཇུག་ཡུལ་ལ་མི་སླུ་ན་དེ་རྟོགས་དགོས་པ་ལས་ལོག་ཤེས་ལ་དེ་མི་སྲིད་པའི་ཕྱིར། ཞེས་ཟེར་བ་དེའི་རྗེས་སུ་འབྲངས་ནས་སྨྲས་པ་ཡིན་མོད། གཞུང་གི་དོན་ནི་ལོག་ཤེས་ཉིད་ལའང་སླུ་མི་སླུ་གཉིས་སུ་ཕྱེ་ནས། མི་སླུ་བ་ནི་འཇུག་ཡུལ་དེ་དང་རྗེས་སུ་འབྲེལ་བ་ལ་བཤད་དོ། །དེ་ལྟ་ན་ཡང་ཚད་མར་མི་འགྱུར་བ་ནི་གཞལ་བྱ་གསར་དུ་བཅད་པ་མ་ཚང་བའོ། །དེས་ན་བཅད་འཐོབ་ལ་མུ་གསུམ་སྟེ། གཞལ་བྱ་བཅད་ལ་འཇུག་ཡུལ་མི་འཐོབ་པ་ནི་དངོས་པོར་མེད་པ་ལ་བརྟེན་པའི་སྒྲ་དོན་འཛིན་པའི་རྟོག་པ་ལྟ་བུའོ། །འཐོབ་ལ་མ་བཅད་པ་ནི་དངོས་པོ་ལ་བརྟེན་པའི་སྤྱི་འཛིན་རྟོག་བློ་དང་ནོར་འོད་ནོར་འཛིན་གྱི་བློ་ལྟ་བུའོ། །གཉིས་ཀ་ཡིན་པ་ནི་ཚད་མ་རྣམས་སོ། །དཔེ་འདི་རྒྱན་དང་ལྷ་ཤཱཀ་གིས་མི་བསླུ་བ་ཉིད་དུ་འཆད་པར་མཐུན་ལ། ཆོས་མཆོག་གིས་ཤེས་པ་གཞན་གྱི་རྟེན་བྱེད་ཅེས་པས་སླུ་བ་ཉིད་དུ་ངེས་པར་བཤད་པ་མ་ཡིན་ཏེ། གཞན་ལས་ངེས་ཀྱི་ཚད་མ་བཞིན་ནོ། །སླུ་བར་བཤད་ན་གཞུང་གི་དཔེ་དོན་ཇི་ལྟར་འགྲིག་སྟེ་དཔེ་དོན་ཕྱིན་ཅི་ལོག་ཏུ་སོང་བས་སོ། །གཞན་དུ་མི་སླུ་བ་ཟེར་དགོས་སར་ཚད་མ་བྱུང་བ་དང༌། འཐོབ་པ་དགོས་སར་རྟོགས་པ་ཞེས་བྱུང་བ་ནི་འགྱུར་གྱི་ཁྱད་པར་ཏེ། གཞུང་གི་སྤྱི་བབས་དང་སྒྲིག་དགོས་སོ། །གཉིས་པ་ལ། འཇུག་ཡུལ་མངོན་ལྐོག་ངོས་བཟུང་བ་དང༌། གཞལ་བྱ་གཉིས་ཕྱིར་ཞེས་པའི་རྟགས་མི་མཐུན་ཕྱོགས་ལ་མི་འཇུག་པར་བསྟན་པ་དངོས་སོ། །དང་པོ་ནི། ཡུལ་གང་ལ་གཟུང་དོན་གྱི་ནུས་པ་ལས་རྗེས་སུ་འགྲོ་ལྡོག་བྱེད་པ་ཅན་གྱི་བློ་ནི་འཇུག་ཡུལ་དེ་ལ་འཛིན་པ་རང་དབང་ཅན་ཞེས་བྱ་སྟེ། དེ་འཇུག་ཡུལ་དུ་བྱེད་པ་རྟགས་ལ་མི་ལྟོས་པའི་ཕྱིར། དཔེར་ན་སྔོན་པོ་འཛིན་པའི་མངོན་སུམ་སྔོན་པོ་རང་མཚན་ལ་མི་སླུ་བ་བཞིན་ནོ། །དེས་རྟགས་ལ་མ་ལྟོས་པར་དེ་རང་མཚན་རྟོགས་ཤེས་ཟེར་བ་ནི་མ་ཡིན་ཏེ། དེས་དེ་མ་རྟོགས་པ་ཉིད་གཞུང་ན་གསལ་བའི་ཕྱིར་དང༌། སྔོན་པོ་རང་མཚན་ཡོད་པ་ནི་སེམས་ཙམ་པའི་ངོར་རྟགས་ཀྱིས་བསྒྲུབ་བྱ་ཡིན་པའི་ཕྱིར། རང་དབང་ཅན་དེ་ལས་གཞན་པའི་དངོས་པོ་ལ་རྒྱབ་ཀྱི་མི་རང་མཚན་ལྟ་བུ་ནི་དབང་པོ་ལས་འདས་པ་ཡིན་ཏེ། མ་མཐོང་བའི་བདག་ཉིད་ཀྱི་ངོ་བོ་དེ་འདྲ་དེ་རྟོགས་པའམ་འཐོབ་པའི་རྟེན་ནི་དོན་གཞན་གཏན་ཚིགས་ཉིད་ཡིན་པའི་ཕྱིར། ཡིན་ཏེ། གལ་ཏེ་ཚད་མ་དེ་རྟེན་ཚུལ་གསུམ་ཚང་བའི་གཏན་ཚིགས་དང་འབྲེལ་པ་ཅན་ཡིན་ན་དེའི་ཚེ་ན་འཇུག་ཡུལ་གོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྟགས་ལ་བརྟེན་ནས་འཇུག་ཡུལ་ལྐོག་གྱུར་གོ་བར་བྱེད་པ་དེའི་ཚེ། རྗེས་དཔག་ཆོས་ཅན། ལའི་སྟེང་དུ་སྤྱིའི་ངོ་བོ་སྟེ་རྟོག་ངོར་མེ་མ་ཡིན་པ་རྣམ་པར་བསལ་ཙམ་དེ་ཡོད་པ་ཉིད་དུ་རྟོགས་ཀྱི། ལྐོག་ཏུ་གྱུར་པའི་དོན་རང་མཚན་ཐམས་ཅད་ཁྱད་པར་དུ་ནི་རྟོགས་ཤིང་ཤེས་པར་མི་འགྱུར་ཏེ། གོ་བྱེད་དུ་བ་མེ་ཙམ་ལ་རྗེས་སུ་འགྲོ་བ་དེས་ནའོ། །རྟགས་ལ་མ་རྟེན་པར་ལྐོག་གྱུར་ལ་མི་འཇུག་པ་དེས་ན་ལྐོག་གྱུར་གྱི་སྒྲུབ་བྱེད་ནི་རྗེས་དཔག་གཅིག་ཏུ་ངེས་པ་ཡིན་ཏེ། བསྒྲུབ་བྱའི་ཆོས་དང་འབྲེལ་བ་ཅན་གྱི་ཆོས་ལས་ནི་ཤེས་འདོད་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་ཀྱི་རྟོགས་པ་སྐྱེ་བ་གང་ཡིན་པ་དེས་ནའོ། །གཉིས་པ་ནི། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པ་ཉིད་ཀྱིས་ཚད་མ་ལ་གཉིས་སུ་གྲངས་ངེས་པ་ནི་ཕྱོགས་ཀྱི་གླང་པོའི་བཞེད་པ་ཡིན་པ་དང༌། གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །ཞེས་པའི་རྟགས་ཀྱིས་ཚད་མ་གཅིག་ཁོ་ནར་ངེས་པའི་གྲངས་ནི་བསལ་བར་མ་ཟད། གསུམ་ཡིན་པའི་གྲངས་ཀྱང་གསལ་བར་དགོངས་པ་ཡིན་ཏེ། མངོན་སུམ་དུ་ལྐོག་ཏུ་གྱུར་པ་ལས་གཞལ་བྱ་གཞན་ནི་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །གོ་དོན་ནི། མངོན་སུམ་གྱིས་མི་འཇལ་བའི་གཞལ་བྱ་ཡོད་ན་རྗེས་དཔག་གི་ཚད་མ་ཡོད་པར་གྲུབ་ལ། གཞལ་བྱ་དེ་རྗེས་དཔག་གིས་འཇལ་བར་གྲུབ་པ་ན། ཚད་མ་གསུམ་པ་སྲིད་པའི་ལོག་རྟོག་ཁེགས་པའོ། །འདིར་འཇུག་ཡུལ་མངོན་གྱུར་གྱི་མཚན་ཉིད་ནི། རང་འཇུག་ཡུལ་དུ་བྱེད་པའི་ཚད་མ་དེ་ཁྱོད་ལ་མངོན་སུམ་གྱི་ཚད་མར་སོང་བའོ། །དཔེར་ན་སྔོན་པོ་རང་མཚན་པ་དེ་སྔོར་སྣང་དབང་ཤེས་མ་འཁྲུལ་བའི་འཇུག་ཡུལ་མངོན་གྱུར་ཡིན་པ་ལྟ་བུའོ། །དེ་ཆོས་ཅན་སྔོན་པོ་རང་མཚན་པ་དེ་ཁྱོད་ཀྱི་འཇུག་ཡུལ་མངོན་གྱུར་ཡིན་ཏེ། འཇུག་ཡུལ་ནི་ཡིན། ལྐོག་ཏུ་གྱུར་བའི་འཇུག་ཡུལ་མ་ཡིན་པའི་ཕྱིར། མ་ཡིན་ཏེ། ཁྱོད་ཀྱིས་དེ་འཇུག་ཡུལ་དུ་བྱེད་པ་རྟགས་ལ་མི་ལྟོས་པའི་ཕྱིར། མི་ལྟོས་ཏེ། ཁྱོད་དེ་ལ་གསར་དུ་མི་སླུ་བའི་རིག་པ་ནི་ཡིན། དེར་འགྲོ་བ་རྟགས་ལ་མི་ལྟོས་པའི་ཕྱིར། ལྟོས་ན་དེ་ལ་རྗེས་དཔག་ཏུ་འགྱུར་རོ། །དེ་ཁྱོད་ལ་གཞལ་བྱ་མངོན་གྱུར་ནི་མ་ཡིན་ཏེ། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེས་དེ་ཡོད་པར་རྟོགས་པ་གཏན་ཚིགས་ལ་རག་ལས་པའི་ཕྱིར། གཏན་ཚིགས་དེ་གང་ཞེ་ན། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །ཞེས་པས་བསྟན་པ་དེའོ། །འཇུག་ཡུལ་ལྐོག་གྱུར་གྱི་མཚན་ཉིད་ནི། རང་འཇུག་ཡུལ་དུ་གྱུར་པའི་ཚད་མ་དེ་རང་ཉིད་ལ་རྗེས་སུ་དཔོག་པའི་ཚད་མར་སོང་བའོ། །དཔེར་ན། སྒྲ་མི་རྟག་པ་རང་མཚན་དེ་སྒྲ་མི་རྟག་པའི་གཞན་སེལ་བཅད་པའི་རྗེས་དཔག་གི་དེ་མིན་པ་ལྟ་བུའོ། །དེ་ཆོས་ཅན། ཁྱོད་དེའི་འཇུག་ཡུལ་ལྐོག་གྱུར་ཡིན་ཏེ། དེའི་འཇུག་ཡུལ་གང་ཞིག དེས་ཁྱོད་དེར་བྱེད་པ་རྟེན་གཏན་ཚིགས་ལ་ལྟོས་པའི་ཕྱིར། འཇུག་ཡུལ་ཡིན་ཏེ། དེ་ཁྱོད་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པས་སོ། །ཁྱོད་དེའི་གཞལ་བྱ་ལྐོག་གྱུར་ནི་མ་ཡིན་ཏེ། དེས་མ་རྟོགས་པའི་ཕྱིར། དེས་ན་གཞལ་བྱ་མངོན་གྱུར་ལ་ཐ་སྙད་ཀྱི་ཚེ་དོན་ཀྱང་སྲིད་མོད། གྲུབ་མཐས་དཔྱད་པའི་ཚེ་ནི་ཤེས་པ་ཁོ་ནར་ངེས་ཏེ། ཚད་མ་ལྟ་ཅི་སྨོས། ཤེས་པ་གང་ཡིན་གྱི་དངོས་ཀྱི་རིག་བྱ་ནི་ཤེས་པ་ཁོ་ནར་ངེས་པས་སོ། །འོ་ན་རྗེས་དཔག་གི་དངོས་ཀྱི་གཞལ་བྱ་ལྐོག་གྱུར་དུ་འགལ་ལོ། །ཞེ་ན། རྗེས་དཔག་རང་རིག་ཏུ་སོང་སའི་གཞལ་བྱ་ལྐོག་གྱུར་དུ་འགལ་ཡང༌། རྗེས་དཔག་ཏུ་སོང་སའི་གཞལ་བྱ་ནི་གཞན་སེལ་ཁོ་ནའོ། །དེ་ལ་ཚད་མར་སོང་བ་ནི་མ་ཡིན་ཏེ། དེ་འཇུག་ཡུལ་དུ་མི་འདོད་པས་སོ། །རྗེས་དཔག་དང་ཚད་མར་སོང་སའི་ཡུལ་འགལ་ལམ་ཞེ་ན། མ་ཡིན་ཏེ། འཇུག་ཡུལ་རང་མཚན་ཉིད་ལ་དེ་དང་དེར་སོང་བས་སོ། །གཉིས་པ་ལ། གཉིས་ཏེ། གྲངས་ཉུང་བར་འདོད་པ་རྒྱང་འཕེན་གྱི་གནོད་བྱེད་མེད་པར་བསྟན། གྲངས་མེད་པར་འདོད་པ་རྣམས་ཀྱི་གནོད་བྱེད་མེད་པར་བསྟན་པའོ། །དང་པོ་ལ་གཉིས་ལས། ཕྱོགས་སྔ་མ་ནི། ཚད་མ་ནི་མངོན་སུམ་གཅིག་པུ་ཉིད་ཡིན་ཏེ། དངོས་པོར་མེད་པ་གཞལ་བྱ་མ་ཡིན་པའི་ཕྱིར། ཞེ་ན། དེ་དགག་པ་ལ། བསྒྲུབ་བྱའི་སྐྱོན་དང༌། སྒྲུབ་བྱེད་མི་འཐད་པ་གཉིས་ལས། དང་པོ་ནི། གནས་ཚུལ་གྱི་ཚད་མ་དང་གཞལ་བྱ་ལ་དེར་ངེས་ཟེར་བ་ཡིན་ནམ། སེལ་ངོའི་ཚད་མ་དང་གཞལ་བྱ་ལ་དེར་ངེས་ཟེར་བ་ཡིན། དང་པོ་ལྟར་ན། རྣམ་འགྲེལ་མཛད་པ་ཁོ་བོ་ཆོས་ཅན། དེ་ཁྱོད་ཀྱི་ངོར་བསྒྲུབ་བྱ་མ་ཡིན་ཏེ། ཁྱོད་ཀྱང་དེ་ལྟར་འདོད་པས་གྲུབ་ཟིན་པའི་ཕྱིར། ཕྱི་མ་ལྟར་ན། གཉིས་པ་ལ། གཉིས་ཏེ། རྒྱང་འཕེན་ལ་སྒྲུབ་བྱེད་མེད་པར་བསྟན། སངས་རྒྱས་པ་ལ་ཡོད་པར་བསྟན་པའོ། །དང་པོ་ནི། དངོས་པོར་མེད་པའི་རྟགས་ཀྱིས་སྤྱི་མཚན་སེལ་ངོར་གཞལ་བྱ་མ་ཡིན་པར་སྒྲུབ་པ་ལ་ཁྱབ་པ་མ་ངེས་པ་ཉིད་དམ། གནས་སྐབས་ཚད་མ་གཉིས་པ་གྲུབ་པ་ཉིད་དེ། དངོས་པོར་མེད་པའང་ཚད་མས་ངེས་པའི་ཕྱིར་དང༌། སྤྱི་མཚན་དངོས་མེད་དུ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེ་མངོན་སུམ་གྱིས་ངེས་སོ་ཤེ་ན། དབང་པོ་ལས་སྐྱེས་པའི་བློ་མངོན་སུམ་ཆོས་ཅན། དངོས་པོར་མེད་པ་ལ་འཇུག་པ་མ་ཡིན་ཏེ། གཟུང་དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། རྟགས་གྲུབ་སྟེ། གཟུང་དོན་གྱི་ནུས་པ་ལ་ལྟོས་པ་མེད་ན་ཡུལ་ཤེས་གཉིས་ཀྱི་བར་དུ་རི་བོས་ཆོད་པ་ལ་སོགས་ཡོད་ན་ཡང་དབང་པོ་ལས་སྐྱེས་པའི་བློ་ནི་སྐྱེ་བ་ཉིད་དུ་ཐལ་བར་འགྱུར་བས་སོ། །གལ་ཏེ། དངོས་མེད་མངོན་སུམ་གྱིས་མ་དམིགས་ཀྱང་མངོན་སུམ་ཉིད་ཟློག་པ་ལས་སྤྱི་མཚན་མེད་པར་ངེས་པ་ཡིན་ནོ། །ཞེ་ན། ཁས་བླངས་དང་འགལ་བའམ་རྗེས་དཔག་གྲུབ་པ་ཡིན་ཏེ། མངོན་སུམ་གྱིས་མ་དམིགས་པ་དེ་ཉིད་སྤྱི་མཚན་མེད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལས་ཟློག་པར་གྲུབ་པ་དང༌། ཤེས་འདོད་ཆོས་ཅན་ལ་རྗེས་སུ་འགྲོ་བ་ཅན་གྱི་རྟགས་ཡིན་པའི་ཕྱིར། གཞན་སེམས་དག་ནི་རྟོགས་པའི་ཐབས་ཡོད་པའི་ཕྱིར་ཡང་ཚད་མ་གཉིས་ནི་གྲུབ་པ་ཡིན་ནོ། །གལ་ཏེ་སྨྲ་བ་སོགས་ལ་ནི་འཇུག་པའི་ཕྱིར་ཕ་རོལ་ལ་སེམས་དེའི་ངོ་བོ་ངེས་པར་གྲུབ་པས་ན་ཚད་མ་གཞན་མི་དགོས་སོ། །ཤེ་ན། དེ་ལས་དེར་གསར་དུ་རྟོགས་པའི་བློ་དེ་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། གསར་དུ་སླུ་མེད་ཀྱི་རིག་པའི་ཕྱིར་རོ། །གལ་ཏེ་རྟགས་ལ་ལ་དག་ཏུ་ནི་འཁྲུལ་པའི་ཕྱིར་རྟགས་ཐམས་ཅད་ལ་ཡིད་གཏན་མེད་དོ། །ཅེ་ན། རྟགས་ཕྱིན་ཅི་ལོག་ཅིག་མཐོང་བའི་ཕྱིར་ན་རྟགས་ཐམས་ཅད་ཕྱིན་ཅི་ལོག་དེ་དང་འདྲ་བར་ཁས་ལེན་པ་ནི་མི་འཐད་དེ། རྟགས་གང་ལས་དུས་འགའ་ཞིག་གི་ཚེ་ལ་དང་སྒྲ་སོགས་ཀྱི་དངོས་པོ་འགའ་ལ་མེ་དང་མི་རྟག་པ་དེའི་རྟོགས་པ་གྲུབ་པར་གྱུར་པའི་དུ་བ་དང་བྱས་པ་དེ་ནི་མེ་དེ་ལས་སྐྱེས་པའམ། མི་རྟག་པ་དེའི་ངོ་བོར་གདོན་མི་ཟ་བའི་ཕྱིར་ཏེ། རང་གི་རྒྱུ་མེའམ་ངོ་བོ་མི་རྟག་པ་དག་མེད་པར་དུ་བ་དང་བྱས་པའི་དོན་ནི་སྲིད་པ་མ་ཡིན་པའི་ཕྱིར་རོ། །སྒྲུབ་པའི་གཏན་ཚིགས་གཞན་ཡང་ཡོད་དེ། དུ་བ་དང་བྱས་པ་དེ་དག་རང་གི་བསྒྲུབ་བྱ་ལ་མི་འཁྲུལ་བའི་རང་བཞིན་དུ་མཐོང་བ་གང་ཡིན་པ་དེ་ཉིད་གཞན་དུའང་མཚན་ཉིད་དེ་མཚོན་བྱེད་ཡིན་པའི་ཕྱིར། འབྲས་རང་གི་གཏན་ཚིགས་གཉིས་གྲུབ་པ་ན་དགག་པའི་གཏན་ཚིགས་ཀྱང་འགྲུབ་སྟེ། ལྟར་རླུང་གི་ཤ་པ་རང་གི་ངོ་བོ་ཤིང་ངམ་དུ་བ་རང་གི་རྒྱུ་མེ་མཐོང་བའི་རྒྱུ་གཞན་དབང་པོ་དང་ཡིད་ལ་བྱེད་པ་དག་ཡོད་པ་ན་ཤིང་དང་མེ་ཚད་མ་ལ་ཡོད་པར་སྣང་བ་མེད་ན་ནི། གཞི་འགའ་ཞིག་ཏུ་དེ་དང་ལྡན་པའི་ཤ་པ་དང་དུ་བའང་ཇི་ལྟར་ཡོད་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྤྱིའི་ཡུལ་ཅན་གྱི་བློ་རྗེས་དཔག་ནི་ཚད་མ་མ་ཡིན་ན་རྒྱང་འཕེན་ཆོས་ཅན། ཁྱོད་ཀྱི་ངོར་ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་སོགས་མེད་པ་ཐོབ་པར་འགྱུར་ཏེ་ཁྱོད་ཀྱི་དབང་པོས་མ་མཐོང་བའི་ཕྱིར། འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན་ནོ། །གལ་ཏེ་དབང་པོ་རྣམས་ཀྱིས་དུས་གཞན་དུ་ནི་རྟོགས་སོ་ཤེ་ན། འཇིག་རྟེན་ཕ་རོལ་སོགས་ལའང་མཚུངས་མོད་རྒྱང་འཕེན་གྱི་དབང་པོས་མ་དམིགས་ན་མེ་དགོས་པ་མ་ཡིན་ཏེ། དབང་པོ་གཟུགས་ཅན་དང་དེའི་ནུས་པ་སོགས་ལ་དབང་པོའི་བློ་ནི་འཇལ་བྱེད་དུ་མི་སྲིད་པའི་ཕྱིར། དེ་ཡང་མེད་པར་རྟོགས་ཤིང་འདོད་པ་ཡིན་ན་ནི། བློ་དབང་ཤེས་དང་དབང་པོ་གཟུགས་ཅན་ཕྱི་མ་སྐྱེ་བ་རྒྱུ་མེད་དུ་འགྱུར་རོ། །ཡང་ན། ནུས་སོགས་ཞེས་པ་ས་བོན་གྱི་ནུས་པ་ལ་སྦྱར་ནས་མྱུ་གུ་སྐྱེ་བ་རྒྱུ་མེད་དུ་འགྱུར་ཞེས་བྱའོ། །མདོར་ན། རང་མཚན་དངོས་སུ་འཇལ་བའི་རྣམ་རྟོག་མེད་པ་ཉིད་ཀྱིས་ན་རང་གི་མཚན་ཉིད་འཇལ་བ་ལ་མངོན་སུམ་ཁོ་ན་དགོས་པ་དེ་བཞིན་དུ། སྤྱི་མཚན་འཇལ་བ་དེ་ལ་རྗེས་དཔག་ཉིད་དགོས་ཏེ། རྣམ་རྟོག་མེད་པར་སྤྱི་འཛིན་ནུས་ཀྱི་བློ་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ལ། དེ་དག་གིས་ནི་ཚད་མའི་མདོར། །མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་པའི་དོན་བཤད་ཟིན་ནས། དེ་ནི། དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་པའི་དོན་འཆད་པ་ལ། གཉིས་ལས། དང་པོ་ཕྱོགས་སྔ་མ་ནི། གཞལ་བྱ་གཉིས་སུ་ངེས་ན་ཁ་དོག་རང་མཚན་ནི་མི་རྟག་པ་ཉིད་དུ་རྟོགས་པར་མི་འགྱུར་བའམ། རྟོགས་ན་བློ་དེ་ཚད་མ་གཞན་ཡིན་པར་འགྱུར་ཏེ། མངོན་སུམ་ནི་མ་ཡིན་རྟགས་ལ་ལྟོས་པ་མེད་པར་ནི་ཡོད་པའི་ཕྱིར་རོ། །དུ་ལྡན་གྱི་ལ་ལ་ཁྱད་པར་ཙནྡན་གྱི་མེ་མཐོང་བ་སྟེ་དོན་མཐུན་དུ་ངོ་ཤེས་པའི་བློ་དེ་ནི་ཚད་མ་གཞན་ཡིན་ནོ། །དེ་ཡང་མངོན་སུམ་ནི་མ་ཡིན། རྟགས་དུ་བ་ཙམ་པོ་དང་ནི་ཙནྡན་གྱི་མེ་ལ་འབྲེལ་བ་རྟོགས་པ་མེད་པའི་ཕྱིར། དེས་ན་གཞལ་བྱ་ནི་རང་སྤྱི་གཉིས་ལས་མང་བའི་ཕྱིར་ཚད་མ་རྣམས་མང་པོ་ཉིད་དམ་ཡུལ་གཅིག་ལ་ཡང་ཚད་མ་དུ་མ་ཉིད་འཇུག་པའི་ཕྱིར་ན་ཚད་མ་གསུམ་ཡིན་པའི་གྲངས་ཀྱང་སེལ་བར་མི་འགྱུར་ཏེ། གཞལ་བྱ་གཞན་ནི་ཡོད་པའི་ཕྱིར་རོ། །ཚད་མ་གཅིག་ཡིན་པའི་སེལ་བར་མི་འགྱུར་ཏེ། དཔེར་ན་ཁྱད་པར་མཐོང་བའི་ཚད་མ་བཞིན་དུ་ཚད་མ་རྣམས་ཡུལ་སོ་སོར་ངེས་པ་ནི་མེད་པའི་ཕྱིར་རོ། །ཞེས་ཟེར་རོ། །ལན་ལ་གཉིས་ཏེ། ཁ་དོག་མི་རྟག་པར་རྟོགས་པའི་བློ་ཚད་མ་ཕུང་གསུམ་ཡིན་པ་དགག ཁྱད་པར་ངོ་ཤེས་ཀྱི་བློ་ཕུང་གསུམ་ཡིན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། ཐེག་ཆེན་རང་ལུགས་ཀྱི་ཁ་དོག་མི་རྟག་པ་དང་དེ་རྟོགས་པའི་ཚུལ་ངོས་བཟུང་ནས་དེ་ཚད་མ་ཕུང་གསུམ་ཡིན་པ་དགག ཉན་ཐོས་སྡེ་པའི་ལུགས་ཀྱི་མི་རྟག་པ་དང་དེའི་རྟོགས་ཚུལ་ངོས་བཟུང་ནས་ཚད་མ་ཕུང་གསུམ་ཡིན་པ་དགག ཞར་ལ་བྱེ་བྲག་པའི་ལུགས་ཀྱི་མི་རྟག་པའི་འདོད་ཚུལ་དགག་པའོ། །དང་པོ་ནི། ཁ་དོག་མི་རྟག་པར་རྟོགས་པའི་ཚུལ་ནི་གཉིས་ལས་མི་སྲིད་ལ། དེའི་ཚེ་ན་གཅིག་ནི་རྗེས་དཔག་དང་གཅིག་ཤོས་ནི་བཅད་ཤེས་ལས་མ་འདས་སོ། །ཞེས་སྟོན་པ་ལ། འོ་ན་ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་གང་ལ་ཟེར། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་གསར་དུ་རྟོགས་པའི་བློ་ལ་ཟེར་རམ། ཁ་དོག་མི་རྟག་པ་རང་མཚན་གྱི་རྣམ་པ་སྣང་བའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ལ་ཟེར། དང་པོ་ལྟར་ན། གཉིས་ཏེ། ཚད་མར་བསྟན་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། དེ་ལྟར་རྟོགས་པའི་བློ་ཆོས་ཅན། རང་སྤྱི་འདྲེས་པ་འཛིན་པའི་ཚད་མ་མ་ཡིན་ཏེ། ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱོར་བའི་ཚད་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། རྩོད་པ་ནི། དེ་ཆོས་ཅན། ཁ་དོག་དངོས་མེད་དུ་གཞལ་བར་ཐལ། མི་རྟག་པའི་སྤྱི་དང་སྦྱར་བའི་ཕྱིར། ཞེ་ན། དེ་ཆོས་ཅན། ཁ་དོག་དངོས་མེད་ཀྱི་ངོ་བོར་གཞལ་བ་མ་ཡིན་ཏེ། ཁ་དོག་དེ་ཉིད་མི་རྟག་པའི་སྤྱི་དང་སྦྱར་བ་དེ་ལྟར་གྲུབ་པས་ཁ་དོག་མི་རྟག་པ་ཉིད་དུ་བསྒྲུབས་པའི་ཕྱིར་རོ། །འདི་ལྷ་ཤཱཀ་ན་མེད་ཅིང༌། རྒྱན་དང་ཉི་མར་བསྒྲུབས་ཤེས་འབྱུང་བ་ཉིད་ལེགས་སོ། །འདི་ཡང་རྟོགས་པའི་དོན་ནི་མ་ཡིན་གྱི་འཐོབ་པའོ། །གལ་ཏེ་གཞན་ཁ་དོག་མི་རྟག་པའི་སྤྱི་གཞལ་བ་ལ། དེ་ལས་གཞན་ཁ་དོག་མི་རྟག་པ་རང་མཚན་གྲུབ་པ་མ་ཡིན་ནོ། །ཞེ་ན། དེ་ཡང་མ་ཡིན་ཏེ། རང་ལ་སྣང་བ་རང་མཚན་དེ་ཉིད་དུ་ཞེན་པས་འཇུག་ཡུལ་རང་མཚན་གྲུབ་པའི་ཕྱིར་རོ། །ཞེས་མདོར་བསྟན་ནས། དེ་ཉིད་འཆད་པ་ལ། གཉིས་ཏེ། སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་སླུ་བ་དང༌། དགག་རྟགས་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་སླུ་བར་བསྟན་པའོ། །དང་པོ་ལ། དེ་དེ་ལ་བརྒྱུད་ནས་འབྲེལ་བའི་རྒྱུ་མཚན་གྱིས་དེར་མི་སྣང་ཡང་དེ་ལ་མི་སླུ་བར་བསྟན་པ་དང༌། དེའི་དོན་བསྡུ་བའོ། །དང་པོ་ནི། སྒྲུབ་པའི་གཏན་ཚིགས་ཀྱི་རྟགས་དང་རྟགས་ཅན་གྱི་བློ་ཆོས་ཅན། འཇུག་ཡུལ་དེར་སྣང་བ་ཡིས་ནི་སྟོང་ཡང་དེ་ལ་སླུ་བར་བྱེད་པ་ཉིད་མ་ཡིན་ཏེ། བརྒྱུད་པ་ཡིས་ནི་འཇུག་ཡུལ་གྱི་དངོས་པོ་ལ་འབྲེལ་བའི་ཕྱིར། ཇི་ལྟར་ཞེ་ན། མེ་དང་མི་རྟག་པའི་དངོས་པོ་གང་ཇི་ལྟ་བུར་གྱུར་པ་དེ་འདྲ་དེ་ནི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ལ། དེ་ལས་འཇུག་ཡུལ་རང་མཚན་དེ་ལྟ་བུའི་དངོས་པོ་ལ་མི་སླུ་བའི་རྟགས་ཅན་གྱི་བློ་སྐྱེ་བ་ཡིན་ཏེ། རྟགས་འཛིན་གྱི་སེམས་དེས་བསྐྱེད་པའི་ཕྱིར་རོ། །རྗེས་དཔག་རྟགས་འཛིན་ལས་དང༌། རྟགས་འཛིན་རློམ་ཚོད་ཀྱི་བསྒྲུབ་བྱ་རང་མཚན་ལས་སྐྱེས་པ་དེ་ལྟར་ན་འབྲེལ་ཞེས་པའོ། །འདི་རྟགས་འཛིན་མངོན་སུམ་ནི་སྒྲུབ་བྱ་ལ་གཞན་ལས་ངེད་ཀྱི་ཚད་མར་ཁས་བླངས་དུ་རུང་ལ། རྟགས་འཛིན་རྟོག་པ་ནི་དེ་ཉིད་ཀྱི་རྟགས་ཅན་དེའི་འཇུག་ཡུལ་ལ་མི་སླུ་བ་ཡིན་མོད། དེ་ལ་ཚད་མར་ནི་ཁས་མི་ལེན་ཏེ། དེར་བླངས་ན་རང་ངེས་ལས་གཞན་དུ་མེད་པས་རྟགས་ཅན་དོན་མེད་དུ་ཐལ་བའི་ཕྱིར་རོ། །མི་སླུ་ན་འཁྲུལ་བར་འགལ་ལོ་ཞེ་ན། སྦྱོར་བ་སྐོར་གཅིག་གི་རྟགས་འཛིན་དང་རྟགས་ཅན་ཆོས་ཅན། འཇུག་ཡུལ་གཅིག་པོ་དེ་ལ་སླུ་བར་བྱེད་པ་ཉིད་མ་ཡིན་ཀྱང༌། འཁྲུལ་པར་རྣམ་གཞག་བྱས་པ་ཡིན་ཏེ། རང་མཚན་དེ་ཡི་ངོ་བོས་སྟོང་པའི་གཞན་སེལ་དེ་དག་ལ་རང་མཚན་དེའི་ངོ་བོར་ཞེན་པའི་ཕྱིར། གཉིས་པ་ནི། རྗེས་དཔག་འཇུག་ཡུལ་ལ་མི་སླུ་བའི་སྒྲུབ་བྱེད་རྒྱས་པར་བསྟན་ཟིན་པ་དེའི་ཕྱིར། དངོས་པོ་རྟོགས་བྱ་སྟེ། རང་མཚན་རློམ་ཚོད་ཀྱི་བསྒྲུབ་བྱར་བྱས་པ་ལ་སྟེ་དེའི་ཚེ་ན་ཁྱབ་བྱེད་བསྒྲུབ་བྱའི་ཆོས་དེ་ཁྱབ་པར་བྱ་བ་རྟགས་འཛིན་པའི་སེམས་ཀྱི་རྒྱུ་མཚན་ཡིན་ལ། དེ་ཡང་དེའི་རྟགས་ཅན་གྱི་བློའི་རྒྱུ་ཡིན་ནོ། །ཁྱབ་བྱེད་དེ་ལ་དུ་ཡོད་ཅེ་ན། རློམ་ཚོད་ཀྱི་རྟགས་དེའི་ངོ་བོའམ་རྒྱུ་དག་ཡིན་པ་གཉིས་སོ། །གཞུང་འདིས་སྒྲུབ་རྟགས་ལ་ནི་ཕྱོགས་ཆོས་འཛིན་པའི་སེམས་ཉིད་རྟགས་འཛིན་སེམས་སུ་བསྟན་པ་ཡིན་ཏེ། ཁྱབ་པར་བྱ་སེམས། ཞེས་འབྱུང་བའི་ཕྱིར་དང༌། དུ་བ་དང་བྱས་པ་འཛིན་པའི་སེམས་རྟོག་བཅས་དང་རྟོག་མེད་གང་ཡིན་ཀྱང་མེ་དང་མི་རྟག་པ་རང་མཚན་གྱི་འབྲས་བུར་གྲུབ་པའི་ཕྱིར། མི་སླུ་བ་ལ་རྟོགས་པས་ཁྱབ་པ་བསྡུས་པའི་ལུགས་ཀྱིས་ནི་རྟགས་ཅན་དེའི་རྟགས་འཛིན་སྐབས་ཀྱི་བསྒྲུབ་བྱ་ལ་མི་སླུ་བར་འཆད་མ་ནུས་པ་དང༌། མེ་དང་མི་རྟག་པ་རང་མཚན་ལ་འབྲེལ་བ་དེ་རྗེས་དཔག་དེ་ལ་མི་སླུ་བའི་སྒྲུབ་བྱེད་དུ་འཆད་བཞིན་དུ། དེ་སྐབས་ཀྱི་རྟགས་འཛིན་དེ་ལ་འབྲེལ་པ་དང་དེ་ལ་སླུ་བའི་གཞི་མཐུན་དུ་ཁས་བླངས་པས་ནོངས་སོ། །གཉིས་པ་ལ། གཉིས་ཏེ། འབྲེལ་ཟླ་མ་དམིགས་པ་དང་འགལ། དམིགས་པའི་རྟགས་ཀྱིས་དགག་བྱ་འགོག་པ་དེ་དམིགས་བྱེད་ཀྱི་ཚད་མ་དགག་པ་ལ་རག་ལས་པར་བསྟན་པ་དང༌། དེ་ལས་གཞན་པའི་སྣང་རུང་མ་དམིགས་པའི་གཏན་ཚིགས་མི་སྲིད་པར་བསྟན་པའོ། །དང་པོ་ནི། གཞི་གང་དུ་དགག་བྱ་ཚིག་གིས་ཟིན་པར་དགག་པ་ཉིད་ནི་གནས་སྐབས་ཐམས་ཅད་དུ་ཆོས་དེ་ཚད་མས་མ་དམིགས་པ་ལས་འགྲུབ་པ་ཡིན་ཏེ། ཚད་མས་གྲུབ་པ་དེ་ཡོད་པར་སྨྲ་བ་རྣམས་ཀྱི་དོན་གྱི་ལྡོག་པ་ཉིད་ལས་སྣང་རུང་མ་དམིགས་པ་ཉིད་ལས་གཞི་འགར་སྣང་རུང་གི་དོན་དེ་མེད་པར་ངེས་པ་ཡིན་པའི་ཕྱིར། འབྲེལ་ཟླ་མ་དམིགས་པ་ལ་དེ་ལྟར་ཡིན་ཀྱང༌། འགལ་ཟླ་དམིགས་པ་ལ་དེ་མ་ཡིན་ནོ། །ཞེ་ན། གཞི་འགར་གྲངས་རེག་དགག་པ་ཚ་རེག་དེའམ། ཡང་གཞི་དེར་གྲང་འབྲས་འགོག་པ་ལ་དེའི་རྒྱུ་གྲང་རེག་དང་འགལ་བ་རྟགས་སུ་བརྗོད་པར་མཐོང་བ་གང་ཡིན་པ་དེ་ཡང་གྲང་རེག་དེའི་དམིགས་བྱེད་ཀྱི་ཚད་མ་མེད་པ་ཉིད་འཕེན་པར་བྱེད་པ་ཡིན་ཏེ། གཞན་དུ་ན་ཚ་རེག་གི་དངོས་པོ་ཅིག་ཡོད་པར་བརྗོད་པས་གཞི་འགར་གཞན་གྲང་རེག་མེད་པ་དེ་ནི་གང་ལས་རྟོགས་ཤེས་འདྲི། ཚ་གྲང་འགལ་བའི་ཕྱིར་ཞེ་ན། དེ་ཉིད་ཀྱང་ཅིས་གྲུབ། ལྷན་ཅིག་ཏུ་མི་གནས་པའི་ཕྱིར། ཞེ་ན། དེ་ཡང་གང་ལས་འདོད། ཚ་རེག་རྒྱུན་མ་གཏུགས་པར་ཡོད་པའི་ཚེ་སྣང་རུང་གི་གྲང་རེག་ཚད་མས་མཐོང་བ་མེད་པའི་ཕྱིར། ཞེ་ན། དེ་ནི་ཁྱོད་ལ་སྒྲུབ་བྱེད་ཚད་མ་མ་ཡིན་པས་ཁས་བླངས་འགལ་བ་དང་རང་གི་འདོད་པ་སྒྲུབ་ཅེས་པའོ། །དེ་ལྟར་གྲུབ་པ་དེའི་ཕྱིར་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ། གཏན་ཚིགས་སུ་སྒྲུབ་པ་རང་གི་སྒྲས་བརྗོད་ན་ཡང་སྣང་རུང་མ་དམིགས་པ་དེ་ཉིད་སྣང་རུང་གི་ཆོས་མེད་པའི་སྒྲུབ་བྱེད་ཡིན་ཏེ། དགག་པའི་གཏན་ཚིགས་གང་ལ་མ་དམིགས་པ་དེ་ནི་སྒྲུབ་བྱེད་ཚད་མ་མ་ཡིན་པར་འདོད་པ་དེས་དགག་པ་རྣམ་པ་ཀུན་ཏུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་བཤད་པ་དེས་ནི་གཞན་ཡང་མཚོན་ཏེ། གྲང་རེག་དེ་དང་འགལ་བའི་དོན་ཚ་རེག་གི་འབྲས་བུ་དུ་བ་དྲག་འཕྱུར་བ་རྟགས་སུ་བརྗོད་པ་ལ་ཡང་ཚུལ་དེ་ལྟར་བཤད་དོ་ཅེས་གོ་བ་ཡིན་པའི་ཕྱིར། དེས་ནི་དགག་པའི་གཏན་ཚིགས་ཀུན་ལ་སྦྱོར་བ་འགོད་ཚུལ་ཐ་དད་པ་ཡིན་གྱི། དགག་བྱ་འགོག་པའི་དོན་ལ་ཐ་དད་མེད་དེ། དགག་བྱ་འགོག་པ་དེ་དམིགས་བྱེད་ཀྱི་ཚད་མ་བཀག་པ་ལ་རག་མ་ལས་པ་མི་སྲིད་པའི་ཕྱིར་རོ། །འདིར་གྲུབ་དོན་ནི། དཔེར་མཚོན་ན། མེ་མེད་པའི་རྟགས་ཀྱིས་གཞི་དེ་དུ་མེད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་འཇུག་ཡུལ་དུ་བ་རང་མཚན་ལ་མི་སླུ་བ་ཡིན་ཏེ། དེ་ལ་བརྒྱུད་ནས་འབྲེལ་བའི་ཚད་མ་ཡིན་པའི་ཕྱིར། ཇི་ལྟར་འབྲེལ་ན། ཁྱབ་འབྲེལ་ངེས་བྱེད་ཀྱི་ཚད་མ་ལ་འབྲེལ། དེ་སྣང་རུང་གི་དུ་བ་མ་དམིགས་པ་དང༌། དེ་མེད་ངེས་ཀྱི་ཐ་སྙད་གཉིས་པོ་རྣམ་པར་བཞག་བྱ་དང་འཇོག་བྱེད་དུ་ངེས་པའི་ཚད་མ་ལ་འབྲེལ། དེ་རང་གི་ལོག་ཕྱོགས་གཉིས་པོ་རྣམ་པར་བཞག་འཇོག་ཏུ་ངེས་པའི་ཚད་མ་ལ་འབྲེལ་དུ་བ་ཡོད་པའི་ཐ་སྙད་དང་དུ་བ་ཚད་མས་དམིགས་པ་གཉིས་པོ་རྣམ་པར་བཞག་འཇོག་དུ་ངེས་པའི་ཚད་མ་དེ་དུ་བ་རང་མཚན་ལས་བྱུང་བས་དེ་འཇུག་ཡུལ་དུ་འཇོག་པའམ། དེ་ཡང་མེ་ལས་བྱུང་བས་མེ་རང་མཚན་ལ་མི་སླུ་བར་བཤད་ཀྱང་རུང་བར་ལྟའོ། །དེ་བཞིན་དུ་ཚ་རེག་གི་རྟགས་ལས་གཞི་འགར་གྲང་རེག་མེད་པར་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་ནི་གནོད་བྱ་གྲང་རེག་ནུས་མེད་ཀྱི་དངོས་པོ་ཉིད་ལ་འཆད་ན་སྒྲུབ་པའི་གཏན་ཚིགས་སུ་སོང་བས་དེ་དང་མཚུངས་ལ། རྟགས་དེས་མེད་དགག་བསྒྲུབ་བྱའི་ཆོས་སུ་བྱེད་ན་རྗེས་དཔག་དེས་མཐར་གྲང་རེག་མ་དམིགས་པ་དང༌། དེ་མེད་པ་གཉིས་ཀྱི་འབྲེལ་པ་ངེད་བྱེད་ལས་སྐྱེ། དེ་ཡང་གྲང་རེག་ཡོད་པ་དང་དམིགས་པ་གཉིས་ཀྱི་འབྲེལ་པ་ངེས་བྱེད་ལས་སྐྱེ། དེ་ཡང་རྒྱུ་གྲང་རེག་ལས་སྐྱེ་བས་ན་དེ་འཇུག་ཡུལ་གྲང་རེག་ལ་མི་སླུ་བ་ཡིན་ཞེས་བཤད་པར་བྱ་སྟེ། ཞེས་པའི་འགྲེལ་པར། ལྷས། བུམ་པ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་མེད་པ་ཉིད་དུ་རྟོགས་པའི་ཕྱིར་རང་གི་མཚན་ཉིད་ཀྱི་རྟེན་ཅན་ཉིད་ཡིན་ནོ། །ཞེས་དངོས་པོར་ཡོད་པ་ལ་བརྟེན་པའི་སྒྲ་དོན་འཇལ་བའི་རྗེས་དཔག་གིས་རྟེན་དེ་ཉིད་འཇུག་ཡུལ་དུ་བྱེད་པར་བཤད་དོ། །འོ་ན་དུ་བ་མེད་པར་གཞལ་བའི་བློས་དུ་བ་འཇུག་ཡུལ་དུ་བྱེད་ན། བཅད་འཇུག་མ་མཐུན་པས་ཚད་མ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། མ་མཐུན་པ་མ་ཡིན་ཏེ། མེ་མེད་ལ་དུ་མེད་དུ་བཅད་པ་ནི། མེ་ཡོད་པ་ལ་དུ་བ་ཡོད་པའམ་དུ་བ་ཡོད་པ་ལ་མེ་ཡོད་པ་ཉིད་དུ་འཇུག་པ་དང་ཤིན་ཏུ་མཐུན་པའི་ཕྱིར་དང༌། ཚ་རེག་ལ་གྲང་རེག་མེད་པ་ཉིད་དུ་བཅད་པ་ནི་ཚ་རེག་མེད་ན་གྲང་རེག་ཡོད་དོ་ཅེས་འཇུག་པ་དང་ཤིན་ཏུ་མཐུན་པས་སོ། །དགག་རྟགས་ཀྱི་རྟགས་འཛིན་སེམས་འཆད་པ་དང་འཆང་ཞེས་པ་ཤིན་ཏུ་ཉུང་ཞིང༌། དགག་པ་ཉིད་ནི། ཞེས་སོགས་ཀྱི་གཞུང་འདི་དག་གང་ལ་འཕྲོས་དང༌། དགག་པའི་རྗེས་དཔག་འཇུག་ཡུལ་ལ་མི་སླུ་བར་སྟོན་བྱེད་དུ་འཆང་ཤེས་པ་མ་བྱུང་བས་འདིར་འབད་པ་ཡིན་ལ། རྒྱ་འགྲེལ་དག་ཏུ་མི་འབྱུང་བ་ནི་སྒྲུབ་རྟགས་ཀྱི་འཆད་ཚུལ་ལས་རྟོགས་ནུས་པ་ལ་བསམས་པའོ། །ཡང་འཇུག་ཡུལ་ལ་ཆོས་ཆོས་ཅན་གྱི་ཚོགས་དོན་དགོས་པར་འདོད་པ་ཡང་བསྡུས་པའི་འཆད་ལུགས་དང་འདྲེས་པ་ཡིན་ཏེ། གཞུང་ན་དེ་ལྟར་མེད་ཅིང༌། ལུགས་དེར་ནི་བསྒྲུབ་བྱ་ཉིད་རྗེས་དཔག་གི་འཇུག་ཡུལ་དུ་འདོད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་གཞན་པའི་དགག་པའི་གཏན་ཚིགས་རྣམས་དགག་བྱ་དམིགས་མེད་ཀྱི་ཚད་མ་བཀག་པ་ལ་རག་མ་ལས་པར་ཡང་དགག་བྱ་འགོག་པར་བྱེད་དོ་ཅེ་ན། དགག་བྱ་དེ་ནི་འགོག་པ་ལ། འགལ་བ་གྲུབ་པ་དང་ཐབས་བཅས་པ་བཀག་པ་མེད་པར་ནི་དགག་བྱ་དགག་པ་ལ་ཚད་མར་སྨྲ་བ་གང་ཡིན་པ་དེ་རིགས་པའི་རྗེས་སུ་འབྲང་བ་ཅན་མ་ཡིན་ཏེ། ངག་སྨྲ་བ་ལ་སོགས་པས་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པ་དང༌། མ་དམིགས་པའི་རྟགས་ཀྱིས་འཇིག་རྟེན་གཞན་སོགས་མེད་པར་སྒྲུབ་པ་བཞིན་ནོ། །དེ་ལྟར་སྒྲུབ་མི་ནུས་ཏེ། ངག་སྨྲ་བ་དེ་དབང་པོ་ལས་འདས་པའི་དོན་རྣམས་དང་འགལ་བ་གྲུབ་པ་མེད་པའི་ཕྱིར་རོ། །དེ་སྒྲུབ་པ་ནི། གལ་ཏེ་ངག་སྨྲ་བ་པོ་ཀུན་རིག་པ་ཞིག་ཡོད་སྲིད་པའི་ཕྱིར་ན་གཉིས་པོ་གནོད་བྱ་གནོད་བྱེད་ཀྱི་ངོ་བོ་གང་ཡིན་ཏེ་མ་ཡིན་ནོ། །དེ་འདྲ་མེད་དེ། མ་དམིགས་པའི་ཕྱིར། ཞེ་ན། ཀུན་མཁྱེན་དུ་མ་དམིགས་པ་དེ་ཉིད་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པའི་སྒྲུབ་བྱེད་ཡིན་པར་བརྗོད་ལ། སྒྲུབ་བྱེད་གཞན་མེད་པ་དེའི་ཕྱིར་ཤིན་ཏུ་ལྐོག་ཏུ་གྱུར་པ་ཀུན་མཁྱེན་ལ་ཡོད་མེད་དུ་ངེས་པ་ཡོད་པ་མ་ཡིན་ཏེ། མ་དམིགས་པ་ནི་ཀུན་མཁྱེན་མེད་ངེས་དེ་ལྟ་བུའི་ངེས་བྱེད་མ་ཡིན་པར་རབ་ཏུ་བརྗོད་པའི་ཕྱིར། གང་དུ་ན། དབང་པོ་མི་གསལ་ཕྱིར་མ་མཐོང༌། །ཞེས་པ་དེར་རོ། །དགག་བྱ་འགོག་ཚུལ་ལ་གཉིས་པོ་དེར་ངེས་ན་གཏན་ཚིགས་གཉིས་པོ་དེའི་མཚན་གཞི་གང་ཞེ་ན། འགལ་ཟླ་རྟགས་སུ་བཀོད་པའི་གཏན་ཚིགས་དེ་ལ་དགག་བྱའི་ཆོས་དང་ནི་དངོས་པོ་ཐ་དད་དམ་དངོས་པོ་ཐ་དད་མེད་པ་ལ་རབ་ཏུ་སྦྱོར་བ་གཉིས་ཏེ། དེའི་དཔེར་བརྗོད་ནི། གཞི་འགར་ཁ་བ་མེད་པར་སྒྲུབ་པ་ལ་མེ་དང༌། མྱུ་གུ་སྐྱེས་ཟིན་སྐྱེ་བ་ལ་ཡོད་པ་གནོད་བྱེད་དུ་བཀོད་པ་བཞིན་ནོ། །ཐབས་བཅས་བཀག་པ་ནི་འབྲེལ་ཡུལ་གྱི་དངོས་པོ་ཉིད་རང་ལྡོག་ན་ཆོས་ཅན་གྱི་སྟེང་དུ་འབྲེལ་ཟླའི་དངོས་པོ་རྣམས་ལྡོག་པར་བྱེད་པ་ཡིན་ཏེ། ཇི་ལྟར་ཏེ་དཔེར་ན། ཆོས་ཅན་གྱི་སྟེང་དུ་མེ་སོགས་འབྲེལ་ཡུལ་གྱི་དངོས་པོ་ཉིད་སྒྲུབ་པ་ལ་དུ་སོགས་ཀྱི་དངོས་པོ་རྣམས་སྒྲུབ་བྱེད་དུ་འདོད་དགོས་པ་དེ་བཞིན་ནོ། །དགག་སྒྲུབ་འབྲེལ་པ་ལ་རག་ལས་པར་བཤད་པ་དེ་ནི་ཆོས་ཅན། རྟོག་པས་སྦྱར་བའི་ཆོས་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་རུང་ཉིད་ཡིན་པ་དང༌། སོགས་པ་རྟག་པའམ་མི་རྟག་པར་ལུང་ལས་བཤད་པ་དེ་སྒྲ་རྟག་པའམ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འདོད་པ་ཡང་བསལ་བ་ཡིན་ཏེ། དེ་འདྲ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཅི་ཡང་རུང་བ་ལ་སྲིད་པའི་ཕྱིར་རོ། །འདིར་དེ་སྒྲུབ་ཀྱི་ཕྱོགས་དང་ཞེས་ནི་སྦྱར་བར་མི་བྱ་སྟེ། གཞན་དུ་ན་དོན་ཕྱིན་ཅི་ལོག་ཏུ་སྟོན་པས་སོ། །ཇི་ལྟར་དངོས་ཉིད། ཅེས་སོགས་དེ་ལའང་ཆོས་ཅན། ཁྱབ་པར་བྱེད་པའི་ཆོས་ལོག་པ་ནི་ཁྱབ་བྱ་ཟློག་པའི་གོ་བྱེད་དུ་འདོད་དེ། གལ་ཏེ་མེ་མེད་དང་དུ་མེད་དང་ཤིང་མེད་དང་ཤ་བ་མེད་རང་གི་ལྡོག་པ་ནི་རྣམ་པ་སྟེ་གཞི་འགར་ཡོངས་སུ་བཅད་ཅིང་ངེས་པར་གྱུར་པ་དེའི་ཚེ་ན་གོ་བྱེད་དུ་འགྱུར་བས་སོ། །དེར་མ་ཟད་ས་ཕྱོགས་སུ་སྣང་རུང་གི་བུམ་པ་མེད་པ་ལ་ནི་དེ་ཉིད་ཀྱི་ཚད་མ་མེད་པ་ཉིད་རྟགས་སུ་བརྗོད་པ་གང་ཡིན་པ་དེ་ནི་ཐ་སྙད་ལ་ཤིན་ཏུ་རྨོངས་པའི་རྒོལ་བའི་དོན་དུ་ཡིན་ཏེ། དེར་དེ་མེད་པའི་དོན་དེ་ནི་གནག་རྫི་མོའི་བར་ལ་གྲགས་ཟིན་པའི་ཕྱིར། འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་ནི་གསུམ་པོ་འདི་ཙམ་ཞིག་དགག་བྱ་མེད་པ་ལ་ངེས་ཤེས་སྐྱེད་པའི་འབྲས་བུ་ཅན་ཡིན་པར་བཤད་པ་དེ་ཡང་ཆོས་ཅན། ཁྱད་གཞི་སྣང་མི་རུང་གི་དབང་དུ་བྱས་པ་མ་ཡིན་ཏེ། སྣང་བར་འདོད་པ་ཡི་རྒྱུའམ་རང་བཞིན་ཚད་མ་ལ་སྣང་བ་མེད་པ་ཉིད་རྟགས་སུ་འགོད་དགོས་པས་སོ། །དོན་བསྡུ་བ་ནི། ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཞེས་པའི་ཚུལ་འདིར་ཆོས་ཅན། ཁ་དོག་གི་རྣམ་པར་ཤར་བའི་མངོན་སུམ་གྱི་དབང་དུ་བྱས་པ་མ་ཡིན་ཏེ། རྗེས་སུ་དཔག་པས་ཁ་དོག་གི་མི་རྟག་པ་སོགས་འཛིན་པ་ལ་ནི་དེ་ལྟར་དུ་འདོད་པའི་ཕྱིར་རོ། །གཉིས་པ་ལྟར་ཁས་ལེན་ནོ། །ཞེ་ན། རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པ་ལས་གཞན་དུ་ཁ་དོག་གི་རྣམ་པ་ཤར་བའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཆོས་ཅན། ཚད་མ་ཉིད་དུ་འདོད་པ་མ་ཡིན་ཏེ། རང་གི་དངོས་ཀྱི་ཉེར་ལེན་དེས་ངེས་པ་འདྲེན་ནུས་ཀྱི་ཚུལ་དུ་བཟུང་ཟིན་པའི་འཇུག་ཡུལ་ཁ་དོག་རང་མཚན་དེ་དོན་སྤྱིའི་ཚུལ་གྱིས་འཛིན་པའི་ཕྱིར། དེས་དེ་བཟུང་ཟིན་པ་ཅི་ཞེ་ན། ཁ་དོག་མི་རྟག་པ་རང་མཚན་དེ་ཡང་ངེས་ཤེས་ལས་སྔར་དབང་པོ་སྟེ་མངོན་སུམ་ལས་གྲུབ་པ་ཡིན་ཏེ། དེའི་རྣམ་པ་ཤར་ནས་དེ་ལ་ངེས་པ་དྲངས་པའི་ཕྱིར། དེ་ཤར་བ་ཡིན་ཏེ། ཁ་དོག་གི་དངོས་པོ་ལས་དེའི་མི་རྟག་པ་གཞན་དུ་མེད་པའི་ཕྱིར། འདིར་གཞན་དག དྲན་ཤེས་དེས་མངོན་སུམ་གྱི་བཟུང་ཟིན་འཛིན་པ་དང༌། དེའི་དོན་གཞལ་བྱ་ཉིད་འཛིན་པ་ལ་འདོད་པ་ནི་ནོར་བ་ཡིན་ཏེ། རྟོག་པས་རང་མཚན་མི་འཛིན་པའི་ཕྱིར་དང༌། དེའི་ཉེར་ལེན་མངོན་སུམ་དེས་ཀྱང་ཁ་དོག་རང་མཚན་མ་བཟུང་བ་དང་མ་རྟོགས་པའི་ཕྱིར་རོ། །དེ་དེ་ལ་རང་ལས་ངེས་ཀྱི་ཚད་མར་སོང་བ་ནི་ཡིན་ཏེ། དེ་དེ་ལ་ཚད་མ་གང་ཞིག