མངོན་སུམ་ལེའུའི་རྣམ་པར་བཤད་པ། ཁ ༽

གཞན་དང་གཞན་མཐོང་ཡང་བློས་གཅིག་ཏུ་འཛིན་པར་ཐལ་བའོ། །དང་པོ་ནི། བ་ལང་འཛིན་པའི་རྟོག་པ་ཆོས་ཅན། ཡན་ལག་ཅན་བ་ལང་དེ་རང་གི་ཡན་ལག་ནོག་ལྐོག་ཤལ་སོགས་དང་བཅས་པ་གཅིག་ཆར་དུ་གཟུང་བ་ཇི་ལྟར་ཡིན་ཏེ། དོན་དུ་མ་མི་འཛིན་པའི་ཕྱིར། འདོད་མི་ནུས་ཏེ། ལྐོག་ཤལ་ལ་སོགས་པ་མཐོང་བ་མེད་པར་ནི་བ་ལང་ངོ་སྙམ་དུ་ངོ་ཤེས་པ་མཐོང་བ་མེད་པའི་ཕྱིར། གལ་ཏེ་འབྲེལ་མེད་དུ་མ་མི་འཛིན་ཡང༌། གཙོ་བོ་བ་ལང་དེ་ཡོན་ཏན་རྭ་ལ་སོགས་པ་དག་དང་གཅིག་ཆར་དུ་རྟོགས་པར་འདོད་དོ་ཅེ་ན་ཡང༌། མི་འཐད་པར་ཐལ། བློ་གཅིག་གིས་ཡན་ལག་དུ་མ་གཅིག་ཆར་དུ་རྫོགས་པར་འཛིན་པ་མ་ཡིན་པའི་ཕྱིར། གལ་ཏེ་ཡོན་ཏན་དང་ཡོན་ཏན་ཅན་དུ་མ་གྱུར་པའི་དོན་དུ་མ་གཅིག་ཆར་དུ་མི་འཛིན་ཀྱང༌། ནོག་ལྐོག་ཤལ་སོགས་བ་ལང་གི་ཡོན་ཏན་དུ་དོན་ལ་གནས་པས་གཅིག་ཆར་དུ་འཛིན་ནོ། །ཞེ་ན། ཡོན་ཏན་རྭ་ལ་སོགས་པ་བ་ལང་གི་ཁྱད་ཆོས་སུ་དོན་ལ་ལྡན་པའང་མ་ཡིན་ཏེ། ཁྱད་པར་དང་ནི་ཁྱད་པར་ཅན་བརྗོད་པར་འདོད་པ་རྟོག་པའི་གཞན་དབང་ཡིན་པའི་ཕྱིར་དང༌། ཡན་ལག་ཉིད་དུ་ཉེ་བར་བཟུང་བའི་རྭ་དང་རྣ་བ་ལ་སོགས་པ་དེ་ཉིད་ཀྱིས་ནི་བ་ལང་དེ་ཁྱད་པར་དུ་བྱས་ནས་འཛིན་པར་འགྱུར་བའི་ཕྱིར་དང༌། ལ་ལར་དེ་ལས་ཟློག་སྟེ་འཛིན་པའི་ཕྱིར། གཉིས་པ་ནི། སྐྱེས་བུ་གཅིག་ཆོས་ཅན། བུམ་པ་དང་སྣམ་བུ་ལ་སོགས་པ་གཞན་དང་གཞན་མཐོང་ཡང་བློའི་རྣམ་པ་གཅིག་ཏུ་འགྱུར་ཏེ། བུམ་པ་ལྟ་བུ་རང་གི་དངོས་པོ་གཞན་སྣམ་བུ་སོགས་དག་ལས་ཐ་དད་དུ་ཤེས་པ་མེད་པའི་ཕྱིར་ཏེ། ཡོན་ཏན་དང་བྱ་བ་ལ་སོགས་པ་སྣམ་བུ་ལས་ཐ་དད་དུ་བྱེད་པའི་ཆོས་ཀྱང་མ་བཟུང་བའི་ཕྱིར། གལ་ཏེ་རྫས་འཛིན་པའི་སྔ་རོལ་ཏུ་ཡོན་ཏན་དམར་པོ་ལ་སོགས་པའི་ཁྱད་པར་ནི་བཟུང་བའི་ཕྱིར་བུམ་སྣམ་སོགས་རྫས་དུ་མ་ཉིད་དུ་རྟོགས་པར་འགྱུར་རོ། །ཞེ་ན། འགྱུར་མོད། དེ་ལྟ་ཡིན་ན་ཡང་ཡོན་ཏན་ཅན་འདི་དག་གི་འབྲེལ་པ་འཆོལ་བར་འགྱུར་ཏེ། ལྷན་ཅིག་ཏུ་མི་འཛིན་པའི་ཕྱིར། གཉིས་པ་ནི། གྲངས་ཅན་གྱི་ངོར་ཡང་བློ་གཅིག་གིས་དོན་དུ་མ་གཅིག་ཆར་དུ་འཛིན་པར་གྲུབ་སྟེ། སྒྲ་སོགས་དེ་ཙམ་ལྔ་ནི་རྡུལ་མུན་པ་སྙིང་སྟོབས་ཏེ་དུ་མའི་བདག་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བཀོད་པ་ཅན་རྡུལ་ལ་སོགས་པ་ནི་མ་བཟུང་བར་དེས་བཀོད་པའི་སྒྲ་སོགས་འཛིན་པ་མི་རུང་བའི་ཕྱིར། གཉིས་པ་ལ། གཉིས་ཏེ། དབང་ཤེས་ཀྱི་ཡུལ་མ་ཡིན་པ་ལ་ཡིན་པའི་ལོག་རྟོག་དགག་པ་དང༌། རྟོག་པའི་ཡུལ་མ་ཡིན་པ་ལ་ཡིན་པའི་ལོག་རྟོག་དགག་པའོ། །འདི་གཉིས་ནི། མདོར། དུ་མའི་ངོ་བོའི་ཆོས་ཅན་ནི། །ཞེས་སོགས་དང༌། རང་རང་རིག་བྱ། ཞེས་སོགས་མཚན་པ་གཉིས་པོའི་དོན་འཆད་བྱེད་དུའང་སྦྱར་ཞིང༌། མངོན་སུམ་གྱི་སྤྱོད་ཡུལ་ལ་ལོག་རྟོག་འགོག་བྱེད་དོ་ཞེས་འགྲེལ་བྱེད་དག་གིས་འཆད་པ་ལྟར་ཡིན་ལ། འདིར་བརྟགས་པ་ནི། དུ་མའི་ཆོས་ཅན་ཞེས་པ་རྫས་དང་ལྡོག་པ་གཉིས་ཀ་ལ་འཇུག་ཅིང༌། རྫས་ཀྱི་ཆོས་ཅན་དབང་པོས་མི་རྟོགས་པ་ཉིད་གཞུང་དོན་དུ་གསལ་བས་གོང་དུ་ཡང་སྦྱར་རོ། །དང་པོ་ལ། གཉིས་ཏེ། ལྡོག་པ་དུ་མ་ངོས་བཟུང༌། དེ་དབང་ཤེས་ཀྱི་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ནི། གལ་ཏེ་དབང་ཤེས་ཀྱིས་རྫས་དུ་མ་འཛིན་པ་བཞིན་དུ་ལྡོག་པ་དུ་མའང་འཛིན་པར་མཚུངས་སོ་ཤེ་ན། རིགས་མཐུན་མི་མཐུན་ཐམས་ཅད་ལས་ཟློག་པའི་ཕྱིར་ན་ཆོས་ཅན་སྒྲ་དེ་མ་བྱས་པ་གང་དང་རྟག་པ་གང་ལས་ལོག་པ་དེ་ལས་སེལ་ངོར་བྱས་མི་རྟག་སོགས་ཐ་དད་དུ་བརྟགས་པའི་ཐ་དད་པ་ཅན་སོ་སོ་བ་དེ་ནི་ལྡོག་པ་དུ་མའི་ངོ་བོ་ཉིད་དོ། །གཉིས་པ་ནི། རྟོག་པས་རྣམ་པར་བརྟགས་པའི་རང་བཞིན་ཐ་དད་པ་ལྡོག་པ་སྣ་ཚོགས་སུ་སྣང་བ་ནི་དག་ནི་ཆོས་ཅན། རེས་འགའ་བ་དབང་པོའི་ཤེས་པ་ཡི་སྤྱོད་ཡུལ་མ་ཡིན་ཏེ། རྟོག་པ་མེད་པའི་སེམས་ལ་སྣ་ཚོགས་སུ་སྣང་བ་མ་ཡིན་པའི་ཕྱིར། གཉིས་པ་ལ། གསལ་བ་རང་མཚན་སྒྲ་རྟོག་གི་ཡུལ་མ་ཡིན་པར་བསྟན་པ་དང༌། སྤྱི་རང་མཚན་ཡོད་པའི་སྒྲུབ་བྱེད་མི་འཐད་པའོ། །དང་པོ་ནི། སྒྲས་རང་མཚན་དངོས་སུ་བརྗོད་པ་ཡིན་ཏེ། དཀར་སོགས་ཀྱི་སྟེང་ན་དཀར་སོགས་སྤྱི་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་དཀར་པོ་ཉིད་ལ་སོགས་པའི་སྤྱི་ཡོད་པར་གྱུར་ཀྱང༌། དབང་པོའི་སྤྱོད་ཡུལ་ཅི་འདྲ་བ་དེ་ནི་སྒྲ་ཡིས་དངོས་སུ་བརྗོད་པ་མ་ཡིན་ཏེ། རྟོག་པ་དང་རྟོག་མེད་ཀྱི་ཤེས་པའི་རང་བཞིན་གསལ་མི་གསལ་ཐ་དད་པའི་ཕྱིར། གལ་ཏེ་རྟོག་པ་དང་རྟོག་མེད་ཀྱི་བློ་རྣམས་གཟུང་དོན་གཅིག་ཉིད་ཡིན་ཀྱང༌། རྟེན་བདག་རྐྱེན་སྣ་ཚོགས་པས་གསལ་མི་གསལ་དེར་འགྱུར་རོ། །ཞེ་ན། ད་ནི་རྣ་བ་ལ་སོགས་པའི་སེམས་མ་འཁྲུལ་པ་ལྔ་པོ་དེ་གཟུང་ཡུལ་ཐ་དད་པའི་དོན་ཅན་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། བློ་ཐམས་ཅད་བཟུང་དོན་གཅིག་ལས་སྐྱེ་བར་ཁས་བླངས་པའི་ཕྱིར། འདོད་ན། སྒོ་ལྔའི་སེམས་ཆོས་ཅན། ཁྱོད་ཀྱི་རྟེན་བདག་རྐྱེན་ནི་གཞན་དང་གཞན་ལས་སྐྱེས་སུ་ཆུག་ཀྱང༌། གཟུགས་དང་སྒྲ་སོགས་ཀྱི་རང་བཞིན་སྣ་ཚོགས་སུ་སྣང་བ་དེ་ནི་གང་ལས་ཡིན་ཏེ། གཟུང་དོན་གཅིག་ཉིད་ཀྱི་དངོས་པོ་དེ་ལས་སྐྱེ་བའི་ཕྱིར། གལ་ཏེ་རྟོག་པས་རང་མཚན་འཛིན་པ་ཡིན་ཏེ། མིག་ཤེས་ཀྱིས་བ་ལང་རང་མཚན་མཐོང་བ་ན་འདི་ནི་བ་ལང་ངོ་སྙམ་པའི་བློ་སྐྱེ་བའི་ཕྱིར། ཞེ་ན། མངོན་སུམ་གྱིས་མཐོང་བ་ཁོ་ན་ལས་བ་ལང་ངོ་སྙམ་པ་ལ་སོགས་པའི་ངོ་ཤེས་ཀྱི་བློ་སྐྱེ་བ་ནི་ལྡོག་པ་ཡིན་ཏེ། མཐོང་བ་རང་མཚན་པ་དེ་རྟོགས་པ་མེད་པར་ནི་རྗོད་བྱེད་ཀྱི་སྒྲ་དང་རྣམ་རྟོག་འཇུག་པའི་ཕྱིར། གཉིས་པ་ནི། མཐོང་བ་ཞེས་སོགས་ཀྱིས་བསྟན་པའི་རིགས་པ་འདི་ཡིས་ཆོས་ཅན། གཞན་ཡང་མཚོན་ཏེ། བ་ལང་དང་བུམ་པ་ལ་སོགས་པ་མངོན་སུམ་གྱིས་མཐོང་བ་ལ་རིགས་སོགས་བརྗོད་པའི་སྒྲ་དང་རྣམ་པར་རྟོག་པ་དག་རྗེས་སུ་འགྲོ་བ་ལས་སྤྱི་རྫས་གཞན་ཡོད་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ཡང་སུན་ཕྱུང་བའི་ཕྱིར། འོ་ན་སྤྱི་འཛིན་རྟོག་བློ་སྐྱེ་བ་རྒྱུ་མེད་དུ་འགྱུར་རོ། །ཞེ་ན། མི་འགྱུར་ཏེ། མཐོང་བ་རང་མཚན་པ་རྣམས་སྤྱི་དངོས་པོ་བ་མེད་པའི་ཐ་དད་པ་ཉིད་ཡིན་ཀྱང༌། རང་རིགས་གཅིག་ཏུ་ངོ་ཤེས་པ་ཞེས་བྱ་བའི་རྣམ་པར་རྟོག་པ་གཅིག་ནི་རང་བཞིན་ནམ་ཆོས་ཉིད་ཀྱིས་བྱེད་པ་ཡིན་ནོ་ཞེས་བརྗོད་ཟིན་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། བདག་རྐྱེན་དབང་པོ་གཟུགས་ཅན་ལ། །བརྟེན་པ་ཙམ་གྱིས་རྟོག་མེད་དུ། །འགྲུབ་མོད་རྫས་ཀྱི་ཆོས་ཅན་ཡང༌། །དབང་པོས་འཛིན་ན་རྟོག་པར་འགྱུར། །དེས་ན་རྫས་རེ་རེ་བ་ཡི། །རྣམ་པར་སྣང་ཕྱིར་རགས་པའི་མིན། །རགས་པ་མཐོང་དང་རགས་སྣང་ཞེས། །བྱ་བ་གཉིས་ཀ་སེལ་བའི་ངོ༌། །དབང་པོས་ཕྱི་རོལ་རང་མཚན་ཡང༌། །རྟོགས་མི་ནུས་ན་རགས་པ་ཅི། །གཟུགས་ཀྱི་རྡུལ་ཕྲན་མང་ཚོགས་པ། །མིག་གི་ཤེས་པའི་ཟུང་འཇུག་ཡུལ། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་ཡིད་ཀྱིས་མངོན་སུམ་ལ། མདོ་ནི། ཡིད་ཀྱང་དོན་དང་ཞེས་གསུངས་པ་དེ་ཉིད་འཆད་པ་ལ། གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། མུ་སྟེགས་རྣ་བ་ཕུག་པ་ན་རེ། ཡིད་ཀྱི་མངོན་སུམ་རང་གི་དེ་མ་ཐག་རྐྱེན་དབང་མངོན་ལས་སྐྱེ་བར་འདོད་པ་ཁྱེད་ཀྱི་ལྟར་ན་དེ་ཚད་མར་མི་འཐད་དེ། དེ་མ་ཐག་རྐྱེན་དབང་མངོན་གྱིས་སྔར་མྱོང་བའི་དོན་ནི་འཛིན་པ་ཡིན་ན། ཡིད་ཀྱི་མངོན་སུམ་ནི་ཚད་མ་ཉིད་མ་ཡིན་པར་འགྱུར་ལ། མ་མཐོང་བའི་དོན་འཛིན་ན་ལོང་བ་ལ་སོགས་པ་ཡིས་ཀྱང་གཟུགས་ལ་སོགས་པའི་དོན་མཐོང་བར་འགྱུར་རོ། །ཞེས་ཟེར། ལན་ལ་གཉིས་ཏེ། དེས་མ་མཐོང་བའི་དོན་འཛིན་པར་བསྟན་པ་དང༌། དེ་ལ་གནོད་བྱེད་མེད་པའོ། །དང་པོ་ལ་གཉིས་ཏེ། བཤད་པ་དང༌། བསྡུ་བའོ། །དང་པོ་ནི། དབང་མངོན་གྱི་གཟུང་དོན་ཆོས་ཅན། ཡིད་མངོན་གྱིས་མཐོང་བ་ཡོད་པ་མ་ཡིན་ཏེ། དེའི་སྔ་རོལ་དུ་བྱུང་བའི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ན་དུས་དེར་འདས་པ་ཡིན་པས་སོ། །རྟགས་སྒྲུབ་པ་ནི། དེ་སྐད་ཅིག་མ་མ་ཡིན་ན་ཚད་མའི་མཚན་ཉིད་ནི་སྔར་མ་བཤད་པའི་ཁྱད་པར་གཞན་དང་བཅས་པའི་བརྗོད་བྱར་འགྱུར་ཏེ། ཉེར་ལེན་ཚད་མ་སྔ་མས་བྱ་བ་བསྒྲུབས་ཟིན་པ་ཅན་གྱི་ལས་ཏེ་གཞལ་བྱ་ལ་ནི་རྟོགས་པ་དང་མི་སླུ་བའི་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་དང༌། དབང་ཡིད་ཀྱི་མངོན་སུམ་གཉིས་ཀ་གཟུང་དོན་གཅིག་ལས་སྐྱེ་ན་དབང་པོ་ཅན་ཕྱི་མ་རྣམས་སམ་གཞན་ཡིད་ཀྱི་མངོན་སུམ་དག་ནི་གཞལ་བྱ་སྒྲུབ་པར་བྱེད་པའི་ཚད་མ་ཉིད་དུ་ཇི་ལྟར་འདོད་དེ། འདོད་མི་རིགས་པའི་ཕྱིར་དང༌། གཟུང་དོན་རྟག་པའི་མངོན་སུམ་ལས་སྐྱེ་བའི་བློའང་ཐམས་ཅད་གཅིག་ཆར་དུ་འབྱུང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། རྐྱེན་གཞན་གྱིས་ཁྱད་པར་དུ་བྱར་ཡོད་པ་ཅན་མ་ཡིན་པའི་རྟག་པ་ཡིན་ན་དེ་རྐྱེན་ལ་ལྟོས་ནས་འབྲས་བུ་རིམ་བཞིན་དུ་བྱེད་པར་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཡིད་ཀྱི་མངོན་སུམ་ནི་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་ཡུལ་ལས་གཞན་པ་གཅིག་ཉིད་འཛིན་པར་བྱེད་དེ། དེས་གཟུང་ཟིན་འཛིན་ན་ཉེས་པ་དུ་མར་ཐལ་བ་དེའི་ཕྱིར། གཉིས་པ་ལ། གཉིས་ཏེ། ལོང་བས་གཟུགས་མཐོང་བར་ཐལ་བའི་དང༌། གནོད་བྱེད་གཞན་ཡང་མེད་པར་བསྟན་པའོ། །དང་པོ་ནི། གཟུགས་འཛིན་ཡིད་ཀྱི་མངོན་སུམ་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་གྱིས་མ་མཐོང་བའི་དོན་འཛིན་ཡང༌། ལོང་བས་གཟུགས་མཐོང་བར་ཐལ་བ་མ་ཡིན་ཏེ། ཁྱོད་རང་གི་དེ་མ་རྐྱེན་དབང་པོའི་རྣམ་པར་ཤེས་པ་ལས་བྱུང་བ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ལ། གཉིས་ཏེ། བསྐལ་བའི་དོན་མཐོང་བར་ཐལ་བའི་དང༌། གཟུང་ཡུལ་རང་དུས་སུ་འདས་པ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། ཡིད་ཀྱི་མངོན་སུམ་འདི་ཆོས་ཅན། དབང་མངོན་གྱིས་གཟུང་ཟིན་འཛིན་པ་ལ་སྐྱོན་ཡོད་པ་དེའི་ཕྱིར། ཡུལ་གཞན་འཛིན་ན་ཡང་ཡུལ་ངེས་པ་ཅན་འཛིན་པར་འདོད་པ་ཡིན་ཏེ། རང་གི་གཟུང་དོན་ཕན་བྱེད་ཀྱི་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་དོན་ལ་ལྟོས་པ་ཅན་གྱི་དབང་པོ་ལས་སྐྱེས་པའི་བློ་ནི་ཁྱོད་ཀྱི་དེ་མ་ཐག་པའི་རྒྱུར་དགོས་པའི་ཕྱིར་རོ། །གཉིས་པ་ནི། རང་གི་ཡུལ་ཅན་གྱི་ཤེས་པའི་དུས་ན་ཡོད་པ་ཅན་གྱི་དོན་དག་ནི་ཆོས་ཅན། ཇི་ལྟར་དབང་པོའི་ཤེས་པ་ཡི་ལྷན་ཅིག་བྱེད་པ་ཡིན་ཏེ་དེ་དང་འབྲས་བུ་བྱེད་པའི་དུས་མཚུངས་པ་མེད་པ་ཅན་ཡིན་པའི་ཕྱིར། ཞེ་ན། གཟུང་དོན་ཡིན་ན་རང་གི་ཡུལ་ཅན་གྱི་བློ་དང་དུས་མཚུངས་པར་བཅས་པ་མ་ཡིན་དགོས་ཏེ། རྒྱུ་རྣམས་ཐམས་ཅད་རང་གི་འབྲས་བུའི་སྔར་ཡོད་ཡིན་པ་དེའི་ཕྱིར། རྟགས་གྲུབ་སྟེ། སྔར་མེད་པ་དུས་མཉམ་པ་ལ་ཕན་འདོགས་པའི་ནུས་པ་མེད་པའི་ཕྱིར་དང༌། ཕྱིས་བྱུང་བས་ཀྱང་ཕན་པ་ཉེ་བར་མི་སྦྱོར་བའི་ཕྱིར། ཡང་ན་སྔར་རྒྱུ་མེད་པའི་དུས་དེ་ནི་ནུས་པ་མེད། ཕྱིས་རྒྱུ་ཡོད་པའི་ཚེ་ནི་འབྲས་བུ་གྲུབ་ཟིན་པའི་ཕྱིར། འོ་ན་ཡུལ་ཡུལ་ཅན་གྱིས་མི་མཚུངས་པ་ཐ་དད་པས་ན་ཇི་ལྟར་འཛིན་ཞེ་ན། གཟུང་འཛིན་དུ་འཇོག་པ་ལ་དུས་མཚུངས་མི་དགོས་ཏེ། རིགས་པ་ཤེས་པ་ཡིས་རང་འཛིན་ཤེས་པའི་རྣམ་པ་འཇོག་པའི་རྒྱུ་ཉིད་ལ་ནི་བཟུང་བར་ཤེས་པས་སོ། །འོ་ན་དབང་ཤེས་ལ་རྒྱུ་གང་ཡོད་ཡུལ་དུ་ཡང་འཇོག་གམ་ཞེ་ན། དུ་མ་ཉིད་ཡོད་ན་ཡང་འབྲས་བུ་རྣམ་ཤེས་རྒྱུ་གང་གི་རྣམ་པའི་རྗེས་སུ་བྱེད་ཅིང་སྐྱེ་བའི་རྒྱུ་གང་ཡིན་པ་དེ་ནི་ཆོས་ཅན། རྣམ་ཤེས་དེའི་གཟུང་ཡུལ་ཡིན་ཞེས་བརྗོད་པ་ཡིན་ཏེ། ཤེས་པ་དེ་ལ་ཁྱོད་ཀྱི་ངོ་བོ་སྟེ་རྣམ་པ་བཞག་པ་ཡིན་པའི་ཕྱིར། དེ་ལ་འདི་སྐད་ཅེས་ཡིད་མངོན་འདི་ལ་ཡིད་དབང་གི །བཤད་པ་སྡེ་བདུན་གཞུང་ན་མེད། །མངོན་པར་ཡིད་ཀྱི་ཤེས་པ་ཀུན། །ཡིད་ཀྱི་དབང་པོར་བརྟེན་ཞེས་བཤད། །ཡིད་དབང་ཉོན་མོངས་ཅན་ཡིད་དང༌། །ཚོགས་དྲུག་འདས་མ་ཐག་པར་བཤད། །འདིར་ནི་རྣམ་ཤེས་ཚོགས་ལྔ་པོ། །འདས་མ་ཐག་ལས་གཞན་མི་སྲིད། །རང་དུས་དེ་མ་ཐག་རྐྱེན་དང༌། །འདས་མ་ཐག་ཚེ་བདག་པོར་བཏགས། །བསྐྱེད་པའི་བྱ་བ་བྱས་ཟིན་ནས། །བདག་པོར་འདོགས་པ་མི་འགལ་ཏེ། །རང་དུས་རྣམ་པར་ཤེས་ཁམས་དང༌། །འདས་ཚེ་ཡིད་དུ་བཤད་ཕྱིར་རོ། །རྩོད་ལན་ཕྱི་མས་དུས་མཉམ་པའི། །རྒྱུ་འབྲས་བཀག་པའི་འབྲེལ་གང་ན། །གཟུང་ཡུལ་དེ་མ་ཐག་རྐྱེན་དང༌། །དུས་མཉམ་མིན་ཀྱང་རྒྱུ་ཞེས་སྨྲས། །མངོན་སུམ་འདི་ཡི་རྐྱེན་གསུམ་པོ། །ཚང་ན་དུས་དེ་ཉིད་དུ་སྐྱེ། །རྐྱེན་གསུམ་ནུས་པ་ཐོགས་མེད་ཀྱི། །དབང་དུ་བྱས་པ་གཞུང་འདིའི་ལུགས། །དེས་ན་འགྲོས་གསུམ་པ་ཉིད་དུ། །ངེས་པ་རྔོག་ལོ་ཆེན་པོ་དང༌། །ས་སྐྱ་རྗེ་བཙུན་གཉིས་ཀྱི་ལུགས། །ཞེས་སྦྱར་བ་ཡིན་ནོ། །གསུམ་པ་རང་རིག་མངོན་སུམ་ལ། །མདོ་ནི། ཆགས་ལ་སོགས། རང་རིག་རྣམ་པར་མི་རྟོག་པ། །ཅེས་པའི་དོན་འཆད་པ་ལ། གཉིས་ཏེ། རང་རིག་ལ་མངོན་སུམ་གྱི་དོན་ཚང་བར་སྒྲུབ། རང་རིག་མི་སྲིད་པའི་རྩོད་པ་སྤང་བའོ། །དང་པོ་ནི། བདེ་སོགས་དེ་དག་ཉམས་སུ་མྱོང་བའི་རང་རིག་ནི་ཆོས་ཅན། བརྗོད་པ་དང་རྗེས་སུ་འབྲེལ་བ་ཅན་གྱི་རྟོག་པ་མ་ཡིན་ཏེ། ཁྱོད་ཀྱི་མྱོང་བྱ་དེ་ལ་བརྡ་བྱེད་པར་ནི་ནུས་པ་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བརྡ་དུས་ཀྱི་བདེ་སོགས་ཀྱི་བདག་ཉིད་གཞན་ཐ་དད་ཀྱི་དུས་སུ་མི་བརྟེན་པ་སྟེ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །འདིའི་མཚན་གཞི་ནི་ཤེས་པ་སོ་སོའི་ངོ་བོར་གྱུར་པའི་གསལ་རིག་གི་ཆ་དེ་ཉིད་ཡིན་ལ། མངོན་སུམ་བཞིའི་ཟླས་དྲངས་པ་ནི་དེ་ཉིད་དོ། །ཕྱི་ལྟའི་མངོན་སུམ་གཉིས་ནི་རང་རིག་ཡིན་ཀྱང་འདིར་མི་བགྲང་སྟེ། བདག་རྐྱེན་དབང་པོ་ལ་བརྟེན་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། བྱེ་བྲག་པ་བདེ་སོགས་ནང་གི་བེམས་པོར་འདོད་པ་དགག གྲངས་ཅན་བདེ་སོགས་ཕྱིའི་བེམས་པོར་འདོད་པ་དགག་པའོ། །དང་པོ་ནི། བྱེ་བྲག་པ་འགའ་ཞིག་ན་རེ། བདེ་སོགས་དེ་དག་ཆོས་ཅན། རང་གི་ངོ་བོ་ཇི་ལྟར་རིགས་སྟེ། ཡུལ་གཞན་ཡང་རིག་བྱེད་མ་ཡིན་པའི་ཕྱིར། དེས་ན་བདག་དང་དོན་གཅིག་ལ་འདུ་བ་བརྟེན་པའི་རྣམ་ཤེས་ཀྱིས་རིག་བྱར་གྱུར་པའི་བེམས་པོ་ཡིན་ནོ། །ཞེས་ཟེར། དེ་འགོག་པ་ལ། གསུམ་སྟེ། ཤེས་པར་སྒྲུབ་པ། རང་རིག་པར་སྒྲུབ་པ། ཐ་སྙད་དུ་གཞན་རིག་པར་ཡང་སྒྲུབ་པའོ། །དང་པོ་ལ། རྟགས་དགོད་པ་དང༌། ཚུལ་གཉིས་སྒྲུབ་པའོ། །དང་པོ་ནི། དབང་ཤེས་འཁོར་གྱི་བདེ་སོགས་དེ་ཆོས་ཅན། ཅིས་ཤེས་པ་མ་ཡིན་ཏེ། རང་གི་གཙོ་བོ་རྣམ་ཤེས་ཀྱི་རྒྱུ་ལས་གཞན་མ་ཡིན་པའི་རྐྱེན་གསུམ་ལས་དངོས་སུ་སྐྱེས་པའི་ཕྱིར། གཉིས་པ་ལ། དངོས་དང༌། ཕྱོགས་ཆོས་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཁྱབ་སྟེ། ཤེས་པ་དེ་དང་དེ་མ་ཡིན་པའི་རང་བཞིན་ཅན་ནི། དེ་དང་དེ་མ་ཡིན་པའི་དངོས་རྒྱུས་སྐྱེད་དགོས་པའི་ཕྱིར། ཕྱོགས་ཆོས་གྲུབ་སྟེ། དམིགས་རྐྱེན་དོན་དང་བཅས་པའི་དབང་པོ་རུང་བ་དང༌། བདག་ཉིད་ཇི་ལྟ་བའི་སེམས་དེ་མ་ཐག་རྐྱེན་དུ་ཡོད་ན་བདེ་བ་ལ་སོགས་པ་སྐྱེ་བར་མཐོང་ལ། གཙོ་བོ་ཡིད་ཀྱང་དེ་དང་མཚུངས་པ་ཡིན་པའི་ཕྱིར། གཉིས་པ་ནི། མ་གྲུབ་སྟེ། གཙོ་བོ་ནི་རྐྱེན་གསུམ་ལས་ཤེས་པར་སྐྱེ་ལ། བདེ་སོགས་ནི་ཡིད་ཀྱི་ཡོན་ཏན་ཆོས་དང་ཆོས་མིན་ལས་བེམས་པོར་སྐྱེ་བའི་ཕྱིར། ཞེ་ན། རྐྱེན་གསུམ་པོ་དེ་ལས་བདེ་སོགས་དེ་སྐྱེ། གཞན་ལས་མ་ཡིན་ཏེ། རྐྱེན་གསུམ་པོ་དེ་དག་ཡོད་པ་དང་མེད་པ་ན་རྒྱུད་ཀྱི་ཁྱད་པར་འགའ་ལ་བདེ་བ་ལ་སོགས་པ་དང་བློ་དབང་ཤེས་སྐྱེ་བ་དང་མི་སྐྱེ་བར་མཐོང་བ་དེའི་ཕྱིར། འོ་ན་བདེ་སྡུག་ལ་ཁྱད་མེད་པར་འགྱུར་ཏེ། རྐྱེན་གསུམ་ལས་སྐྱེས་པར་འདྲ་བའི་ཕྱིར། ཞེ་ན། རྐྱེན་གསུམ་པོ་དེ་དག་ཉིད་ཀྱི་ཁྱད་པར་ལས་བདེ་སྡུག་ལ་སོགས་ཐ་དད་དུ་སྐྱེ་བ་ཡིན་ཏེ། དཔེར་ན་བློ་དེ་ཉིད་ཀྱི་ནི་ཁྱད་པར་ལ་ལ་གསལ་བ་དང་ཐེ་ཚོམ་དུ་སྐྱེ་བ་བཞིན་ནོ། །གཉིས་པ་ནི། བདེ་སོགས་རང་གིས་རང་མི་རིགས་ན་གཞན་གྱིས་རིག་པར་འདོད་དགོས་པས་འདི་ལ་མྱོང་བྱེད་ཀྱི་ཤེས་པ་རིམ་ཅན་དུ་སྐྱེས་ནས་མྱོང་བ་དགག གཅིག་ཆར་དུ་སྐྱེས་ནས་མྱོང་བ་དགག་པའོ། །དང་པོ་ནི། བདེ་སོགས་གཞན་གྱིས་མྱོང་བ་ཡིན་ན་ཡིད་ཤེས་ཀྱིས་སམ་དབང་ཤེས་ཀྱིས་མྱོང་བ་ཡིན། དང་པོ་ལྟར་ན། བདེ་སོགས་མྱོང་བའི་ཡིད་ཤེས་དང་གཟུགས་སོགས་འཛིན་པའི་དབང་ཤེས་གཉིས་རིམ་གྱིས་སྐྱེ་བ་ཡིན་ནམ་གཅིག་ཆར་སྐྱེ་བ་ཡིན། རིམ་གྱིས་འཛིན་ནོ། །ཞེ་ན། དེ་སོགས་མྱོང་བའི་ཡིད་ཀྱི་ཤེས་པ་ཆོས་ཅན། རང་ཡུལ་བར་རྣམ་པར་ཆད་པ་མེད་པར་སྣང་བར་མི་འགྱུར་ཏེ། གཟུགས་འཛིན་དབང་ཤེས་ཀྱིས་བར་བཅད་ཅིང་སྐྱེ་བའི་ཕྱིར། སྐྱོན་མེད་དེ། འཛིན་པ་མགྱོགས་པའི་ཕྱིར། ཞེ་ན། གཟུང་འཛིན་དབང་ཤེས་ཆོས་ཅན། རང་ཡུལ་གཟུགས་སྔ་ཕྱིའི་བར་དུ་བདེ་སོགས་མྱོང་བ་མེད་པ་ཅིས་མ་ཡིན་ཏེ། འཛིན་པ་མགྱོགས་པ་དེ་མཚུངས་པའི་ཕྱིར། གཉིས་པ་ལ། མྱོང་བྱེད་གཅིག་ཏུ་ངེས་པ་དགག