དེ་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པའི་ཕྱིར། དེ་དུས་ཀྱི་ངེས་ཤེས་དེ་རྟོགས་ཟིན་རྟོགས་པའི་བློ་ནི་མ་ཡིན་ཏེ། སྔོན་པོ་རང་མཚན་ནི་མངོན་སུམ་གྱིས་ཀྱང་མ་རྟོགས་ན་དེས་རྟོགས་པ་ལྟ་ཅི་སྨོས་པའི་ཕྱིར་དང༌། སྔོན་པོའི་གཞན་སེལ་གསར་དུ་རྟོགས་པའི་ཕྱིར་རོ། །འོ་ན་བཅད་པའི་དོན་ཞེས་པ་ཅི་ཞེ་ན། བཅད་པ་ནི་འཇུག་ཡུལ་ལ་སྒྲོ་འདོགས་བཅད་པ་སྟེ་ཚད་མ་སྔ་མའི་རང་སྟོབས་ཀྱིས་སོ། །གཅོད་པའི་ཚུལ་ནི་ངེས་པ་དྲངས་པའི་སྒོ་ནས་ཏེ་དེས་དེ་མ་དྲངས་ན་རང་གི་ཕྱི་ལོགས་སུ་སྒྲོ་འདོགས་སམ་ཐེ་ཚོམ་སྐྱེ་དགོས་པ་ལས་དེ་མ་སྐྱེས་པར་ངེས་ཤེས་སྐྱེས་པའོ། །གཅོད་བྱེད་ནི་མངོན་སུམ་ཉིད་ལ་འཆད་ཀྱི། ངེས་ཤེས་མ་ཡིན་ཏེ། དེའི་དུས་སུ་བཅད་ཟིན་པའི་ཕྱིར། ཞེས་པ་ནི་བཅད་ཤེས་ཀྱི་འཇོག་ལུགས་ཏེ། གཙོ་བོར་བོད་སྔ་མའི་འདོད་པའོ། །རང་ལུགས་དང་བར་ཁྱད་ནི་བོད་སྔ་མས་འཇུག་ཡུལ་ཉིད་རྟོགས་ཟིན་རྟོགས་པར་འདོད་པའོ། །དེས་ན་རང་ལུགས་ལ་གཞན་ལས་ངེས་ཀྱི་ངེས་བྱེད་ཚད་མའི་མིང་ཅན་དེ་བཅད་ཤེས་སུ་ཐལ་བ་མེད་དེ། ངེས་བྱའི་ཚད་མས་རྟོགས་ཟིན་ལ་འཇུག་པ་མ་ཡིན་པ་ཁོ་ནར་མ་ཟད། སྔ་མ་དང་འཇུག་ཡུལ་གཅིག་ལ་འཇུག་ཀྱང༌། སྔ་མས་དེ་ལ་ངེས་པ་མ་དྲངས་པའི་དོན་གྱིས་ངེས་བྱེད་ཀྱི་ཚད་མ་བརྟག་དགོས་པ་ཡིན་པས་སོ། །ཚད་མ་སྔ་མས་མི་སླུ་བར་བྱས་ཟིན་ཀྱང༌། ངེས་པ་མ་དྲངས་པས་སྒྲོ་འདོགས་མ་བཅད་ལ། སྔ་མས་བཅད་མ་ཟིན་པའི་དོན་ལ་འཇུག་པ་བཅད་ཤེས་ཀྱི་དོན་མེད་དོ། །དེ་ལྟར་ན་ངེས་ཤེས་དོན་མཐུན་འདི་ལ་བོད་སྔ་མས། རྟོགས་ཟིན་རྟོགས་པ་དང་མི་སླུ་བའི་གཞི་མཐུན་དུ་འདོད། གཞུང་དུ་ནི། སྤྱི་ཡི་རྣམ་པར་ཤེས་པ་འཐོབ། །ཅེས་གསར་རྟོགས་དང༌། ཀུན་རྫོབ་ནི་མི་འདོད། ཅེས་སླུ་བར་བཤད་དོ། །གཞུང་གི་སྐབས་ལ་ལར། འཇུག་ཡུལ་ལ་འབྲེལ་བས་མི་སླུ་བར་བཤད། སྐབས་འདིར་ནི་འབྲེལ་ཡང་ཚད་མ་སྔ་མས་བཅད་ཟིན་གྱི་དོན་ལ་སླུ་བར་བཤད་པ་དེའི་ཁྱད་པར་ནི། སྔ་མ་ཡུལ་གྱི་དང་ཕྱི་མ་ཡུལ་ཅན་གྱི་མི་སླུ་བའི་དབང་དུ་བྱས་སོ་ཞེས་འཆད་དགོས་པ་ཡིན་ཏེ། མི་སླུ་བ་ཙམ་དང་གསར་དུ་མི་སླུ་བའི་ཁྱད་པར་ལས་སོ། །དེའི་དོན་ཡང༌། བཅད་ཞུགས་ཐོབ་གསུམ་གྱིས་ཁྱད་པར་དུ་བྱས་པ་ལ་དགོངས་ནས། སླུ་མེད་ཕྱིར་དེ་ཚད་མ་ཉིད། །ཅེས་འབྱུང་ངོ༌། །ཡང་དབང་པོ་ལས་སྔར་གྲུབ་ཅེས་པའི་དོན། ཁ་དོག་མི་རྟག་པ་རང་མཚན་ལ་དབང་པོས་ངེས་པ་དྲངས་བའི་དོན་གྱིས་གྲུབ་པར་བཤད་ཀྱི། རྟོགས་པར་བཤད་ན་ཚད་བསྡུས་དང་མཐུན་ཀྱང་གཞུང་དང་འགལ་ལོ། །དེའི་ཕྱིར་གཞུང་གི་ཆ་ཤས་དག་ཏུ་མངོན་སུམ་གྱིས་གྲུབ་པ་ཞེས་བྱ་བའི་ཐ་སྙད་གང་དུ་བྱུང་ཡང་ངེས་པ་དྲངས་པ་ལ་འཆད་དགོས་པ་ཡིན་ཏེ། མངོན་སུམ་གྱིས་དོན་རྟོགས་པ་མི་སྲིད་པའི་ཕྱིར། མདོ་སྡེ་པ་དང་པོའི་སྐབས་ལྟར་དེ་འདྲ་སྲིད་པ་ཅིག་ཁས་ལེན་ནའང༌། སྣང་ལ་མ་ངེས་པ་ལ་ཧ་ཅང་ཐལ་ལོ། །ཁ་དོག་དང་དེའི་མི་རྟག་པ་རྫས་གཞན་དུ་མེད་ན་སྒྲས་ཐ་དད་དུ་མ་བརྗོད་པར་ཐལ་ལོ། །ཞེ་ན། རྫས་དུ་མའི་དངོས་པོ་དེ་སྒྲས་བརྗོད་པར་བྱ་བ་མ་ཡིན་ཏེ། རྟོག་པས་བསྐྱེད་པའི་ལྡོག་པའི་ཆོས་ཁོ་ན་བརྗོད་པར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་ཁ་དོག་གི་རྣམ་པ་ཤར་བའི་མངོན་སུམ་གྱིས་དེའི་མི་རྟག་པ་ལ་ངེས་པ་འདྲེན་ནུས་ན་དེ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་དོན་མེད་དོ། །ཅེ་ན། འཁྲུལ་པའི་རྒྱུ་མཚན་མེད་པའི་ཚེ་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་སྤྱི་ཡི་རྟེན་ཁ་དོག་ནི་གྲུབ་པ་ན་སྤྱི་མི་རྟག་པ་དེ་ཉིད་ནི་གྲུབ་པ་ཡིན་མོད། འཁྲུལ་རྒྱུ་ཡོད་པའི་ཚེ་ཁ་དོག་གྲུབ་ཀྱང་མི་རྟག་པ་དེ་མ་གྲུབ་ན་གློག་ལྟ་བུ་མི་རྟག་པ་ཡིན་པ་དེ་ལྟར་དུ་ཁ་དོག་མི་རྟག་པ་དེ་རབ་ཏུ་གྲུབ་པའི་ཕྱིར་དུ་རྟགས་ཀྱིས་རྗེས་སུ་དཔོག་དགོས་པ་ཡིན་ཏེ། དེའི་ཚེ་སྔ་ཕྱི་གཅིག་ཏུ་འཁྲུལ་བའི་ཕྱིར། སྒོང་གི་ཐ་དད་བཞིན་ནོ། །དེ་སྒྲུབ་པ་ནི། འཁྲུལ་རྒྱུ་ཅན་གྱི་སྐབས་ལ་ལར་ཆོས་ཅན། སྐད་ཅིག་གི་ཐ་དད་ཡོངས་སུ་མི་ཤེས་ཏེ། འདྲ་བ་གཞན་འབྱུང་ནི་ཡོད་པའི་ཕྱིར་ན་སྔ་ཕྱི་ཐ་དད་དུ་མཐོང་བ་མེད་པའི་ཕྱིར་རོ། །གཞན་འབྱུང་རྟག་པར་འཁྲུལ་བའི་རྒྱུ་ཡིན་ཏེ། ཤེས་བྱེད་འདི་ལྟར། བྱིས་པའི་བར་གྱི་སྐྱེ་བོས་རིགས་འདྲ་ཕྱིས་འབྱུང་བ་དང་ནི་འབྲེལ་པ་མེད་པ་ཅན་གྱི་མར་མེ་སོགས་ཀྱི་འཇིག་པ་རྟགས་ལ་ལྟོས་པ་མེད་པར་མཐོང་བ་མངོན་སུམ་གྱིས་ཡོངས་སུ་གཅོད་ཅིང་ངེས་པ་འདྲེན་པ་ཉིད་ཀྱི་ཕྱིར་རོ། །འཁྲུལ་རྒྱུ་དེ་ཉིད་ཟློག་པའི་ཆེད་དུ་ནི་གཞན་དོན་གྱི་རྗེས་སུ་དཔག་པ་བརྗོད་པ་ཡིན་ཏེ། འཁྲུལ་རྒྱུ་དང་བྲལ་བའི་བློ་གྲོས་ཆེན་པོས་ནི། ཁ་དོག་གི་རྣམ་པ་ཤར་ཏེ་མཐོང་བ་ཉིད་ལས་དེའི་སྟེང་གི་མི་རྟག་པ་དང་བདག་མེད་པ་སོགས་རྣམ་པ་ཐམས་ཅད་ལ་ངེས་པ་འདྲེན་པར་བྱེད་པའི་ཕྱིར་རོ། །འཁྲུལ་པའི་རྒྱུས་གནས་ལུགས་ལ་རྨོངས་པར་འགྱུར་བའི་དཔེ་ནི་ས་བོན་མཐོང་བའི་བྱིས་པ་ཆོས་ཅན། ས་བོན་གྱི་ནུས་པ་ལ་རྨོངས་པར་གྱུར་ཏེ། ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་ས་བོན་གྱི་དངོས་པོའི་རང་བཞིན་དུ་གྱུར་ཀྱང་དེ་མ་ཐག་ཏུ་སྐྱེ་བ་མེད་པས་མྱུ་གུ་མཐོང་བ་མེད་པའི་ཕྱིར་ན་ས་བོན་གྱི་ནུས་པ་ལ་ངེས་པ་འདྲེན་ནུས་གྱི་ཚུལ་དུ་གསལ་བ་མེད་པའི་ཕྱིར་རོ། །འཁྲུལ་རྒྱུ་མེད་ན་རྨོངས་པར་མི་འགྱུར་ཏེ། གཟུང་དོན་གྱི་དངོས་པོ་དེ་ཡིས་ནི་ངོ་བོ་ཉིད་ཀྱིས་རང་དང་ནི་རྗེས་སུ་མཐུན་པའི་བློ་མངོན་སུམ་སྐྱེད་པར་བྱེད་པའི་ཕྱིར་རོ། །འོ་ན་ཆོས་ཅན་གཅིག་གི་སྟེང་དུ་འཁྲུལ་རྒྱུ་ཇི་སྙེད་ཡོད་པ་དེ་ཐམས་ཅད་རྟགས་དང་རྗེས་དཔག་གཅིག་གིས་སེལ་ནུས་སམ་ཞེ་ན། མ་ཡིན་ཏེ། བྱས་མི་རྟག་སོགས་སུ་ཐ་དད་མེད་པའི་དོན་སྒྲ་དེ་ལ་ནི་སེལ་ངོར་མ་བྱས་རྟག་སོགས་ཐམས་ཅད་ལས་ཟློག་པ་ཡིས་ལྡོག་པ་གཞན་སེལ་བའི་རྒྱུ་མཚན་ཅན་གྱི་བློ་དང༌། ཇི་ལྟར་བརྡ་བཏགས་པའི་སྒྲ་ཐ་དད་དུ་འཇུག་པར་འགྱུར་བས་སོ། །དཔེར་ན་བརྗོད་བྱ་རྫས་ཐ་དད་ལ་རྟེན་པ་ཅན་གྱི་སྒྲ་བློ་བཞིན་ནོ། །གཉིས་པ་ནི། སྐད་ཅིག་གིས་འཇིག་པ་ལ་མི་རྟག་པར་བཤད་པ་ལས་ཡང་ན་སྔར་བྱུང་བའི་ཁ་དོག་གི་དངོས་པོ་ཕྱིས་མེད་པར་གྱུར་པ་ལ་མི་རྟག་ཅེས་ནི་བརྗོད་པ་ཡིན་ལ། དེ་ལྟར་གསར་དུ་རྟོགས་པའི་བློ་ཚད་མ་ཕུང་གསུམ་པ་མ་ཡིན་ཏེ། སྔ་དྲོའི་ཁ་དོག་མི་དམིགས་པའི་རྟགས་ལས་ཕྱི་དྲོའི་དུས་འདིར་ནི་སྔ་དྲོའི་ཁ་དོག་གི་འཇིག་པ་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། བྱེ་བྲག་པ་ན་རེ། དངོས་པོ་ལ་མི་རྟག་པར་འཇོག་པ་མི་འཐད་དེ། ནམ་མཁའ་སོགས་རྟག་དངོས་རྣམས་ཀྱང་དེར་ཐལ་བའི་ཕྱིར། དངོས་པོ་མེད་གྱུར་པ། མི་རྟག ཅེས་ཟེར་བ་ཡང་མི་འཐད་དེ། དེ་ལ་དྲུག་པའི་སྒྲ་སྦྱར་དུ་མི་རུང་བའི་ཕྱིར། དེ་ཡང་དངོས་མེད་ནི་ཆོས་གང་དང་ཡང་མ་འབྲེལ་བས་སོ། །དེས་ན་བྱེ་བྲག་པ་གང་གི་ལུགས་ལ་མཐའ་གཉིས་པོའི་བར་དུ་ཆོད་བྱེད་ཀྱི་ཡོད་པ་ཁྱད་པར་ཅན་ནམ་དེ་དང་འཕྲོ་འདུའི་འབྲེལ་བ་བརྗོད་པའི་ངང་ཚུལ་ཅན་གྱི་དངོས་པོ་དེ་མི་རྟག་པ་ཉིད་ཀྱི་སྒྲ་སྟེ་མིང་ཅན་ཡིན་པའོ། །ཞེས་ཟེར། འོ་ན་ལུགས་དེ་ལ་མཐའ་གཉིས་པོ་དེ་ག་ལ་བརྗོད་ཅེས་འདྲི། གལ་ཏེ་སྔར་མེད་པ་མ་འོངས་པ་དང༌། ཕྱིར་མེད་པ་འདས་པ་ལ་བརྗོད་པ་ཡིན་ནོ་ཞེ་ན། མཐའ་དེ་ཉིད་མི་རྟག་པ་ཅིས་མ་ཡིན་ཞེས་འདྲི། དྲུག་པ་བདུན་པ་ལ་སོགས་པའི་སྒྲ་སྦྱོར་དུ་མི་རུང་བའི་ཕྱིར་ཞེ་ན། མཐའ་འདས་མ་འོངས་གཉིས་ཆོས་ཅན། ཁྱོད་ཀྱི་བུམ་པ་དང་ཀ་བ་ཞེས་སོགས་ཁྱོད་ལ་དྲུག་པའི་སྒྲ་དེ་ཇི་ལྟར་རུང་སྟེ། དངོས་པོར་མེད་པའི་ཕྱིར། ཡང་ཡོད་པ་ཉིད་དང་འབྲེལ་པ་ཆོས་ཅན། མཐའ་གཉིས་ཀྱི་བར་ན་ཡོད་པ་ཞེས་མཐའ་ཡིས་ཁྱད་པར་དུ་འགྱུར་བ་མ་ཡིན་པར་ཐལ། རྟག་པའི་ཕྱིར། གལ་ཏེ་རྒྱུ་འབྲས་གཉིས་པོ་མཐའ་ཡིན་ནོ། །ཞེ་ན། ཁྱོད་ལ་ཁྱད་པར་བྱེད་ཆོས་རྒྱུ་འབྲས་གཉིས་པོ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་འབྲས་ཀྱི་འབྲེལ་བ་མེད་པའི་ཕྱིར་རོ། །དེའི་རྟགས་དང་ཁྱབ་འབྲེལ་ནི། བྱེ་བྲག་པ་དེ་ཡིས་ནི་དངོས་པོ་སྔར་མེད་འདོད་པ་མ་ཡིན་པས་ལུགས་དེ་ལ་མཐའ་གཉིས་པོ་དེའི་ཁྱད་པར་ཅན་མི་རྟག་པ་ཡིན་ཞེས་བརྗོད་པ་དེ་ཡང་མི་འགྲུབ་པའི་ཕྱིར། གལ་ཏེ་ཡོད་པ་ཉིད་དང་རང་རྒྱུ་དང་འབྲེལ་བར་བྱེད་པའི་ཕྱིར་ན་འཕྲོད་པ་འདུ་བ་ལ་རྒྱུ་ཞེས་བྱ་བ་ཡིན་གྱི། སྔར་མེད་གསར་དུ་སྐྱེད་པ་ལ་རྒྱུར་མི་འདོད་དོ། །ཅེས་གྲག་གོ །ཡོད་པ་ཉིད་ཅེས་བྱ་བའི་སྤྱི་དང་དེ་དང་འབྲེལ་བ་དེ་ཡང་ཆོས་ཅན། འཕྲོད་པ་འདུ་བ་འདི་ཡི་འབྲས་བུ་གང་ཡིན་ཏེ། རྟག་པའི་ཕྱིར། འོ་ན་ཞེས་པ་གཞན་གྱི་འདོད་པ་ཁོང་དུ་ཆུད་པའི་ཚིག་གོ །དེ་དག་གི་དོན་བསྡུ་བ་ནི། བཤད་ཟིན་པ་དེའི་ཕྱིར་བྱེ་བྲག་པ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་དངོས་པོ་རིལ་པོ་འདི་རྟག་པར་འགྱུར་ཏེ། རྒྱུ་འབྲས་ཀྱི་འབྲེལ་པ་ཁས་ལེན་པ་མེད་པའི་ཕྱིར་རོ། །དེ་མེད་དེ། འབྲས་བུ་གང་ཞིག་སྔར་མེད་པ་དེ་གསར་དུ་བྱེད་པ་ཡོད་ན་རྒྱུ་འབྲས་ཀྱི་འབྲེལ་པ་གྲུབ་ཀྱང་ཁྱོད་ཀྱི་ལུགས་ལས་དངོས་པོ་སྔར་མེད་ལྡན་པ་མ་ཡིན་པའི་ཕྱིར། དྲུག་པའི་སྒྲ་སྦྱོར་བ་དངོས་པོ་ལ་མི་ལྟོས་ན་དེའི་རྒྱུ་གང་ཞེ་ན། རྗོད་བྱེད་ཀྱི་སྒྲ་འཇུག་པ་བརྗོད་བྱ་དོན་གཞན་ལ་མི་ལྟོས་པར་བཤད་ཟིན་པ་དེའི་ཕྱིར་རྫས་ཐ་དད་མེད་པའི་དོན་ཅན་གྱི་བརྗོད་བྱ་བྱས་མི་རྟག་སོགས་ཐ་དད་པ་ཅན་དུ་སྒྲོ་འདོགས་པའི་བློ་དང་ནི་སྒྲ་ལའང་ཆོས་ཅན། བྱས་སོགས་ལྡོག་པ་ཐ་དད་པའི་རྟེན་ཅན་ཡིན་ཏེ། གང་རུང་གང་ཞིག བྱས་སོགས་རྫས་ཐ་དད་མེད་པའི་དོན་དུ་མངོན་པར་འདོད་པ་ཅན་ཡིན་པའི་ཕྱིར། འདིར་བོད་ཕྱི་མས་མི་རྟག་པ་ལ་ད་ལྟར་བས་ཁྱབ་པར་འདོད་པ་ནི་བྱེ་བྲག་པ་ཉིད་ཀྱི་འདོད་པ་སྟེ། གཞུང་འདིར་ནི་ཞིག་པ་དང་སྐྱེ་རུང་མ་སྐྱེས་པ་གཉིས་ཀ་མི་རྟག་པར་བཤད་པས་སོ། །མི་རྟག་པ་ལ་དངོས་པོས་ཁྱབ་པ་ཡང་རང་གི་ལུགས་མ་ཡིན་ཏེ། མཐའ་ལ་དེ་ཇི་ལྟར་ཞེས་ཞིག་པ་དངོས་མེད་དང༌། དངོས་པོ་མེད་གྱུར་པ་དང་མི་རྟག་ཅེས་ཀྱང་བཤད་པའི་ཕྱིར། བྱེ་བྲག་པས་ཡོད་པ་ཉིད་ཅེས་བྱ་བའི་སྤྱི་རྟག་པར་འདོད་ཀྱང༌། མཐའ་གཉིས་ཀྱི་བར་དུ་ཆོད་པའི་ཡོད་ཉིད་ལ་མི་རྟག་པས་ཁྱབ་པར་ཁས་ལེན་པ་དང༌། དངོས་མེད་ནི་རྟག་མི་རྟག་གང་དུའང་མི་འཇོག་པ་དང༌། དུས་མི་མཉམ་པ་ལ་འདུ་བས་སྦྲེལ་མི་ནུས་པའི་ཕྱིར་ན་འབྲེལ་མེད་དུ་འདོད་དོ། །གཉིས་པ་ལ། དགག་བཞག སྤང་གསུམ་ལས། དང་པོ་ནི། ཁྱད་པར་ངོ་ཤེས་ཀྱི་བློ་ཆོས་ཅན། ཚད་མ་མ་ཡིན་ཏེ། རང་ཡུལ་གྱི་དངོས་པོ་སྐད་ཅིག་སོ་སོར་ཐ་དད་པ་ལ་གཅིག་ཏུ་འཛིན་པའི་ཕྱིར། ཁྱད་པར་རང་མཚན་གྱི་ཡུལ་ཅན་ཉིད་ཀྱང་མ་ཡིན་ཏེ། སྔར་མཐོང་བའི་རང་མཚན་དང་ཕྱིས་ཀྱི་གཞལ་སེལ་དེ་མཚུངས་པར་འཛིན་པའི་ཕྱིར། གལ་ཏེ། སྔར་མཐོང་བའི་མེ་རང་མཚན་དེ་ཉིད་ཁྱད་པར་ངོ་ཤེས་ཀྱི་བློས་ཕྱིས་ཀྱི་མེ་མཇལ་བའི་དཔེ་ཡིན་པའི་ཕྱིར་ན་ངོ་ཤེས་ཀྱི་བློ་སྤྱི་འཛིན་མ་ཡིན་ནོ། །ཞེ་ན། སྔར་གྱི་མེ་རང་མཚན་ཆོས་ཅན། ཁྱད་པར་ངོ་ཤེས་ཀྱི་དུས་སུ་གྲུབ་ཟིན་མ་རྗེད་པར་ཐལ། དེས་དེ་འཇལ་བའི་དཔེ་ཉིད་ཡིན་པའི་ཕྱིར། འདོད་ན་དེ་ལ་ཆོས་ཅན། ཚད་མ་གཞན་གྱིས་ཅི་ཞིག་བྱ་སྟེ། གྲུབ་ཟིན་པའི་ཕྱིར་རོ། །གལ་ཏེ་སྔར་གྱི་མེ་དེ་བརྗེད་པའི་ཕྱིར་སྐྱོན་མེད་དོ། །ཞེ་ན། ངོ་ཤེས་ཀྱི་བློ་ཆོས་ཅན། ཁྱོད་ཀྱི་ངོར་སྔར་གྱི་མེ་དེ་དཔེ་མ་ཡིན་པར་ཐལ། དེ་བརྗེད་ཟིན་པ་དེ་ཉིད་ཀྱི་ཕྱིར་ནའོ། །གལ་ཏེ་སྔར་ཁང་པའི་ནང་དུ་མེ་ཡི་རྫས་མཐོང་ལ། མེ་དེའི་དངོས་པོ་ནི་ངོ་ཤེས་ཀྱི་ཚད་མས་གྲུབ་བོ་ཞེ་ན། ངོ་ཤེས་ཀྱི་བློ་ཆོས་ཅན། ཕྱིན་ཅི་ལོག་ཏུ་ཐལ། རང་ཡུལ་གྱི་དངོས་པོ་གཞན་ལ་གཅིག་པ་དེ་ཉིད་དུ་སྒྲོ་འདོགས་པའི་ཕྱིར། འདོད་ན་དེས་གྲུབ་པའི་ཆ་ནས་ཚད་མ་ཅན་ཉིད་མ་ཡིན་པར་འགྱུར་རོ། །ཡུལ་གྱི་དངོས་པོ་གཞན་མ་ཡིན་ནོ། །ཞེ་ན། མངོན་སུམ་གྱི་ཡུལ་དུ་གྱུར་པའི་སྔར་གྱི་མེ་དང་ཅིག་ཤོས་རྗེས་དཔག་གི་ཡུལ་དུ་གྱུར་པའི་མེའི་གཞན་སེལ་གཉིས་པོ་ཆོས་ཅན། གཅིག་གྲུབ་པ་ན་གཉིས་ཀ་གྲུབ་པར་ཐལ། གཅིག་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། ཁྱད་པར་ངོ་ཤེས་ཀྱི་བློ་ཆོས་ཅན། མཁས་པས་དྲན་པར་ཤེས་ཏེ། གཞན་དང་གཞན་གཅིག་ཏུ་མཚམས་སྦྱོར་བ་ཡི་ཞེན་བློ་ཡིན་པའི་ཕྱིར། གསུམ་པ་རྩོད་སྤང་ནི། གལ་ཏེ་དེ་ཆོས་ཅན། དྲན་པ་མ་ཡིན་ཏེ། རྟགས་ལ་ལྟོས་པའི་ཕྱིར། ཞེ་ན། མ་ཡིན་ཏེ། སྒྲུབ་བྱེད་འཁྲུལ་བའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། ཚད་མའི་གྲངས་ངེས་སྒྲུབ་པ་ལ། །གཞལ་བྱ་གཉིས་དང་འཇུག་ཡུལ་གཉིས། །རྣམ་གྲངས་གཅིག་གིས་ཕྱོགས་གཞན་དེའི། །ལྡོག་པ་བསྒྲུབས་ཕྱིར་རྟགས་སུ་གྲུབ། །འཇུག་ཡུལ་རང་མཚན་གཅིག་ཁོ་ནར། །ངེས་མོད་མངོན་ལྐོག་དབྱེ་བས་གཉིས། །ཚད་མས་འཇུག་ཡུལ་རྟོགས་དགོས་པའི། །ལུང་ཡོད་མིན་ཀྱང་ཁས་བླངས་པས། །རྗེས་དཔག་འཇུག་ཡུལ་བསྒྲུབ་བྱ་ཞེས། །འདོད་པ་ཚད་བསྡུས་མཁན་པོའི་ལུགས། །རྟགས་ཅན་ཚད་མས་ལྐོག་གྱུར་གྱི། །རང་མཚན་རྟོགས་པ་མ་ཡིན་མོད། །རྟགས་འཛིན་དེ་ལས་སྐྱེས་པའི་ཕྱིར། །རྗེས་དཔག་ཡུལ་ལ་སླུ་བ་མེད། །འབྲེལ་ཕྱིར་མི་སླུ་བ་ཞེས་པ། །ཉེར་ལེན་ཚད་མ་སྔ་མ་ཡིས། །སྒྲོ་འདོགས་བཅད་ཟིན་མ་ཡིན་པའི། །དོན་ལ་འཇུག་པའི་དབང་དུ་བྱས། །འབྲས་རང་རྟགས་ཀྱི་རྟགས་འཛིན་བློ། །བྱས་དང་དུ་བ་ལས་སྐྱེས་མོད། །མངོན་དུ་གྱུར་པ་ཉིད་ཀྱི་ཕྱིར། །དངོས་གང་ཞེས་པར་དེ་མི་འཆད། །རྒྱུ་དང་རང་བཞིན་མ་དམིགས་པ། །འབྲས་རང་གཉིས་ཀྱི་འབྲེལ་བ་ཡི། །ངེས་བྱེད་རྗེས་དཔག་རྟེན་ཡིན་ཕྱིར། །ཕན་ཚུན་འཇུག་ཡུལ་གཅིག་ལ་འཇུག །ཐ་སྙད་འབའ་ཞིག་སྒྲུབ་པ་ཡི། །སྒྲུབ་ཆོས་དངོས་པོ་ཉིད་དུ་ངེས། །འགལ་ཟླ་དམིགས་པའི་གཏན་ཚིགས་ཀྱིས། །རང་གི་གནོད་བྱ་ནུས་མེད་ཀྱི། །དངོས་པོ་བསྒྲུབས་ཕྱིར་དེ་འཇུག་ཡུལ། །ཚད་མས་གནོད་པའི་འགལ་དམིགས་ནི། །རང་བཞིན་རྟགས་ཀྱི་རྟགས་འཛིན་བློའི། །རྟེན་ཡིན་དེ་ཡང་རང་བཞིན་གྱི། །རྟགས་དང་འཇུག་ཡུལ་གཅིག་ལ་འཇུག །མེ་དོན་གཉེར་བས་པ་ལཀྵ། །མེ་མིན་རྟོགས་པའི་རྗེས་དཔག་གི །འཇུག་ཡུལ་མེ་ཉིད་ཡིན་པའི་དཔེས། །དེ་དོན་ལེགས་པར་གྲུབ་པ་ཡིན། །ཁ་དོག་རང་མཚན་མི་རྟག་པ། །སྤྱི་ཡིན་ཕྱིར་ན་རང་སྤྱི་འདྲེས། །དེ་ལྟར་རྟོགས་པའི་ཚད་མ་ཡང༌། །ཕུང་པོ་གསུམ་པ་ཡིན་ཞེས་ཟེར། །ཁ་དོག་མི་རྟག་པ་རང་མཚན། །རྟོགས་པའི་ཚད་མ་མི་སྲིད་ཀྱང༌། །གཞན་སེལ་རྟོགས་བློ་རྗེས་དཔག་དང༌། །ཚད་མ་མིན་ལས་གཞན་མི་སྲིད། །ཁང་པའི་ནང་གི་མེ་རང་མཚན། །མངོན་སུམ་དང་ནི་ཕྱི་རོལ་དུ། །དུ་བའི་རྟགས་ལས་དེ་རྟོགས་པའི། །རྗེས་དཔག་གཉིས་ཀའི་ཡུལ་ཡིན་ཟེར། །དུ་བའི་རྟགས་ལས་མེ་ཙམ་ཞིག །རྟོགས་པ་རྗེས་དཔག་ཡིན་མོད་ཀྱང༌། །ཁྱད་པར་ངོ་ཤེས་མངོན་སུམ་གྱིས། །དྲངས་པའི་བཅད་ཤེས་ཉིད་དུ་འདོད། །ཅེས་བྱ་བ་འདི་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མངོན་སུམ་ཡང་དག