སོ་སོར་ངེས་ཀྱང་ཅིག་ཆར་སྐྱེ་བ་དགག་པའོ། །དང་པོ་ནི། གཉིས་པ་ལྟར་ཁས་ལེན་པས་དབང་ཤེས་ཀྱིས་མྱོང་ངོ་ཞེ་ན། འོ་ན་དབང་ཤེས་ཀྱི་གཟུགས་སོགས་འཛིན་པ་བོར་ནས་བདེ་སོགས་མྱོང་ངམ། མ་བོར་བར་མྱོང༌། དང་པོ་ལྟར་ན་དབང་ཤེས་དེས་ནི་གཟུགས་སོགས་དེ་འཛིན་པ་བོར་ནས་བདེ་བ་ལ་སོགས་པ་ཉིད་ཇི་ལྟར་རྟོགས་པར་འགྱུར་ཏེ། དོན་གཟུགས་སོགས་གང་གཟུང་དོན་དུ་ཉེ་བས་བློ་དབང་ཤེས་དང་དེའི་འཁོར་གྱི་བདེ་བ་སོགས་པ་དེ་དག་སྐྱེ་བར་འགྱུར་བའི་ཕྱིར་གཉིས་པ་ལྟར་ཁས་ལེན་ནོ་ཞེ་ན། འདི་ལ་མ་རྟགས་པར་རང་རྒྱུད་ཀྱི་དགག་པ་དང༌། བརྟགས་ནས་ཐལ་འགྱུར་གྱིས་དགག་པའོ། །དང་པོ་ནི། དབང་ཤེས་གཅིག་གིས་ཕྱི་རོལ་གྱི་དོན་དང་བདེ་སོགས་གཉིས་ཀ་གཅིག་ཆར་དུ་ཤེས་པ་མ་ཡིན་ཏེ། དབང་པོའི་སེམས་ནི་ཕྱི་རོལ་གྱི་དོན་ཁོ་ནའི་གཟུང་དོན་ཅན་དུ་ངེས་པའི་ཕྱིར་དང༌། བདེ་སོགས་མེད་ཀྱང་ཕྱི་རོལ་གྱི་དོན་དག་ལས་སྐྱེ་བའི་ཕྱིར་ན་དེས་ཕན་པས་ནུས་པ་གྲུབ་པ་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། དོན་དང་བདེ་སོགས་གཉིས་ཀྱིས་སོ་སོ་སོ་སོར་ཡང་དབང་ཤེས་སྐྱེད་པར་ནུས་པ་ཡིན་ནོ། །ཞེ་ན། དབང་ཤེས་མ་འཁྲུལ་བ་ཆོས་ཅན། བདེ་སོགས་འབའ་ཞིག་འཛིན་སྲིད་པར་འགྱུར་ཏེ། དེའི་གཟུང་དོན་ལས་སྐྱེས་པའི་ཕྱིར། དཔེར་ན་རེས་འགའ་སྔོ་སོགས་འབའ་ཞིག་འཛིན་པ་བཞིན་ནོ། །འདོད་མི་ནུས་ཏེ། བདེ་སོགས་དེའི་རྒྱུའི་དོན་གཟུགས་སོགས་ནི་མ་བཟུང་བར་དེ་མྱོང་བར་ནི་མི་རིགས་པའི་ཕྱིར་རོ། །གཉིས་པ་ནི། དབང་ཤེས་ཀྱིས་དོན་དང་བདེ་སོགས་ལྷན་ཅིག་ཏུའམ་བདེ་སོགས་འབའ་ཞིག་འཛིན། ཞེས་འདྲི། དོན་དང་ལྷན་ཅིག་ཉིད་དུ་འཛིན་ནོ། །ཞེ་ན། བློ་དབང་ཤེས་ཆོས་ཅན། བདེ་སོགས་ཀྱི་ནི་ཁྱོད་ལ་ཕན་པའི་ནུས་པ་ཅི་ཡོད་དེ། གང་གི་ཕྱིར་ན་དེས་བསྐྱེད་པར་མི་འདོད་པའི་ཕྱིར། གཉིས་པ་ལྟར་ཁས་ལེན་ནོ་ཞེ་ན། མི་འཐད་དེ། དོན་མེད་པར་ནི་བདེ་བ་ལ་སོགས་པ་མིག་སོགས་རྣམས་ཀྱིས་མྱོང་ན་ནི་བུད་མེད་ཀྱི་གཟུགས་མཛེས་ལ་སོགས་པའི་ཁྱད་པར་ནམ་ཡང་མིག་གིས་མི་འཛིན་པར་འགྱུར་བའི་ཕྱིར། ཁྱབ་སྟེ། ནང་གི་ཡན་ལག་བདེ་སོགས་དབང་ཤེས་སྐྱེད་ནུས་པའི་གཟུང་དོན་དུ་ཡོད་ན་ཕྱི་རོལ་གྱི་དོན་མཐོང་བར་མི་འགྱུར་བས་ཁྱབ་པའི་ཕྱིར། གསུམ་པ་ལྟར་དོན་འབའ་ཞིག་འཛིན་ནོ་ཞེ་ན། དབང་ཤེས་མ་འཁྲུལ་བ་ཆོས་ཅན། བདེ་བ་ལ་སོགས་པ་མྱོང་བར་མི་འགྱུར་ཏེ། དོན་གྱི་གཟུང་དོན་དེ་ལས་སྐྱེས་པའི་ཕྱིར། གཉིས་པ་ནི། གོང་གི་བརྟག་པ་གཉིས་པ་ལྟར་ཡུལ་ཕྱི་རོལ་གྱི་དོན་དེ་དང་ནི་ནང་གི་བདེ་སོགས་དེ་ཡོད་པ་ལས་བློ་དབང་ཤེས་དང་བདེ་སོགས་མྱོང་བའི་ཡིད་ཀྱི་ཤེས་པ་ནི་གཅིག་ཆར་དུ་སྐྱེའོ་ཞེ་ན། གཟུང་དོན་གཉིས་པོ་དག་ནི་གཅིག་ཆར་དུ་ཡོད་པའི་ཚེ་ན་ཤེས་རྒྱུད་འགའ་ཞིག་ཆོས་ཅན། ཚོར་བ་བདེ་སྡུག་དག་ནི་གཅིག་ཆར་དུ་རིག་པར་འགྱུར་ཏེ། ཡུལ་འདོད་མི་འདོད་གཉིས་གཅིག་ཆར་དུ་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཡིད་བྱེད་སྔ་མ་ལ་མི་ལྟོས་པར་དམིགས་རྐྱེན་སོ་སོ་ལས་རང་དབང་དུ་སྐྱེ་བའི་ཕྱིར། གལ་ཏེ་ནང་གི་ཉེར་ལེན་ཤེས་པ་ཡང་འགལ་བ་གཉིས་གཅིག་ཆར་དུ་ཡོད་ན་སྡུག་བསྔལ་དང་བདེ་བ་སོགས་གཅིག་ཆར་དུ་འབྱུང་བར་ཐལ་ན་ཡང༌། ཤེས་པ་གཅིག་པོ་དེ་ནི་བདེ་སྡུག་འགལ་བ་ཡི་ཉེར་ལེན་མ་ཡིན་པར་འདོད་དོ། །ཞེ་ན། བདེ་སོགས་ཆོས་ཅན། གང་གིས་ན་རྣམ་པར་ཤེས་པ་ནི་ཁྱོད་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ཏེ། མི་ཤེས་པ་སྟེ་བེམས་པོ་ཡིན་པའི་ཕྱིར། གལ་ཏེ་ཤེས་པ་སྔ་མ་དེ་བདེ་སོགས་ཀྱི་བདག་པོའི་རྐྱེན་ཉིད་དུ་འགྱུར་བ་ཡིན་ནོ། །ཞེ་ན། དེ་ལྟ་ན་ཡང་བདེ་སྡུག་གཉིས་ཤེས་རྒྱུད་གཅིག་ལ་གཅིག་ཆར་དུ་སྐྱེ་བར་ཐལ། བདག་རྐྱེན་གཅིག་ལས་སྐྱེ་བ་དེ་ནི་བདག་འབྲས་འགལ་བ་དག་ལའང་མཐོང་བའི་ཕྱིར། དཔེར་ན་སྣང་བ་ཉི་མའི་འོད་ཟེར་ཅིག་མཚན་མོ་རྒྱུ་བ་འུག་པ་དང་དེ་ལས་གཞན་པའི་དབང་པོ་དག་གིས་གཟུགས་མཐོང་བའི་མི་མཐུན་པ་དང་མཐུན་པའི་རྐྱེན་གཅིག་ཆར་དུ་བྱེད་པ་བཞིན་ནོ། །གསུམ་པ་ནི། བདེ་སོགས་རང་རིག་པར་གྲུབ་པ་དེའི་ཕྱིར་བདེ་སོགས་ཆོས་ཅན། འཇིག་རྟེན་ན་དོན་རིག་པའི་ཐ་སྙད་འདོགས་ཏེ། རང་ཉིད་ལ་འཕོས་པ་སྟེ་ཤར་བའི་དོན་གྱི་རྣམ་པ་ནི་སྣང་བ་དང་རྣམ་པ་དེ་མྱོང་བའི་ཕྱིར་ནའོ། །རང་གི་བདག་ཉིད་རིག་པར་བྱེད་པའི་བདེ་སོགས་འདི་དག་ནི་ཆོས་ཅན། ཕྱི་རོལ་གྱི་དོན་ནི་དངོས་སུ་རིག་པ་མ་ཡིན་ཏེ། དོན་ལས་སྐྱེས་པ་ཙམ་དུ་ཟད་པའི་ཕྱིར་རོ། །མདོར་ན་དོན་སྣང་གི་དབང་ཤེས་མ་འཁྲུལ་བ་དེས་ཆོས་ཅན། དོན་གྱི་རྣམ་པ་མྱོང་བར་བཤད་དེ། དོན་གྱི་བདག་ཉིད་དེ་རྣམ་པ་ཤེས་པ་དེ་དག་གི་རང་གི་བདག་ཉིད་དུ་གྱུར་པ་དེ་མྱོང་བ་ཡིན་པ་དེས་ནའོ། །དེ་ཆོས་ཅན། དོན་དངོས་སུ་མ་རིག་ཀྱང་དོན་ལ་དམིགས་པ་ཡིན་ཏེ། དམིགས་པ་ཉིད་ཀྱི་རྒྱུ་མཚན་ནི་ཕྱི་རོལ་གྱི་དོན་དེར་སྣང་བ་ཡིན་པའི་ཕྱིར། གཉིས་པ་ལ། གཉིས་ལས། ཕྱོགས་སྔ་མ་ནི། འགའ་ཞིག་སྟེ་གྲངས་ཅན་ན་རེ། བདེ་སོགས་ནི་ཕྱི་རོལ་ན་དེ་ཙམ་ལྔ་ཡི་ངོ་བོར་གནས་པ་ཉིད་དང་ནི་སེམས་མེད་པ་དང་རྣམ་ཤེས་ཀྱིས་བཟུང་བར་སྨྲའོ། །དེ་དགག་པ་ལ། གསུམ་སྟེ། རྣམ་ཤེས་ཀྱི་བཟུང་བྱ་ཡིན་པ་དགག ཕྱི་རོལ་ན་གནས་པ་དགག སེམས་མེད་དགག་པའོ། །དང་པོ་ནི། བྱེ་བྲག་པར་མ་ཟད་གྲངས་ཅན་དེ་ཡི་ཡང་གཟུགས་འཛིན་མིག་ཤེས་ཆོས་ཅན། གཟུགས་དང་བདེ་སོགས་གཉིས་གཅིག་ཆར་དུ་འཛིན་པར་མི་རིགས་ཏེ། དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་པའི་རིགས་པས་བཀག་ཟིན་པའི་ཕྱིར་སྔོ་སོགས་ཀྱི་རང་བཞིན་དང་བདེ་སོགས་ཀྱི་རང་བཞིན་གཅིག་ཡིན་པའི་ཕྱིར་གཅིག་ཆར་དུ་འཛིན་ནོ་ཞེ་ན། དེ་ཆོས་ཅན། ཇི་ལྟར་ཐ་མི་དད་དེ། ཐ་དད་དུ་སྣང་བ་ཅན་གྱི་མ་འཁྲུལ་བའི་སེམས་ཀྱིས་ནི་ཐ་དད་དུ་བཟུང་བའི་ཕྱིར། གཉིས་པ་ནི། བདེ་སོགས་ཆོས་ཅན། གོམས་པ་ཡི་ནི་ཁྱད་པར་ལས་བློ་ལ་དགའ་བ་དང་ཡོངས་སུ་གདུང་བའི་ཁྱད་པར་གོང་ནས་གོང་དུ་ནི་སྐྱེ་བར་མི་འགྱུར་བར་ཐལ། ཕྱི་རོལ་གྱི་དོན་དེར་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་ཡང་ངོ༌། །གལ་ཏེ་བློ་ཡང་བདེ་སོགས་ཀྱི་བདག་ཉིད་ཡིན་པས་ན་གོམས་པ་ལས་ཁྱད་པར་དུ་འགྱུར་བ་མི་འགལ་ལོ། །ཞེ་ན། ད་ནི་ཕྱི་རོལ་གྱི་དེ་ཙམ་ལྔ་པོ་དེ་བདེ་སོགས་ཀྱི་བདག་ཉིད་ཡིན་ཞེས་ཇི་ལྟར་རྟོགས་ཞེས་འདྲི། གལ་ཏེ་བློའི་བདེ་སོགས་དང་གཟུང་འཛིན་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་ནི་ཐ་དད་པ་དག་གཟུང་འཛིན་མ་ཡིན་པའི་ཕྱིར། ཞེ་ན། སྐྱེས་བུ་བདག་ཤེས་རིག་ནི་ཆོས་ཅན། གཟུགས་སོགས་ཀུན་གྱི་འཛིན་བྱེད་དུ་མི་འགྱུར་ཏེ། རིགས་ཐ་དད་པའི་ཕྱིར། འདོད་པ་དེས་ན་ཡུལ་ཀུན་གྱི་ཟབ་པོ་ཉིད་ཡིན་པ་ཉམས་སོ། །གཟུང་འཛིན་ལ་རིགས་མཐུན་པས་ཁྱབ་པ་བཀག་པ་འདིས་ནི་ཆོས་ཅན། རྒྱུ་དང་འབྲས་བུ་ལ་རིགས་མཐུན་པས་ཁྱབ་པ་ཡང་བསལ་བ་ཡིན་ཏེ། རྒྱུ་འབྲས་ལ་རིགས་གཅིག་དགོས་ན་བློ་དང་བདེ་སོགས་ཀྱང་རྒྱུ་འབྲས་མ་ཡིན་པར་ཐལ་བས་སོ། །གྲངས་ཅན་བློ་དང་བདེ་སོགས་རྒྱུ་འབྲས་སུ་འདོད་ཀྱང༌། དེ་གཉིས་ཆོས་ཅན། རྒྱུ་དང་འབྲས་བུ་མ་ཡིན་ཏེ། གཟུང་བ་དང་འཛིན་པ་ཉིད་དུ་མེད་པའི་ཕྱིར། གཟུང་འཛིན་དུ་ཡོད་པས་རྒྱུ་འབྲས་སུའང་ཡོད་དོ་ཞེ་ན། གཞན་སྐྱེས་བུ་དང་གཟུགས་སོགས་ཆོས་ཅན། རྒྱུ་འབྲས་སུ་འགྱུར་ཏེ། གཟུང་འཛིན་དུ་ཡོད་པ་དེ་ནི་ཁྱོད་ལའང་མཚུངས་པའི་ཕྱིར། མདོར་ན་བདེ་སོགས་དེ་ནི་ཆོས་ཅན། ནང་ཉིད་ཡིན་ཏེ། གོམས་པ་ལས་ཁྱད་པར་དུ་འགྱུར་བ་དེའི་ཕྱིར་རོ། །གསུམ་པ་ལ། གཉིས་ཏེ། རྟགས་དགོད་པ་དང༌། ཁྱབ་པ་མ་ངེས་པའི་ལན་དགག་པའོ། །དང་པོ་ནི། བདེ་སོགས་ཆོས་ཅན། སེམས་ཡིན་ཏེ། མྱོང་བྱ་ཉིད་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། གང་གི་རང་བཞིན་མྱོང་བ་ཤེས་པ་མ་ཡིན་པ་དེ་ནི་ཤེས་པ་དེའི་མྱོང་བྱ་མ་ཡིན་དགོས་པས་སོ། །གཉིས་པ་ནི། གལ་ཏེ་ཤེས་པ་དེའི་རང་བཞིན་མ་ཡིན་པ་བློ་ལ་གནས་པའི་བདེ་སོགས་དེ་མྱོང་བ་བདག་ཤེས་རིག་གི་སྐྱེས་བུས་རིག་གོ་ཞེ་ན། མངོན་སུམ་གྱི་རྣམ་པ་ཅན་རྟོག་མེད་ཀྱི་མྱོང་བ་དང༌། དྲན་པའི་རྣམ་པ་ཅན་རྟོག་པའི་མྱོང་བ་མ་གཏོགས་པའི་བློའམ་ཆེན་པོ་ཞེས་བྱ་འདི་གང་ཡོད་དེ། ཡུལ་འདོད་པ་དེ་དང་དོན་མི་འདོད་པ་དེ་ལ་བརྟེན་ནས་བདེ་བ་དང་སྡུག་བསྔལ་ལ་སོགས་པ་མྱོང་བའི་ཤེས་པ་གཅིག་ཉིད་འབྱུང་བར་འགྱུར་བ་མཐོང་གི ཡུལ་དང་ཤེས་པའི་བར་དུ་བློ་རྫས་གཞན་ནི་ཚད་མས་མ་མཐོང་བའི་ཕྱིར། གལ་ཏེ་བློ་མྱོང་རྫས་གཞན་དུ་ཡོད་ཀྱང་མ་མཐོང་བ་ཡིན་ཏེ། སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པ་ན་བློ་མྱོང་གཅིག་ཏུ་འདྲེས་པས་རྣམ་པ་དབྱེར་མེད་པའི་ཕྱིར། དཔེར་ན་ལྕགས་མེར་བསྲེགས་པའི་ཚེ། ལྕགས་གོང་དང་ནི་མེ་རྫས་གཞན་ཡིན་ཀྱང་དེར་མ་མཐོང་བ་བཞིན་ནོ། །ཞེ་ན། དེ་ལྟ་ཡིན་ན་དངོས་པོ་ཀུན་ལ་རྫས་ཐ་དད་མ་ཡིན་པའི་རྣམ་གཞག་ཉམས་ཏེ། ཐ་དད་པ་མེད་པར་མྱོང་ན་གཅིག་ཡིན་པ་དང༌། གཅིག་པ་དེ་ལྟར་དུ་མྱོང་བ་གང་ཡིན་པ་དེ་ཐ་དད་པ་ཅན་དུ་གྲུབ་པ་འདིས་གཅིག་དང་ཐ་དད་ཀྱི་སྒྲུབ་བྱེད་འབྱུང་བ་མ་ཡིན་ན། གཅིག་དང་ཐ་དད་ཀྱི་སྒྲུབ་བྱེད་ཚད་མས་འགྲུབ་པ་མ་ཡིན་དགོས་པའི་ཕྱིར། གྲངས་ཅན་གྱི་ལུགས་དེར་ཆོས་ཅན། ཐ་དད་དང་ཐ་དད་མེད་པའི་རྟེན་ཅི་ཡོད་དེ། སྡུག་བསྔལ་དང་དཀར་སོགས་ཐ་དད་དུ་སྣང་ཡང་ཐ་དད་མ་ཡིན། བློ་མྱོང་ནི་ཐ་དད་མེད་པར་སྣང་ཡང་ཐ་དད་པའི་ཕྱིར་རོ། །འོ་ན་ཁྱོད་ལ་ཡང་གཙོ་བོ་སེམས་གཅིག་གི་འཁོར་དུ་ཚོར་བ་ལྟ་བུ་ཅིག་གསལ་བར་གྱུར་པའི་ཚེ་སེམས་བྱུང་ལྷག་མ་རྣམས་རྫས་ཐ་དད་དུ་མེད་པར་འགྱུར་ཏེ། དེར་མ་མཐོང་བའི་ཕྱིར། ཞེ་ན། དཔེ་དོན་མི་མཚུངས་ཏེ། ཚོར་བ་བདེ་བ་ལྟ་བུ་ཅིག་མངོན་དུ་གྱུར་པའི་ཚེ་དེ་ལྷག་པར་གསལ་བས་སེམས་བྱུང་ལྷག་མ་རྣམས་བསྒྲིབས་ན་ཡང་སེམས་བྱུང་ལྷག་མ་རྣམས་དང་ཚོར་བ་བདེ་བ་ལྟ་བུ་དེ་རྫས་ཐ་དད་པའི་རྣམ་གཞག་གྲུབ་པ་ཡིན་ཏེ། གཙོ་བོ་སེམས་ཀྱི་ཁྱད་པར་གྱི་རྒྱུན་དག་ལ་སེམས་བྱུང་ཀུན་འགྲོ་ལྔ་པོ་དེ་རྫས་ཐ་དད་པར་ནི་མཐོང་བའི་ཕྱིར་རོ། །གཞུང་འདིས་ནི་གཙོ་འཁོར་རྫས་ཐ་དད་ཅིང༌། འཁོར་རྣམས་ཀྱང་རྫས་ཐ་དད་པ་ཉིད་དུ་བསྟན་པ་ཡིན་ལ། དེའི་ཚེ་དེ་རྣམས་རྫས་ཐ་དད་དུ་མ་མཐོང་ཞེས་ཁས་བླངས་ན་ནི་གཞུང་གོང་མ་དག་དང་འགལ་ལ། མཐོང་བར་ཁས་ལེན་པ་ལ་ནི་བསྒྲིབས་ན་ཡང་ཞེས་པའི་ཤུགས་ལ་གཅིག་གསལ་བ་དེའི་ཚེ་གཞན་རྣམས་ཐ་དད་དུ་མ་མཐོང་ཞེས་དོན་གྱིས་འཕངས་པ་དེ་ཇི་ལྟ་བུ་ཞེ་ན། དེའི་ཚེ་ཀུན་འགྲོ་ལྔ་པོ་ལ་མྱོང་བྱེད་རྫས་གཞན་རེ་རེ་ཡོད་ཀྱང༌། གཞན་རྣམས་ཀྱིས་ངེས་པ་འདྲེན་མ་ནུས་ཏེ། དེ་འདྲེན་པའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པའི་ཕྱིར། ཞེས་པའོ། དཔེ་ལ་ཡང་མེ་ལྕགས་འདྲེས་པའི་རེག་བྱ་འཛིན་པའི་མངོན་སུམ་དེ་ལ་གཉིས་ཀའི་རྡུལ་ཕྲན་གྱི་རྣམ་པ་ཤར་ཡང་གཅིག་ཤོས་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བ་བཞིན་ནོ། །ཚུར་མཐོང་གི་རྒྱུད་ལ་གཙོ་བོ་གཟུགས་འཛིན་མིག་ཤེས་ཀྱི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་བྱུང་བ་དེའི་ཚེ་ན་འཁོར་རྣམས་ནི་རྟོག་པ་ཁོ་ན་སྟེ། སོ་སོའི་མཚན་ཉིད་གཞུང་ནས་འབྱུང་བ་རྣམས་ལ་ཞེན་བློའི་མཚན་ཉིད་ཚང་བའི་ཕྱིར། དཔེར་ན་འདུ་ཤེས་དང་ཡིད་ལ་བྱེད་པ་བཞིན་ནོ། །རྐྱེན་གསུམ་ལས་སྐྱེ་བར་བཤད་པས་དེ་ལ་གནོད་པ་མ་ཡིན་ཏེ། དབང་པོ་ལས་དངོས་སུ་སྐྱེས་ཀྱང་བདག་རྐྱེན་དུ་ཁས་མི་ལེན་པ་དང༌། གཟུགས་དམིགས་རྐྱེན་དུ་བྱེད་པའི་གཙོ་བོ་གཟུགས་འཛིན་དབང་ཤེས་དེས་དམིགས་རྐྱེན་དེའི་ངོ་བོ་ཙམ་ཞིག་དམིགས་ཀྱི་ཁྱད་པར་མ་དམིགས། གཙོ་བོ་དེས་རང་སྟོབས་ཀྱིས་དྲངས་པའི་ངེས་ཤེས་ལྔ་པོ་སོ་སོར་དེའི་ཁྱད་པར་ལ་དམིགས་ནས་སིམ་གདུང་གང་རུང་གི་ངོ་བོར་དང༌། དེའི་ཁྱད་པར་ལ་མཚན་མར་འཛིན་པ་དང༌། དེའི་ཁྱད་པར་སྣ་ཚོགས་ལ་སེམས་གཡོ་བར་བྱེད་པའི་རྟོག་པ་སོགས་ལྔ་པོ་ལ་ནི་ཀུན་འགྲོ་ཞེས་བྱ་ཞིང༌། དེ་དག་ཀྱང་གཙོ་བོ་དེའི་དམིགས་རྐྱེན་ལས་སྐྱེས་པ་ཡིན་ཏེ། གཙོ་བོ་དེས་རང་སྟོབས་ཀྱིས་དྲངས་ཤིང༌། དེའི་ལྡོག་པའི་ཁྱད་པར་སྣ་ཚོགས་ཡུལ་དུ་བྱས་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། མངོན་སུམ་བཞི་ཡི་གྲངས་ངེས་ཚེ། །རང་རིག་འཛིན་རྣམས་ཁོ་ན་སྟེ། །རྐྱེན་གཉིས་པོ་ལ་ལྟོས་མེད་ཕྱིར། །དབང་ཡིད་མངོན་སུམ་དང་མི་མཐུན། །ཕྱིར་བལྟའི་མངོན་སུམ་རང་རིག་ཏུ། །འདོད་པ་རྣམ་བདེན་ལུགས་ཡིན་ཏེ། །བྱེ་བྲག་སྨྲ་དང་རྣམ་རྫུན་པས། །རྣམ་པ་མྱོང་བྱར་མི་འདོད་ཕྱིར། །དབང་ཡིད་གཉིས་པོས་དོན་རིག་པ། །མིན་པའི་ཤེས་བྱེད་མདོ་སྡེ་པས། །ལྐོག་ན་མོ་དང་སེམས་ཙམ་པ། །ཕྱི་དོན་མེད་པར་འདོད་ཕྱིར་རོ། །རང་རིག་ཡིན་ན་མངོན་སུམ་དང༌། །དེ་ལ་ཚད་མས་ཁྱབ་གྱུར་ཀྱང༌། །རང་རིག་ཉིད་དང་མངོན་སུམ་གྱི། །གཞི་མཐུན་ཙམ་གྱིས་དེར་མི་འདོད། །འཁྲུལ་པའི་ཤེས་པ་ཐམས་ཅད་ནི། །འཛིན་རྣམ་ཅན་ཕྱིར་རང་རིག་པ། །ཡིན་ཀྱང་རང་རིག་མི་ཟེར་ཏེ། །མཚོ་ལས་སྐྱེས་དང་མཚོ་སྐྱེས་བཞིན། །རྣམ་རྫུན་པ་ནི་འཛིན་རྣམས་ལས། །གཞན་པའི་ཚད་མ་མི་འདོད་ཕྱིར། །མངོན་སུམ་འདོད་པ་ལྟ་ཅི་སྨོས། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཤེས་བྱ་མེད་ཕྱིར་རྗེས་དཔག་གིས། །ཆོས་དབྱིངས་རྟོགས་པ་ལྟ་ཅི་སྨོས། །ཀུན་མཁྱེན་ལས་གཞན་གཞལ་བྱ་ལ། །ཚད་མར་གྱུར་བའི་བློ་མི་འདོད། །ཅེས་སྦྱར་བ་ཡིན་ནོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ། །མཚན་གཞི་ངོས་བཟུང༌། དེ་ལ་མངོན་སུམ་གྱི་མཚན་ཉིད་ཚང་བར་སྒྲུབ་པའོ། །དང་པོ་ནི། སྔར་ཚད་མ་གྲུབ་པའི་ལེའུར་བཤད་པའི་བདེན་པ་བཞི་པོ་དེ་དག་གི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་པོ་དེ་བསྒོམས་པ་ལས་བྱུང་བའི་རྣལ་འབྱོར་བའི་ཤེས་པ་ནི་མངོན་སུམ་ཡིན་ནོ། །གཉིས་པ་ལ། གཉིས་ཏེ། རྟོག་བྲལ་གྱི་དོན་ཚང་བ་དང༌། མ་འཁྲུལ་བའི་དོན་ཚང་བའོ། །དང་པོ་ནི། བདག་མེད་མངོན་སུམ་དུ་མཐོང་བའི་ཤེས་པ་ཆོས་ཅན། རྟོག་པའི་དྲྭ་བ་རྣམ་པར་བསལ་བས་རང་ཡུལ་གསལ་བ་ཉིད་དུ་སྣང་བ་ཡིན་ཏེ། རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བའི་བློ་ནི་དོན་རང་མཚན་གསལ་བར་སྣང་བ་ཅན་མ་ཡིན་པའི་ཕྱིར་དང༌། རྟོག་པ་ལ་གསལ་སྣང་སྲིད་ན་རྨི་ལམ་གྱི་རྟོག་པ་ལ་ཡོད་དགོས་པ་ལས་རྨི་ལམ་ན་ཡང་དྲན་པ་དེ་གསལ་བ་དེ་འདྲའི་དོན་ལྡན་པ་མ་ཡིན་པར་དྲན་པའི་ཕྱིར་རོ། །གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་སྐྱེ་བའི་དཔེ་ཡོད་དེ། འདོད་ཆགས་དང་འཇིགས་པ་དང་མྱ་ངན་གྱིས་བརླབས་པ་དང་ཀུན་པོ་རྨི་བ་སོགས་ཀྱིས་བསླད་པས་ཡང་དག་པ་མ་ཡིན་པའི་དོན་ཏེ། མདུན་ན་གནས་པ་བཞིན་དུ་ནི་མཐོང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གོམས་བྱའི་དོན་ལ་གསལ་སྣང་སྐྱེས་པའི་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་མངོན་སུམ་དུ་ཁས་ལེན་ནམ་ཞེ་ན། ཡང་དག་པའི་དོན་གང་དང་ཡང་དག་པ་མ་ཡིན་པའི་དོན་གང་ཤིན་ཏུ་བསྒོམས་པར་གྱུར་པ་ལས་སྒོམ་པ་ཡོངས་སུ་རྫོགས་པ་ན་གོམས་བྱ་དེ་གསལ་ལ་མི་རྟོག་པའི་འབྲས་བུ་ཅན་གྱི་བློ་སྐྱེ་བ་ཡིན་ཏེ། མི་གཙང་བ་ཀེང་རུས་དང་ཟད་པར་ས་ལ་སོགས་པ་ཡང་དག་པ་མ་ཡིན་པའང་བསྒོམས་པའི་སྟོབས་ཀྱིས་སྤྲུལ་པ་སྟེ་བསྐྱེད་པའི་བློ་རྟོག་པ་མེད་པ་དང་ཡུལ་གསལ་བར་སྣང་བ་ཅན་དུ་མཐོང་བ་དེའི་ཕྱིར། དེ་ལྟར་གཉིས་ཡོད་པ་དེ་ལ་སྔར་ཚད་མ་གྲུབ་པར་བཤད་པའི་མི་རྟག་ལ་སོགས་བཅུ་དྲུག་གི་དངོས་པོ་ཇི་ལྟ་བ་བཞིན་ལ་སླུ་བ་མེད་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ནི་བསྒོམས་བྱུང་མངོན་སུམ་ཚད་མར་འདོད་ལ། ལྷག་མ་ཡང་དག་པ་མ་ཡིན་པའི་དོན་ལ་གསལ་སྣང་ཅན་དེ་ཆོས་ཅན། མངོན་སུམ་མ་ཡིན་ཏེ། ཉེ་བར་བསླད་པ་སྟེ་རྟོག་མེད་འཁྲུལ་ཤེས་ཡིན་པའི་ཕྱིར། དེ་དག་གིས་ནི། མདོར། རྣལ་འབྱོར་རྣམས་ཀྱིས་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་པ་དེའི་དོན་བསྟན་ཟིན་པ་ཡིན་ལ། དེར་བླ་མ་ནི་རྫོགས་པའི་སངས་རྒྱས་དང༌། བསྟན་པ་ནི་དེའི་གསུང་རབ་ལས་བྱུང་བའི་བདག་མེད་པ་གཉིས་སོ། །མ་འདྲེས་པ་ནི་རང་མཚན་གྱི་གོ་བ་ཡིན་ལ། ཙམ་ཞེས་བྱ་བའི་སྒྲ་ནི་སྤྱིའི་ཡུལ་ཅན་མ་ཡིན་པའི་ཚིག་གོ །ལུགས་འདིར་ཡང་བདག་མེད་པ་གཉིས་ཀྱི་ངོས་འཛིན་མེད་དགག་ཁོ་ན་ལ་འཆད་པ་ནི་བསྡུས་པའི་ལུགས་ཡིན་གྱི། མདོ་སེམས་ཀྱི་ལུང་དང་འགལ་ལོ། །དེ་ལ་འདི་སྐད་ཅེས། རྣལ་འབྱོར་མངོན་སུམ་བདག་མེད་པ། །རང་མཚན་ཁོ་ནའི་ཡུལ་ཅན་ཏེ། །དགག་པའི་ཡུལ་ཅན་མངོན་སུམ་ནི། །ཚད་མའི་གྲངས་ངེས་གཞུང་དང་འགལ། །སྣང་བཅས་སྣང་མེད་གཉིས་དབྱེ་བའི། །ལུང་ཁུངས་གསལ་པོ་བཙལ་བྱ་ཞིང༌། །སྣང་བཅས་ཡང་དག་མིན་རྟོག་ལ། །བཤད་པར་བྱ་བ་མ་ཡིན་ནོ། །རྣལ་འབྱོར་མངོན་སུམ་ཇི་སྙེད་པ། །རང་རིག་ཉིད་དུ་བཤད་བྱ་སྟེ། །དེ་ཡི་མྱོང་བྱ་ཆོས་དབྱིངས་ཀྱི། །ཡེ་ཤེས་ཉིད་དུ་གྲུབ་ཕྱིར་རོ། །ཞེས་སྦྱར་བ་ཡིན་ནོ། །གསུམ་པ་ནི། མདོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེར་རྟོག་ཕྱིར། །ཞེས་པའི་དོན་འཆད་པ་ལ། གལ་ཏེ་མངོན་སུམ་ཐམས་ཅད་རྟོག་བྲལ་ཡིན་ན་རྟོག་པའང་དེར་འགྱུར་ཏེ། རང་རིག་ཏུ་འདོད་པའི་ཕྱིར། ཞེ་ན། ཡུལ་སོ་སོ་ལ་ལྟོས་ནས་སོ་སོར་བཞག་གོ་ཞེས་སྟོན་པ་ནི། རྟོག་པའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཅན། རང་གི་སྣང་ཡུལ་དོན་སྤྱི་དེ་ལ་རྟོག་པ་ཡིན་ཏེ། དོན་སྤྱི་གང་ལ་སྒྲ་དོན་འདྲེས་ནས་འཛིན་པའི་རིག་པ་ཡིན་པས་སོ། །དེ་ཆོས་ཅན། རང་གི་ངོ་བོ་ཤེས་རྣམ་དེ་ལ་མངོན་སུམ་ཡིན་ཏེ། དེ་རིག་ཅིང་དེའི་སྒྲ་དོན་འཛིན་པ་མ་ཡིན་པའི་ཕྱིར། རྟོག་པའི་ཡུལ་ནི་གཉིས་ཏེ། སྣང་བ་དང༌། བརྟགས་པའོ། །དང་པོ་ནི། ཤེས་རྣམ་ཡིན་ལ། གཉིས་པ་ནི་གཞན་སེལ་ལོ། །ཡུལ་ཅན་དེས་རིག་བྱ་ནི་སྔ་མ་དེ་ཡིན་ལ། ཕྱི་མ་དེར་ཞེན་པ་ལ་དེའི་ཡུལ་དུ་ཐ་སྙད་བཏགས་པའོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། མངོན་སུམ་ལྟར་སྣང་ནི་མདོར་བསྡུ་ན་རྣམ་པ་བཞི་ཡིན་ནོ། །གང་ཞེ་ན། རྟོག་པའི་ཤེས་པ་ལ་ནི་བརྡ་རྟེན་ཅན་དང༌། དོན་གཞན་ལ་སྒྲོ་འདོགས་པ་དང༌། ལྐོག་ཏུ་གྱུར་པའི་དོན་ཅན་ཏེ་རྣམ་པ་གསུམ་དང༌། རྟེན་དབང་པོ་བསླད་པ་ལས་བྱུང་བ་ཅན་གྱི་རྟོག་པ་མེད་པ་གཅིག་རྣམས་ཡིན་ནོ། །གཉིས་པ་ནི། མདོར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་པའི་དོན་འཆད་པ་ལ་གཉིས་ཏེ། མདོར་རྟོག་པ་ལ་དྲུག་ཏུ་ཕྱེ་བའི་དགོས་པ་བཤད་ནས་འདིར་གསུམ་དུ་བསྡུ་བ་དང༌། མདོར་རྟོག་མེད་མངོན་སུམ་ལྟར་སྣང་དམིགས་ཀྱིས་གསལ་བའི་དགོངས་དོན་བཤད་པའོ། །དང་པོ་ནི། འདིར་རྟོག་པ་གསུམ་དུ་བསྡུ་ན་མདོར་དྲུག་ཏུ་ཕྱེ་དང་ནི་ཞེ་ན། མདོར་མངོན་སུམ་ལྟར་སྣང་གི་སྡེ་ཚན་དུ། འཁྲུལ་དང་ཀུན་རྫོབ་ཤེས་པ་གཉིས་བཤད་པ་ཆོས་ཅན། གཉིས་པོ་དབང་པོ་ལས་སྐྱེས་པའི་མངོན་སུམ་མ་ཡིན་པར་གྲུབ་པའི་དོན་དུ་ཡིན་ཏེ། གཉིས་པོ་མངོན་སུམ་དུ་འཁྲུལ་པ་མཐོང་བའི་ཕྱིར་རོ། །རྗེས་དཔག་སོགས་ཕྱི་མ་བཞི་སྡེ་ཚན་དེར་བརྗོད་པ་ནི་ཆོས་ཅན། རང་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་ཆེད་མ་ཡིན་ཏེ། དེར་གྲུབ་ཟིན་པའི་ཕྱིར། དེ་ལྟ་ན་ཡང་དགོས་པ་ཡོད་དེ། སྔ་མ་གཉིས་ཉིད་དེར་སྒྲུབ་པའི་མཐུན་དཔེ་བསྟན་པའི་ཕྱིར་རོ། །འོ་ན་སྔ་མ་གཉིས་མངོན་སུམ་དུ་འཁྲུལ་བའི་རྒྱུ་ཅི། རྗེས་དཔག་སོགས་ཀྱི་དཔེ་ལས་མངོན་སུམ་མ་ཡིན་པར་འགྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། བརྡ་རྟེན་ཅན་དང་དོན་གཞན་ལ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་དག་ཆོས་ཅན། དུས་འགའ་ཞིག་གི་ཚེ་མངོན་སུམ་དུ་འཁྲུལ་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། མངོན་སུམ་དང་ཡུལ་གཅིག་ལ་ཉེ་བར་འཇུག་པ་ཅན་ཉིད་ཡིན་པའི་ཕྱིར། གཉིས་པོ་དེ་ཡང་ནི་ཆོས་ཅན། མངོན་སུམ་ཡིན་པ་ལས་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། སྔར་ཉམས་སུ་མྱོང་བ་ཡི་དོན་དྲན་པ་མེད་པར་བུམ་པ་ལ་སོགས་པ་དག་ལ་འདིའོ་སྙམ་དུ་ཤེས་པ་ཡོད་པ་མ་ཡིན་པས་སོ། །ཇི་ལྟར་ཏེ་དཔེར་ན། དྲན་པ་ལ་སོགས་པ་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་འདི་བརྡ་ལ་ལྟོས་པའི་ངང་ཚུལ་ཅན་ཡིན་པས་མངོན་སུམ་གྱི་དོན་ལ་འཛིན་པར་མི་བྱེད་པ་དེ་ལྟར་རོ། །འདིར་འཁྲུལ་བའི་ཤེས་པ་ནི་ཟླ་བ་གཉིས་སྣང་ལྟ་བུ་རྟོག་མེད་དང༌། སྨིག་རྒྱུ་ལ་ཆུར་འཛིན་ལྟ་བུ་རྟོག་པ་གཉིས་ཡོད་ཀྱང་ཕྱི་མ་དེའི་དབང་དུ་བྱས་པ་དང༌། ཀུན་རྫོབ་པའི་ཤེས་པ་ནི་བྱེ་བྲག་པ་ལ་གྲགས་པའི་རྫས་དང་ཡོན་ཏན་ལས་དང༌། སྤྱི་སོགས་འཛིན་པའི་རྟོག་པའོ། །སྔ་མ་ལ་འདིར་བརྡ་རྟེན་ཅན་དང༌། ཕྱི་མ་ལ་དོན་གཞན་ལ་སྒྲོ་འདོགས་པའི་མིང་གིས་བཏགས་སོ། །གཉིས་པ་ལ། རང་ལུགས་བཞག གཞན་ལུགས་དགག སླར་ཡང་རང་ལུགས་བསྡུས་ཏེ་བསྟན་པའོ། །དང་པོ་ནི། རྣམ་འགྲེལ་འདིར་ནི་བཞི་པར་བསྟན་པའི་རྟོག་མེད་འཁྲུལ་ཤེས་དེ་ཚད་མའི་མདོར་མངོན་སུམ་ལྟར་སྣང་རབ་རིབ་བཅས། ཞེས་དམིགས་ཀྱིས་གསལ་ཏེ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། བདག་རྐྱེན་དབང་པོ་དེར་ནི་ཉེ་བར་གནོད་པ་ལས་སྐྱེས་པའི་ཤེས་པ་ཐམས་ཅད་མངོན་སུམ་ལྟར་སྣང་དུ་བརྗོད་པའི་ཕྱིར། རྟོག་མེད་མངོན་སུམ་ལྟར་སྣང་དེ་ལ་རབ་རིབ་འབའ་ཞིག་སྨོས་པ་ནི་ཆོས་ཅན། ཁྱབ་ཆུང་ཡོད་པ་མ་ཡིན་ཏེ། བདག་རྐྱེན་དབང་པོ་ལ་ཉེ་བར་གནོད་པ་ཐམས་ཅད་མཚོན་པར་བྱེད་པ་ཡིན་པའི་ཕྱིར། འདིར་དམིགས་གསལ་གྱི་གོ་བ་ནི། གོང་དུ། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་རྟོག་མེད་ཀྱི་ཤེས་པ་ལ་མངོན་སུམ་གྱིས་ཁྱབ་པ་ལྟ་བུར་བཤད་ནས་དེར་ངེས་སམ་སྙམ་པ་ལ། འཁྲུལ་རྒྱུས་བསྐྱེད་པའི་རྟོག་མེད་རྣམས་མངོན་སུམ་མ་ཡིན་ཞེས་བསྟན་པ་དེའོ། །དེ་ལྟར་གཉིས་ཀ་བསྡོམས་པས་རྟོག་བྲལ་དང་མ་འཁྲུལ་པའི་ཚོགས་དོན་མངོན་སུམ་གྱི་མཚན་ཉིད་དུ་ཕྱོགས་ཀྱི་གླང་པོས་བཞེད་ཅེས་བསྟན་པ་ཡིན་ནོ། །འོ་ན་རྟོག་པ་དང་བྲལ་ཞེས་བཤད་པ་དེས་ཆོག་མོད། རྟོག་པ་དྲུག་པོ་འདི་ཁོ་ན་ལྟར་སྣང་དུ་འཆད་པ་ཅི་སྙམ་པ་ལ། རྟོག་པ་དང་པོ་གཉིས་ནི་རྟོག་མེད་དུ་འཁྲུལ་པ་དང་ཁས་ལེན་པ་ཡོད་པས། དེའི་ངོར་རྟོག་པར་སྒྲུབ་པ་ཡིན་ལ། རྗེས་དཔག་སོགས་ནི་རྒྱུ་མཚན་མཚུངས་པར་དེའི་བསྒྲུབ་བྱེད་དུ་བཀོད་ཞེས་པ་ཉིད་དོ། །གཉིས་པ་ལ། ཟླ་གཉིས་གསལ་སྣང་གི་ཤེས་པ་ཡིད་རྟོག་ཏུ་འདོད་པ་དགག དམིགས་གསལ་གྱི་དོན་གཞན་དུ་འདོད་པ་དགག་པའོ། །དང་པོ་ནི། ཀུན་ལས་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ན་རེ། རབ་རིབ་ཀྱི་རྐྱེན་གྱིས་ཟླ་གཉིས་གསལ་བར་སྣང་བའི་ཤེས་པ་འདི་ཡིད་རྟོག་ཡིན་ཏེ། མིག་ཤེས་ཀྱིས་ཟླ་གཅིག་མཐོང་བ་ལ་རྟོག་པས་ཟླ་བ་གཉིས་སུ་གཟུང་བའི་ཕྱིར། དཔེར་ན་མིག་ཤེས་ཀྱིས་སྨིག་རྒྱུ་མཐོང་བ་ལ་རྟོག་པས་ཆུར་གཟུང་བ་བཞིན་ནོ། །དེས་ན་དེ་འདྲ་དེ་ཡིས་རྟོག་ཡིན་པས་མངོན་སུམ་མ་ཡིན་ཀྱང་རང་ཡུལ་གསལ་བར་སྣང་ངོ༌། །ཞེས་ཤེས་པའི་དོན་དུ་རབ་རིབ་བཅས་ཤེས་གསུངས་པ་ཡིན་ནོ། །དེ་དགག་པ་ལ། ལུང་གིས་དང༌། རིགས་པ་གཉིས་ལས། དང་པོ་ནི། ཟླ་གཉིས་གསལ་སྣང་གི་ཤེས་པ་ཡིད་རྟོག་ཡིན་པ་དེ་དག་ཆོས་ཅན། མི་འཐད་དེ། མིག་གི་དབང་པོའང་སྔོན་པོ་དང་ཟླ་བ་གཉིས་ལ་སོགས་པར་སྣང་བའི་བློའི་རྒྱུ་ཡིན་ཞེས་བྱ་བའི་གཞུང་འདི་དང་ནི་འགལ་བའི་ཕྱིར། གལ་ཏེ་གཞུང་དེས་ཤེས་པ་དེའི་བརྒྱུད་པའི་རྒྱུ་སྟོན་པ་ཡིན་ནོ། །ཞེ་ན། དྲངས་མ་ཐག་པའི་གཞུང་འདི་ལ་ཆོས་ཅན། ཡིད་ཀྱི་ནི་རྟོག་པའི་བརྒྱུད་རྒྱུ་སྐབས་སུ་བབས་པ་ཇི་ལྟར་འགྱུར་བ་ཡིན་ཏེ། དབང་པོའི་ཤེས་པའི་སྤྱོད་ཡུལ་དག་དཔྱད་ནས་འགོག་པའི་སྐབས་ཡིན་པའི་ཕྱིར། འདི་ཡི་དོན་ནི་སེམས་ཙམ་པས་དོན་སྨྲ་བ་ལ་སྨྲས་པ། ཕྱི་རོལ་གྱི་དོན་དབང་ཤེས་ཀྱི་སྤྱོད་ཡུལ་དུ་འདོད་ན་རྒྱུ་ཡིན་པས་སམ་དེར་སྣང་བས་དེར་འདོད། དང་པོ་ལྟར་ན་མིག་གི་དབང་པོའང་དེར་འགྱུར་ལ། སྣང་བའང་དགོས་ན་རྡུལ་ཕྲ་རབ་ལ་མ་གྲུབ་ཅེས་འཆད་པའི་སྐབས་ལ་དགོངས་པའོ། །གཉིས་པ་ལ། གཉིས་ཏེ། དབང་ཤེས་ཡིན་པའི་སྒྲུབ་བྱེད་དང༌། ཡིད་རྟོག་ཡིན་པ་ལ་གནོད་བྱེད་དོ། །དང་པོ་ནི། དབང་པོ་ལ་བརྟེན་པའི་ཤེས་པར་འཇོག་བྱེད་གང་ཡིན་ཞེས་འདྲི། གལ་ཏེ་གང་དབང་པོ་ཡོད་མེད་ཀྱི་རྗེས་སུ་འཇུག་པ་ཅན་ནོ། །ཞེ་ན། འོ་ན་སྔ་མའང་དབང་ཤེས་ཡིན་ཏེ། སྒྲུབ་བྱེད་དེ་མཚུངས་པའི་ཕྱིར། གལ་ཏེ་དབང་པོ་འགྱུར་རྗེས་སུ་འགྱུར་བ་དང་ལྡན་པ་ཡིན་ནོ་ཞེ་ན། ཟླ་གཉིས་གསལ་སྣང་གི་ཤེས་པ་དེ་ཆོས་ཅན། དབང་ཤེས་ཡིན་པ་ཅིའི་ཕྱིར་འགོག་སྟེ། དབང་པོ་འགྱུར་ན་འགྱུར་བ་འདི་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་ཐལ་བ་བཞི་ལས། ཟླ་གཉིས་གསལ་སྣང་འདིར་ཆོས་ཅན། རེས་འགའ་དབང་པོའི་འགྱུར་བ་ཡོད་ན་ཡང་ལྡོག་པར་འགྱུར་བ་དང༌། རེས་འགའ་དབང་པོའི་བསླད་པ་ནི་ལོག་ཀྱང་ལྡོག་པར་མི་འགྱུར་བ་ཡིན་པར་ཐལ། ཡིད་རྟོག་ཡིན་པའི་ཕྱིར། དཔེར་ན་ཐག་པ་ལ་སྦྲུལ་ལ་སོགས་པར་འཁྲུལ་པའི་ཡིད་རྟོག་བཞིན་ནོ། །སྦྲུལ་ལོ་ཞེས་བརྗོད་པ་དག་གིས་འཁྲུལ་རྒྱུ་ཡོད་པ་འགའ་ཞིག་གི་ཚེ་གང་ཟག་གཞན་གྱི་རྒྱུད་ལ་སྦྲུལ་འཛིན་གྱི་རྟོག་པ་འཇོག་ནུས་པ་བཞིན་དུ་ཟླ་བ་གཉིས་སོ་ཞེས་བརྗོད་པས་ཟླ་གཉིས་གསལ་སྣང་གི་ཤེས་པ་སྐྱེ་བར་ཐལ་བ་དང༌། རང་ཡུལ་མཐོང་བ་ལ་བརྡ་དྲན་ལ་ལྟོས་པར་འགྱུར་བ་དང༌། ཡུལ་ཡོངས་སུ་གསལ་བར་སྣང་བ་མ་ཡིན་པར་འགྱུར་ཏེ། ཡིད་རྟོག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཡིད་ཀྱི་རྟོག་པ་ལ་གསལ་སྣང་སྲིད་པ་མ་ཡིན་ཏེ། གཉིད་ལོག་པའམ་སད་པ་གཉིས་ཀའི་ཚེ་ན་གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ནི་རྟོག་མེད་ཀྱི་ཤེས་པ་ཡིན་ལ། གཉིས་ཀར་ཡང་གསལ་བར་སྣང་བ་དེ་ལྟ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེའི་ཕྱིར་ཟླ་གཉིས་གསལ་སྣང་གི་ཤེས་པ་དེ་ཚད་མ་ཡིན་པ་ཉིད་ནི་བཀག་པ་ཡིན་ཏེ། སླུ་བའི་ཕྱིར་རོ། །དེ་ལྟར་ཤེས་པ་དེའི་དོན་དུའང་མངོན་སུམ་ལྟར་སྣང་ལ་གཉིས་སུ་ཕྱེ་ནས་བཤད་པ་ཡིན་ནོ། །དེ་ལྟར་བོད་བསྡུས་མང་པོའི་སྤྲིན་ཚོགས་ཀྱིས། །རྣམ་བཤད་མཁན་མང་མུན་པར་བྱས་གྱུར་པ། །རིགས་པར་གསལ་བའི་སྣང་བྱེད་བགྲང་ཡས་པས། །རྣམ་འགྲེལ་ཉིན་བྱེད་ལན་མང་འཆར་བྱེད་ཤོག །གསུམ་པ་མངོན་སུམ་གྱི་ཚད་མའི་འབྲས་བུ་བཤད་པ་ལ། །ཚད་མ་དང་འབྲས་བུ་སྦྱར་བའི་རྣམ་གཞག་དངོས་དང༌། རྣམ་གཞག་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ལ། གཉིས་ཏེ། མདོ་དང་རྣམ་འགྲེལ་དུ་སྦྱར་བ། བྱ་བྱེད་ལས་གསུམ་སྤྱི་དང་བྱེ་བྲག་ཏུ་ངོས་བཟུང་བའོ། །དང་པོ་ནི། ཚད་མའི་མདོར། བྱ་དང་བཅས་པར་རྟོགས་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་དུ་འདོད། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །འདི་ལ་ཕྱི་རོལ་པ་རྣམས་ཀྱི་བཞིན་དུ་ཚད་མ་ལས་དོན་གཞན་དུ་གྱུར་པའི་འབྲས་བུ་མེད་ཀྱི། འབྲས་བུར་གྱུར་པའི་ཤེས་པ་དེ་ཁོ་ན་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་དང་བཅས་པར་རྟོགས་པ་ལ་བརྟེན་ནས་ཚད་མ་ཉིད་དུ་འདོགས་ཏེ། དཔེར་ན་འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པར་སྐྱེས་པ་ལ་རྒྱུའི་གཟུགས་འཛིན་ཞེས་བརྗོད་དེ། བྱ་བ་མེད་པའང་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །ཞེས་གསུངས། དེར་ནི་དཔེ་དོན་གཉིས་ཀྱི་སྒོ་ནས་བྱ་བ་དང་བྱེད་པ་གཉིས་གསལ་བར་བསྟན་ནས། ལས་སམ་གཞལ་བྱ་འདི་ཡིན་ཞེས་ངོས་མ་བཟུང་ཡང༌། ཡུལ་གྱི་རྣམ་པ་ཞེས་པའི་ཚིག་གིས་མཚོན་པར་ནུས་སོ། །མདོ་དེའི་དོན་ནི། བྱ་བ་སྒྲུབ་པར་བྱེད་ཅེས་ནས། །སྒྲོ་འདོགས་པས་ནི་འཇུག་ཕྱིར་རོའི་བར་གྱིས་བསྟན་ནོ། །ཡང་མདོ་ལས། ཡང་ན་རང་རིག་འདིར་འབྲས་བུ། །དེ་ཡི་ངོ་བོ་ལས་དོན་ངེས། །ཤེས་པ་ནི་སྣང་བ་གཉིས་པར་སྐྱེ་སྟེ་རང་གི་སྣང་བ་དང་ཡུལ་གྱི་སྣང་བའོ། །སྣང་བ་དེ་གཉིས་ལས་གང་རང་རིག་པ་དེ་ནི་འབྲས་བུར་འགྱུར་རོ། །ཞེས་གསུངས། དེར་ནི་རང་རིག་པ་ཙམ་ཞིག་བྱ་བ་དང་འབྲས་བུར་གསུངས་ཀྱི། དེའི་བྱེད་པའམ་ཚད་མ་འདི་དང་སྦྱོར་ཞེས་ནི་མ་བཤད་ཅིང༌། ལས་སམ་གཞལ་བྱ་ཡང་ངོས་བཟུང་བ་མེད་དོ། །དེའི་དོན་ནི་དོན་རིག་གང་ཡིན་ནས་མྱོང་བ་ཉིད་ནི་འབྲས་བུ་ཡིན། ཞེས་པའི་བར་གྱིས་རྐང་པ་དང་པོའི་དོན་དང༌། གང་ཚེ་རྣམ་རིག་སོགས་ཚིགས་སུ་བཅད་པ་གསུམ་གྱིས་རྐང་པ་གཉིས་པའི་དོན་བསྟན་ནོ། །གཉིས་སུ་སྣང་བ་སྐྱེ་ཞེས་སོགས་ཀྱི་དོན་ནི། དེ་ཕྱིར་ལ་སོགས་རྐང་པ་གསུམ་གྱིས་བཤད་པ་ཡིན་མོད། ཚད་མ་དང་གཞལ་བྱ་འདི་ལ་འབྲས་བུ་འདི་སྦྱོར་ཞེས་པ་ནི་རྣམ་འགྲེལ་དུའང་མི་འབྱུང་ངོ༌། །ཡང་མདོར། གང་ཚེ་ཕྱི་རོལ་དོན་གཞལ་བྱ། །ཡུལ་གྱི་སྣང་བ་ཉིད་དེ་འདི། །ཚད་མ་དེ་ཡིས་འཇལ་བར་བྱེད། །གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ཡུལ་དུ་སྣང་བ་འདི་ཉིད་འདིའི་ཚད་མ་སྟེ། དེའི་ཚེ་ནི་ཤེས་པ་རང་རིག་པ་ཡིན་པ་ལ་ལྟོས་པ་མེད་པར་རང་གི་ངོ་བོའི་དོན་གྱི་སྣང་བ་འདི་ཚད་མའོ། །གང་གི་ཕྱིར་ཞེ་ན། དོན་ནི་དེ་ཡིས་འཇལ་བར་བྱེད། །ཇི་ལྟ་ཇི་ལྟར་དོན་གྱི་རྣམ་པ་དཀར་པོ་དང་དཀར་པོ་མ་ཡིན་པ་ལ་སོགས་པ་ཉིད་ཤེས་པ་ལ་སྣང་བ་ན་དེ་དང་དེའི་ངོ་བོའི་ཡུལ་དང་བཅས་པ་མཇལ་བར་བྱེད་དེ། ཞེས་གསུངས། དེར་ནི་ཕྱི་རོལ་གྱི་དོན་ལས་སམ་གཞལ་བྱ་དང་གཟུང་བའི་རྣམ་པ་ཚད་མའམ་བྱེད་པ་ཉིད་དུ་གསལ་བར་བཤད་ཀྱང༌། འབྲས་བུ་གང་དང་སྦྱོར་གྱི་གསལ་ཁ་མེད་མོད། གོང་དེར་གཞལ་བྱ་དང་ཚད་མ་ཡིན་གྱི་གསལ་ཁ་མེད་པའི་རང་རིག་པ་འབྲས་བུར་བཤད་པ་དེ་དང་སྦྱོར་བ་ལས་འོས་མེད་དོ། །མདོ་དེའི་དོན། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་པ་ནས། དེ་འདྲ་ངས་ཀྱང་མི་ཤེས་སོའི་བར་དེ་གསུངས། དེ་ཡན་ཆད་དུ་འབྲས་བུའི་རྣམ་པར་རྟོག་པ་ནི་གཉིས་ཁོ་ན་བྱུང་སྟེ། མདོ་དང་རྣམ་འགྲེལ་གཉིས་གང་ཡང་དོན་རིག་པ་དང་རང་རིག་པ་འབྲས་བུ་ཞེས་པ་དེ་ལས་གཞན་གཅིག་ཀྱང་བཤད་པ་མེད་དོ། །ཡང་མདོར། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམ་རིག་པའོ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་གསུངས། དེར་ནི་གཞལ་བྱ་དང་ཚད་མ་དང་འབྲས་བུ་གསུམ་ཀའི་ངོས་འཛིན་གསལ་བར་བཤད་ཅིང༌། གོང་གི་འབྲས་རྟོག་གཉིས་པོ་གཞལ་བྱ་ཕྱི་རོལ་གྱི་དོན་དང་སྦྱོར་བར་ཤིན་ཏུ་གསལ་བ་དེ་ཉིད་གཞིར་བཞག་ནས། འོ་ན་ཕྱི་རོལ་གྱི་དོན་མེད་པ་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་ཇི་ལྟ་བུ་སྙམ་པའི་དོགས་པ་བསལ་ནས་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ཚད་འབྲས་གཞལ་གསུམ་ངོས་བཟུང་བའོ། །དེ་ཉིད་ནི་བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །ནས། རང་རིག་ཅེས་ནི་རབ་ཏུ་བཤད་ཀྱི་བར་ཡིན་ནོ། །འདི་ལའང་གཞུང་གི་དངོས་བསྟན་དུ། །ཕྱི་རོལ་གྱི་དོན་མི་འདོད་པ་གཞིར་བྱས་པ་ལ། གཟུང་རྣམ་གཞལ་བྱར་བྱས་པ་དང༌། །ཤེས་པ་རང་ཉིད་གཞལ་བྱར་ནས་ཚད་འབྲས་མཚུངས་པར་སྦྱར་བའི་རྣམ་གཞག་གཉིས་གསལ་བ་ཡིན་ཏེ། གཟུང་བ་འཛིན་པ་སོགས་དང༌། རང་བདག་ཡུལ་དུ་བཞག་པ་ན། །ཞེས་པས་བསྟན་པའོ། །དེའི་ཚེ་སྔ་མ་རྣམ་བདེན་པ་དང༌། ཕྱི་མ་རྣམ་རྫུན་པའི་གཞུང་དུ་གསལ་ལོ། །གཞུང་གི་བསྟན་ཚུལ་དེ་ལྟར་ཡིན་ཀྱང༌། རྣམ་གཞག་སྔོན་མ་དེ་མདོ་སྡེ་པས་ཁས་ལེན་ཀྱང༌། རྣམ་རྫུན་པས་མི་འདོད་དེ། གཟུང་རྣམ་ཤེས་པར་མི་འདོད་པས་སོ། །རྣམ་གཞག་ཕྱི་མ་དེ་རང་རིག་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཀུན་གྱི་ཐུན་མོང་ངོ༌། །གལ་ཏེ་འོ་ན། ཕྱི་རོལ་གྱི་དོན་དང་གཟུང་རྣམ་དང་ཤེས་པ་གསལ་རིག་གི་ཆ་དང་གསུམ་པོ་གང་གཞལ་བྱར་བཞག་ཀྱང༌། འབྲས་བུ་རང་རིག་ཏུ་ཁྱད་པར་མེད་པ་ཅིག་གཞུང་དུ་གསལ་བ་དང༌། དེའི་ཚེ་ཚད་མར་ནི་གཟུང་རྣམ་གཞག་གཅིག་དང་གཉིས་ལ་ནི་འཛིན་པའི་རྣམ་པ་ཉིད་ཚད་མར་བཞག་པ་གསལ་མོད། དེ་དུས་ཀྱི་འབྲས་བུ་རང་རིག་གསུམ་དང་ཚད་མ་འཛིན་པའི་རྣམ་པ་གཉིས་པོ་དག་ལ་ཁྱད་པར་དུ་བྱ་བ་དག་ཡོད་དམ་ཞེ་ན། སྤྱིར་དོན་སྨྲ་བ་དང་རྣམ་བདེན་རྫུན་གཉིས་ཏེ། གསུམ་པོ་གང་ཡིན་ཀྱང་གྲུབ་པའི་མཐའ་ལ་ནི་དོན་རིག་གོ་ཆོད་པོ་འབྲས་བུར་འཇོག་པ་མི་སྲིད་པས་འབྲས་བུ་ནི་རང་རིག་ཁོ་ནར་ངེས་སོ། །རང་རིག་དེ་ལ་གཉིས་ཏེ། ཁ་ཕྱིར་བལྟ་བའི་དང༌། ནང་ཁོ་ནར་བལྟ་བའི་འོ། །ཕྱི་རོལ་གྱི་དོན་གཞལ་བྱར་བྱས་པའི་ཚེ་ནི་དང་པོའི་དབང་དུ་བྱས་ཏེ། དོན་སྣང་གི་ཤེས་པ་མ་འཁྲུལ་པ་རང་རིག་ཏུ་སྒྲུབ་པའི་སྐབས་ཡིན་པའི་ཕྱིར། གཟུང་རྣམ་དང་གསལ་རིག་གཞལ་བྱར་བྱས་པའི་ཚེ་ནི་གཉིས་པའི་དབང་དུ་བྱས་ཏེ། སྒྲུབ་བྱེད་དུ་འཛིན་རྣམ་བཞག་པའི་ཕྱིར་དང༌། འཛིན་རྣམ་ལ་ཕྱིར་ལྟ་མི་སྲིད་པའི་ཕྱིར། དེ་ལྟ་ན་ཡང་རྣམ་རྫུན་པ་ལ་ནི་འཛིན་རྣམ་ལས་གཞན་པའི་ཤེས་པ་མི་སྲིད་ལ། དེའི་ཕྱིར་གཟུང་རྣམ་ཉམས་སུ་མྱོང་བའི་འཛིན་རྣམ་མི་སྲིད། རྣམ་བདེན་པ་ལ་སྲིད་པ་དེའི་ཚེ་ན་འཛིན་རྣམ་དང་རང་རིག་ཁོ་ནང་ཁོ་ནར་ཕྱོགས་པ་ཡིན་མིན་གྱི་ཁྱད་པར་ཅུང་ཟད་འབྱེད་དགོས་པར་གསལ་ལོ། །གཉིས་པ་ལ། སྤྱིར་བྱ་བྱེད་ལས་གསུམ་ནི་བརྗོད་བྱའི་དོན་སྣ་གཅིག་ཚང་བར་སྟོན་པའི་ཚིག་དོན་མཐུན་ཐམས་ཅད་ལ་ཚང་བ་ཡིན་ཏེ། དཔེར་ན་མིག་གིས་གཟུགས་མཐོང་ཞེས་པ་ལ། མཐོང་བ་ནི་བྱ་བ་དང༌། མིག་ནི་བྱེད་པ་དང༌། བཞུགས་ལས་སུ་འཇོག་པ་ལྟ་བུ་དང༌། གཉེན་པོས་སྤང་བྱ་བཅོམ་ཞེས་པའི་ཚེ། གཉེན་པོ་ནི་བྱེད་པ་དང༌། སྤང་བྱ་ནི་ལས་དང༌། བཅོམ་པ་ནི་བྱ་བའོ། །དེ་བཞིན་དུ་ཆོས་བྱས་པས་འཚང་རྒྱ་ཞེས་པ་སོགས་ཀུན་ལ་སྦྱོར་བ་དེ་འདྲ་དེ་ནི་འཇིག་རྟེན་གྱི་གྲགས་པ་དང་ཐ་སྙད་ཀྱི་གཞུང་ལས་འབྱུང་བ་ཡིན་ལ། དེ་དག་ལ་ནི་བྱ་བྱེད་གཉིས་རྫས་གཞན་དུ་གྱུར་པ་དག་ཤས་ཆེའོ། །ངོ་བོ་གཅིག་ཏུ་འཆད་པ་དག་ཀྱང་ཡོད་དེ། དཔེར་ན། ཚ་བས་ན་འདི་ནི་མེའོ། །བསིལ་བས་ན་འདི་ནི་ཆུའོ་ཞེས་འཆད་པ་ལྟ་བུའོ། །དེ་ལྟར་བྱ་བྱེད་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དང་རྣམ་པར་བཞག་འཇོག་གི་བྱ་བྱེད་གཉིས་ལས། གཞུང་འདིར་ནི་སྔ་མ་འཇིག་རྟེན་ན་གྲགས་པའི་བསྐྱེད་བྱ་སྐྱེད་བྱེད་དུ་འཇོག་པའི་ཆོས་གསུམ་ཚང་བ་དེ་དཔེར་བྱས་ནས། ཕྱི་མ་ལ་ཡང་ཆོས་གསུམ་ཚང་བའི་རྒྱུ་མཚན་གྱིས་བྱ་བྱེད་དུ་སྒྲུབ་པའོ། །ཆོས་གསུམ་ནི། མིག་གིས་གཟུགས་ལ་བལྟ་བའི་ཚེ། མིག་རང་ཉིད་བལྟ་བའི་བྱ་བ་དང་ལྡན་པ། བྱེད་པ་པོ་སྐྱེས་བུའི་གཞན་དབང་དུ་གྱུར་པ། གཙོ་བོར་གྱུར་པའི་བསྒྲུབ་བྱ་གཟུགས་མཐོང་བ་ལ་ཉེ་བར་སྦྱོར་བའོ། །དེའི་ཚེ་ན་བྱ་བྱེད་དངོས་ནི་སྐྱེས་བུ་དང་གཟུགས་མཐོང་བ་གཉིས་ཡིན་ལ། དེའི་དབང་གིས་མིག་དང་གཟུགས་གཉིས་ལ་ཡང་བྱ་བྱེད་དུ་བཏགས་པ་ཡིན་ནོ། །དོན་གྱི་སྐབས་སུ་གཟུགས་འཛིན་པའི་མངོན་སུམ་ནི་བྱེད་པ་པོ་དང༌། གཟུགས་མཐོང་བ་ནི་བྱ་བ་དངོས་ཡིན་ལ། དེ་ཉིད་ནི་བྱ་བྱེད་དུ་ཐ་མལ་པས་ཀྱང་མངོན་སུམ་གྱིས་གྲུབ་པས་བྱ་བྱེད་དངོས་ཀྱི་ཐ་སྙད་དོ། །བསྟན་བཅོས་སུ་ནི་གཟུགས་དང་འདྲ་བ་ཉིད་བྱེད་པ་སྟེ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། གཟུགས་མཐོང་བའམ་རྟོགས་པ་ནི་བྱ་བ་སྟེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། གཟུགས་ནི་ལས་ཏེ། བྱ་བྱེད་འཇུག་པའི་གཞི་ཡིན་པའི་ཕྱིར། མདོར་ན་འབྲས་བུ་དོན་རིག་དང་རང་རིག་ཆོས་ཅན། བྱ་བྱེད་ཀྱི་ཆོས་གསུམ་ཚང་སྟེ། རང་ཉིད་གཞལ་བྱ་འཇལ་བའི་བྱ་བ་དང་ལྡན། བྱེད་པ་པོ་དོན་འདྲ་བ་དང་འཛིན་རྣམ་གྱི་དབང་དུ་གྱུར། གཙོ་བོར་གྱུར་པའི་བསྒྲུབ་བྱ་གཞལ་བྱ་རྟོགས་པ་ལ་སྦྱོར་བའི་ཕྱིར། དཔེར་ན་འབར་བཞིན་པའི་བུད་ཤིང་དེ་རང་ཉིད་འབར་བའི་བྱ་བ་དང་ལྡན། བྱེད་པ་པོ་སྐྱེས་བུའི་དབང་དུ་གྱུར། གཙོ་བོར་གྱུར་པའི་བྱ་བ་འབྲས་ཆན་ཚོས་པ་ལ་ཉེ་བར་སྦྱོར་བ་བཞིན་ནོ་ཞེས་པ་ནི་ཆོས་མཆོག་གི་ལེགས་པར་བཤད་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། མ་དཔྱད་པ་འཇིག་རྟེན་གྱི་གྲགས་པ་དང་མཐུན་པའི་འབྲས་རྟོག ཅུང་ཟད་དཔྱད་པ་རྣམ་བདེན་པའི་འབྲས་རྟོག ཤིན་ཏུ་དཔྱད་པ་རྣམ་རྫུན་པའི་ཚད་འབྲས་ཀྱི་རྣམ་གཞག་གོ །དང་པོ་ལ། གསུམ་སྟེ། རང་ལུགས་བཞག གཞན་ལུགས་དགག