ལོག་ཕྱོགས་མངོན་སུམ་ལྟར་སྣང༌། མངོན་སུམ་ཚད་མའི་འབྲས་བུ་སྒྲུབ་བྱེད་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང་མཚན་གཞིའི་དབྱེ་བ། རྩོད་པ་སྤངས་ཏེ་བྲལ་བྱ་རྟོགས་པ་ངོས་བཟུང་བའོ། །དང་པོ་ལ། རྟོག་པ་དང་བྲལ་བའི་སྒྲུབ་བྱེད་དང༌། རྟོག་པ་ཡིན་པ་ལ་གནོད་བྱེད། སླར་ཡང་རྟོག་པ་དང་བྲལ་བའི་སྒྲུབ་བྱེད་དོ། །དང་པོ་ལ། རྟོག་པ་ཙམ་དང་བྲལ་བའི་སྒྲུབ་བྱེད་དང༌། སོ་སོ་དང་བྲལ་བའི་སྒྲུབ་བྱེད་དོ། །དང་པོ་ལ། གཉིས་ཏེ། རང་ལུགས་ཀྱི་སྒྲུབ་བྱེད་དང༌། གཞན་ལུགས་ཀྱི་སྒྲུབ་བྱེད་མི་འཐད་དོ། །དང་པོ་ལ་སྒྲུབ་བྱེད་ཡོད་པར་བསྟན། གནོད་བྱེད་མེད་པར་བསྟན་པའོ། །དང་པོ་ལ། གཉིས་ཏེ། མངོན་སུམ་གྱི་སྒྲུབ་བྱེད་དང༌། རྗེས་དཔག་གི་སྒྲུབ་བྱེད་དོ། །དང་པོ་ལ། ཕྱོགས་སྔ་མ་ནི། བྱེ་བྲག་པ་ན་རེ། མངོན་སུམ་གྱིས་ཡུལ་འཛིན་པ་ན་སོ་སོའི་མིང་ཡང་འཛིན་ཏེ། མིང་དོན་ཐ་དད་མེད་པའི་ཕྱིར། ལྟོ་ལྡིར་བ་མཐོང་བ་ན་འདི་ནི་བུམ་པའོ་སྙམ་པའི་བློ་སྐྱེ་བ་བཞིན་ནོ། །ཞེས་ཟེར་ཏེ། དེའི་གཞུང་ལས། སྒྲ་ཡི་རྗེས་འཇུག་མ་རྟོགས་པའི། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །ལྡན་པ་ཉིད་དུ་ཁོ་བོས་རིག །ཅེས་སོ། །རིགས་པ་ཅན་པ་ན་རེ། མངོན་སུམ་ཐམས་ཅད་ནི་ངེས་པའི་བདག་ཉིད་ཡིན་ཞེས་ཟེར་རོ། །སྤྱོད་པ་པ་ན་རེ། དང་པོར་དོན་མཐོང་བའི་རྟོག་མེད་ཀྱི་ཤེས་པ་གཅིག་སྐྱེ་ལ། དེ་ཕྱིན་ཆད་མངོན་སུམ་ཐམས་ཅད་རྟོག་པར་སྐྱེའོ། །ཞེས་ཟེར། གྲངས་ཅན་ན་རེ། རྟོག་པ་དང་རྟོག་མེད་སྤེལ་ནས་སྐྱེ་བ་ཡིན་ནོ། །ཞེས་ཟེར་རོ། །དེ་དགག་པ་ལ། འདིའི་ཕྱིར་རྒོལ་ལ་རིགས་གཉིས་ཏེ། རྟོག་པ་དང་རྟོག་མེད་ཀྱི་རྣམ་དབྱེ་ལེགས་པར་ཤེས་པ་དང༌། མི་ཤེས་པའོ། །དེ་རེ་རེ་ལའང་མངོན་སུམ་རྟོག་པར་འཁྲུལ་བའི་རྒྱུ་ཡོད་པ་དང༌། མེད་པའོ། །འཁྲུལ་རྒྱུ་མེད་ཅིང་དེ་འདྲའི་རྣམ་དབྱེ་ཤེས་པའི་ངོར་ནི་མངོན་སུམ་རྟོག་བྲལ་གྱི་དོན་དང་ཐ་སྙད་གཉིས་ཀ་རྟགས་ཀྱིས་སྒྲུབ་མི་དགོས་ཏེ། དེའི་དོན་མངོན་སུམ་གྱིས་འགྲུབ་ཅིང༌། དེ་གྲུབ་པ་ན་དེའི་ཐ་སྙད་ཀྱང་ཐོགས་པའི་ཕྱིར་རོ། །འཁྲུལ་རྒྱུ་ཡོད་པ་དང་རྣམ་དབྱེ་མི་ཤེས་པའི་ངོར་ནི་དོན་དང་ཐ་སྙད་གཉིས་ཀ་རྟགས་ཀྱིས་སྒྲུབ་དགོས་ཏེ། འཁྲུལ་རྒྱུས་གེགས་བྱས་ནས་དོན་མངོན་སུམ་གྱིས་མི་འགྲུབ་པའི་ཕྱིར་དང༌། དོན་གྲུབ་ནས་ཀྱང་ཐ་སྙད་འདོགས་དགོས་པའི་ཕྱིར། འཁྲུལ་རྒྱུ་མེད་ཅིང་རྣམ་དབྱེ་མི་ཤེས་པའི་ངོར་ནི་ཐ་སྙད་འབའ་ཞིག་སྒྲུབ་དགོས་ཏེ། དོན་མངོན་སུམ་གྱིས་འགྲུབ་པའི་ཕྱིར་དང༌། ཐ་སྙད་མི་ཤེས་པའི་ཕྱིར། རྣམ་དབྱེ་ཤེས་ཤིང་འཁྲུལ་རྒྱུ་ཡོད་པ་ལ་ནི་དོན་འབའ་ཞིག་བསྒྲུབས་པས་ཆོག་པའོ། །དེ་ལྟར་ཤེས་ནས་གཞུང་གི་དོན་ནི། ཚད་མའི་མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་གསུངས་ནས། རྟོག་བྲལ་གྱི་སྒྲུབ་བྱེད་མི་འཆད་པ་ཅི་ཞེ་ན། མདོ་དེར་ཆོས་ཅན། མངོན་སུམ་རྟོག་བྲལ་གྱི་སྒྲུབ་བྱེད་མི་གསུང་བའི་རྒྱུ་མཚན་ཡོད་དེ། འཁྲུལ་རྒྱུ་མེད་པའི་ཚེ་མངོན་སུམ་རྟོག་པ་དང་བྲལ་བར་ནི་མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར་བའི་ཕྱིར། དོན་ནི། མངོན་སུམ་རྟོག་མེད་ཀྱི་ཤེས་པ་ཡིན་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། དེ་དེར་ཁྱོད་ཀྱིས་འགྲུབ་པ་ཡིན་ཏེ། དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་མངོན་སུམ་ཡིན་པའི་ཕྱིར། ཞེས་པའོ། །རྩ་བའི་རྟགས་སྒྲུབ་པ་ནི། འཁྲུལ་རྒྱུ་མེད་པའི་དུས་ཀྱི་མངོན་སུམ་ཆོས་ཅན། ཁྱོད་དེ་དང་བྲལ་བར་ཁྱོད་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། ཁྱོད་རྟོག་མེད་ཀྱི་ཤེས་པ་མ་ཡིན་ན་སོ་སོར་རང་གིས་རྟོག་པར་རིག་དགོས་པ་ལས་དེར་མ་རིག་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྐྱེས་བུ་ཀུན་གྱི་རྣམ་པར་རྟོག་པ་ནི་མིང་ལ་བརྟེན་པ་ཅན་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཕྱི་རོལ་གྱི་ཡུལ་ཐམས་ཅད་ལས་ནི་སེམས་འཕྲོ་བ་བསྡུས་ནས་ནང་གི་བདག་ཉིད་རྟོག་པས་གཡོ་བ་མེད་པར་གནས་པའི་ཚེ་ནའང་མིག་གིས་གཟུགས་དག་ནི་མཐོང་བའི་བློ་དེ་དབང་པོ་ལས་སྐྱེས་པ་མངོན་སུམ་ཡིན་ལ། སླར་ཡང་ཅུང་ཟད་རྣམ་པར་རྟོག་ན་ཁོ་བོའི་རྣམ་རྟོག་འདི་འདྲ་བར་གྱུར་ཏོ་ཅེས་རིག་དགོས་པ་ལས་སྔར་བཤད་མ་ཐག་པའི་གནས་སྐབས་ཀྱི་དབང་པོའི་རྟོགས་པ་ལ་ཁོ་བོའི་ཞེས་སོགས་དེ་ལྟར་རིག་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། རྟགས་དགོད་པ་ནི། དབང་པོ་ལས་སྐྱེས་པའི་བློ་ཐམས་ཅད་ཆོས་ཅན། རྟོག་པ་མ་ཡིན་ཏེ། ཁྱད་པར་རང་མཚན་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར། ཕྱོགས་ཆོས་སྒྲུབ་པ་ནི། དབང་ཤེས་ལ་གསལ་བར་སྣང་བ་དེ་སྤྱི་མ་ཡིན་ཏེ། ཡུལ་གཅིག་ཏུ་མཐོང་བའི་ཁྱད་པར་ནི་ཡུལ་གཞན་འགའ་ཞིག་ཏུ་མཐོང་བར་མི་འགྱུར་བའི་ཕྱིར་དང༌། གསལ་བ་དེ་ལས་རྫས་ཐ་དད་པའི་སྤྱི་གཞན་འཇལ་བྱེད་ཀྱི་མངོན་སུམ་ཡང་ཡོད་པ་མ་ཡིན་ཏེ། གསལ་བ་ལས་རྫས་ཐ་དད་པའི་སྤྱི་འཛིན་གྱི་བློ་མེད་པའི་ཕྱིར། དེའི་ཕྱིར་ཕྱོགས་ཆོས་གྲུབ་ཅེས་པའོ། །ཁྱབ་པ་སྒྲུབ་པ་ལ། སྤྱིར་རང་མཚན་བརྡའི་ཡུལ་མ་ཡིན་པར་བསྟན། བྱེ་བྲག་ཏུ་བརྡ་འབྲེལ་བྱེད་པའི་ཚེ་རང་མཚན་བརྡའི་ཡུལ་མ་ཡིན་པར་བསྟན། མིག་ཤེས་ལ་དོན་སྣང་བཞིན་པའི་ཚེ་རང་མཚན་བརྡའི་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ནི། ཁྱད་པར་རང་མཚན་རྣམས་ལ་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་དག་ནི་དངོས་སུ་འཇུག་པ་སྲིད་པ་ཡོད་པ་མ་ཡིན་ཏེ། བརྡ་འཇུག་པ་ནི་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། བརྡ་དུས་ཀྱི་ཁྱད་པར་རང་མཚན་ཐ་སྙད་ཀྱི་ཚེ་རྗེས་སུ་འགྲོ་བ་མེད་པས་ནའོ། །རྗོད་བྱེད་ཀྱི་སྒྲ་རྣམས་སྦྱོར་བའི་ཡུལ་ཡང་གང་ཞེ་ན། གཞན་སེལ་དེ་ཉིད་དེ། རྟོགས་པས་ལོག་ཕྱོགས་རྣམ་པར་བསལ་ཙམ་དེ་རྣམས་ཉིད་ལ་ནི་སྦྱོར་བར་བྱེད་པའི་ཕྱིར། གཉིས་པ་ནི། བརྡ་འབྲེལ་བྱེད་པའི་ཚེ་དོན་རང་མཚན་ལ་བརྡ་སྦྱོར་བས་རྩ་བའི་རྟགས་མ་ངེས་སོ་ཞེ་ན། དོན་དེའི་མིང་འདི་ཡིན་ནོ་ཞེས་ནི་བརྡ་འབྲེལ་བྱེད་པའི་རྟོག་པ་ལ་མིང་དང་དོན་དུ་སྣང་བ་ནི་གང་ཡིན་པ་དེ་དག་ཉིད་ནི་བརྡ་འབྲེལ་ཡིན་ན་དེ་ནི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་རང་མཚན་མ་ཡིན་ཏེ། དེའི་ཚེ་གསལ་བར་སྣང་བ་ཡི་དོན་སྣང་བ་ནི་མེད་པའི་ཕྱིར་རོ། །ཁྱབ་སྟེ། ཤེས་པ་ལ་སྣང་ཚུལ་ཐ་དད་པ་ཡིས་དོན་རྣམས་རང་མཚན་ཡིན་མིན་གྱི་ཁྱད་པར་དུ་བྱེད་པ་ཡིན་པའི་ཕྱིར། གསུམ་པ་ནི། མིག་ཤེས་ལ་ལྟོ་ལྡིར་བ་སྣང་བའི་ཚེ་འདི་ནི་བུམ་པའོ་ཞེས་བརྡ་བྱེད་པ་མ་ཡིན་ནམ་ཞེ་ན། མིག་ཤེས་ལ་དོན་རང་མཚན་སྣང་བ་ན་ཡང་མིང་འདིའོ་ཞེས་བརྡ་སྦྱོར་མཁན་པོ་གཞན་གྱིས་བསྟན་པའི་ཚེ་ཆོས་ཅན། གཞན་སེལ་དེ་ཉིད་སྒྲ་ཡིས་སྦྱོར་བར་བྱེད་ཀྱི། དབང་པོའི་སྤྱོད་ཡུལ་ལ་བརྡ་སྦྱོར་བ་མ་ཡིན་ཏེ། ཡིན་ན་དབང་པོའི་བྱ་བ་མེད་པ་དམུས་ལོང་ལ་བུས་པའོ་ཞེས་པའི་གཞན་ངག་ཙམ་གྱིས་ལྟོ་ལྡིར་བ་གསལ་བར་སྣང་དགོས་པ་ལས་དེ་ལྟར་སྣང་བ་མེད་པའི་ཕྱིར། གལ་ཏེ་བརྡ་འབྲེལ་མ་བྱས་པའི་གོང་དུ་དབང་ཤེས་ཀྱི་མིང་དོན་སྦྱར་ནས་འཛིན་པས་དབང་ཤེས་རྟོག་པའོ། །ཞེ་ན། བརྡ་འབྲེལ་མ་བྱས་གོང་དུ་མིང་དོན་སྦྱར་ནས་འཛིན་པ་ཅན་སྲིད་པ་མ་ཡིན་ཏེ། དེ་སྲིད་ན་བརྡ་མི་ཤེས་པའི་གང་ཟག་གིས་ཀྱང་དོན་དེ་མཐོང་བ་ན་འདིའོ་སྙམ་དུ་རང་ཉིད་ཀྱིས་ཤེས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ། མཐོང་རྟོག་གཅིག་ཏུ་འཁྲུལ་པ་མི་སྲིད་པའི་རྩོད་པ་མི་འཇུག་པ་དང༌། མཐོང་བ་རྒྱུན་ཆད་དུ་ཐལ་བའི་རྩོད་པ་མི་འཇུག་པའི། དང་པོ་ནི། དབང་ཤེས་རྟོག་པ་མ་ཡིན་ན་ཐག་ཁྲ་མཐོང་བ་ན་འདི་ནི་སྦྲུལ་ལོ་སྙམ་པའི་རྟོག་པ་སྐྱེ་བ་མི་འཐད་དོ་ཞེ་ན། རྟོག་བཅས་ཀྱི་ཡིད་སྦྲུལ་འཛིན་དང༌། རྟོག་པ་མེད་པ་ཁྲ་འཛིན་དབང་ཤེས་དེ་དག་ལ་ནི་ཆོས་ཅན། བླུན་པོ་དག་གཅིག་ཏུ་ཞེན་པའི་རྒྱུ་མཚན་ཡོད་དེ། གཞི་གཅིག་ལ་ཅིག་ཆར་དུ་ནི་འཇུག་པའི་ཕྱིར་རམ། འཇུག་པ་མྱུར་བའི་ཕྱིར། གཉིས་པ་ནི། ཐག་ཁྲ་མཐོང་བའི་དབང་ཤེས་ཆོས་ཅན། རྒྱུན་ཆད་ཅིང་སྐྱེ་བར་འགྱུར་ཏེ། སྦྲུལ་དུ་འཛིན་པའི་རྣམ་རྟོག་གིས་བར་བཅད་པས་སོ། །ཞེ་ན། མངོན་སུམ་རྟོག་པར་འདོད་པ་གཞན་གྱིའང་ལུགས་ལ་རིགས་ནི་ཐ་དད་པ་འདས་པའི་ཆོས་ལ་རྣམ་པར་རྟོག་པའི་ཚེ། གཟུགས་འཛིན་མིག་ཤེས་སྔ་ཕྱི་ཆོས་ཅན། ཇི་ལྟར་བར་ཆད་པ་མ་ཡིན་ཏེ། རྟོག་པ་དེས་བར་དུ་བཅད་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། དེས་བར་བཅད་ན་ཡང་བར་མ་ཆད་དུ་སྣང་བ་ཡིན་ཏེ། རང་ཡུལ་དངོས་པོར་ཡོད་པའི་ཕྱོགས་འཛིན་པས་འདས་པའི་ཡུལ་ཅན་གྱི་རྟོག་པ་ལས་སྟོབས་དང་ལྡན་པར་འདོད་པའི་ཕྱིར། མགལ་མེའི་འཁོར་ལོར་མཐོང་བའི་མིག་ཤེས་བཞིན་ནོ་ཞེ་ན། དེ་ལ་གཉིས་ཏེ། དོན་དགག་པ་དང༌། དཔེ་དགག་པའོ། །དང་པོ་ལ། མགོ་མཚུངས་དང༌། རྣལ་མའི་ལན་ནོ། །དང་པོ་ནི། གཞན་ཐག་ཁྲ་མཐོང་བའི་དབང་ཤེས་ལའང་ཆོས་ཅན། རང་ཡུལ་བར་མ་ཆད་དུ་སྣང་བར་ཐལ། དངོས་པོར་ཡོད་པའི་ཕྱོགས་འཛིན་པ་དེ་ནི་ཁྱོད་ལའང་མཚུངས་པ་ཡིན་པའི་ཕྱིར། གལ་ཏེ་འདས་པའི་རྟོག་པས་བར་བཅད་པའི་མིག་ཤེས་སྔ་ཕྱི་ཆོས་ཅན། རང་ཡུལ་བར་མ་ཆད་དུ་སྣང་སྟེ། འཇུག་པ་མྱུར་བའི་ཕྱིར། ཞེ་ན། ཡི་གེ་སཿརའང་ཆོས་ཅན། ཅིག་ཆར་རམ་བར་མ་ཆད་དུ་ཐོས་པར་འགྱུར་ཏེ། ཐོས་པ་མྱུར་བའི་ཕྱིར། གཉིས་པ་ལ། དངོས་དང༌། རྩོད་སྤང་ངོ༌། །དང་པོ་ནི། བློ་ནི་དུ་མ་ཅིག་ཆར་དུ་སྐྱེ་བར་འགྱུར་ཏེ། དེ་མི་སྐྱེ་བ་འདིར་ནི་གཟུགས་སོགས་དོན་དྲུག་པོ་ཀུན་དང་ཅིག་ཆར་དུ་འདུས་པ་ཅན་གྱི་བདག་རྐྱེན་དབང་པོ་རྣམས་ཡོད་པ་ན་གཟུགས་འཛིན་སྔ་ཕྱིའི་བར་དུ་སྒྲ་འཛིན་སོགས་ལྔ་པོ་རྣམས་ཀྱིས་ཆོད་ན་ཡང་ཆོད་མེད་བཞིན་དུ་སྣང་བའི་བློ་སྐྱེ་བ་གང་ཡིན་པ་དེ་དང༌། མིང་གི་ཆུང་བའི་མཐར་ཐུག་པའི་ཡུལ་ཅན་གྱི་ཤེས་པ་སྐད་ཅིག་དང་འདྲེས་པ་སྟེ་འཇུག་པ་མྱུར་བའི་ཕྱིར་ཡང་བར་ཆོད་པར་སྣང་བ་ཡིན་ནོ། །ཞེས་ཟེར་བ་དེ་ནི་ངོ་མཚར་བ་སྟེ་ནང་འགལ་བ་དེ་ཡི་ཕྱིར་རོ། །ཡང་ཤེས་པ་རྣམས་ཆོས་ཅན། བར་བཅས་དང་བར་མེད་ཀྱི་ཁྱད་པར་ཇི་ལྟར་ཡིན་ཏེ། འཇུག་པ་མྱུར་བས་རང་ཡུལ་བར་མ་ཆད་དུ་སྣང་བ་ལ་ཡང་ཁྱད་མེད་པའི་ཕྱིར་ནའོ། །ཡང་ཡིད་ཀྱི་རྟོག་པ་འབའ་ཞིག་ལ་ཡང་ཆོས་ཅན། ཡུལ་རིམ་བཞིན་དུ་ནི་འཛིན་པར་མི་འགྱུར་རོ་སྟེ་འཇུག་པ་ཆེས་ཤིན་ཏུ་མྱུར་བའི་ཕྱིར། གལ་ཏེ་བློ་དུ་མ་ཅིག་ཆར་སྐྱེ་ན་ཡིད་གཟུགས་ལ་ལྷག་པར་ཆགས་དུས་སུ་སྒྲ་ལ་ངེས་པ་མི་འདྲེན་པ་ཅི་ཞེ་ན། ལ་ལར་གཟུགས་ལ་ཀུན་ཏུ་ཆགས་པའི་སེམས་ཡོད་པ་ཅན་གྱི་ཚེ་ན་སྒྲ་ལ་སོགས་པའི་དོན་ཉེ་བ་ལའང་ངེས་ཤེས་ཀྱིས་འཛིན་ནུས་སུ་མེད་པ་གང་དེ་ཆོས་ཅན། བློ་དུ་མ་ཅིག་ཅར་དུ་མི་སྐྱེ་བའི་རྒྱུ་མཚན་ཅན་མ་ཡིན་ཏེ། གཟུགས་ལ་ཆགས་པས་གཞན་སྒྲ་སོགས་ལ་ངེས་པ་བསྐྱེད་པའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པ་ལས་ཡིན་པའི་ཕྱིར། རྒྱུ་མཚན་དེ་རྒོལ་བ་ཁྱོད་ཀྱིས་ཀྱང་ཁས་ལེན་དགོས་ཏེ། རྩོད་པ་འདི་རང་རེ་གཉིས་ཀ་ལ་ཡང་ཡོད་ལ། སྤོང་བྱེད་དེ་ལས་གཞན་མེད་པའི་ཕྱིར། འདིར་གཞན་དག་ཡིད་གཟུགས་ལ་ཆགས་དུས་སུ་གཟུགས་འཛིན་སོགས་མི་སྐྱེ་བའི་དོན་དུ་འཆད་པ་ནི་ནོར་བ་ཡིན་ཏེ། དབང་ཤེས་ལྔ་གཅིག་ཆར་དུ་སྐྱེ་བ་ནི། གཅིག་ཆར་རིགས་མི་མཐུན་སྐྱེ་ཡང༌། ཞེས་པའི་གཞུང་གིས་བསྟན་ལ། དེའི་ཚེ་གཟུགས་ལ་ངེས་པ་རང་སྟོབས་ཀྱིས་དྲངས་ན་སྒྲ་འཛིན་སོགས་སྣང་ལ་མ་ངེས་པ་ཉིད་དུ་ཁས་ལེན་དགོས་པའི་ཕྱིར་དང༌། དབང་ཤེས་ལྔ་གཅིག་ཆར་དུ་སྐྱེ་ཡང་དེས་དྲངས་པའི་ངེས་ཤེས་ལྔ་གཅིག་ཆར་དུ་མི་སྐྱེ་བའི་དོན་དུ་འཆད་དགོས་པའི་ཕྱིར་དང༌། གཟུགས་ལ་ཆགས་པས་སྒྲ་ངེས་པའི་དེ་མ་ཐག་རྐྱེན་ཉམས་པར་འཆད་ནུས་ཀྱི། སྒྲ་འཛིན་རྟོག་མེད་ཀྱི་དེ་མ་ཐག་རྐྱེན་ཉམས་པར་འཆད་མི་ནུས་པའི་ཕྱིར་དང༌། དབང་ཤེས་ལ་ཆོས་མངོན་པ་བ་དག རྐྱེན་ཉེར་གནས་དང་ཡིད་སྔོན་སོང་གཉིས་སུ་འཆད་པའི་ཕྱིར། ཁྱེད་ཀྱི་འཆད་ཚུལ་དེ་ནི་བློ་དུ་མ་གཅིག་ཆར་དུ་མི་སྐྱེ་བའི་རྒྱུ་མཚན་དུ་སོང་སྟེ། གཟུང་འཛིན་དབང་ཤེས་དང་སྒྲ་འཛིན་སོགས་གཅིག་ཆར་དུ་སྐྱེ་བའི་དེ་མ་ཐག་རྐྱེན་མེད་པར་ཁྱེད་ཀྱིས་འདོད་དགོས་པའི་ཕྱིར་ཏེ། གཟུགས་དང་སྒྲའི་ཡིད་བྱེད་སྔ་མ་ཉིད་དབང་ཤེས་དེ་དག་གི་དེ་མ་ཐག་རྐྱེན་དུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི། མགལ་མེ་ལ་སོགས་པ་མྱུར་དུ་འཇུག་པའི་རྗེས་སུ་འགྲོ་བས་གནོད་པ་ཅན་གྱི་འཁོར་ལོར་འཁྲུལ་པ་སྐྱེ་བ་ཡི་ཤེས་པ་དེ་ཆོས་ཅན། མཐོང་རྟོག་གཅིག་ཏུ་མཚམས་སྦྱོར་བ་ལས་བྱུང་བ་མ་ཡིན་ཏེ། བདག་རྐྱེན་མིག་གི་དབང་པོ་ལས་བྱུང་བའི་ཕྱིར། གཉིས་པ་ལ་གཉིས་ལས། ཕྱོགས་སྔ་མ་ནི། སྲིད་པའི་བདག་པོ་སོགས་ལ་ལ་ན་རེ། རྒན་པོའི་དབང་ཤེས་ཆོས་ཅན། རྟོག་མེད་ཡིན་ཏེ། དབང་པོ་ལས་སྐྱེས་པའི་ཕྱིར་དང༌། སོགས་པ་མྱོང་བའི་རྣམ་པས་འཇུག་པའི་ཕྱིར་དང༌། ཡིད་ལས་བྱུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར། བྱིས་པའི་བློ་བཞིན་ནོ། །བྱིས་པའི་བློ་རྟོག་མེད་ཡིན་པ་ཉིད་ཀྱི་རྒྱུ་ནི་བརྡ་འཛིན་པའི་ནུས་པ་ཉམས་པ་ཉིད་ཡིན་ནོ་ཞེས་སྨྲ་བའོ། །དེ་དག་གི་ལྟར་ན་ནི་བྱིས་པའི་བློ་ཐམས་ཅད་ཆོས་ཅན། མངོན་སུམ་ཉིད་དུ་ཐལ་བར་འགྱུར་ཏེ། རྟོག་པ་མེད་ཅིང་མ་འཁྲུལ་པའི་ཕྱིར། འཁྲུལ་ན་ལོག་ཤེས་ཁོ་ནར་འགྱུར་རོ། །བྱིས་པ་དེ་ནི་ཆོས་ཅན། ཕྱིས་ཀྱང་བརྡ་འཛིན་པར་མི་འགྱུར་རོ་སྟེ། བརྡའི་རྒྱུ་རྟོག་པ་དང་བྲལ་བའི་ཕྱིར། གལ་ཏེ་བྱིས་པ་ལ་བརྡ་ལམ་བྱས་པའི་ཡིད་ཡོད་པ་དེས་ན་ཕྱིས་བརྡ་དེ་འཛིན་པར་འདོད་དོ་ཅེ་ན། དབང་པོ་ལས་སྐྱེས་པའི་བློ་ཆོས་ཅན། ཕྱིས་བརྡ་འཛིན་པར་འགྱུར་ཏེ། བྱིས་བློ་རྟོག་མེད་ཀྱིས་ཕྱིས་བརྡ་འཛིན་པ་དེ་བཞིན་ཏེ། དེ་དང་མཚུངས་པའི་ཕྱིར། དེ་ལྟར་དཔེ་བཀག་ནས་དོན་གྱི་སྒྲུབ་བྱེད་འཁྲུལ་པ་ནི། དབང་པོ་ལས་སྐྱེས་པ་འདི་འདྲ་འདི་ཡང་ཆོས་ཅན། དེ་སྒྲུབ་ཀྱི་ལྷག་ལྡན་ཡིན་ཏེ། ཕྱོགས་ཆོས་གྲུབ་ཀྱང་རྒོལ་བའི་ངོར་མི་མཐུན་ཕྱོགས་ལས་ཟློག་པ་ཐེ་ཚོམ་ཟ་བའི་ཕྱིར། གཞན་ཡང༌། བྱིས་པའི་བློ་ལ་རྟོག་མེད་དུ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཉིད་དོན་གྱི་སྐབས་འདིར་ཡང་བརྗོད་པར་བྱ་སྟེ། གཉིས་ཀ་རྟོག་བྲལ་དུ་སྒྲུབ་དགོས་ཀྱི་དབང་པོའི་བློར་ནི་མཚུངས་པའི་ཕྱིར་རོ། །སྒྲུབ་བྱེད་གཞན་ཡོད་དོ་ཅེ་ན། ཇི་སྐད་བཤད་པ་འདིས་ནི་ཆོས་ཅན། མྱོང་བའི་རྣམ་པས་འཇུག་པ་སོགས་ཀྱང་ལྷག་ལྡན་དུ་བཤད་པ་ཡིན་ཏེ། དེ་དག་དེའི་མི་མཐུན་ཕྱོགས་ལ་ཞུགས་པར་དོགས་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། དོན་སྦྱོར་རྟོག་པ་དང་བྲལ་བར་བསྟན། སྒྲ་སྦྱོར་རྟོག་པ་དང་བྲལ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། རྩོད་སྤང་ངོ༌། །དང་པོ་ལ་གསུམ་སྟེ། གཏན་ཚིགས་དགོད། ཁྱབ་པ་སྒྲུབ། ཕྱོགས་ཆོས་མ་གྲུབ་པའི་རྩོད་པ་སྤང་བའོ། །དང་པོ་ནི། དབང་ཤེས་ཆོས་ཅན། རིགས་སོགས་དེ་དང་ལྡན་པའི་རྫས་ལ་སྦྱོར་བའི་རྟོག་པར་ཡོད་པ་མ་ཡིན་ཏེ། རིགས་སོགས་དང་རྫས་ཀྱི་བྱེ་བྲག་སོ་སོར་རྟོག་པ་མེད་པའི་ཕྱིར། གཉིས་པ་ནི། ཁྱབ་སྟེ། ཁྱད་པར་ནི་ཁྱད་པར་གྱི་གཞི་དང་དེ་དག་གི་འགྲེལ་པ་དང་འཇིག་རྟེན་གྱི་གཞུང་ལུགས་ཏེ་དེ་དག་གི་མིང་དོན་རྣམས་སྔར་སོ་སོར་བཟུང་ནས་ཕྱིས་སྡོམ་པར་བྱ་སྟེ། གཅིག་ཏུ་འཛིན་པ་དེ་ལྟར་དུ་རྟོགས་ཀྱི། དེ་ལས་གཞན་དུ་མ་ཡིན་པའི་ཕྱིར། དཔེར་ན་སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པ་བཞིན་ནོ། །དེས་ན་དབང་ཤེས་འདི་ལ་དོན་སྦྱོར་གྱི་རྟོག་པའང་མེད་དོ། །གསུམ་པ་ནི། སྤྱི་རྫས་གཞན་ཡོད་དེ། གསལ་བ་དུ་མ་ལ་སྤྱི་སྒྲ་གཅིག་འཇུག་པའི་ཕྱིར། ཞེ་ན་འདི་ལ་གཞན་འདོད་པའི་སྤྱི་མངོན་སུམ་གྱིས་མི་འགྲུབ་པར་བསྟན། རང་འདོད་པའི་སྤྱི་དེས་མི་འགྲུབ་པར་བསྟན། སྤྱི་རྫས་གཞན་སྒྲུབ་བྱེད་མེད་པར་བསྟན་པའོ། །དང་པོ་ནི། རྗེས་འགྲོ་ཅན་སྤྱི་འཛིན་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེའང་ཆོས་ཅན། བྱེ་བྲག་པས་འདོད་པའི་སྤྱི་འཛིན་པ་མ་ཡིན་ཏེ། སྒྲ་སྟེ་མིང་དང་དབྱིབས་དང་ཁ་དོག་སོགས་སུ་གསལ་བར་སྣང་བའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བ་ལང་ཉིད་ཅེས་བྱ་བའི་སྤྱི་དེ་ཁ་དོག་དང་དབྱིབས་དང་ཡི་གེའི་རྣམ་པ་ཡིས་སྟོང་པ་ཉིད་དུ་བྱེ་བྲག་པས་བརྗོད་པའི་ཕྱིར། གཉིས་པ་ནི། སངས་རྒྱས་པ་འདོད་པའི་གཞན་སེལ་དེ་ཉིད་གསལ་བ་རྣམས་ལ་མཚུངས་པ་སྟེ་རྗེས་སུ་འགྲོ་བ་ཉིད་ཡིན་ཡང་མིག་གི་ཡུལ་ལ་མཐོང་བ་མེད་དེ། མིག་ཤེས་ལ་གསལ་མི་གསལ་གྱི་སྣང་བ་གཉིས་ནི་མེད་པའི་ཕྱིར་རོ། །གསུམ་པ་ལ། གཉིས་ཏེ། སྤྱི་རྫས་གཞན་མངོན་སུམ་གྱིས་མི་འགྲུབ་པ་དང༌། རྗེས་དཔག་གིས་མི་འགྲུབ་པའོ། །དང་པོ་ནི། སྤྱི་ཆོས་ཅན། རྫས་གཞན་དུ་ཡོད་པ་མ་ཡིན་ཏེ། ཁྱོད་གསལ་བ་རྣམས་ལས་རྫས་ཐ་དད་པའང་འཛིན་བྱེད་ཀྱི་བློ་མ་འཁྲུལ་བ་རྙེད་པར་དཀའ་བའི་ཕྱིར། གལ་ཏེ། སྤྱི་གསལ་དངོས་པོ་ཐ་དད་ཡིན་ཀྱང་འཕྲོད་འདུས་སྦྲེལ་བའི་རྒྱུ་མཚན་གྱིས་ཐ་དད་དུ་མི་སྣང་ངོ་ཞེ་ན། འཕྲོད་འདུའི་འབྲེལ་པ་ཆོས་ཅན། ཚད་མས་མཐོང་བ་མེད་པར་གནས་ཏེ། དབང་པོས་འཛིན་པ་མེད་པའི་ཕྱིར། གལ་ཏེ་འཕྲོད་འདུའི་འབྲེལ་པ་ཡོད་དེ། སྣལ་མ་འདི་ལ་སྣམ་བུའོ་ཞེས་པའི་སྒྲ་འཇུག་པའི་ཕྱིར་ཞེ་ན། རྒྱུ་མཚན་དེས་དེ་ཡོད་པར་མི་འགྲུབ་སྟེ། སྣལ་མ་འདི་ལ་སྣམ་བུའོ་ཞེས་པའི་སྒྲ་འདི་དག་ཀྱང་བྱེ་བྲག་པ་རང་གིས་བྱས་པ་ཡིན་གྱི། འཇིག་རྟེན་དང་རིགས་པ་གཉིས་དང་མི་མཐུན་པའི་ཕྱིར། འཇིག་རྟེན་དང་མི་མཐུན་ཏེ། བ་ལང་ཞེས་བྱ་བའི་ཡན་ལག་ནི་ལྷག་མ་མགོ་སོགས་དང་རྭ་གཉིས་བར་རྣམ་པར་བཅད་པ་དམིགས་སུ་མེད་པ་དེ་ཕྱིར་རམ་རྒྱུ་མཚན་དུ་བྱས་ནས་བ་ལང་ལ་རྭ་ཡོད་དོ་ཅེས་འཇིག་རྟེན་ན་གྲགས་ཀྱི། འཕྲོད་འདུ་རྒྱུ་མཚན་དུ་བྱེད་ན་རྭ་ལ་ཡང་བ་ལང་ཡོད་ཅེས་འཇིག་རྟེན་ན་གྲགས་དགོས་པ་ལས་དེ་ལྟར་མ་ཡིན་པའི་ཕྱིར། རིགས་པ་དང་མི་མཐུན་པ་ནི་སྣལ་མ་དང་སྣམ་བུ་རྒྱུ་འབྲས་ཡིན་གྱི་མིང་དོན་མ་ཡིན་ནོ། །ཞེས་འཆད་པ་ལ། སྣལ་མ་རྣམས་ཐགས་བཟང་སོགས་ཀྱིས་འདུས་བྱས་པ་ལས་ཕྱིས་ལིང་པོ་གཅིག་ཏུ་བྱུང་བའི་ཚེ་སྣལ་མ་དེ་རྣམས་ཀྱི་སྣམ་བུ་ནི་འདི་ཡིན་ནོ་ཞེས་འབྲས་བུ་སྣམ་བུར་བརྗོད་པ་ཡིན་གྱི། སྣལ་མ་དང་སྣམ་བུ་གཉིས་ཇི་ལྟ་བུར་ཡང་དུས་གཅིག་ཏུ་གྲུབ་པ་མ་ཡིན་ཏེ། རྒོལ་བ་འགའ་ཡིས་རྒྱུ་སྣལ་མ་ལ་འབྲས་བུ་སྣམ་བུར་སྒྲོ་བཏགས་པའམ་ཡང་ན་སྣམ་བུ་ཞེས་པའི་སྒྲའི་རྟེན་ནི་སྟོན་པ་ན་སྣལ་མ་གཅིག་ནི་ལོགས་སུ་བཀར་བར་བྱས་ལ། འབྲས་བུ་སྣམ་བུ་ལ་རྒྱུ་སྣལ་མ་ཞེས་པའི་སྒྲ་ནི་འཇུག་པར་འགྱུར་བའི་ཕྱིར། གལ་ཏེ། སྣལ་མ་ལ་འཕྲོད་འདུའི་འབྲེལ་པ་མ་གྲུབ་ན་སྣམ་བུ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་མེད་པར་འགྱུར་རོ། །ཞེ་ན། སྣལ་མ་རྣམས་ཕན་ཚུན་དུ་ཕན་གདགས་བྱ་དང་ཕན་འདོགས་བྱེད་ཉིད་དམ། བར་རྣམ་པར་ཆད་པ་མེད་པར་ལིངས་པོ་གཅིག་ཏུ་སྣང་བ་ཉིད་གང་ཡིན་པ་དེ་ཆོས་ཅན། ཁྱོད་ལ་སྣམ་བུ་ཞེས་པའི་བརྡ་དངོས་མིང་དུ་འཇུག་པ་ཡིན་ཏེ། སྣམ་བུ་ཞེས་པའི་སྒྲ་ལས་ཁྱོད་འཁྲུལ་པ་མེད་པ་ཅན་དུ་གོ་བའི་ཤེས་པ་དང་པོར་སྐྱེ་བ་ཡི་བརྡ་ཡི་སྤྱོད་ཡུལ་ཡིན་པས་སོ། །འདིར་བྱེ་བྲག་པས་ནི་སྤྱི་གསལ་རྫས་ཐ་དད་དུ་ཡོད་ཀྱང་མི་མཐོང་བའི་རྒྱུ་མཚན་དུ་འདུ་བས་སྦྲེལ་བ་བཀོད་ནས་ཤེས་བྱེད་ཀྱི་དཔེ་ནི། སྣལ་མ་རྣམས་རྫས་ཐ་དད་ཀྱང་འདུ་བས་སྦྲེལ་བ་ན་དེར་མི་མཐོང་བ་བཞིན་ནོ། །ཞེས་ཟེར་བ་ལ། འབྲེལ་པ་དེ་ཉིད་ཀྱང་མ་དམིགས་པའི་རྟགས་ཀྱིས། དཔེ་མི་འཐད་པར་བསྟན་པ་ནི། འོ་ན་སྣམ་བུ་མི་སྲིད་པར་འགྱུར་རོ། །ཞེས་ཟེར། དེའི་གོ་བ། འབྲེལ་པ་དེ་ཉིད་སྣམ་བུ་ལ་འདོད་པ་མ་ཡིན་གྱི། ཡན་ལག་རྣམས་ལ་འཕྲོད་འདུ་མ་གྲུབ་ན་ཡན་ལག་ཅན་གྱི་རྫས་མི་རྩོམ་པར་འགྱུར་ཞེས་པའོ། །དེ་ལ་ནི་འདོད་ལན་བཏབ་པ་ཡིན་ཏེ། ཅི་ལྟ་བུར་ཡང་དུས་གཅིག་མིན། །ཞེས་ཡན་ལག་དང་ཡན་ལག་ཅན་དུས་མཉམ་རྫས་གཞན་དུ་ཡོད་པ་མ་ཡིན་པར་བཤད་པས་སོ། །ཡན་ལག་ཅན་གྱི་རྫས་སྣམ་བུ་མེད་ན་སྣམ་བུ་ཉིད་ཅེས་བྱ་བའི་སྤྱི་དོན་གཞན་པ་དེ་གང་ལ་ཁྱབ་བྱེད་དུ་འགྲོ་བའི་ཡན་ལག་ཅན་གྱི་རྫས་སོ་སོ་བ་རྣམས་མེད་པར་འགྱུར་ལ། དེ་མེད་ན་སྤྱི་དེ་ཡང་མེད་དགོས་པས་ཡུལ་དུས་སོ་སོའི་རྫས་མ་འདྲེས་པ་རྣམས་ལ་སྤྱི་སྒྲ་ཅིག་འཇུག་པར་མི་འགྱུར་རོ། །ཞེས་ཟེར་བ་ལ། བུམ་སྣམ་ལ་སོགས་པའི་ཡན་ལག་ཅན་རྣམས་ནི་རང་གི་ཡན་ལག་ལ་བཏགས་པའི་ཡོད་པ་ཡིན་གྱི། དངོས་པོ་ལ་མེད་དོ། །ཞེས་བཤད་པ་ན། སྣམ་བུ་ཞེས་པའི་སྒྲ་དོན་གང་ལ་དངོས་མིང་དུ་འཇུག་པའི་གཞི་མེད་པར་འགྱུར་རོ། །ཞེས་རྩོད་པའི་ལན་དུ། རང་གི་ཡན་ལག་ཚོགས་ཙམ་གྱི་གནས་སྐབས་ལ་ཡན་ལག་ཅན་གྱི་མིང་འདོད་བརྒྱལ་དུ་སྦྱར་བ་དེ་ལ་དངོས་མིང་དུ་འཇོག་གོ །ཞེས་འཆད་པའོ། །གཞན་ཡང༌། བྱེ་བྲག་པས་སྣལ་མ་རྣམས་དང་པོ་སོ་སོ་བ་དང༌། བར་དུ་འབྲེལ་ནས་ཡན་ལག་ཅན་གྱི་རྫས་བརྩམས་པ་དང༌། ཕྱིས་དེ་ཡང་ཞིག་ནས་རྡུལ་སོ་སོ་བར་གནས་པ་དང་གསུམ་ལས། ཐོག་མཐའ་གཉིས་ལ་མཐའ་ཞེས་ཟེར་ལ། བར་པ་དེ་ལ་མཐའ་གཉིས་ཀྱིས་བར་དུ་ཆོད་པའི་ཡོད་པ་ཁྱད་པར་ཅན་ཞེས་བྱ་ལ། དེ་ཉིད་ལ་མི་རྟག་པའི་རྫས་ཞེས་ཟེར་ཞིང༌། རྫས་དེ་དང་ཡོད་པ་ཉིད་ལ་སོགས་པའི་སྤྱི་དེ་འཕྲོད་པས་འདུ་བ་ཡིན་གྱི་མཐའ་གཉིས་པོ་ལ་ནི་ཡན་ལག་ཅན་གྱི་རྫས་མེད་པས་སྣམ་བུ་ཉིད་ལ་སོགས་པའི་སྤྱི་དང་འབྲེལ་བ་མེད་དོ། །དེ་མེད་པའི་ཕྱིར་ན་སྤྱི་དེ་དང་ཡན་ལག་སོ་སོ་བ་རྣམས་ལ་དྲུག་པའི་སྒྲ་སྦྱོར་དུ་མི་རུང་ངོ༌། །ཞེས་འཆད་པ་དང༌། ཡང་རྫས་དང་སྤྱི་སོགས་ཕྲད་པ་ནི་རྒྱུ་ཡིན་ལ། ཕྲད་པ་དེ་ལས་བྱུང་བའི་འབྲེལ་པ་ནི་འབྲས་བུ་ཡིན་ཞིང༌། རྒྱུ་འབྲས་དེ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་ཡན་ལག་ཅན་གྱི་རྫས་དེ་མི་རྟག་པའོ། །ཞེས་འདོད། དེ་བཞིན་དུ་དངོས་པོ་ཚིག་གི་དོན་དྲུག་པོ་ཐམས་ཅད་ཀྱང་རྒྱུའི་དུས་སུ་མི་གསལ་བའི་ཚུལ་གྱིས་ཡོད་པ་ཡིན་གྱི། སྔར་མེད་གསར་བྱུང་གི་དངོས་པོ་ཁས་མི་ལེན་ནོ། །དོན་འདི་ནི་གང་གི་མཐའ་གཉིས་ཆོད་ཡོད་པའམ་ཞེས་པའི་སྐབས་སུ་དྲན་པར་བྱའོ། །གཉིས་པ་ལ། ཕྱོགས་སྔ་མ་ནི། སྤྱི་རྫས་གཞན་ཡོད་དེ། གསལ་བ་དུ་མ་ལ་སྤྱི་སྒྲ་གཅིག་འཇུག་པའི་ཕྱིར། དཔེར་ན་སྐྱེས་བུ་དང་དབྱུག་པ་རྫས་གཞན་ཡིན་ཀྱང༌། གཉིས་ཀ་ལ་ཁྱབ་བྱེད་ཀྱི་སྤྱི་རྫས་གཞན་ཞིག་ཡོད་པའི་རྒྱུ་མཚན་གྱིས་དབྱུག་པ་ཅན་ཞེས་པའི་སྒྲ་གཅིག་འཇུག་པ་བཞིན་ནོ། །ཞེ་ན། དེ་ལ་སྤྱིར་དགག་པ་དང༌། དཔེར་དོན་སོ་སོར་མི་འཐད་པའོ། །དང་པོ་ནི། གསལ་བའི་དངོས་པོ་ལས་ནི་ཐ་དད་པ་ཅན་གྱི་རིགས་སོགས་ལ་ནི་སྒྲུབ་བྱེད་ཀྱི་རྗེས་དཔག་མེད་དེ། སྒྲུབ་བྱེད་ཀྱི་གཏན་ཚིགས་དང་ཤེས་བྱེད་ཀྱི་དཔེ་གཉིས་ཀ་མི་འཐད་པའི་ཕྱིར། གཉིས་པ་ལ་གཉིས་ལས། དཔེ་མི་འཐད་པ་ནི། དབྱུག་པ་ཅན་སོགས་ཀྱི་ཐ་སྙད་ཐམས་ཅད་ལའང་ཆོས་ཅན། གསལ་བ་རྫས་གཞན་དུ་མ་ལ་སྤྱི་དངོས་པོ་བ་གཅིག་ཡོད་པའི་རྒྱུ་མཚན་ཅན་མ་ཡིན་ཏེ། སྐྱེས་བུ་དང་དབྱུག་པ་ཁྱད་གཞི་དང་ཁྱད་ཆོས་སུ་སྦྱོར་བའི་བློ་ཀུན་རྫོབ་པ་ལས་སྒྲོ་འདོགས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྗོད་བྱེད་ཀྱི་ཐ་སྙད་འཇུག་པ་བརྗོད་བྱ་དོན་གཞན་ལ་མི་ལྟོས་པར་བསྟན་པ་དང༌། བརྗོད་བྱ་དོན་གཞན་མེད་ཀྱང་ཐ་སྙད་འདོགས་པའི་རྒྱུ་མཚན་ནོ། །དང་པོ་ནི། དེ་དེ་ལ་ལྟོས་པ་མ་ཡིན་ཏེ། བྱེ་བྲག་པ་ཉིད་ཀྱི་ལུགས་ལ་ཡང་ཚིག་གི་དོན་དྲུག་ལ་དངོས་པོ་ཞེས་བྱ་བའི་སྒྲ་འཇུག་པ་ཡང་བརྗོད་བྱ་གཞན་ལ་ལྟོས་པ་མ་ཡིན། ཁང་བཟང་དང་ཕྲེང་བ་ཞེས་བརྗོད་པར་འགྱུར་ཏེ། ཕྲེང་བ་དེ་ཁྱོད་ཀྱི་རིགས་ཡིན་པའི་ཕྱིར། དཔེར་ན་ཙནྡན་ལ་ཤིང་ཞེས་བརྗོད་པ་བཞིན་ནོ། །ཡང་ཕྲེང་བ་མང་པོ་ལ་ཆོས་ཅན། ཕྲེང་བ་དེའི་སྒྲ་ཇི་ལྟར་འཇུག་པར་འགྱུར་ཏེ། རིགས་ལ་རིགས་གཉིས་པ་མེད་པར་ཁས་བླངས་པའི་ཕྱིར། ཕྲེང་བ་ཆེན་པོ་སོགས་ལ་ནི་ཆོས་ཅན། ཆེན་པོ་སོགས་ཀྱི་སྒྲ་ཇི་ལྟར་འཇུག་སྟེ་མི་འཇུག་པར་ཐལ། ཆེན་པོ་དོན་གཞན་མེད་པའི་ཕྱིར། གལ་ཏེ་དེ་དག་ལ་ཆེན་པོའི་སྒྲ་ཉེ་བར་བཏགས་པ་ལས་འཇུག་པར་འདོད་དོ། །ཞེ་ན། དེ་ཆོས་ཅན། དེའི་སྒྲ་ཉེ་བར་བཏགས་པ་མ་ཡིན་ཏེ། ཆེན་པོ་སོགས་གང་ཡིན་པའི་དངོས་པོར་འདོད་པའི་རི་བོ་སོགས་དང་ཁྱད་པར་མེད་པར་རྣམ་ཤེས་ཀྱིས་བཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་དང༌། ཆེན་པོ་ཞེས་པའི་སྒྲ་དངོས་མིང་དུ་མངོན་པར་འཇུག་པར་འདོད་པའི་རི་བོ་ཆེན་པོ་སོགས་ལའང་སྒྲ་འཇུག་པའི་རྒྱུ་ཆེན་པོ་དོན་གཞན་ཡོད་པ་མ་ཡིན་པ་ཉིད་དེ་མཚུངས་པའི་ཕྱིར་དང༌། ཚིག་གི་དོན་དྲུག་པོ་རྣམས་ལ་ནི་ཚིག་དོན་གྱི་སྒྲ་འཇུག་པའི་རྒྱུ་རྫས་གཞན་གང་ལ་ལྟོས་པར་མཐོང་སྟེ་ཁྱོད་རང་གིས་ཁས་མ་བླངས་པའི་ཕྱིར། འོ་ན་དངོས་མིང་དང་བཏགས་མིང་གི་ཁྱད་པར་ཅི་ཞེ་ན། ཇི་ལྟར་བ་ལང་ཞེས་པའི་སྒྲ་འཇིག་རྟེན་གྱི་གྲགས་པ་ལས་དང་པོར་གྲུབ་པ་གང་ཡིན་པའི་ནོག་སོགས་འདུས་པའི་གོང་བུ་ལ་དངོས་མིང་དང༌། དེ་དང་བླུན་པར་མཚུངས་པའི་ཕྱིར་ན་ནོག་སོགས་འདུས་པ་མ་ཡིན་པ་གང་ལ་བ་ལང་ཞེས་དེ་སྐད་དུ་བརྗོད་པ་ནི་ཕལ་པ་བཏགས་མིང་ཡིན་ཏེ། བུ་གླེན་པའི་དངོས་པོ་མེད་ཅེས་བཏགས་པའི་ཕྱིར་རོ། །གལ་ཏེ་གྲགས་པ་ཉིད་བརྗོད་བྱ་དོན་གཞན་ལ་ལྟོས་སོ། །ཞེ་ན། གྲགས་པ་ཆོས་ཅན། དེ་ལ་ལྟོས་པ་མ་ཡིན་ཏེ། དེའི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། བརྡ་དེ་ཡང་བརྗོད་འདོད་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། བརྡ་དེ་རྒྱུ་མཚན་དོན་གཞན་ལ་མི་ལྟོས་ན་དགོས་པ་ཅི་ཞེ་ན། བརྡ་ནི་ཐ་སྙད་ཀྱི་དོན་དུ་བྱས་པ་ཡིན་ཏེ། དཔེར་ན་མེ་ཏོག་ཕྲེང་འཛིན་ལ་སོགས་པའི་སྡེབ་སྦྱོར་གྱི་མིང་དང༌། སྒྲའི་ཆ་ཤས་འགའ་ཞིག་ལ་བྱིངས་དང་རྐྱེན་ལ་སོགས་པའི་ཐ་སྙད་བྱས་པ་བཞིན་ནོ། །འདིར་བྱེ་བྲག་པས་ནི་སྒྲ་འཇུག་པའི་རྒྱུ་མཚན་གསུམ་ཁས་ལེན་ཏེ། ཡན་ལག་ཅན་གྱི་རྫས་དོན་གཞན་དང༌། སྤྱི་དོན་གཞན་དང༌། ལྡན་པ་དོན་གཞན་ནོ། །དེ་བཞིན་དུ་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ལ་ཡང་རྒྱུ་མཚན་དེ་གསུམ་སྟེ་གཞུང་གི་སྐབས་ནས་གསལ་ལོ། །གཉིས་པ་ལ། དངོས་དང༌། དེས་ན་གཞན་སེལ་བརྗོད་བྱར་བསྟན་པའོ། །གང་འབྲེལ་མེད་ཐ་དད་དུ་གྱུར་ཀྱང༌། རིགས་གཅིག་ཏུ་འཛིན་པ་དེ་འདྲའི་རྣམ་ཤེས་ཀྱི་རྒྱུར་འགྱུར་བ་ཡི་ནི་དོན་གསེར་དང་དངུལ་གྱི་བུམ་པ་སོགས་དེ་དག་ལ་ཆོས་ཅན། རྟོག་པའི་ཤེས་པ་དེས་རིགས་གཅིག་པ་དེ་ལྟར་དུ་རྟོགས་པར་འགྱུར་བ་ཡིན་ཏེ། དངོས་པོའི་ཆོས་ཉིད་ཀྱིས་དེ་ལྟར་འགྱུར་བའི་ཕྱིར། གལ་ཏེ་གསལ་བ་རྣམས་འབྲས་བུ་རིགས་གཅིག་པ་མ་ཡིན་ཏེ། གསེར་དངུལ་གྱི་བུམ་པ་འཛིན་པའི་ཤེས་པ་ཐ་དད་དུ་སྐྱེ་བའི་ཕྱིར། ཞེ་ན། བུམ་གསལ་རྣམས་ཐ་དད་ཀྱང་རིགས་ཐ་དད་མ་ཡིན་པར་མི་རྟོགས་པ་དེ་བཞིན་དུ་བུམ་གསལ་སོ་སོ་འཛིན་པའི་ཤེས་པའང་ཆོས་ཅན། རིགས་གཅིག་པ་ཡིན་ཏེ། རང་རིགས་གཅིག་ཏུ་རྟོགས་པའི་བློའི་རྒྱུ་བྱེད་པའི་ཕྱིར། དེའི་ཕྱིར་རིགས་གཅིག་ཏུ་འཛིན་པའི་ཤེས་པ་སྐྱེ་བ་ལ་རིགས་རྫས་གཞན་མི་དགོས་ཏེ། བུམ་གསལ་རྣམས་ལ་སེལ་ངོར་ཆུ་སྐྱོར་བ་དེའི་འབྲས་བུ་མེད་པ་དང་བྲལ་བ་ཙམ་ཞིག་རྗེས་སུ་འགྲོ་བ་ཡིན་གྱི། སྤྱི་དངོས་པོ་བ་གཅིག་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྒྲས་དངོས་མེད་བརྗོད་པས་རང་མཚན་གོ་བར་མི་འགྱུར་རོ། །ཞེ་ན། བུམ་པ་ཞེས་པའི་མཉན་པ་དེ་ཆོས་ཅན། བུམ་གསལ་གྱི་དངོས་པོ་ལ་འཇུག་པའི་མཐའ་ཅན་ཡིན་ཏེ། ཁྱོད་ཀྱིས་དངོས་སུ་བརྗོད་པའི་གཞན་སེལ་དེ་བུམ་གསལ་གྱི་དངོས་པོ་རྣམས་ལ་ཡོད་པ་དེའི་ཕྱིར། དེའི་ཁྱབ་སྒྲུབ་ནི། བུམ་པ་ཞེས་པའི་མཉན་པ་ཆོས་ཅན། བུམ་མིན་རྣམ་པར་གཅོད་བྱེད་ཕྱི་རོལ་དོན་བྱེད་ནུས་པ་ལ་རེག་པ་མེད་ཀྱང་གཞན་བུམ་མ་ཡིན་སེལ་བར་བྱེད་དོ་ཞེས་བརྗོད་པ་ཡིན་ཏེ། གཞན་སེལ་དངོས་སུ་བརྗོད་པས་དོན་རང་མཚན་གྱི་མཐར་ཐུག་པའི་ཕྱིར། དེ་ཡིན་ཏེ། བུམ་པ་ཞེས་པའི་སྒྲ་དེ་ནི་བུམ་འཛིན་རྣམ་པར་རྟོག་པའི་གཟུགས་བརྙན་དེའི་མཐར་ཐུག་པ་རྣམས་དང་ནི་བརྒྱུད་ནས་འབྲེལ་བ་དེས་ནའོ། །གལ་ཏེ་བུམ་པ་ཞེས་པའི་སྒྲས་དོན་རང་མཚན་བརྗོད་པ་ཡིན་ཏེ། དེས་བུམ་འཛིན་རྟོག་པའི་གཟུགས་བརྙན་བརྗོད་པའི་ཕྱིར། ཞེ་ན། བུམ་པ་ཞེས་པའི་སྒྲ་དག་ལས་བུམ་འཛིན་ཤེས་པ་ལ་གཞན་བུམ་གསལ་གྱི་གཟུགས་བརྙན་སྣང་བ་གང་ཡིན་པ་དེ་ཡང་ཆོས་ཅན། དོན་རང་མཚན་གྱི་བདག་ཉིད་མ་ཡིན་མོད། འཁྲུལ་པའི་བག་ཆགས་གོམས་པ་ལས་བྱུང་བའི་ཕྱིར་ལྡོག་པ་མེད་དགག་གི་གཞན་སེལ་བཞིན་ནོ། །འོ་ན་སྒྲས་ཅི་ཞིག་བརྗོད་ཅེ་ན། རྗོད་བྱེད་ཀྱི་སྒྲས་དོན་གྱི་ཆ་ནི་ཅི་བརྗོད་ཅེས་འདྲི་བ་དེ་ལ་གཞན་སེལ་བརྗོད་དོ་ཞེས་བསྟན་པར་བྱ་སྟེ། དོན་རང་མཚན་དེ་ནི་བརྡའི་དུས་སུ་མཉན་པས་བརྗོད་པ་ན་ཐ་སྙད་ཀྱི་དུས་སུ་དོན་གྱི་ཆ་གང་ཞིག་རྟོགས་པར་འགྱུར་ལ། ཞེས་རྟོགས་ན་དེའི་དོན་ཅན་ཀྱི་བརྡ་བྱེད་པ་ནི་དོན་མེད་པར་འགྱུར་བས་སོ། །རྟོག་པའི་གཟུགས་བརྙན་དེ་དོན་མ་ཡིན་ཀྱང་ཤེས་རྣམ་ཡིན་པ་དེ་སྒྲས་བརྗོད་དོ་ཞེ་ན། རྣམ་པ་དེ་བརྗོད་པས་ཇི་ལྟར་དོན་རང་མཚན་ལ་རྟེན་པ་ཡིན་ཏེ་བུམ་འཛིན་རྟོག་པ་ལ་སྣང་བའི་རྣམ་པ་དེ་ཡང་དོན་བུམ་གསལ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། ཁྱབ་སྟེ། རྗེས་འགྲོ་ཅན་བུམ་པ་ཞེས་པའི་སྒྲ་སྦྱར་བའི་དགོས་པ་ནི་སྤྱི་རྗེས་སུ་འགྲོ་བ་ཅན་གྱི་དོན་བུམ་གསལ་རྣམས་གོ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར། རྩ་བའི་རྟགས་སྒྲུབ་པ་ནི། མཐོང་རྟོག་གཅིག་ཏུ་སྲེ་བ་གོམས་པས་སྤྲུལ་པའི་རྣམ་པ་དེའང་ཆོས་ཅན། བུམ་གསལ་ལ་རྗེས་སུ་འགྲོ་བ་མེད་པ་ཅན་ཡིན་ཏེ། བུམ་འཛིན་གྱི་བློ་ལས་ཐ་དད་མེད་པའི་ཕྱིར་རོ། །དེ་བས་ན་རྗོད་བྱེད་སྒྲའི་དོན་གང་ཡིན་ཞེས་འདྲི་ན། གཞན་སེལ་དེ་ཉིད་དོ་ཞེས་བརྗོད་པ་ལ་རང་མཚན་མི་ཐོབ་པར་ཐལ་བའི་འགལ་བ་མེད་དེ། གཞན་སེལ་ལ་རང་མཚན་དེའི་དངོས་པོར་སྒྲོ་བཏགས་ཤིང་རྟོགས་པ་སྟེ་ཞེན་པ་ཡིས་གཞན་ལས་ཟློག་པ་རང་མཚན་རྟོགས་པའི་ཕྱིར་ཡང་ངོ༌། །གཉིས་པ་ལ། བརྡ་དང་ཐ་སྙད་ཀྱི་དུས་ཀུན་ཏུ་གཞན་སེལ་བརྗོད་བྱར་བསྟན་པ་དང༌། སྒྲུབ་བྱེད་གཞན་ཡང་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། ཐ་སྙད་ཀྱི་དུས་སུ་མཉན་པ་ཐམས་ཅད་གཞན་སེལ་བརྗོད་བྱར་བྱེད་དེ། རྗོད་བྱེད་སྒྲ་ཡིས་ངེས་པར་སྤྲུལ་པ་སྟེ་བག་ཆགས་སད་བྱེད་ཀྱི་རྐྱེན་བྱས་པའི་ཤེས་པ་ལ་བུམ་གསལ་དེ་དང་བུམ་མ་ཡིན་ལས་ལོག་པར་སྣང་བ་ཉིད་འདི་དོན་བུམ་གསལ་གྱི་ཆ་ལ་རྗེས་སུ་འགྲོ་བ་དེ་ལྟར་ནའོ། །དེ་ལྟ་ཡིན་པ་དེའི་ཕྱིར་བརྡའི་དུས་ན་ཡང་ཆོས་ཅན། གཞན་སེལ་ནི་རྗོད་བྱེད་ཀྱི་སྒྲ་དང་འབྲེལ་བར་འགྱུར་ཏེ། བུམ་གསལ་རང་ཉིད་མཐོང་བ་སྟེ་ཐོབ་པའི་འབྲས་བུ་ཅན་གྱི་རྟོག་པ་ལ་བརྟན་པ་སྟེ་སྣང་བའི་དོན་དང་བུམ་པ་ཞེས་པའི་སྒྲ་ནི་བརྗོད་བྱ་རྗོད་བྱེད་དུ་འབྲེལ་བའི་ཕྱིར། གཉིས་པ་ལ། ཐ་དད་ཀྱང་གང་ཞེས་པ་མན་གྱི་དོན་བསྡུ་བ་ནི། བུམ་པ་ཞེས་པའི་སྒྲ་དེ་ནི་ཆོས་ཅན། གཞན་སེལ་དང་འབྲེལ་བར་འགྱུར་གྱི་དངོས་པོ་ལ་སྦྱོར་བ་མི་རུང་སྟེ། གཞན་དུ་ཀ་བ་སོགས་བརྗོད་བྱར་མ་མཐོང་བ་ལ་ལྟོས་པ་དང༌། ལ་ལར་གསེར་བུམ་སོགས་དེ་བརྗོད་བྱར་མཐོང་བ་ལ་ལྟོས་པའི་ཕྱིར། ཁྱད་པར་དང་ནི་ཁྱད་པར་ཅན། །ཞེས་པ་མན་གྱི་དོན་བསྡུ་བ་ནི། རིགས་དང་ཡོན་ཏན་སོགས་ཆོས་ཅན། རྫས་དེ་དང་ལྡན་པའི་འབྲེལ་བ་ནི་ཡོད་པ་མ་ཡིན་ཏེ། ཚད་མ་གཉིས་ཀྱིས་མི་འགྲུབ་པར་བསྟན་ཟིན་པ་དེའི་ཕྱིར། བུམ་པ་ཞེས་པའི་མཉན་པ་དང་སྒྲ་ནི་ཆོས་ཅན། དོན་དང་ཤེས་རྣམ་དེ་དག་ལ་རྗོད་བྱེད་དུ་འབྲེལ་བ་མ་ཡིན་ཏེ། གཞན་བུམ་མ་ཡིན་པས་ནི་ཟློག་པ་ཉིད་ལ་སྦྱོར་བའི་ཕྱིར། གཉིས་པ་ལ། གསུམ་སྟེ། རྟོག་པ་ཡུལ་གཞན་ལ་མི་འཇུག་པའི་དུས་ཀྱི་དབང་ཤེས་རྟོག་བྲལ་དུ་སྒྲུབ། དེ་འཇུག་པའི་དུས་ཀྱི་དེ་དེར་སྒྲུབ། དབང་ཤེས་ཅན་རྟོག་བྲལ་དུ་སྒྲུབ་པའོ། །དང་པོ་ནི། མིག་ཤེས་ལ་ནི་ཆོས་ཅན། སྒྲ་སྦྱོར་གྱི་རྟོག་པ་དེ་ཇི་ལྟར་ཡོད་དེ། སྔ་ཕྱི་གཅིག་ཏུ་འཛིན་པས་སྟོང་པའི་ཕྱིར། ཁྱབ་སྟེ། བརྡ་དྲན་པའི་རྒྱུ་ཅན་གྱི་རྟོག་པ་ཡིན་ན་སྔར་མཐོང་བ་དང་ཕྱིས་མཐོང་བ་གཅིག་ཏུ་བསྲེ་བར་བྱེད་པའི་བྱེད་གཉིད་ཅན་ཡིན་དགོས་པའི་ཕྱིར། གཉིས་པ་ནི། རྟོག་པ་ཡུལ་གཞན་ལ་འཇུག་པའི་སེམས་ཡོད་པ་ཅན་གྱི་ཚེ་ན་ཡང་མིག་གིས་གཟུགས་དག་མཐོང་བར་གྱུར་པ་དེར་ནི་ཆོས་ཅན། གཟུགས་དེའི་བརྡ་མི་འཛིན་ཞིང༌། བརྡ་དྲན་དེས་བསྐྱེད་པའི་རྟོག་པའང་མེད་དེ། གཟུགས་གསལ་བར་སྣང་བའི་ཕྱིར་རོ། །གསུམ་པ་ལ། རང་རྒྱུད་དང༌། ཐལ་བ་གཉིས་ལས། དང་པོ་ནི། དབང་ཤེས་ཆོས་ཅན། རྟོག་པ་མ་ཡིན་ཏེ། ཁྱོད་ཀྱི་སྣང་ཡུལ་ལ་བརྡ་སྦྱོར་བར་མི་ནུས་པའི་ཕྱིར། ཁྱབ་སྟེ། གང་ལ་རྗོད་བྱེད་ཀྱི་སྒྲ་ནི་ངེས་པར་འགོད་པའི་ཡུལ་དེ་ལ་ཡུལ་ཅན་གྱི་བློ་ནི་རྟོག་པ་ཁོ་ན་སྐྱེ་བར་འགྱུར་བའི་ཕྱིར། གཉིས་པ་ནི། རྩ་བའི་རྟགས་མ་གྲུབ་ན། དབང་པོ་ལས་སྐྱེས་པའི་བློ་ཆོས་ཅན། འདོད་པ་ཡིས་ཀྱང་འཇུག་པར་འགྱུར་གྱི། །ཕྱི་རོལ་མཐོང་བར་མི་འགྱུར་ཏེ། །ཁྱོད་ཀྱི་ཡུལ་ལ་སྒྲ་འགོད་པ་དེས་ནའོ། །གཉིས་པ་གནོད་བྱེད་ལ། ཡུལ་ཅན་དབང་ཤེས་མི་རྟོགས་པར་ཐལ་བ་དང༌། ཡུལ་ཁྱད་པར་རང་མཚན་མི་རྟོགས་པར་ཐལ་བའོ། །དང་པོ་ལ། ཐལ་བ་དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། གཟུགས་ལ་གཟུགས་ཤེས་མཐོང་བ་ན། དེ་བློ་ཞེས་ནི་ཇི་ལྟར་མཐོང་སྟེ་གཟུགས་འཛིན་དབང་ཤེས་ལ་རང་དུས་སུ་མྱོང་བྱེད་མེད་པར་ཐལ། དེ་ཡོད་ན་མྱོང་བྱེད་དེ་ནི་རྟོག་མེད་ཇི་ལྟར་ཡིན་ཏེ་རྟོག་པ་ཡིན་དགོས་པར་ཁྱོད་ཀྱིས་ཁས་བླངས་ལ། རྟོག་པ་རྫས་གཞན་གཉིས་གཅིག་ཆར་དུ་མཐོང་བ་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཉམས་སུ་མྱོང་བའང་ཡོད་པས་སོ། །གཉིས་པ་ལ། གཉིས་ཏེ། མྱོང་བྱེད་རྟོག་པར་འདོད་པ་དགག རྟོག་མེད་དུ་འདོད་ན་ཁས་བླངས་འགལ་བའོ། །དང་པོ་ལ། རང་གི་མྱོང་བ་དགག གཞན་གྱི་མྱོང་བ་དགག་པའོ། །དང་པོ་ནི། སྐྱོན་མེད་དེ། དེ་ཉིད་ཀྱིས་མྱོང་བ་ཡིན་ནོ། །ཞེ་ན་ནི། དེ་མ་ཡིན་པར་ཐལ། ཡིན་ན་གཟུགས་ལ་རྟོག་པའི་རྟོག་པ་རང་གཟུགས་འཛིན་དབང་ཤེས་ལ་རྟོག་པ་གཉིས་གཅིག་ཆར་དུ་མཐོང་དགོས་པ་ལས་དེ་མེད་པའི་ཕྱིར་རོ། །གཉིས་པ་ལ། གཉིས་ཏེ། དུས་མཉམ་རྫས་གཞན་གྱི་མྱོང་བ་དགག ཕྱིས་འབྱུང་རྫས་གཞན་གྱི་མྱོང་བ་དགག་པའོ། །དང་པོ་ནི། དེ་ལྟར་ཁས་ལེན་པས་སྐྱོན་མེད་དོ་ཞེ་ན། ཇི་སྐད་བཤད་པ་དེ་ནི་ཆོས་ཅན། དུས་མཚུངས་པའི་རྣམ་པར་ཤེས་པ་རྫས་གཞན་གྱི་མྱོང་བ་གང་མི་འཐད་པར་བསྟན་པ་ཡིན་ཏེ། རྟོག་གཉིས་གཅིག་ཆར་མཐོང་བ་མེད། །ཅེས་བསྟན་པའི་ཕྱིར། གཉིས་པ་ནི། དོན་སྣང་གི་ཤེས་པ་རྣམས་རྗེས་སུ་སྐྱེས་པའི་ཤེས་པས་མྱོང་བའི་ཕྱིར་སྔར་གྱི་སྐྱོན་གཉིས་ལས་གྲོལ་ལོ་ཞེ་ན། རིགས་པའི་རྣམ་གྲངས་བཞི་ལས། དང་པོ་ནི། མྱོང་བྱེད་དེ་ཆོས་ཅན། མྱོང་བྱ་དེ་ལ་དྲན་པར་འགྱུར་ཏེ། དེ་ཁྱོད་ཀྱི་དུས་སུ་འདས་པའི་ཕྱིར། འདོད་མི་ནུས་ཏེ། རང་དུས་སུ་མྱོང་བ་མེད་པ་ལ་དྲན་པ་དེ་ཇི་ལྟར་ཡང་མི་སྐྱེ་བའི་ཕྱིར། རྣམ་གྲངས་གཉིས་པ་ནི། ལྷས་བྱིན་གྱི་བློ་ཆོས་ཅན། རང་གི་བློ་དང་གཞན་གྱི་བློ་ཡོངས་སུ་གཅོད་ཚུལ་ངོ་བོ་གཅིག་པར་འགྱུར་ཏེ། གཉིས་ཀ་ལྐོག་ཏུ་གྱུར་བའི་ཕྱིར། རྣམ་གྲངས་གསུམ་པ་ནི། ལྷས་བྱིན་ཆོས་ཅན། རང་རྒྱུད་ཀྱི་དོན་རིག་འདས་པ་ཅིས་གྲུབ་སྟེ་མི་འགྲུབ་པར་ཐལ། གང་གི་ཕྱིར་ན་དེ་ལ་ནི་མངོན་སུམ་ཡང་འཇུག་པ་མ་ཡིན། རྟགས་ཅན་ཡང་མ་ཡིན་པར་ཁས་བླངས་པའི་ཕྱིར། བླངས་ཏེ། དེ་འདྲ་དེ་སྒྲུབ་བྱེད་ཀྱི་དཔེ་དག་དང་བྲལ་ཞིང༌། རྟགས་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི། གཟུགས་སོགས་དེའི་ངོ་བོར་ནི་སྣང་བ་ཅན་གྱི་རྗེས་ཐོགས་དེ་མ་ཐག་པའི་བློས་གཟུགས་སོགས་འཛིན་པར་མདོ་སྡེ་པས་ཁས་ལེན་པ་དེ་བཞིན་དུ་བློ་ཕྱི་མས་སྔ་མ་འཛིན་པར་འགྱུར་བ་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། འོ་ན་མྱོང་བྱེད་མྱོང་བྱ་དང་སྤེལ་ནས་སྐྱེའམ་རྗེས་ཐོགས་ཁོ་ནར་སྐྱེ། དང་པོ་ལྟར་ན་དབང་ཤེས་སྔ་ཕྱི་བར་ཆོད་ཅིང་སྐྱེ་བར་འགྱུར་ལ། གཉིས་པ་ལྟར་ན། མྱོང་བྱ་སྐད་ཅིག་མ་མང་པོའི་རྗེས་ཐོགས་སུ་བྱུང་བའི་མྱོང་བྱེད་དེ་ཆོས་ཅན། མྱོང་བྱའི་བློ་སྔ་མ་དེ་རྣམས་ནི་འཛིན་པར་མི་འགྱུར་ཏེ། ཁྱོད་ལ་དེའི་རྣམ་པ་བཤད་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་གྲུབ་སྟེ། ཁྱོད་དང་དེའི་བར་དུ་མྱོང་བྱ་ཕྱི་མས་ཆོད་པའི་ཕྱིར། གཉིས་པ་ནི། མྱོང་བྱེད་རྟོག་པར་ཁས་བླང་ན་ཉེས་པ་དེར་འགྱུར་ཡང༌། རྟོག་མེད་ཡིན་ཏེ། བརྡ་བྱ་བར་མི་ནུས་པའི་ཡུལ་ལ་འཇུག་པའི་ཕྱིར་ཞེ་ན། ཇི་ལྟར་གཟུགས་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་ཉམས་སུ་མྱོང་བྱེད་དེ་རྟོག་མེད་ཡིན་པ་དེ་བཞིན་དུ། མངོན་སུམ་གཞན་ཡང་ཆོས་ཅན། རྟོག་པ་མེད་པར་འགྱུར་ཏེ། ཁྱོད་ཀྱི་ཡུལ་ལ་བརྡ་བྱ་བར་མི་ནུས་པའི་ཕྱིར། གཉིས་པ་ནི། ཁྱད་པར་རང་མཚན་གང་གིས་རྟོགས་པར་འགྱུར་ཏེ། རྟོག་པ་མེད་པའི་ཤེས་པ་མེད་ན་ནི་སྟེ་དེའི་ཕྱིར་རོ། །ཁྱབ་སྟེ། རྟོག་པའང་སྤྱི་བརྗོད་པའི་ངང་ཚུལ་ཅན་གྱི་སྒྲ་དེ་དང་དོན་གཅིག་ལ་འཇུག་པའི་ཕྱིར་ནའོ། །གལ་ཏེ་མངོན་སུམ་རྟོག་པར་འདོད་མོད། རྟོག་མེད་ཀྱི་ཤེས་པ་འགའ་ཞིག་ཀྱང་ཡོད་དོ་ཞེ་ན། མངོན་སུམ་ཐམས་ཅད་ཆོས་ཅན། དེ་བཞིན་དུ་རྟོག་མེད་ཡིན་པར་ཐལ། རྟོག་མེད་དུ་འདོད་པའི་ཤེས་པ་དེ་དང་མཚུངས་པའི་རྒྱུ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུའི་བདག་ཉིད་རིགས་ཐ་དད་པ་ནི་རྒྱུ་རིགས་ཐ་དད་ལས་ཡིན་པའི་ཕྱིར། གསུམ་པ་ལ། གསུམ་སྟེ། རང་གི་དམ་བཅའ་ལ་སྒྲུབ་བྱེད། གཞན་གྱི་དམ་བཅའ་ལ་གནོད་བྱེད། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། མངོན་སུམ་དང་རྟོག་པ་རྒྱུ་རིགས་མི་མཐུན་པ་ལས་སྐྱེ་དགོས་ཏེ། སྒྲ་སྦྱོར་དང་དོན་སྦྱོར་གྱི་རྟོག་པ་ནི་གཟུང་དོན་ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པར་བརྡ་དྲན་པ་ལས་ཡིན་ཞིང༌། དེ་བཞིན་དུ་མིག་བློ་ནི་བརྡ་ལ་ལྟོས་པ་མེད་པར་གཟུང་དོན་གྱི་དངོས་པོའི་ནུས་པ་ཉིད་ལས་སྐྱེ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གཟུགས་ནི་བརྡ་དྲན་ལ་ལྟོས་ནས་དབང་པོའི་བློ་དག་ལ་ཕན་པའི་ནུས་པ་ཅན་དུ་འགྱུར་གྱི། དེ་ལ་ལྟོས་མེད་དུ་མ་ཡིན་ནོ་ཞེ་ན། དབང་བློ་དེ་ནི་ཆོས་ཅན། བརྡ་དྲན་པ་ཉིད་ལས་དངོས་སུ་སྐྱེ་བར་འགྱུར་ཏེ། བརྡ་དྲན་ལ་ལྟོས་ནས་སྐྱེ་དགོས་ཤིང༌། བརྡ་དྲན་དེ་ནི་གཟུགས་དེ་དང་འབྲེལ་བ་ལས་སྐྱེ་བའི་ཕྱིར། དབང་བློ་ཆོས་ཅན། རེས་འགའ་རྐྱེན་གསུམ་ཚང་ཡང་སྐྱེ་བ་མ་ཡིན་པར་ཐལ། རྐྱེན་གསུམ་ཚང་བའི་གནས་སྐབས་ལ་ལར་ཡིད་རྣམ་པར་གཡེངས་ནས་བརྡ་མ་དྲན་པ་སྲིད་པའི་ཕྱིར་རོ། །ཡང་ན་རྐྱེན་གསུམ་ཚང་བ་དེ་ལས་དུས་གཞན་དུའང་སྐྱེ་བར་འགྱུར་ཏེ། བརྡ་དྲན་ལས་དངོས་སུ་སྐྱེ་བར་འགྱུར་བའི་ཕྱིར། འམ་ཞེས་པ་རྟགས་གཅིག་ལ་ཐལ་ཆོས་འགལ་བ་ཅན་གཉིས་བསྡུད་པའོ། །གལ་ཏེ་གཟུགས་གཅིག་ཉིད་རིམ་གྱིས་བརྡ་དྲན་དང་དབང་བློ་གཉིས་ཀྱི་རྒྱུ་ཡིན་ནོ་ཞེ་ན། གཟུགས་ཆོས་ཅན། སྔར་བརྡ་དྲན་བསྐྱེད་པའི་དུས་ཉིད་དུ་དབང་བློ་སྐྱེ་བར་འགྱུར་བའམ་ཡང་ན་ཕྱིས་ཀྱང་མི་སྐྱེད་པར་ཐལ། སྔ་ཕྱི་ཐ་དད་མེད་པའི་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། དབང་བློའི་རྒྱུ་གཞན་གཟུགས་སྐད་ཅིག་གཉིས་པ་ཡིན་ནོ། །ཞེ་ན། དབང་བློ་ཆོས་ཅན། ཁྱོད་སྐྱེ་བ་དེ་ལ་བརྡ་དྲན་པ་དོན་མེད་པར་འགྱུར་ཏེ། གཟུགས་ཀྱི་གཟུང་དོན་ལས་སྐྱེ་བའི་ཕྱིར། ཁྱབ་པ་ནི། བརྡ་བཏགས་པ་མེད་པའི་ཁྱད་པར་རང་མཚན་འཛིན་ན། དེ་ལ་བརྡ་དྲན་པ་དོན་ཅི་ཡོད་དེ། བརྡ་དྲན་ནི་སྔོན་ཇི་ལྟར་བཏགས་པའི་དོན་དེ་གྲུབ་པའི་དོན་དུ་འདོད་པ་ཡིན་པས་སོ། །དབང་ཤེས་ཀྱི་ཁྱད་པར་འཛིན་པ་མ་ཡིན་གྱི། སྤྱི་ཙམ་འཛིན་པ་ཡིན་ནོ། །ཞེ་ན། དེ་ཆོས་ཅན། ཁྱོད་སྐྱེ་བ་ཁྱད་པར་ལ་ལྟོས་པ་མི་རུང་བར་འགྱུར་ཏེ། སྤྱི་ཙམ་འཛིན་པའི་ཕྱིར་རོ། །གསུམ་པ་ནི། མིག་བློ་མ་འཁྲུལ་བ་ཆོས་ཅན། མིག་དང་གཟུགས་དག་ལ་བརྟེན་ནས་སྐྱེ་བར་འགྱུར་ཏེ། གང་རུང་གང་ཞིག བརྡ་དྲན་ཁོ་ན་ལས་སྐྱེ་བ་བཀག་ཟིན་པ་དེའི་ཕྱིར་རོ། །དེ་དག་གིས་ནི་ཚད་མའི་མདོར། །རྟོག་པ་དང་བྲལ་མངོན་སུམ་མོ། །རང་རང་རིག་བྱ། ཞེས་དང༌། ཐ་སྙད་ཀྱིས། བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་པའི་དོན་བསྟན་པ་ཡིན་ཏེ། རྟོག་བྲལ་དུ་རང་རིག་གིས་འགྲུབ་པ་དང༌། ཐ་སྙད་ཀྱིས་བསྟན་བྱ་མ་ཡིན་པའི་རང་མཚན་ཁོ་ན་མངོན་སུམ་གྱི་ཡུལ་དུ་བསྟན་པས་སོ། །རྣམ་འགྲེལ་འདིར་རྟོག་བྲལ་གྱི་སྒྲུབ་བྱེད་རྒྱས་པར་གསུངས་པ་དེ་དག མདོའི་རྐང་པ་ཕྱེད་དང་གཉིས་པོ་དེའི་དོན་དུ་བསལ་བས། ལྷ་དབང་བློ་སློབ་དཔོན་གྱིས་མངོན་སུམ་རྟོག་བྲལ་ལ་འཐད་པ་ཅུང་ཟད་ཀྱང་མ་བཤད་དེ། མངོན་སུམ་ཉིད་ཀྱིས་འགྲུབ་པ་འདི་ལ་རིགས་པ་གཞན་གྱིས་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལ་བརྟག་པར་བྱའོ། །དེ་དག་ལ་འདི་སྐད་ཅེས། ཕྱི་རོལ་པ་རྣམས་རྟོག་པ་ལ། །འཁྲུལ་དང་མ་འཁྲུལ་གཉིས་ཕྱེ་ནས། །མ་འཁྲུལ་མངོན་སུམ་ཚད་མར་འདོད། རྟོག་མེད་མ་འཁྲུལ་སྲིད་ཙམ་ཟེར། །མངོན་སུམ་མ་འཁྲུལ་བ་ཉིད་ཀྱི། །ཐ་སྙད་མཐུན་ཕྱིར་མ་འཁྲུལ་བའི། །སྒྲུབ་བྱེད་རྒྱས་པར་མ་གསུངས་མོད། །རྟོག་པ་ཉིད་དུ་ཁས་བླངས་ན། །དོན་གྱིས་འཁྲུལ་བ་ཉིད་དུ་སོང༌། །དེ་བྲལ་སྒྲུབ་པའི་རིགས་པ་ཡིས། །མཚན་ཉིད་ཀྱི་ནི་གཟུར་གཉིས་ཀ །དོན་གྱིས་གྲུབ་བར་བྱས་པའོ། །མ་འཁྲུལ་བ་ཡིས་རིགས་མི་མཐུན། །མཐའ་དག་སེལ་བར་ནུས་མོད་ཀྱང༌། །རྟོག་བྲལ་སྒྲུབ་བྱེད་མང་གསུངས་པ། །རྟོགས་པ་ཇི་སྙེད་སྤང་བྱ་དང༌། །ཀུན་མཁྱེན་ཚད་མར་སྒྲུབ་ཕྱིར་རོ། །འཁྲུལ་མེད་ཉིད་ཀྱིས་མི་སླུ་བར། །གྲུབ་ཕྱིར་མངོན་སུམ་མི་སླུ་བའི། །སྒྲུབ་བྱེད་གཞུང་དུ་མ་གསུངས་ཀྱང༌། །གཞལ་བྱ་རྟོགས་པར་འབད་པས་བསྒྲུབས། །དངོས་པོའི་ཆོས་ལ་བརྟེན་པ་ཡི། །གཞལ་བྱ་གསར་དུ་རྟོགས་གྱུར་ན། །ཚད་མ་གཉིས་པོ་གང་ཡིན་ཀྱང༌། །སླུ་བ་མེད་པར་གྲུབ་པའོ། །རྟོགས་ཟིན་རྟོགས་ཀུན་རྟོག་པའི་ཕྱིར། །འཁྲུལ་མེད་ཉིད་ཀྱི་གསར་རྟོགས་འགྲུབ། །མ་འཁྲུལ་བ་ལ་ཚད་མིན་གྱི། །རྣམ་གཞག་གཞུང་ནས་གསུངས་པ་མེད། །འཁྲུལ་པའི་གོ་དོན་འཕྲལ་དང་ནི། །ཞུགས་ཀྱི་འཁྲུལ་རྒྱུས་བསླད་པ་ལ། །ངོས་འཛིན་མོད་སེམས་སོ་སོའི་ལུགས། །མངོན་སུམ་འཁྲུལ་ཤེས་གཞུང་ན་མེད། །སེམས་ཙམ་སྨྲ་བས་དབང་ཡིད་ཀྱི། །མངོན་སུམ་བག་ཆགས་བརྟན་བྱུང་དུ། །ཁས་ལེན་ཞེས་པ་དེ་ཡིས་དེ། །ཚད་མ་མིན་པར་འདོད་པའི་ལུང༌། །བག་ཆགས་བརྟན་བྱུང་ཕུགས་ཀྱིས་ནི། །འཁྲུལ་པས་བསླད་པ་ཡིན་ཕྱིར་རོ། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་ལ་བཞི་ལས། དང་པོ་དབང་པོའི་མངོན་སུམ་ལ། གཉིས་ཏེ། མཚོན་བྱ་དབང་ཤེས་ཀྱི་ཐ་སྙད་ལ་རྩོད་པ་སྤང་བ་དང༌། མཚན་ཉིད་རྟོག་བྲལ་ལ་ལུང་འགལ་སྤང་བའོ། །དང་པོ་ལ། དྲི་བ་ནི། གལ་ཏེ་གཟུགས་མངོན་སུམ་དུ་འཛིན་པའི་ཤེས་པ་སྐྱེད་པ་ལ་མིག་གི་དབང་པོ་བཞིན་དུ་ཡུལ་གཟུགས་ཀྱང་ཕན་པའི་ནུས་པ་ཅན་ཡིན་མོད། འོ་ན་ཅིའི་ཕྱིར་ཡུལ་དབང་གཉིས་ཀ་ལ་རག་ལས་པའི་ཚུལ་གྱིས་སྐྱེ་བ་དེ་ལ་ནི་ཡུལ་དེའི་མིང་གིས་མི་བརྗོད་ཅེ་ན། མིག་དབང་གཟུགས་ཅན་གྱི་བདག་འབྲས་སུ་གྱུར་པའི་གཟུགས་ལ་མངོན་སུམ་པའི་ཤེས་པ་དེ་ཆོས་ཅན། དབང་པོའི་ཤེས་པ་ཞེས་པའི་ཐ་སྙད་དེ་ཁྱོད་ལ་སྦྱར་བར་བྱ་བའང་རིགས་ཤིང་འོས་པའི་ཆོས་ཡིན་ཏེ། དེ་ལ་ཁྱོད་ཐུན་མོང་མ་ཡིན་པར་གོ་བའི་བྱེད་པ་དེ་ཡོད་པའི་ཕྱིར། ཁྱབ་སྟེ། སྤྱིར་མིང་གི་ཐ་སྙད་གང་ལ་དོན་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་པ་ཉིད་ཀྱི་ནུས་པ་མཐོང་ནས་ངེས་པར་སྦྱར་བ་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་གྱི་བདག་འབྲས་ཡུལ་ལ་མངོན་སུམ་པའི་ཤེས་པ་ཐུན་མོང་མ་ཡིན་པར་གོ་ནུས་ཀྱི་མིང་ཡིན་པ་དེའི་ཕྱིར་ཞེས་པའི་རྟགས་ཀྱིས་དབང་ཤེས་ཀྱི་ཐ་སྙད་དེ་དེའི་བདག་འབྲས་མངོན་སུམ་པ་འདི་ལ་སྦྱར་བར་བྱ་རིགས་པ་ཉིད་དུ་སྒྲུབ་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང༌། རང་བཞིན་གཅིག་ཏུ་གྱུར་པའི་ཁྱབ་པར་བྱེད་པ་བསྒྲུབ་བྱའི་ཆོས་དེ་ལོག་པའི་ཕྱིར་ན། ཁྱབ་པར་བྱ་བ་རྟགས་དེ་ལྡོག་པར་འགྱུར་བ་ནི་གཞུང་སྔ་མས་བསྒྲུབས་ཟིན་མ་ཐག་པའི་ཕྱིར་རོ། །དེ་དག་གིས་ནི་མདོར། ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་པའི་དོན་བཤད་པ་ཡིན་ལ། དེ་ནས་ཇི་སྐད་དུ། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། །ཞེས་དང༌། དེར་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་གཞུང་ཚན་པ་གཉིས་ཀྱི་དོན་བཤད་པའི་སྒོ་ནས། གཉིས་པ་མཚན་ཉིད་རྟོག་བྲལ་ལ་ལུང་འགལ་སྤང་བ་ལ། གཉིས་ཏེ། སྟོན་པ་སངས་རྒྱས་ཀྱི་ལུང་འགལ་སྤང་བ། སློབ་དཔོན་དབྱིག་གཉེན་གྱི་ལུང་འགལ་སྤང་བའོ། །དང་པོ་ནི། གལ་ཏེ་དབང་ཤེས་རྟོག་པ་མ་ཡིན་ན་སངས་རྒྱས་ཀྱི་མདོ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པའོ། །ཞེས་བཤད་པ་དང་འགལ་ཏེ། བསགས་པ་དག་ནི་ཚོགས་པ་ཡིན་ལ། ཚོགས་པ་དེ་སྤྱི་ཡིན་ཞིང༌། སྤྱི་དེ་ལ་དབང་པོའི་བློ་དམིགས་པར་བཤད་པས་སོ། །ཁྱབ་སྟེ། སྤྱི་འཛིན་པའི་བློ་ནི་གདོན་མི་ཟ་བར་ཡང་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བའི་ཕྱིར། ཞེས་ཟེར་རོ། །མདོ་དེ་ཆོས་ཅན། དབང་ཤེས་ཚོགས་སྤྱིའི་ཡུལ་ཅན་དུ་བསྟན་པ་མ་ཡིན་ཏེ། ཟླ་མེད་ཀྱི་རྡུལ་ཕྲན་དག་རང་ལས་དོན་གཞན་པའི་རྡུལ་ཕྲན་དང་ནི་འདབ་སྦྱར་དུ་མངོན་པར་འབྲེལ་བའི་ཕྱིར་ན་དབང་ཤེས་སྐྱེད་ནུས་ཀྱི་རྡུལ་ཕྲན་གཞན་གང་སྐྱེ་བར་འགྱུར་བ་དེ་དག་ལ་བསགས་པ་ཞེས་བཤད་ཅིང༌། དེ་དག་ནི་དབང་པོའི་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་པ་ལ་དགོངས་པའི་ཕྱིར། གཉིས་པ་ནི། དབང་ཤེས་རྟོག་པ་མ་ཡིན་ན་སློབ་དཔོན་དབྱིག་གཉེན་གྱིས། མཛོད་འགྲེལ་ལས། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ། །ཞེས་འབྱུང་བ་དང་འགལ་ལོ། །ཞེ་ན། ལན་ལ། དངོས་དང༌། རྩོད་སྤང་ངོ༌། །དང་པོ་ནི། ལུང་དེ་ཆོས་ཅན། ཚོགས་སྤྱི་དབང་ཤེས་མ་འཁྲུལ་པའི་དམིགས་རྐྱེན་དུ་བསྟན་པ་མ་ཡིན་ཏེ། རྡུལ་ཕྲན་གཞན་དག་ལྷན་ཅིག་ཏུ་ཚོགས་པ་མེད་པར་ནི་དབང་ཤེས་སྐྱེད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་དེ་ཡང་མེད་ལ། དབང་ཤེས་དེ་ཟླ་མེད་ཀྱི་རྡུལ་ཕྲན་གཅིག་ལ་དམིགས་རྐྱེན་དུ་བྱས་ནས་སྐྱེ་བར་ངེས་པ་མ་ཡིན་པའི་ཕྱིར་ན་དོན་དེ་ལ་དགོངས་ནས་དབང་ཤེས་སྤྱི་ཡི་སྤྱོད་ཡུལ་ཅན་དུ་བྱེད་པའི་ཕྱིར་རོ། །འདིར་མདོ་སྡེ་པའི་རང་ལུགས་ལ་གཟུགས་སྒྲ་སོགས་རགས་པ་དམིགས་རྐྱེན་དུ་ཁས་ལངས་ན་གཞུང་འདིའི་ཕྱོགས་སྔ་མར་སོང་སྟེ། ཚོགས་སྤྱི་དམིགས་རྐྱེན་དུ་བྱས་པར་སོང་བའི་ཕྱིར་དང༌། ཁྱད་པར་སྐྱེས་འགྱུར་མང་པོ་དག །ཅེས་སོགས་གཞུང་གོང་འོག་ཀུན་དང་འགལ་བས་སོ། །གཉིས་པ་ལ། གཉིས་ལས། ཕྱོགས་སྔ་མ་ནི། གལ་ཏེ་དབང་ཤེས་རྣམས་སྐྱེ་མཆེད་གཅིག་གི་ཡུལ་ཅན་དུ་བཤད་པའི་དགོངས་པ་དེ་ལྟར་འཆད་ན་ཡང༌། རྡུལ་ཕྲན་མང་པོ་བསགས་པ་དེ་ཆོས་ཅན། བློ་གཅིག་གིས་གཅིག་ཆར་དུ་འཛིན་པ་མ་ཡིན་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མ་ཡིན་པའི་ཕྱིར་ཞེ་ན། ལན་ལ་གཉིས་ཏེ། ཤེས་པའི་ཡུལ་ཡིན་པ་ལ་མ་ཡིན་པའི་ལོག་རྟོག་དགག མ་ཡིན་པ་ལ་ཡིན་པའི་ལོག་རྟོག་དགག་པའོ། །དང་པོ་ལ། གཉིས་ཏེ། དབང་ཤེས་ཀྱི་ཡུལ་ཡིན་པ་ལ་མ་ཡིན་པའི་ལོག་རྟོག་དགག རྟོག་པའི་ཡུལ་ཡིན་པ་ལ་མ་ཡིན་པའི་ལོག་རྟོག་དགག་པའོ། །དང་པོ་ལ། གཉིས་ཏེ། དབང་པོའི་ཤེས་པས་དོན་དུ་མ་གཅིག་ཆར་དུ་མི་འཛིན་པ་ལ་གནོད་བྱེད་དང༌། དེས་དེ་འཛིན་པ་ལ་སྒྲུབ་བྱེད་བཤད་པའོ། །དང་པོ་ལ། ཐལ་འགྱུར་དངོས་དང༌། དེའི་རྒལ་ལན་ལ་འཕྲོས་ནས་རང་ལུགས་ཀྱི་ངེས་དོན་རྒྱས་པར་བཤད་པའོ། །དང་པོ་ལ། གཉིས་ཏེ། ཏིལ་སོགས་གཅིག་ཆར་དུ་མི་འཛིན་པར་ཐལ་བ་དང༌། ཁྲའོ་གཅིག་ཆར་དུ་མི་འཛིན་པར་ཐལ་བའོ། །དང་པོ་ནི། ཏིལ་སོགས་ཆོས་ཅན། དབང་ཤེས་ཀྱིས་གཅིག་ཆར་དུ་འཛིན་པར་སྣང་བ་ཇི་ལྟར་ཡིན་ཏེ། ཡན་ལག་ཅན་གྱི་རྫས་མེད་པའི་ཐ་དད་ཡིན་པའི་ཕྱིར། འཛིན་པ་མགྱོགས་པའི་རྒྱུ་མཚན་གྱིས་གཅིག་ཆར་དུ་འཛིན་པར་སྣང་བ་ཡིན་ནོ། །ཞེ་ན། དེ་ལ་བཤད་ཟིན་པའི་རིགས་པ་དང་མ་བཤད་པ་གཉིས་ལས། དང་པོ་ནི། འཛིན་པ་མགྱོགས་པའི་ཤེས་བྱེད་འདི་ཆོས་ཅན། མ་ངེས་པ་ཡིན་ཏེ། ཁྱོད་ལ། ཡི་གེའང་གཅིག་ཆར་ཐོས་པར་འགྱུར། །ཞེས་བཤད་ཟིན་པའི་ཕྱིར། གཉིས་པ་ནི། ཏིལ་ནམ་མཁའ་ནས་རིམ་བཞིན་དུ་འབབ་པ་དེ་ཉིད་ལ་ཆོས་ཅན། ཇི་ལྟར་རིམ་མིན་དུ་འཛིན་པར་མི་འགྱུར་ཏེ། འཛིན་པ་མགྱོགས་པའི་ཕྱིར། བློ་རྣམས་དག་ནི་ཐམས་ཅད་ཀྱང་དེ་དག་ལ་ཆོས་ཅན། འགའ་ཞིག་ལ་ཡུལ་རིམ་མིན་དུ་སྣང་བ་དང༌། གཞན་ལ་ནི་རིམ་ལྡན་དུ་སྣང་བར་ཇི་ལྟར་འགྱུར་ཏེ་སྣང་དུས་མྱུར་བར་མཚུངས་པའི་ཕྱིར། མདོར་ན་དོན་ཀུན་འཛིན་པའི་ཤེས་པ་ཆོས་ཅན། ཁྱོད་ལ་ཡུལ་སྣང་བ་འདི་ནི་རིམ་མིན་ཁོ་ནར་ཐལ་བར་འགྱུར་ཏེ། འཛིན་པ་མྱུར་བ་དེའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དངོས་དང༌། ལན་དགག་པའོ། །དང་པོ་ནི། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་ཁྲའོ་ལ་སོགས་པའི་གཟུགས་ཡང་ཆོས་ཅན། ཇི་ལྟར་སྣང་བར་འགྱུར་ཏེ། དུ་མ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྟགས་མ་གྲུབ་སྟེ་སྣ་ཚོགས་པ་དེ་ཆ་མེད་གཅིག་ཡིན་ནོ། །ཞེ་ན། བློ་གཅིག་གིས་དུ་མ་མི་འཛིན་པ་དེ་བས་ཀྱང་སྣ་ཚོགས་གཅིག་ཡིན་པ་འདི་ངོ་མཚར་ཆེ་བས། དེ་འགོག་པ་ལ། སྣ་ཚོགས་ཡིན་པའི་རྟགས་དང༌། སྣ་ཚོགས་སུ་སྣང་བའི་རྟགས། དང་པོ་ནི། གཤོག་སྟེངས་ཀྱི་ཁྲའོ་ཆོས་ཅན། གཅིག་པའི་རང་བཞིན་མ་ཡིན་ཏེ། སྣ་ཚོགས་ཡིན་པའི་ཕྱིར། རྗེས་འགྲོ་ནི། དཔེར་ན་ནོར་བུ་དུ་མའི་གཟུགས་དེ་བཞིན་ནོ། །ལྡོག་པ་ནི། སྔོ་སོགས་སྣ་ཚོགས་སུ་རྣམ་པར་དབྱེ་བ་ནི་གཅིག་ལ་ཡོད་པ་མ་ཡིན་ཏེ། སྣམ་བུ་ཁྲའོ་ལ་སོགས་པ་དག་ལའང་མཚུངས་པའི་ཕྱིར། གལ་ཏེ་ཁྲའོ་དེ་ལ་གཉིས་ལས། ཡན་ལག་གི་གཟུགས་ཁྲའོ་འབའ་ཞིག་སྣ་ཚོགས་པ་དེ་ལྟར་དུ་མཐོང་ངོ་ཞེ་ན། གལ་ཏེ་ཡན་ལག་གི་སྔོ་སོགས་སྤངས་པ་ཡི་གཞན་ཡན་ལག་ཅན་གྱི་ཁྲའོ་ཚད་མས་མཐོང་བ་ནི་ངོ་མཚར་རོ་སྟེ་དེ་འདྲ་སྣང་རུང་མ་དམིགས་པའི་ཕྱིར། ཡང་གལ་ཏེ་སྣ་ཚོགས་སུ་སྣང་བ་དེ་བཅོས་མའི་ཁྲའོ་ཡིན་ནོ་ཞེ་ན། ཁྲའོ་འཛིན་པའི་བློ་དག་ཆོས་ཅན། ཁྱོད་ལས་གཅིག་ནི། ཡུལ་རིམ་ལྡན་དང་དོན་མང་པོ་དང་གཅིག་ནི་ཡུལ་རིམ་མིན་དང༌། དོན་གཅིག་གི་ཁྱད་པར་དུ་བྱས་པ་ངོ་མཚར་ཆེ་སྟེ། དུས་མྱུར་བ་དང་དོན་མང་པོའི་རྣམ་པ་ཅན་དེ་ནི་མཚུངས་པར་ཚད་མས་རྟོགས་པའི་ཕྱིར། གཉིས་པ་ལ། གསུམ་སྟེ། རྟགས་དགོད། ཚུལ་སྒྲུབ། དོན་བསྡུ་བའོ། །དང་པོ་ནི། གོང་གི་ཕྱོགས་ཆོས་སྒྲུབ་པའི་ཚུལ་འདི་ལྟར། གཤོག་སྟེངས་ཀྱི་དོན་རྣམས་ཆོས་ཅན། སྣ་ཚོགས་པའི་ངོ་བོ་ཉིད་ཡིན་ཏེ། བློ་མ་འཁྲུལ་བ་ལ་སྣ་ཚོགས་པའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་རོ། །འདི་ནི་མདོ་སྡེ་པའི་དོན་དམ་གྱི་འཇོག་ཚུལ་གཉིས་ལས། དང་པོའི་དབང་དུ་བྱས་པ་ཡིན་ཏེ། བློ་མ་འཁྲུལ་བ་ལ་རགས་པར་སྣང་ན་དེར་གྲུབ་དགོས་པའི་ཕྱིར་དང༌། བློ་མ་འཁྲུལ་བ་སྔོ་སེར་སོགས་རྫས་སོ་སོའི་རྣམ་པ་ལིངས་པོ་གཅིག་ཏུ་འཆར་བར་ཁས་བླངས་པའི་ཕྱིར། དེས་ན་འཇིག་རྟེན་གྱི་གྲགས་པ་ལ་གནས་ནས་ཡན་ལག་ཅན་གྱི་རྫས་བཀག་པའོ། །གྲུབ་པའི་མཐའ་ལ་དེ་ལྟར་མ་ཡིན་ཏེ། ཏིལ་དང་ཁྲའོ་སོགས་རྫས་རེ་རེ་བར་ཚད་གྲུབ་ཏུ་ཁས་བླངས་ནས་ཡན་ལག་ཅན་གྱི་རྫས་མི་ཁེགས་པའི་ཕྱིར། དབང་ཤེས་ལ་རགས་པ་སྣང་ཞེས་པ་ནི། སེལ་ངོར་ཡིན་གྱི། གནས་ཚོད་ལ་མ་ཡིན་ཏེ། དོན་གྱི་གནས་ཚུལ་རྡུལ་ཕྲན་དུ་གནས་ཤིང༌། གནས་པ་ལྟར་རྣམ་པར་གཏད་པ་དེ་ཉིད་འཆར་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ཡིས་ནི། ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་སྐྱེད་བྱེད། །ཅེས་དང༌། ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡི་སྐྱེད་པར་བྱེད་པའང་ཡིན། །ཞེས་སོ། །དེ་བཞིན་དུ་དབང་ཤེས་ལ་ཡིད་འོང་དང་ཡིད་མི་འོང་སོགས་སུ་སྣང་ཞེས་པ་ཡང་ལྷན་ཅིག་སྐྱེས་པའི་རྟོག་པ་དང་གྲགས་པའི་ངོར་ཡིན་ཏེ། དེར་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་དང༌། རགས་པ་དང་ཡིད་འོང་སོགས་བློ་ཆོས་ཁོ་ནར་ངེས་པའི་ཕྱིར་རོ། །གཉིས་པ་ལ། རྗེས་འགྲོ་དང་ལྡོག་པ་གཉིས་ལས། དང་པོ་ནི། གལ་ཏེ་སྣ་ཚོགས་སུ་སྣང་བ་དེ་སྣ་ཚོགས་པའི་རྒྱུ་མཚན་མ་ཡིན་ནོ། །ཞེ་ན། འཇིག་རྟེན་ན་གྲགས་པའི་ཐ་དད་ཀྱི་རྣམ་གཞག་འདི་གང་གིས་འགྲུབ་སྟེ། འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་ཤེས་པ་ལ་དེར་སྣང་བས་ནི་དེར་མི་འགྲུབ་པའི་ཕྱིར། གཉིས་པ་ནི། རྩ་བའི་རྟགས་ཀྱི་ལྡོག་པ་གྲུབ་སྟེ། རྡུལ་རིགས་མི་མཐུན་རྣམས་ཀྱིས་ཡན་ལག་ཅན་གྱི་རྫས་རྩོམ་པ་མེད་པར་ཁས་བླངས་པའི་ཕྱིར་ན་རི་མོ་ཁྲའོ་སོགས་བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བ་མ་ཡིན་པར་ཐལ་བས་སོ། །དེ་ལ་ཡན་ལག་ཅན་གྱི་རྫས་མེད་ཀྱང་དེའི་ལྡན་པ་དེར་སྣང་ངོ༌། །ཞེ་ན། རི་མོ་ཁྲ་བོའི་ལྡན་པ་ཆོས་ཅན། མིག་ཤེས་ལ་སྣ་ཚོགས་སུ་སྣང་བ་མ་ཡིན་ཏེ། ཁྱོད་ཀྱི་གཟུགས་མེད་པའི་ཕྱིར། གལ་ཏེ་ཁྲ་བོའི་ལྡན་པ་མཐོང་བ་ལ་ཁྲའོ་མཐོང་ངོ་ཞེས་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་ནོ། །ཞེ་ན། དེའང་མ་ཡིན་ཏེ། སྔོ་སོགས་རེ་རེ་བ་ལ་ལྡན་པ་ཡོད་ཀྱང་སྣ་ཚོགས་སུ་བཏགས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མིག་ཤེས་ཀྱིས་རིམ་བཞིན་དུ་ནི་བཟུང་བ་ལ་བློ་རྟོག་པ་ཡིས་འདི་ནི་སྣ་ཚོགས་སོ་ཞེས་བསྲེས་ནས་འཛིན་པ་ཡིན་ནོ། །ཞེ་ན། དེ་ཡང་མ་ཡིན་པར་ཐལ། བློ་གཅིག་གིས་དོན་དུ་མ་མི་འཛིན་པའི་ཕྱིར། དེ་ལྟར་ཐལ་བ་དེའི་ཕྱིར་བློ་གཅིག་གིས་དོན་དུ་མ་འཛིན་པར་གྲུབ་བོ། །གསུམ་པ་ནི། ཁྲ་འཛིན་དབང་ཤེས་ཆོས་ཅན། རྟོག་པ་མེད་པར་གྲུབ་པ་ཡིན་ཏེ། ཡིད་སེར་པོ་ལྟ་བུའི་དོན་གཅིག་ལ་རྟོག་པ་ནའང་ཁྱོད་ཀྱིས་གཞན་སྔོན་པོ་ལ་སོགས་པ་དག་མཐོང་བ་དེའི་ཕྱིར་ཡང་ངོ༌། །ཡིད་གཟུགས་ལ་ཆགས་དུས་སུ་སྒྲ་འཛིན་མི་སྐྱེ་བར་འདོད་པ་ལ་ནི་གཞུང་འདིས་ཀྱང་གནོད་དོ། །འདིར་སྔོར་སྣང་དབང་ཤེས་ལ་དེའི་རྡུལ་ཕྲན་དུ་མའི་རྣམ་པ་གཅིག་ཆར་དུ་སྣང་བ་དང༌། རྡུལ་ཕྲན་དེ་དག་དེའི་དམིགས་རྐྱེན་དུ་འཆད་པ་རྣམ་འགྲེལ་མཛད་པ་རང་གི་ལུགས་དང༌། རིགས་པ་ཅན་པ་རྡུལ་ཚོགས་པ་ལས་ཡན་ལག་ཅན་གྱི་གཟུགས་རགས་པ་གཅིག་མངོན་གསལ་དུ་གྲུབ་པ་དེ་དབང་ཤེས་ལ་སྣང་བར་འདོད་ཅིང༌། དེའི་རྒྱུ་མཚན་གྱིས་དབང་ཤེས་རྟོག་པར་འདོད་དོ་ཞེས་ཕྱོགས་སྔ་ཕྱིའི་ཁྱད་པར་གཞུང་ཉིད་ན་གསལ་བར་བཞུགས་ཀྱང༌། བོད་ཕྱི་མས་ནི་ཡན་ལག་ཅན་རྫས་གཞན་ཞེས་པའི་ཚིག་གི་སྐྱབས་བཙལ་ནས། གཞན་གྱི་འདོད་པ་ཉིད་རྣམ་འགྲེལ་མཛད་པའི་ལུགས་སུ་ཁས་བླངས་སོ། །དེས་ན་དོན་སྣང་གི་དབང་ཤེས་ཐམས་ཅད་རྡུལ་ཕྲན་གྱི་རྣམ་པ་ཅན་དུ་སྐྱེས་པ་ལ་རགས་པའི་རྣམ་པར་སྐྱེས་སོ་ཞེས་པ་ནི་རྗེས་ཀྱི་ངེས་ཤེས་དབང་བཙན་པར་བྱས་པའི་དོན་ཡིན་ཏེ། སྔོན་པོའི་རྡུལ་ཕྲན་གྱི་རྣམ་པ་མཐོང་བའི་དབང་ཤེས་ཀྱིས་ནི་ངས་སྔོན་པོ་མཐོང་ངོ་སྙམ་པའི་ངེས་པ་འདྲེན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། ཕྱོགས་སྔ་མ་ནི། གོང་དེར་རྣམ་འགྲེལ་མཛད་པས་འཇིག་རྟེན་གྱི་གྲགས་པ་ཁས་བླངས་ནས་དབང་ཤེས་རྟག་པར་འགོག་པ་ན། སྣ་ཚོགས་ཡིན་པ་དང་སྣ་ཚོགས་སུ་སྣང་བའི་རྟགས་གཉིས་ཀྱིས་དབང་ཤེས་སྐྱེད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་དག་ཆ་མེད་གཅིག་མ་ཡིན་པར་བསྒྲུབས་པ་ན། ཕྱིར་རྒོལ་བ་དག་ན་རེ། གལ་ཏེ་སྣ་ཚོགས་ཡིན་པའི་རྟགས་ཀྱིས་སྣ་ཚོགས་སུ་སྣང་བ་ཅན་གྱི་དོན་རྣམས་ལ་གཅིག་ཉིད་མི་རིགས་ན་རེ་ཤིག་བློ་ཁྲ་འཛིན་དབང་ཤེས་དེ་ཉིད་ཆོས་ཅན། སྣ་ཚོགས་སུ་ནི་ཇི་ལྟར་སྣང་སྟེ་སྣ་ཚོགས་མ་ཡིན་པར་ཐལ། གཅིག་བུའི་ཕྱིར་རོ། །ཞེ་ན། ལན་ལ་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་ལ་བརྟེན་ནས་སྣ་ཚོགས་ཀྱི་རྣམ་པ་གཅིག་ཏུ་མི་བདེན་པར་བསྟན་པ་དང༌། མདོ་སྡེ་པའི་གྲུབ་མཐའ་ལ་གནས་ནས་རྣམ་པ་དེ་གཅིག་ཉིད་ཡིན་པས་སྣ་ཚོགས་སུ་མི་འགྲུབ་པར་བསྟན་པའོ། །དང་པོ་ལ། སྤྱིར་རྣམ་པ་བདེན་མེད་དུ་ཚད་མས་ཤེས་པ་ལ་ཕྱི་དོན་བདེན་མེད་དུ་ཚད་མས་ཤེས་པ་སྔོན་དུ་འགྲོ་དགོས་ཤིང༌། རྣམ་པ་བདེན་མེད་དུ་ཤེས་པ་ན་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པར་ཤེས་པ་ཡིན་པས། དེ་ལྟར་འཆད་པ་ལ་གཉིས་ཏེ། བཀའ་ཐ་མར་ངོ་བོ་ཉིད་མེད་པ་གསུམ་གསུངས་པའི་ཚུལ་བཤད་ནས། དེ་ཉིད་ངེས་པའི་དོན་དུ་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། གསུམ་སྟེ། ཀུན་བཏགས་དང་གཞན་དབང་བདེན་མེད་དུ་བསྟན། ཡོངས་གྲུབ་དོན་དམ་པའི་བདེན་པར་བསྟན། གཟུང་འཛིན་གཉིས་མེད་ཀྱི་གཉིས་སྣང་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ལ། བཞི་སྟེ། ཕྱི་དོན་བདེན་མེད་དུ་བསྟན། རྣམ་པ་བདེན་མེད་དུ་བསྟན། དེ་གཉིས་ཀའི་དོན་བསྡུ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཕྱོགས་སྔ་མས། ཁྲ་བོའི་རྣམ་པ་ཆོས་ཅན། གཅིག་མ་ཡིན་པར་ཐལ། སྣ་ཚོགས་ཡིན་པའི་ཕྱིར། ཞེས་པ་ལ་རྣམ་འགྲེལ་མཛད་པས་འདོད་ལན་ཡིན་ལ། དེའི་ཚེ་རྣམ་པ་མི་བདེན་པའི་ཤེས་བྱེད་དུ་རྣམ་པ་དེ་གཏོད་བྱེད་ཀྱི་རྒྱུ་ཕྱི་རོལ་གྱི་དོན་མེད་པར་ཤེས་པ་སྔོན་དུ་འགྲོ་དགོས་ཏེ། ཇི་སྐད་དུ། མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་འགྲུབ། །གཅིག་དང་དུ་མ་བྲལ་བའི་ཕྱིར། །དོན་མེད་དེས་ན་རྣམ་པའང་མེད། །ཅེས་པ་ལྟར་རོ། །དེ་ལྟར་ན། ཤེས་བྱ་འདིར་ཆོས་ཅན། ཕྱི་རོལ་གྱི་དོན་བདེན་པར་མེད་དེ། ཇི་ལྟ་ཇི་ལྟར་ཕྱི་རོལ་གྱི་དོན་ལ་བསམ་བྱུང་གི་རིགས་པས་བསམ་པ་དེ་ལྟ་དེ་ལྟར་གཅིག་དང་དུ་མའི་རྣམ་པ་དང་བྲལ་ལ་ཞེས་མཁས་པ་སངས་རྒྱས་རྣམས་ཀྱིས་གང་གསུངས་པ་དེ་ནི་དངོས་པོའི་སྟོབས་ལས་འོངས་པ་ཡིན་པའི་ཕྱིར་རོ། །ངག་དོན། ཕྱི་རོལ་གྱི་དོན་ཆོས་ཅན། ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མ་གང་དུའང་མ་གྲུབ་པའི་ཕྱིར། ཞེས་པ་དངོས་བསྟན་དང༌། མཚོན་དོན་ལ་བདག་དང་གང་ཟག་ཆོས་ཅན། ཡོད་པ་མ་ཡིན་ཏེ། ཁྱོད་དང་ཕུང་པོ་གཅིག་དང་དུ་མ་གང་དུ་ཡང་མེད་པའི་ཕྱིར། གཉིས་པ་ནི། འོ་ན་ཕྱི་རོལ་གྱི་དོན་མེད་མོད། དོན་སྣང་གི་ཤེས་པ་གཅིག་ལ་དོན་སྣ་ཚོགས་སུ་སྣང་བ་དེ་ཅིར་འགྱུར་ཞེ་ན། བློ་ཁྲ་འཛིན་དབང་ཤེས་ལ་སྣ་ཚོགས་སུ་སྣང་བ་དེ་ལ་ཡང་ཆོས་ཅན། བདེན་པར་མི་འགྱུར་རོ་སྟེ་གཅིག་དང་དུ་མ་གང་དུའང་མ་གྲུབ་པའི་ཕྱིར་རོ། །འདིའི་རྟགས་སྒྲུབ་ཚད་འབྲས་ནས་འབྱུང་བ་དེ་དང་རྩ་བའི་གཏན་ཚིགས་སུ་བཤད་པའི་གཅིག་དང་དུ་བྲལ་གྱི་རིགས་པ་འདི་དག་ནི་རྣམ་འགྲེལ་མཛད་པ་རང་གི་རྣམ་པར་བཤད་པ་ཡིན་ལ། ཐོགས་མེད་མཆེད་ཀྱི་ཤིང་རྟའི་སྲོལ་ལས་འབྱུང་བ་ནི། དེ་ལ་གཅིག་ནི་མེད་པས་ཀྱང༌། །ཞེས་འཆད་པ་འདི་ཉིད་དོ། །གསུམ་པ་ནི། གལ་ཏེ། ཕྱི་རོལ་གྱི་དོན་དང་རྣམ་པ་རྣམས་བདེན་པར་ཡོད་པའི་བདག་ཉིད་འདིར་འདོད་ན། དེ་ལ་རྣམ་འགྲེལ་མཛད་པ་ངས་ཅི་བྱ་སྟེ་འགོག་པར་མི་ནུས་ནའང་རིགས་པ་གོང་དུ་བསྟན་ཟིན་པ་དེའི་ཕྱིར། ཕྱི་རོལ་གྱི་དོན་དང་ཤེས་པ་ལ་རིགས་པར་སྣང་བའི་རྣམ་པ་ཆོས་ཅན། བདེན་པར་ཡོད་པ་མ་ཡིན་ཏེ། བདག་ཉིད་གཅིག་ལ་བཀག་པའི་ཕྱིར་དང༌། མང་པོ་ལ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི། རྣམ་པ་བདེན་མེད་མེད་ན་མངོན་སུམ་དང་འགལ་ཏེ། སྔོ་སོགས་རགས་པར་སྣང་བ་འདི་མངོན་སུམ་གྱིས་འགྲུབ་པའི་ཕྱིར། ཞེ་ན། ཐ་དད་པ་གཉིས་སུ་མེད་པ་ཅན་གྱི་ཤེས་པ་ཡི་ཆ་ལ་གཟུང་འཛིན་ཐ་དད་དུ་སྣང་བ་ནི་བསླད་པ་ཉིད་ཡིན་ཏེ། ཡུལ་ཡོངས་སུ་གཅོད་བྱེད་གསལ་རིག་གི་ཆ་ནི་ནང་འཛིན་རྣམས་ཡིན་པས་བདེན་པར་ཡོད་ཀྱང༌། ཕྱི་རོལ་ལྟར་གནས་ཤིང་སྣང་བ་འདི་ནི་ཆ་གཞན་བག་ཆགས་ཀྱི་དབང་གིས་སྒྲོ་བཏགས་པ་ཡིན་པའི་ཕྱིར། འདིར་བོད་ཕྱི་མས། གཞན་དབང་བདེན་གྲུབ་གཞུང་འདིའི་མཐར་ཐུག་ཏུ་བཤད་ནས་སྐབས་འདིར་ཤེས་རྣམ་བདེན་མེད་དུ་སྒྲུབ་བྱེད་ཀྱི་གཞུང་རྣམས་ལ་མངོན་སུམ་དུ་བསྙོན་ནས། ཕྱི་དོན་འགོག་བྱེད་དང༌། ཡང་ཤེས་པ་ལ་རགས་པར་སྣང་བ་དེ་སྣང་བ་ལྟར་གྲུབ་པ་འགོག་བྱེད་དུ། ཇི་ལྟ་སོགས་དང༌། གཅིག་ལ་སོགས་ཀྱི་གཞུང་སོ་སོར་འབྱེད་མོད། འཐད་པ་མ་ཡིན་ཏེ། ཕྱི་དོན་འགོག་བྱེད་གཅིག་པུར་འདུས་འདུག་པའི་ཕྱིར་རོ། །ཡང་ཡོངས་གཅོད་ཀྱིས་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་ཅེས་པ་ཡང་རྣམ་རྫུན་གྱི་གྲུབ་མཐའ་མི་ཤེས་པའམ་ཤེས་བཞིན་དུ་ཁྱད་དུ་བསད་པ་སྟེ། གཞུང་དེ་ནི་འཛིན་རྣམ་ལས་མ་གཏོགས་པའི་གཟུང་རྣམ་དངོས་མེད་དུ་འཆད་བྱེད་ཡིན་པའི་ཕྱིར། ཡོངས་གཅོད་སོགས་ཀྱི་དོན་བསྡུ་བ་ནི། གཟུང་འཛིན་གཉིས་པོ་དེ་ལ་གང་རུང་གཅིག་ནི་མེད་པས་ཀྱང་གཉིས་ཀའང་ཉམས་པར་འགྱུར་དགོས་པ་ཡིན་ཏེ། གཉིས་ཀ་ལྟོས་གྲུབ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། མེད་ཕྱིར་ཅིག་ཤོས་ཀྱང་མེད་འགྱུར། །ཅེས་གསུངས་པས་སོ། །ཡང་བོད་ཕྱི་མས། གཉིས་ཀའང་གི་འབྲུ་གཉེར་བ་ན། །ཕྱི་རོལ་དོན་ལ་ལྟོས་པའི་དང༌། །ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གཉིས་ཀ་ཉམས་ཤེས་ཟེར་མོད། ལུགས་འདིའི་ཤིང་རྟའི་སྲོལ་ཆེན་མཐོང་བ་དག་གི་ངོར་ནི་ཤིན་ཏུ་ཁྲེལ་བའི་གནས་སོ། །གཉིས་པ་ནི། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་དེ་ནི་ཆོས་ཅན། གཟུང་འཛིན་གཉིས་སྣང་གི་ཤེས་པ་དེའི་དེ་ཁོ་ན་ཉིད་ཡིན་ཏེ། གཞན་དབང་གི་ཆོས་ཉིད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དོན་སྣང་གི་ཤེས་པ་དགག་གཞིར་བྱས་ནས། དགག་བྱ་གཟུང་འཛིན་གཉིས་ཀྱིས་སྟོང་པར་བསྒྲུབས་ཟིན་པ་དེའི་ཕྱིར་རོ། །ཞེས་པ་དངོས་བསྟན་དང༌། མཚོན་དོན་ནི། བདག་དང་བདག་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། བདག་འཛིན་གྱི་དེ་ཁོ་ན་ཉིད་ཡིན་ཏེ། དེའི་ཆོས་ཉིད་ཡིན་པའི་ཕྱིར། ཞེས་པ་སྟེ། གཞུང་འདིར་གང་ཟག་བདག་འགོག་གི་རིགས་པ་འདི་ལས་གཞན་མི་འབྱུང་ངོ༌། །མདོར་ན་རྣམ་འགྲེལ་འདིར་གང་ཟག་གི་བདག་མེད་པ་དང་གཟུང་བ་ཆོས་ཀྱི་བདག་མེད་པ་དང༌། འཛིན་པ་ཆོས་ཀྱི་བདག་མེད་པའི་ལྟ་བ་གསུམ་ཀ་གསལ་བར་སྟོན་ནོ། །དེ་ཙམ་གྱིས་དབུ་མ་ཆེན་པོར་གྲུབ་པ་ལ་དགོངས་ནས། རྒྱན་མཁན་པོ་དང༌། ཞི་འཚོ་ཡབ་སྲས་དང༌། རྔོག་ལོ་ཆེན་པོ་རྣམས་ཀྱིས་གཞུང་འདིའི་མཐར་ཐུག་དབུ་མར་གསུངས་སོ། །དེ་ལྟ་ན་ཡང་རང་སྟོང་གི་ཚུལ་ལམ། གཞན་སྟོང་ཁོ་ནར་ངེས་ཤེས་ནི་བརྟག་དགོས་ཏེ། གཞུང་གི་སྤྱི་བབས་ཀྱི་ལྟ་བ་སྟོན་ཚུལ་ནི་རྒྱུད་བླ་མའི་བསྟན་བཅོས་གཙོ་བོར་བྱས་ནས་བྱམས་པའི་གཞུང་དང་མཐུན་པར་གནས་སོ། །རང་སྟོང་གི་ཚུལ་ཡང་གཞུང་འདིར་བསྟན་པ་མེད་དོ་ཞེས་ནི་འཆད་པར་མི་ནུས་ཏེ། དངོས་པོ་ལ་མི་རྟག་པའི་ཁྱབ་པ་བཤད་ཅིང༌། དེའི་དོན་ཀྱང་དུས་མཐའི་སྐད་ཅིག་ཏུའང་མི་གནས་པ་ལ་ནི་གསལ་བར་བཤད་པའི་ཕྱིར་དང༌། དངོས་པོ་མ་ཡིན་པའི་ཤེས་བྱ་ནི་གཞན་སེལ་དང་ཀུན་བཏགས་སུ་འདུས་པས་རང་གི་ངོ་བོས་སྟོང་པ་ལས་འོས་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྟག་དངོས་ཁས་ལེན་པའི་ཆོས་མངོན་པ་དག་ཏུ་ནི་དེ་ལྟ་བུའི་ངེས་པ་མེད་དོ། །དེ་ལྟར་ཞིབ་མོར་ཤེས་དགོས་པའི་གནས་འདི་དག་ལ་ཞིབ་ཆ་གང་ཡོད་རྣམ་དཔྱོད་ཀྱིས་ཐོན་པར་གྱིས་ལ། ཐེག་པ་ཆེན་པོའི་ཆོས་སྤོང་གི་འཇིགས་པ་ལ་བག་ཡོད་པར་བྱོས་ཤིག གསུམ་པ་ནི། གཟུང་འཛིན་ཐ་དད་པ་གཉིས་མེད་ན་མདོ་ལས་ཕུང་པོ་ལྔར་གསུངས་པ་དང་འགལ་ལོ་ཞེ་ན། ཕུང་པོ་ལྔའི་དངོས་པོ་རྣམས་ཐ་དད་དུ་གནས་པའི་རྣམ་གཞག་གསུངས་པ་འདི་ཆོས་ཅན། རྒྱུ་མེད་པ་མ་ཡིན་ཏེ། ལྔ་པོ་དེ་བྱིས་པ་རྣམས་ལ་ཐ་དད་དུ་སྣང་བ་ལ་བརྟེན་པ་ཡིན་པའི་ཕྱིར། སྣང་བ་དེ་མ་འཁྲུལ་བ་ཡིན་ནམ་ཞེ་ན། ཕུང་པོ་ལྔ་པོ་དེ་དག་གི་ཐ་དད་ཀྱང་བསླད་པར་འགྱུར་ཏེ། དེ་ལྟར་སྣང་བ་དེ་ནི་མ་རིག་པས་བསླད་པ་ཉིད་ཡིན་ནའོ། །གཞུང་འདིས་ནི་མ་རིག་པས་བསླད་པའི་ཤེས་པ་ལ་འཁྲུལ་པས་ཁྱབ་པར་བསྟན་ནོ། །གཉིས་པ་ལ་གཉིས་ཏེ། བཀའ་འཁོར་ལོ་བར་པ་དང་འགལ་བའི་རྩོད་པ་སྤང་བ་དང༌། དང་པོ་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། གཉིས་སྟོང་གང་ཡིན་པ། ཞེས་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་དུ་བཤད་པ་ལ། འོ་ན་བཀའ་བར་པ་ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་བཤད་པ་དང་འགལ་ལོ། །ཞེ་ན། དེའི་ལན་ལ། གཉིས་ཏེ། གཟུང་འཛིན་གཉིས་ལ་དགོངས་པར་བསྟན་པ་དང༌། རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོ་ལ་དགོངས་པར་བསྟན་པའོ། །དང་པོ་ནི། གཉིས་སྟོང་གི་དེ་ཁོ་ན་ཉིད་ཡོད་པ་ལ་ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་ལ་མཚན་ཉིད་མེད་པར་བཤད་པས་མི་གནོན་དེ། གཟུང་བ་དང་འཛིན་པའི་རྣམ་པ་ལས་གཞན་པའི་རང་གི་ངོ་བོས་སྟོང་རྒྱུའི་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡོད་པ་མ་ཡིན་ལ། མེད་པ་དེས་ན་གཟུང་འཛིན་གཉིས་ཀྱི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ན། ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་རང་བཞིན་མེད་པར་རབ་ཏུ་བཤད་པས་སོ། །འདི་ནི་ཇི་སྐད་དུ། མེད་ཅེས་བྱ་བའི་ཚིག་གིས་ནི། །བཏགས་པ་ཐམས་ཅད་འགོག་པ་ཡིན། །ཞེས་འབྱུང་བ་དེ་ཉིད་དོ། །གཉིས་པ་ནི། དུ་མ་སྤུངས་པ་ལ་སོགས་པའི་བྱེ་བྲག་གིས་ཕུང་པོ་སོགས་སུ་མཚོན་པའི་མཚན་ཉིད་ཐམས་ཅད་དེ་ཡང་ཆོས་ཅན། དེ་ཁོ་ན་ཉིད་དུ་གྲུབ་པ་མ་ཡིན་ཏེ། བྱེད་པ་ཡི་ཁྱད་པར་ཅན་ཡིན་པའི་ཕྱིར། དགོངས་གཞི་དེས་ཀྱང་ཕུང་ཁམས་སོགས་དེ་དག་རང་གི་མཚན་ཉིད་དང་བྲལ་ལོ། །ཞེས་གསུངས་སོ། །འདིའི་དོན་ནི། འདི་ནི་དེ་ཡི་མཚན་ཉིད་དོ། །འདི་ནི་དེ་ཡི་བྱེ་བྲག་གོ །དེ་ཡི་ཁྱད་པར་རོ། །དེ་དང་གཅིག་གོ །ཞེས་སོགས་དོན་ལ་ཐ་དད་པ་མེད་བཞིན་དུ་རྟོག་པས་ལྡོག་པ་ཐ་དད་དུ་ཕྱེ་བའི་ཆ་རྣམས་ཏེ། དཔེར་ན་དངོས་པོ་ལས་ཐ་དད་པའི་མཚན་ཉིད་བཞག་ཏུ་མེད་ལ། མེད་བཞིན་དུ་བཞག་པ་དེ་ནི་བྱ་བྱེད་སོགས་སུ་སྒྲོ་བཏགས་པའི་དབང་ལས་བཞག་པ་ཡིན་ཞེས་པའི་དོན་ནོ། །དངོས་རྣམས་ཞེས་སོགས་ཤླཽ་ཀ་གསུམ་པོ་འདི་དབུ་མ་པ་དང་སེམས་ཙམ་པ་དང་ཉན་ཐོས་སྡེ་པ་གསུམ་གྱི་ཆོས་ཀྱི་བདག་མེད་སྟོན་བྱེད་དུ་རྒྱན་མཁན་པོ་འཆད་ཅེས་ཟེར་ཏེ། འགྲིག་ཏུ་རུང་ཙམ་དུ་ལྟའོ། །གཉིས་པ་ནི། གཟུང་འཛིན་གཉིས་མེད་ན་བཀའ་འཁོར་ལོ་དང་པོར་ཕྱི་རོལ་གྱི་དོན་གསུངས་པ་དང་འགལ་ལོ་ཞེ་ན། དེར་དེ་གསུངས་པ་ཆོས་ཅན། དགོངས་གཞི་མེད་པར་གསུངས་པ་མ་ཡིན་ཏེ། རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་པར་སྣང་བ་བཞིན་དུ་མ་རིག་པའི་དབང་གིས་བསླད་པའི་བདག་ཉིད་ཅན་ལ་རང་གི་བག་ཆགས་སད་བྱེད་ཀྱི་རྐྱེན་ཇི་ལྟར་ཡོད་པ་ལ་ལྟོས་ནས་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་པའི་ཕྱི་རོལ་དོན་གྱི་རྣམ་པ་སྣང་བའི་རྣམ་རིག་སྐྱེ་བར་འགྱུར་བ་ལ་དགོངས་པའི་ཕྱིར། དེ་སྒྲུབ་པ་ནི། ཕ་རོལ་མཐོང་བ་མ་ཡིན་པ་བྱིས་པ་དང་ཉན་རང་སོགས་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་དེ་ནི་རིག་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་བསླད་པ་དག་མེད་ན་བྱིས་པ་སོགས་དེ་ནི་མེད་དགོས་པའི་ཕྱིར་རོ། །ཇི་སྲིད་གཉིས་སྣང་གི་བག་ཆགས་མ་སྤངས་པ་དེ་སྲིད་དུ་ཕྱི་རོལ་གྱི་སྣང་བ་དེས་ན་རེ་ཤིག་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་བཏང་སྙོམས་སུ་མཛད་པ་ཅན་གྱི་སྟོན་པས་གླང་ཆེན་གྱི་གཟིགས་སྟངས་ཉིད་མཛད་ནས་ཕྱི་རོལ་སྤྱོད་ལ་འཇུག་པར་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། འཇིག་རྟེན་པ་རྣམས་དེ་ཁོ་ན་ཉིད་ལ་རིམ་གྱིས་དྲང་བའི་ཐུགས་ནི་འབའ་ཞིག་གིས་ཏེ་དེའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི་གོང་དུ་བསྟན་མ་ཐག་པ་དེ་ཉིད་དོ། །དེ་བཞིན་དུ་བཀའ་བར་པར་ཆོས་ཐམས་ཅད་རང་སྟོང་དུ་བསྟན་པའི་དགོངས་གཞི་ནི་གཟུང་འཛིན་ཀུན་བཏགས་ལ་དང༌། དགོས་པ་ནི་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུའི་གཉེན་པོ་དང༌། དངོས་ལ་གནོད་བྱེད་ནི་བཀའ་བར་པའི་དངོས་བསྟན་གྱི་སྟོང་ཉིད་དེ་ཆོས་ཅན། དོན་དམ་པའི་བདེན་པ་དངོས་མ་ཡིན་ཏེ། སྤྱི་མཚན་ཡིན་པའི་ཕྱིར། ཞེས་པའོ། །གཉིས་པ་ལ། རྟགས་དགོད། ཕྱོགས་ཆོས་སྒྲུབ། རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ཁྲ་འཛིན་ཤེས་པ་ལ་སྔོ་སོགས་སུ་སྣང་བའི་རྣམ་པ་སྣ་ཚོགས་པ་དེ་ཆོས་ཅན། སྣ་ཚོགས་སུ་ཚད་མས་མཐོང་བར་ནུས་པ་མ་ཡིན་ཏེ། ཞེས་པའི་ཁྱད་པར་ཡིན་གྱི། དོན་གཞན་ལ་བརྟེན་པ་མེད་པའི་ཕྱིར། ལྡོག་པ་ནི། སྣ་ཚོགས་སུ་རྣམ་པར་དབྱེ་བ་དེའི་ཚེ་ཕྱི་རོལ་གྱི་དོན་ལ་འཇུག་པར་འགྱུར་བས་སོ། །ཕྱོགས་ཆོས་ནི། ཤེས་པ་གང་ལ་སེམས་ཀྱི་རྣམ་པ་ནི་སྣ་ཚོགས་སུ་སྣང་བ་དེ་ཆོས་ཅན། ཤེས་པ་གཅིག་གི་ངོ་བོར་འགྱུར་བ་ཡིན་ཏེ། ཁྱོད་ལ་ཇི་ལྟར་སྣང་བ་དེ་དེ་ལྟ་ཉིད་དུ་རང་རིག་གིས་མྱོང་བ་ཡིན་པ་དེ་ལྟར་རོ། །གསུམ་པ་ནི། རང་ཁྲའོ་ལ་སོགས་པའི་གཟུགས་ནི་རྣམ་པ་དེ་དང་འདྲ་བར་གཅིག་ཡིན་ནོ། །ཞེ་ན། དེ་ཆོས་ཅན། འདི་ནི་སྔོན་པོའོ་ཞེས་སོགས་སུ་རྣམ་དབྱེ་མེད་པར་འགྱུར་ཏེ། གཅིག་ཡིན་པའི་ཕྱིར། ཤེས་རྣམ་དེ་བཞིན་ནོ། །རས་ཁྲའོ་སོགས་ལ་ཐ་དད་པ་ཅན་ཡན་ལག་གི་ཁྲའོ་ནི་རྣམ་པར་བསལ་བའི་ཐ་དད་མེད་པ་ཡན་ལག་ཅན་གྱི་ཁྲའོ་རྫས་གཞན་མཐོང་བ་མེད་དེ། ཚད་མ་དང་བྱེ་བྲག་པའི་ཁས་བླངས་གཉིས་ཀས་གྲུབ་པའི་ཕྱིར། གཞུང་འདི་དག་གིས་ནི་ཁྲ་རྣམས་དེ་གཅིག་ཏུ་བདེན་པར་ཁས་བླངས་ནས་སྣ་ཚོགས་ཡིན་པ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་རྣམ་བདེན་པ་ཡིན་ལ། དེ་ལ་མདོ་སེམས་གཉིས་ཡོད་ཀྱང་ཕྱི་དོན་ཁས་བླངས་པས་མདོ་སྡེ་པ་ཉིད་དོ། །དེ་ལྟ་ན་ཡང་སྣ་ཚོགས་སུ་སྣང་བའི་ཕྱིར་ལ་ནི་མ་གྲུབ་པའི་ལན་མ་བཏབ་སྟེ། དེ་མི་འདེབས་པ་མདོ་སྡེ་པའི་གྲུབ་མཐའ་ལ་གནས་པ་དང་དེ་ལྟར་དུ་འདི་སྐབས་ཀྱི་གཞུང་ཉིད་ན་གསལ་བའི་ཕྱིར་གནས་པ་ཡིན་ཏེ། མ་འཁྲུལ་བའི་ཤེས་པ་ལ་ཕྱི་རོལ་དོན་གྱི་རྣམ་པ་དངོས་སུ་སྣང་ཞིང༌། དེ་སྣང་བ་ལ་ཕྱི་རོལ་གྱི་དོན་སྣང་ངོ་ཞེས་ལྷན་ཅིག་སྐྱེས་པའི་རྟོག་པས་ཐ་སྙད་འདོགས་པར་འཆད་པ་དེ་མདོ་སྡེ་པའི་གྲུབ་མཐར་གསལ་བས་སོ། །དེ་ལྟར་ན་སྣ་ཚོགས་ཡིན་པའི་རྟགས་ཀྱིས་གཅིག་མ་ཡིན་པའི་ཁྱབ་པ་ནི་མདོ་སྡེ་པ་སྔ་ཕྱི་དང་སེམས་ཙམ་པ་དང་གསུམ་ཀ་ལ་མཐུན་པར་གྲུབ་ཀྱང༌། བློ་མ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བའི་རྟགས་ཀྱིས་སྣ་ཚོགས་ཡིན་པ་ནི་འཇིག་རྟེན་གྱི་གྲགས་པ་དང་མདོ་སྡེ་པ་དང་པོའི་སྐབས་ཁོ་ནའོ། །གཉིས་པ་རང་རྒྱུད་ལ། རྟགས་དགོད་པ་དང་ལྡོག་ཁྱབ་བསྒྲུབ་པ་གཉིས་ལས། དང་པོ་ནི། བློ་གཅིག་གིས་རྡུལ་ཕྲན་དུ་མ་གཅིག་ཆར་དུ་འཛིན་པར་བརྗོད་པ་ཡིན་ཏེ། རྡུལ་ཕྲན་རེ་རེ་བ་ལས་ཁྱད་པར་དུ་སྐྱེས་པར་གྱུར་པའི་རྡུལ་ཕྲན་མང་པོ་དག་གཅིག་ཆར་དུ་དབང་བློའི་རྒྱུར་འགྱུར་བ་ཡང་འགལ་བ་དག་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །ཕྱོགས་ཆོས་འགྲུབ་པའི་དཔེ་ནི། གལ་ཏེ་དབང་པོ་ལ་སོགས་པའི་རྐྱེན་གསུམ་པོ་དེ་སོ་སོར་གནས་པའི་ཚེ་དབང་ཤེས་སྐྱེད་མི་ནུས་ཀྱང་ཚོགས་པས་དངོས་སུ་བསྐྱེད་པ་བཞིན་ནོ། །གཉིས་པ་ནི། རྐྱེན་གསུམ་པོ་དེ་ལ་བློ་དབང་ཤེས་ནི་གང་གི་རྣམ་པ་ཅན་དུ་སྣང་བའི་རྒྱུ་དེ་ནི་བློ་དེ་ཡི་གཟུང་བའི་ཡུལ་ཡིན་པར་བརྗོད་དེ། རྣམ་པ་གཏོད་བྱེད་ཀྱི་རྒྱུའི་དངོས་པོ་མ་གཏོགས་པ་གཟུང་བའི་ཡུལ་ཞེས་བྱ་བ་གཞན་ཅིའང་དམིགས་པ་མེད་པའི་ཕྱིར་རོ། །གཞུང་འདིས་ནི་གྲུབ་པའི་མཐའ་ཉིད་སྟོན་ཏེ། དབང་ཤེས་མ་འཁྲུལ་བའི་གཟུང་ཡུལ་ནི་ལྷན་ཅིག་ཏུ་ཚོགས་པའི་རྡུལ་ཕྲན་སོ་སོ་བ་དག་ཡིན་ཏེ། དཔེར་ན་རྡུལ་རྫས་བརྒྱད་འདུས་པའི་དུས་ཀྱི་གཟུགས་ཀྱི་རྡུལ་ཕྲན་མང་པོ་དག་གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པ་ནས་དེ་ལྟར་ཚོགས་པའི་དྲི་རོ་རེག་བྱའི་རྡུལ་ཕྲན་སོ་སོ་བ་དག་དྲི་འཛིན་དབང་ཤེས་ལ་སོགས་པའི་དམིགས་རྐྱེན་དུ་འཇོག་དགོས་པ་བཞིན་ནོ། །དེའི་ཚེ་རྣམ་པ་འཆར་ཚུལ་ཡང་གནས་ཚོད་ལ་རྡུལ་ཕྲན་སོ་སོ་བའི་རྣམ་པ་ཉིད་འཆར་བར་ཁས་ལེན་གྱི། ལིངས་པོ་གཅིག་ཏུ་འཆར་བ་མ་ཡིན་ཏེ། གཞན་དུ་ན་གཅིག་ཆར་དུ་མ་འཛིན་མ་ཡིན། །ཞེས་ཟེར་བའི་ཕྱོགས་སྔ་མ་དེ་ཉིད་དུ་སོང་བའི་ཕྱིར་རོ། །རགས་པར་སྣང་ཞེས་པ་ནི་རྗེས་ཀྱི་སེལ་ངོའི་དབང་དུ་བྱས་ཏེ། ངས་སྔོན་པོ་རགས་པ་དེ་མཐོང་ངོ་སྙམ་དུ་ཞེན་པར་བྱེད་ཀྱི། སྔོན་པོའི་རྡུལ་ཕྲན་སོ་སོར་མང་པོ་དག་མཐོང་ངོ་སྙམ་དུ་མི་ངེས་པའི་ཕྱིར་རོ། །དེ་ལྟར་ན་ཚོགས་སྤྱི་ཞེས་པ་དེ་ཡང་ལྡོག་པའི་ཆོས་ཁོ་ནའོ། །གཉིས་པ་ལ་གཉིས་ཏེ། ཐལ་འགྱུར་དང༌། རང་རྒྱུད་དོ། །དང་པོ་ལ། ནོག་སོགས་གཅིག་ཆར་དུ་མི་འཛིན་པར་ཐལ་བ་དང༌།                     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*