རྩོད་པ་སྤངས་ཏེ་དོན་བསྡུ་བའོ། །དང་པོ་ནི། སྤྱིར་ཚད་མ་ཙམ་དང་ཁྱད་པར་མངོན་སུམ་གྱི་མཚན་ཉིད་བཤད་པ་དེ་ལྟ་ན་དེའི་འབྲས་བུའམ་དེ་རྒྱུད་ལ་བསྐྱེད་པའི་དགོས་པ་གང་ཞེ་ན། གཞལ་བྱ་རྟོགས་པའོ། །དེ་ལའང་གཉིས་ཏེ། ཐ་སྙད་དུ་དོན་རྟོགས་པ་དང༌། ཡིན་ལུགས་ལ་རང་རིག་པའོ། །དེ་ལྟར་འབྲས་བུ་གཉིས་ལས་ཐོག་མར་ཚད་མ་དེ་དང་དེས་དོན་རྟོགས་པའི་སྒྲུབ་བྱེད་ནི་གང༌། དེའི་སྒྲུབ་བྱེད་དུ་འགྱུར་བ་ལ་སྐྱེད་བྱེད་ཡིན་པ་ཡང་ཡན་ལག་ཏུ་དགོས་སམ་ཞེ་ན། བྱ་བ་སྒྲུབ་པར་བྱེད་ཅེས་པ་དེ་ཆོས་ཅན། ལས་སམ་བྱ་བ་ཀུན་གྱི་ནི་སྐྱེད་བྱེད་སོགས་ཀྱི་སྒྲུབ་བྱེད་དག་ཐམས་ཅད་མ་ཡིན་ཏེ། འཇོག་བྱེད་ཀྱི་རྒྱུ་གང་ལས་གཙོ་བོར་གྱུར་པའི་འབྲས་བུ་འཇོག་ནུས་གང་ཡིན་པ་དེ་ནི་འབྲས་བུ་དེའི་སྒྲུབ་བྱེད་ཡིན་པའི་ཕྱིར། ཞེས་སྤྱིར་བསྟན་ནས། དོན་རྟོགས་འཇོག་ནུས་པ་ལ་ཁྱད་པར་གྱི་ཆོས་ཇི་ལྟ་བུ་དགོས་ཤེ་ན། དོན་རྟོགས་འཇོག་ནུས་པ་དེ་ལ་ཉམས་སུ་མྱོང་ཙམ་དུ་ནི་འདྲ་བའི་བདག་ཉིད་ཅན་གྱི་ཤེས་པ་ནི་གང་རང་གི་ལས་ནི་སོ་སོ་ལ་དོན་རྟོགས་རྣམ་པར་འབྱེད་ནུས་པ་དང༌། དོན་རྟོགས་པ་དེའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བའི་ཁྱད་ཆོས་གཉིས་དང་ལྡན་པ་ཞིག་དགོས་པ་ཡིན་ནོ། །ཟུར་དང་པོ་གྲུབ་སྟེ། དོན་རྟོགས་པའི་བདག་ཉིད་དུ་གྱུར་པ་མ་ཡིན་པའི་རྒྱུ་དབང་པོ་གཟུགས་ཅན་པ་དག་ལ་དོན་རྟོགས་གསལ་མི་གསལ་ཐ་དད་དུ་བསྐྱེད་པ་ཡོད་ཀྱང༌། ཐ་དད་ཀྱི་ལས་ཏེ་ཡུལ་སོ་སོ་ལ་རིག་ཙམ་དུ་ཐ་དད་མེད་པ་ཡི་ཤེས་པ་འདི་ཡུལ་ཅན་ཐ་དད་པར་ནི་ངེས་བྱེད་མ་ཡིན་པའི་ཕྱིར། རྒྱུ་མཚན་དེ་ཡི་ཕྱིར་ན་ལས་སོ་སོར་འབྱེད་ངེས་པ་དེ་དོན་རྟོགས་དེ་ཡི་སྒྲུབ་བྱེད་ཅན་དུ་གྲུབ་སྟེ། དོན་རྟོགས་འདི་ཡི་བདག་ཉིད་ཐ་དད་དུ་འབྱེད་པར་ནུས་པ་གང་ལས་སྔོན་པོ་འདི་དང་སེར་པོ་འདི་རྟོགས་པའོ་ཞེས་འཇོག་པར་བྱེད་པ་ཡི་ནི་གཏན་ཚིགས་ཀྱིས་སོ། །གོང་གི་ཟུར་གཉིས་པ་གྲུབ་སྟེ། རྒྱུ་དབང་པོ་སོགས་ཀྱི་རྣམ་པ་འགས་ཤེས་པའི་རང་བཞིན་ནི་གསལ་མི་གསལ་སོགས་ཐ་དད་པར་ནི་བྱེད་ན་ཡང་ཤེས་པ་འདི་ནི་དོན་དང་ཡུལ་ཡུལ་ཅན་དུ་འབྲེལ་བར་བྱེད་པ་ནི་དོན་གྱི་ངོ་བོ་སྟེ་རྣམ་པ་ཤར་བ་ལས་གཞན་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཁྱད་ཆོས་གཉིས་པོ་དེ་དོན་འདྲ་བ་ཁོ་ན་ལ་ཡོད་དོ་ཞེས་སྟོན་པ་ནི། འབྲས་བུ་དོན་རྟོགས་འཇོག་ནུས་པ་ལ་ཁྱད་ཆོས་གཉིས་ཚང་དགོས་པ་དེའི་ཕྱིར་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ནི་གཞལ་བྱའི་རང་བཞིན་ཏེ་རྣམ་པ་ཤར་བ་ཉིད་ཁོ་ནའོ། །དེས་ན་ཚད་འབྲས་གཉིས་རྫས་གཞན་མ་ཡིན་པར་ཡང་གྲུབ་བོ་ཞེས་སྟོན་པ་ནི། དོན་འདྲ་བ་དེ་ཡང་དོན་རྟོགས་པའི་བདག་ཉིད་ཡིན་པ་དེས་ན་འབྲས་བུ་དོན་རྟོགས་ཀྱང་དོན་འདྲ་བ་ལས་དོན་གཞན་མ་ཡིན་ཏེ། སྒྲུབ་བྱེད་དོན་འདྲ་བ་དེ་དོན་རྟོགས་ལས་གཞན་ཡིན་ན་ཚད་མ་དེ་ནི་དེའི་ལས་ཏེ་གཞལ་བྱ་དང་འབྲེལ་པ་མི་འགྲུབ་པའི་ཕྱིར། རྣམ་པ་མ་ཤར་ན་རྒྱུ་འབྲས་སུ་མི་རུང་བས་འབྲེལ་བ་མ་གྲུབ་ཅེས་པའོ། །འོ་ན་རྣམ་ཤེས་མ་འཁྲུལ་བས་དོན་མ་རྟོགས་པར་འགྱུར་ཏེ། དོན་གྱི་རྣམ་པ་ཙམ་ཞིག་ཤར་བའི་ཕྱིར། ཞེ་ན། དོན་དེའི་བདག་ཉིད་དེ་རྣམ་པ་འཛིན་པའི་མངོན་སུམ་དེ་ཆོས་ཅན། དོན་རྟོགས་པའི་བདག་ཉིད་ཀྱི་བྱེད་པ་སྟེ་དོན་གྱི་རྣམ་པ་ཤར་བ་ལས་རང་གི་ལས་ལ་ནི་རྟོགས་པའི་བྱེད་པ་དང་བཅས་པ་ལྟ་བུར་སྣང་སྟེ། མངོན་སུམ་བདག་ཉིད་དོན་རིག་པར་བྱེད་པ་པོ་མ་ཡིན་ན་ཡང་དོན་གྱི་རྣམ་པ་ཤར་བ་དེའི་དབང་གིས་དོན་རྟོགས་པ་དེར་བཞག་པའི་ཕྱིར། དཔེར་ན་འབྲས་བུ་བུའི་གཟུགས་དེ་རྒྱུ་ཕ་མ་རྣམས་ཀྱི་གཟུགས་དང་བདག་ཉིད་འདྲ་བར་འབྱུང་བའི་ཕྱིར་ན་བྱ་བ་བུའི་གཟུགས་དེ་ཕའི་གཟུགས་ཀྱི་བདག་ཉིད་མ་ཡིན་ཀྱང༌། འཇིག་རྟེན་ན་རྒྱུ་ཡི་གཟུགས་འཛིན་ཞེས་བརྗོད་པ་བཞིན་ནོ། །འདིར་ལྟ་བུར་སྣང་ཞེས་པ་དོན་དུ་སྣང་བའི་མངོན་སུམ་གྱིས་དོན་མ་རྟོགས་ཀྱང་རྟོགས་པ་ལྟ་བུར་སྣང་ཞེས་པ་མདོ་སྡེ་པའི་རྩ་བའི་གྲུབ་མཐའ་ལ་གནས་ཀྱང༌། དོན་དམ་པར་ཆོས་ཐམས་ཅད་བྱ་བྱེད་དང་བྲལ་ཞེས་པའི་བཤད་པས་སྐབས་ཀྱི་དོན་ལས་གོལ་བར་གྱུར་པ་མང་ངོ༌། །དེ་ལྟ་མོད་ཀྱི་ཆོས་མཆོག་ལྟར་ན་དོན་གཅིག་ལ་བྱ་བྱེད་དུ་མི་འཐད་དོ། །ཞེ་ན། སྔོ་འཛིན་མངོན་སུམ་ཆོས་ཅན། བྱ་བྱེད་ཀྱི་ཆོས་གསུམ་ཚང་སྟེ་ཞེས་སྦྱོར་བར་གསལ་ལོ། །གཉིས་པ་ལ། གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། ཁྱད་པར་གཉིས་པོ་དེ་དང་མི་ལྡན་པ་དོན་རྟོགས་པའི་སྒྲུབ་བྱེད་དུ་མི་འཐད་པ་དེའི་ཕྱིར་སྤྱོད་པ་བས་དང་པོར་དོན་མཐོང་བའི་རྟོག་མེད་ཀྱི་ཤེས་པ་ཚད་མ་དང༌། རྒྱལ་སྤོགས་པ་དབང་པོ་གཟུགས་ཅན་པ་དང༌། བྱེ་བྲག་པ་དབང་དོན་འབྲེལ་པ་དང༌། རིགས་པ་ཅན་པ་སྤྱི་སོགས་ཁྱད་པར་གྱི་བློ་ཚད་མའོ། །ཞེས་ཟེར། དེ་དག་ཆོས་ཅན། དོན་རྟོགས་སྒྲུབ་བྱེད་ཀྱི་ཚད་མ་ཉིད་དུ་མི་འདོད་དེ། ཁྱོད་དང་བྱ་བ་དོན་རྟོགས་པ་ནི་འཇོག་བྱེད་གཞན་གྱིས་ཆོད་པ་སྟེ་འཇོག་བྱེད་གཞན་ལ་རག་ལས་པའི་ཕྱིར། དེ་ཡིན་ཏེ། བྱ་བ་དོན་རྟོགས་ལ་ནི་བྱེད་པ་དབང་སོགས་རྣམས་ཐམས་ཅད་ཕན་པ་ཉེ་བར་སྦྱོར་ན་ཡང་ཐ་མ་དོན་རྟོགས་ཐ་དད་དུ་བྱེད་པ་གང་ཡིན་པ་དེ་དོན་རྟོགས་པ་དེའི་སྒྲུབ་བྱེད་དམ་པར་འདོད་པའི་ཕྱིར། གཉིས་པ་ལ་ལྔ་ལས། དང་པོ་ནི། དབང་པོ་གཟུགས་ཅན་པ་ཆོས་ཅན། ཁྱོད་ལ་དོན་རྟོགས་ཐ་དད་དུ་འབྱེད་པར་ནུས་པ་འདི་འདྲ་ཡོད་པ་མ་ཡིན་ཏེ། རང་འབྲས་དབང་ཤེས་ཀུན་གྱི་མཚུངས་པའི་རྒྱུ་ཡིན་པའི་ཕྱིར། དེ་ཆོས་ཅན། སྔོན་པོ་འདི་དང་སེར་པོ་འདི་རྟོགས་སོ་ཞེས་བྱ་བ་དེར་གང་ལས་ནུས་ཏེ། ཁྱོད་ཐ་དད་པ་མང་པོ་ཡོད་ཀྱང༌། དོན་གྱི་རྣམ་པ་ཐ་དད་དུ་ཤར་བ་མེད་པའི་ཕྱིར། གཉིས་པ་ནི། ཇི་སྐད་བཤད་པའི་རིགས་པ་འདིས་ནི་ཆོས་ཅན། ལྷག་མ་དང་པོར་དོན་མཐོང་བའི་ལྟོས་མེད་ཀྱི་ཤེས་པ་དོན་རྟོགས་སྒྲུབ་བྱེད་ཀྱི་ཚད་མར་འདོད་པ་ལ་ཡང་སུན་འབྱིན་བཤད་པ་ཡིན་ཏེ། དེ་ལའང་གོང་གི་སྒྲུབ་བྱེད་གཉིས་པོ་ཞུགས་པའི་ཕྱིར། གསུམ་པ་ནི། སྤྱི་སོགས་ཁྱད་པར་གྱི་བློ་ཡང་ཁྱད་པར་ཅན་གྱི་བློ་ལས་ཐ་དད་མེད་པར་འགྱུར་ཞིང༌། བློ་གཞན་ཁྱད་པར་ཅན་གྱི་བློ་དག་ཀྱང་དེ་བཞིན་ནོ་སྟེ་ཁྱད་པར་གྱི་བློ་ལས་ཐ་དད་མེད་པར་འགྱུར་ཏེ། དེ་གཉིས་ཀ་ལ་དོན་གྱི་དངོས་པོ་སྟེ་རྣམ་པ་ཤར་བ་མེད་པའི་ཕྱིར། གཉིས་པོ་ཆོས་ཅན། ཡུལ་རྫས་ཐ་དད་ལ་འཇུག་པའང་མི་འདོད་དེ། བསྒྲུབ་པར་བྱ་བ་དང་ནི་བསྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། སྟ་རེའི་བྱེད་པ་ཙནྡན་ལ་ཞུགས་ནས་འབྲས་བུ་ཤུག་པ་ལ་མི་འབྱུང་བ་བཞིན་ནོ། །ཉེས་པ་དེ་སྤོང་བར་འདོད་ནས་དོན་གཅིག་ལ་འཇུག་པ་ཡིན་ནོ། །ཞེ་ན། གཉིས་པོ་ཆོས་ཅན། སྔ་ཕྱིར་འབྱུང་བ་དོན་མེད་དེ། འཇུག་ཡུལ་གཅིག་ལ་འཇུག་པའི་ཕྱིར་དང༌། རིམ་བཞིན་འབྱུང་བ་མེད་པར་འགྱུར་ཏེ། གཟུང་དོན་གཅིག་ལས་སྐྱེ་བའི་ཕྱིར། འདོད་མི་ནུས་ཏེ། བློ་གཉིས་པོ་ནི་གཅིག་ཆར་དུ་འབྱུང་བར་འགྱུར་ན་བསྒྲུབ་བྱ་སྒྲུབ་བྱེད་དུ་མེད་པར་འགྱུར་ཞེས་ཁས་བླངས་པའི་ཕྱིར། ཁྱེད་ལ་ཡང་དེར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། དོན་འདྲ་བ་དང་དོན་རྟོགས་གཉིས་པོ་དེ་དུས་གཅིག་ཏུ་སྐྱེ་ཡང་རྣམ་པར་བཞག་འཇོག་གི་ཆ་དག་ལ་བརྟེན་ནས་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་དུ་བཞག་པའི་ཕྱིར། བཞི་པ་ནི། ཡང་མིག་དབང་གཟུགས་ཅན་པ་དེ་བུམ་པའི་དྲི་རོ་སོགས་དང་བདག་ཉིད་ཀུན་གྱིས་འབྲེལ་བར་བྱེ་བྲག་པས་ཁས་ལེན་ན་ཡང༌། མིག་ཤེས་ཆོས་ཅན། བུམ་པའི་སྟེང་གི་ཆོས་འགའ་ཞིག་ཉིད་ནི་རྟོགས་པར་འགྱུར་བའི་ངེས་པ་དེར་ནི་མི་འགྱུར་ཏེ། ཁྱོད་ཀྱི་བདག་རྐྱེན་མིག་དབང་དེ་བུམ་པའི་དྲི་རོ་སོགས་དང་འབྲེལ་བར་བྱེ་བྲག་མེད་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་གཉིས་ཀ་ཁས་བླངས། ལྔ་པ་ནི། གྲངས་ཅན་ན་རེ། བདག་གི་ཡོན་ཏན་འདུས་བྱས་དེ་དོན་རྟོགས་སྒྲུབ་བྱེད་དོ། །ཞེ་ན། བདག་གི་ཡོན་ཏན་འདུས་བྱས་ནི་དོན་རྟོགས་འཇོག་ནུས་པ་མ་ཡིན་ཏེ། དོན་དེའི་དངོས་པོ་དེ་རྣམ་པ་ཤར་བ་མེད་ན་བདག་གི་ཡོན་ཏན་འདུས་བྱས་ལས་ནི་དོན་རྟོགས་འཇོག་ནུས་པ་མ་ཡིན་ཏེ། དོན་དེའི་དངོས་པོ་སྟེ་རྣམ་པ་ཤར་བ་མེད་ན་བདག་གི་ཡོན་ཏན་འདུས་བྱས་དེ་ཡང་བཞག་ཏུ་མེད་པའི་ཕྱིར་ཏེ། དབང་དོན་དེ་ཕྲད་པར་ཐ་དད་མེད་ཀྱང་སྒྲུབ་བྱེད་གང་ལས་དོན་རྟོགས་ཐ་དད་དུ་འཇོག་པར་ནུས་པ་དེ་དོན་རྟོགས་པ་འདིའི་སྒྲུབ་བྱེད་ཚད་མ་ཉིད་དུ་བཤད་ཟིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་བྱ་བྱེད་ཡིན་ན་གཅིག་ཡིན་པར་འགལ་ལོ་ཞེ་ན། དོན་འདྲ་བ་དང་དོན་རྟོགས་ཆོས་ཅན། གཅིག་ཏུ་མི་བདེན་ཏེ། ལྡོག་པའི་ཆོས་ཐ་དད་པར་ཁས་ལེན་པའི་ཕྱིར། དངོས་སུའམ་རྫས་སུ་ནི་ཐ་དད་མེད་པར་འདོད་དོ། །བྱ་བ་དང་བྱེད་པའི་ཐ་སྙད་དག་ཐམས་ཅད་ཆོས་ཅན། དོན་འདྲ་བ་དང་དོན་རྟོགས་དེ་ལྟར་རྣམ་པར་གནས་ཏེ། ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པར་འདོད་དགོས་པའི་ཕྱིར། དགོས་ཏེ། རྫས་ཐ་དད་དུ་འདོད་པའི་མེ་དང་དུ་བ་ལ་སོགས་པའི་དངོས་པོ་རྣམས་ལ་རྟོག་པས་སྒྲོ་འདོགས་པས་ནི་བྱ་བྱེད་ཀྱི་ཐ་སྙད་འཇུག་པའི་ཕྱིར་རོ། །དེ་ཡི་བདག་ཉིད་འཛིན་པ་སྟེ། །ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་གསུམ་པོ་འདི་འབྲས་རྟོག་འདི་ལ་མ་ལྟོས་པའི་ཞར་བྱུང་ཡིན་གྱི། གཞུང་དཀྱུས་མ་མ་ཡིན་ནོ་ཞེས་ཆོས་མཆོག་གསུང་བ་ཉིད་ལེགས་ཏེ། དོན་རྟོགས་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར། ཡང་ན་ཆོས་མཆོག་ཉིད་ནས་འབྱུང་བ་ལྟར་དཔེ་དོན་གཉིས་ཀ་བྱ་བྱེད་དོན་དམ་དུ་གྲུབ་པ་འགོག་པ་ཉིད་ལ་སྦྱར་བས་དོན་རྟོགས་རང་ལུགས་སུ་འཇོག་པ་ལ་གནོད་པར་མི་འགྱུར་རོ། །གཉིས་པ་ལ། མདོ་སེམས་ཐུན་མོང་དུ་རང་རིག་པ་ཉིད་འབྲས་བུར་སྒྲུབ་པ་དང༌། མདོ་སེམས་སོ་སོའི་ཚད་འབྲས་ཀྱི་རྣམ་གཞག་སོ་སོར་བཤད་པའོ། །དང་པོ་ལ། གསུམ་སྟེ། མདོ་སྡེ་པའི་གྲུབ་མཐའ་ལ་གནས་ནས་དོན་སྣང་གི་མངོན་སུམ་རང་རིག་ཏུ་སྒྲུབ། སེམས་ཙམ་པའི་གྲུབ་མཐའ་ལ་གནས་ནས་དོན་སྣང་གི་ཤེས་པས་རང་རིག་པར་སྒྲུབ་པ། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པའི་དོན་བཤད་ནས་དེ་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ལ། གཉིས་ཏེ། དོན་རིག་ལ་སྒྲུབ་བྱེད་མེད་པར་བསྟན་རང་རིག་ལ་སྒྲུབ་བྱེད་ཡོད་པར་བསྟན་པའོ། །དང་པོ་ལ། གཉིས་ཏེ། དྲི་བ་དང༌། དེའི་ལན་དགག་པའོ། །དང་པོ་ནི། བསྟན་བཅོས་མཛད་པས་འཇིག་རྟེན་གྱི་གྲགས་པ་ཁས་ལེན་པའི་མདོ་སྡེ་པ་ལ་དྲིས་པ། དོན་རིག་པའི་མཚན་གཞི་གང་ཡིན། གཟུགས་སྒྲ་སོགས་སོ་སོར་རིག་པའི་མངོན་སུམ་གང་ཡིན་པ་འདི་ཉིད་དོ། །ཞེ་ན། དེ་ནི་སྒྲུབ་བྱེད་གང་གིས་དོན་རིག་ཏུ་འདོད། །ཅེས་འདྲིའོ། །འདི་སེམས་ཙམ་པའི་རང་གཞུང་དུ་འདོད་མཚན་གཞི་མི་འགོག་པ་འདི་ཅི་ཡིན། ཞེས་ཀྱང་རྣམ་བཤད་མཛད་པ་དག་ལ་དྲིའོ། །གཉིས་པ་ལ། གསུམ་སྟེ། འདྲ་བས་དོན་རིག་པར་སྒྲུབ་མི་ནུས། སྐྱེས་ལ་འདྲ་བས་དེར་མི་ནུས། ངེས་ཤེས་དང་གསུམ་ཚོགས་པས་མི་ནུས་པའོ། །དང་པོ་ནི། དོན་དེ་འདྲ་བ་ལས་དོན་རིག་པ་ཡིན་ནོ། །ཞེ་ན། མ་ཡིན་ཏེ། རྟགས་དང་ཁྱབ་པ་གཉིས་ཀ་འཁྲུལ་པས་སོ། །རྟགས་འཁྲུལ་པ་ནི། གཟུགས་འཛིན་མངོན་སུམ་ཆོས་ཅན། དོན་དང་འདྲ་བ་མ་ཡིན་ཏེ། དོན་གྱི་གནས་ཚུལ་རྡུལ་ཕྲན་དུ་གནས་པ་དེ་དག་གང་གིས་ན་ཁྱོད་ལ་རག་པར་སྣང་བ་དེ་འདྲར་བྱེད་དེ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཕྱིར། དེའི་ཕྱིར་ན་མངོན་སུམ་དེ་ནི་དོན་དངོས་དང་འདྲ་བ་མ་ཡིན་ནོ། །འདིར་རགས་སྣང་ཚར་གྲུབ་ཏུ་བྱེད་པ་མ་ཡིན་གྱི། ཁས་བླངས་རྟགས་སུ་བཀོད་པ་ཡིན་ཏེ། དོན་རྟོགས་ཁས་ལེན་པའི་ཚེ་རགས་པ་ཉིད་རྟོགས་པར་ཁས་ལེན་དགོས་པས་སོ། །ཚད་གྲུབ་ཏུ་བྱས་ན་མངོན་སུམ་འཁྲུལ་བར་འགྱུར་ཏེ། གནས་ཚུལ་རགས་པར་མི་གནས་བཞིན་དུ་དེར་སྣང་བའི་ཕྱིར་རོ། །ཁྱབ་པ་འཁྲུལ་བ་ནི། འདྲ་བ་ཡིན་ན་ཡང་དེའི་རྟགས་ཀྱིས་དོན་དེ་མྱོང་བའི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་པར་ནུས་པ་མ་ཡིན་ཏེ། དེའི་ཁྱབ་པ་འཁྲུལ་པ་ཅན་ཡིན་པས་སོ། །དེ་ཡང་སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟ་བུས་མ་ངེས་པའོ། །སྔར་དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་སྒྲུབ་བྱེད་དུ་བཀོད་པར་འདོད་ན་འདིར་ཁྱབ་པ་འཁྲུལ་བའི་ཚུལ་བསམ་དགོས་སོ། །གཉིས་པ་ནི། གལ་ཏེ་དོན་དེ་དང་འདྲ་བ་དང་དེ་ལས་བྱུང་བ་དེ་དོན་དེ་མྱོང་བའི་མཚན་ཉིད་ཡིན་ནོ། །ཞེ་ན། དོན་སྔོན་པོའི་རྣམ་ལྡན་དུ་མཚུངས་པ་ཅན་གྱི་རྣམ་པར་ཤེས་པ་ཕྱི་མ་ཆོས་ཅན། རང་གི་མཚུངས་པ་དེ་མ་ཐག་རྐྱེན་མྱོང་བར་འགྱུར་ཏེ། དེ་ལས་སྐྱེས་ཤིང༌། སྔོན་པོའི་རྣམ་པ་ཅན་དུ་འདྲ་བའི་ཕྱིར། ཡང་ན་དྲན་ཤེས་ཀྱིས་མ་ངེས་སོ། །འཕེན་ཚུལ་སྔ་མ་ལ་ཁྱབ་པ་དང༌། ཕྱི་མ་ལ་འདོད་ལན་ཐེབས་པ་ལྟ་བུར་སྣང་བས་བརྟག་དགོས་ཤིང༌། འཕེན་པ་པོ་སེམས་ཙམ་པར་འདོད་ན་དོན་ལས་སྐྱེས་པ་ཁས་བླངས་པས་དེ་བས་ཀྱང་ཉེས་པ་དང་བཅས་སོ། །དེས་ན་གཞུང་གི་དོན་ནི། སྔོ་འཛིན་མངོན་སུམ་གྱིས་རང་གི་རྐྱེན་གསུམ་ཀ་མྱོང་བར་འགྱུར་ཏེ། དོན་གྱི་རྣམ་པ་མྱོང་བར་ནི་ཁྱོད་ཀྱིས་མི་འདོད། རང་དུས་སུ་འགགས་ཟིན་ཀྱང་མྱོང་བའི་ཕྱིར། ཞེས་པའོ། །གསུམ་པ་ནི། ཡུལ་གང་ལ་གཟུགས་འདི་མཐོང་ངོ༌། །སྒྲ་འདི་ཐོས་སོ་ཞེས་བྱ་བར་བློ་ངེས་ཤེས་ནི་སྐྱེས་པ་སྟེ་གསུམ་ཚོགས་པ་ངེས་དོན་མྱོང་བར་འཇོག་པ་ཡིན་ནོ་ཞེ་ན། དེ་འདྲ་གང་གིས་ན་དེའི་སྒྲུབ་བྱེད་ཡིན་པར་འདོད་དེ། སྣང་བ་དོན་དང་མཐོང་བ་དབང་ཤེས་དེ་དག་གི་ཉེ་བ་སྟེ་འབྲེལ་བ་དེ་ཉིད་རིགས་པས་དཔྱད་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ལྟ་བ་པོའི་རྒྱུད་ཀྱི་ངེས་ཤེས་དེ་ཡིན་ན་ཡུལ་ཡུལ་ཅན་དེ་དག་གི་འབྲེལ་པ་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། འདིས་ནི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་བསྟན་པ་ཡིན་ཏེ། དོན་མཐོང་བ་ཉིད་མ་གྲུབ་ན་མཐོང་ངོ་སྙམ་པའི་ངེས་ཤེས་དོན་མཐུན་ཉིད་མི་འགྱུར་བའི་ཕྱིར། ཞེས་པའོ། །འོན་ཏེ་ཁྱོད་ཉིད་ལ་དོན་འདི་མྱོང་བའི་གྲུབ་བྱེད་དེ་གང་ལས་ཡིན་ཞེ་ན། བསྟན་བཅོས་མཛད་པ་འདི་ནི་ཆོས་ཅན། དོན་རྟོགས་པའི་སྒྲུབ་བྱེད་མི་འགོད་དེ། དོན་སྣང་གི་ཤེས་པས་དོན་རྟོགས་པ་དེ་ཉིད་རིགས་པས་རྣམ་པར་དཔྱོད་ཅིང་འགོག་པ་ཡིན་པས་སོ། །ཕྱིར་རྒོལ་སེམས་ཙམ་པ་ཡིན་ན་དྲི་བ་འདི་ཡང་འབྱུང་བའི་དོན་མེད་དོ། །འོ་ན་མདོ་སྡེ་པས་དོན་ངེས་པའི་བློ་ཁས་མི་ལེན་པ་ཅི་ཞེ་ན། དེ་མི་ལེན་པ་མ་ཡིན་གྱི། མངོན་སུམ་གྱིས་དྲངས་ནས་ངས་རགས་པ་མཐོང་ངོ་སྙམ་པའི་ངེས་བློ་ལོག་ཤེས་སུ་སྟོན་པ་ཡིན་ཏེ། མངོན་སུམ་གྱིས་མ་མཐོང་བ་ལ་མཐོང་ངོ་སྙམ་དུ་ངེས་པའི་ཕྱིར། གཉིས་པ་ལ། དངོས་དང༌། རྩོད་སྤང་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་དང༌། དེ་སྒྲུབ་པའོ། །དང་པོ་ནི། དོན་གྱི་རྣམ་པ་སྣང་བའི་དབང་ཤེས་དེའི་ཉམས་སུ་མྱོང་བྱ་ནི་མྱོང་བྱེད་ཀྱི་བདག་ཉིད་དེ་ཡིན་ལ། མྱོང་བྱེད་དེ་ཡང་རང་ལས་རྫས་གཞན་པའི་མྱོང་བྱེད་འགའ་ཞིག་གི་ནི་མྱོང་བྱ་མ་ཡིན་ནོ། །གཉིས་པ་ལ། འོ་ན་དེས་དོན་མ་རིག་ན་དངོས་ཀྱི་རིག་བྱ་གང་ཞེ་ན། དོན་གྱི་རྣམ་པ་སྣང་བའི་མངོན་སུམ་གྱི་སོ་སོར་རིག་པར་བྱ་བ་ཡང་ཉམས་སུ་མྱོང་བྱ་རྫས་གཞན་མེད་དེ། དེའི་མྱོང་བྱ་དེ་ནི་དེ་ཉིད་ཀྱི་བདག་ཉིད་ཡིན་པ་དེས་ནའོ། །དེ་ལྟར་དམ་བཅའ་དང་པོ་དེ་བསྒྲུབས་ཟིན་ནས་གཉིས་པ་དེ་སྒྲུབ་པ་ནི། མྱོང་བྱེད་དེ་ལའང་མྱོང་བྱེད་རྫས་གཞན་ཡོད་པ་མ་ཡིན་ཏེ། མྱོང་བྱེད་རྫས་གཞན་འདོད་པ་དེར་ཡང་མྱོང་བྱ་རྫས་གཞན་ལ་བརྟགས་པའི་བརྩད་པ་དེ་མཚུངས་པའི་ཕྱིར། ཇི་ལྟར་མཚུངས་ན་མྱོང་བྱ་རྫས་གཞན་མེད་པའི་མྱོང་བྱེད་ཡོད་པར་ཁས་བླངས་པ་ཉིད་དུ་སོང་བས་དེས་ནི་མྱོང་བྱེད་རང་ཉིད་གསལ་བ་དང་རིག་པར་གྲུབ་པ་ཡིན་ཏེ། མྱོང་བྱེད་ནི་ཡིན་ལ། མྱོང་བྱ་གཞན་མེད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་མངོན་སུམ་གྱིས་དོན་རིག་པར་འཇིག་རྟེན་ན་གྲགས་པ་དང་འགལ་ལོ་ཞེ་ན། སྔོ་སོགས་ཀྱི་རྣམ་པ་སྣང་བའི་དབང་ཤེས་མ་འཁྲུལ་པ་ཆོས་ཅན། རང་གི་ངོ་བོ་གཟུང་རྣམ་མྱོང་བར་གྱུར་ཀྱང༌། འཇིག་རྟེན་རྟོག་པའི་ངོར་སྔོ་སོགས་མྱོང་བར་སྣང་བ་ཡིན་ཏེ། སྔོ་སོགས་དེའི་དངོས་པོ་སྟེ་རྣམ་པ་ལ་རྟོག་པས་སྔོ་སོགས་སུ་ཞེན་པའི་ཕྱིར་དང༌། གནས་ཚུལ་ལ་རང་བཞིན་ཏེ་གཟུང་རྣམ་ཉམས་སུ་མྱོང་བའི་ཕྱིར་རོ། །གསུམ་པ་ནི། བློ་དོན་སྣང་གི་དབང་ཤེས་མ་འཁྲུལ་བ་ཆོས་ཅན། བདག་རིག་པ་ཅན་ཡིན་ཏེ། མྱོང་བྱེད་གཞན་ལ་མི་ལྟོས་པར་རང་ཉིད་རིག་པའི་ངོ་བོར་སྐྱེས་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན་གསལ་བ་དེའི་བདག་ཉིད་ཡིན་པའི་ཕྱིར་རམ་རྒྱུ་མཚན་གྱིས་གསལ་བྱེད་སྒྲོན་མ་དེ་རབ་ཏུ་གསལ་བར་སྐྱེས་པ་ན་རང་གི་ངོ་བོ་གསལ་བྱེད་དུ་འདོད་པ་དེ་ལྟར་རོ། །སྐབས་འདིར་དོན་སྣང་གི་ཤེས་པ་ལ་རང་གི་མྱོང་བྱ་རྫས་གཞན་དང༌། རང་ལ་མྱོང་བྱེད་རྫས་གཞན་ཡོད་པ་ནི་བཀག་མོད། དེ་ཙམ་གྱིས་གཟུང་འཛིན་རྫས་གཞན་ཁེགས་པ་ཡིན་ཏེ། ཕྱི་རོལ་གྱི་དོན་མི་ཁེགས་པའི་ཕྱིར། དེས་ན་གཞུང་འདི་དག་གིས་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དང་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གཉིས་ཀ་བཀག་ཅེས་ཟེར་བ་དང་འཁྲུལ་ལོ། །གཉིས་པ་ལ་གསུམ་སྟེ། དོན་རིག་ལ་སྒྲུབ་བྱེད་མེད་པ། རང་རིག་ལ་སྒྲུབ་བྱེད་ཡོད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གོང་དུ་ཕྱི་རོལ་གྱི་དོན་ཁས་ལེན་པའི་ཕྱོགས་ལ་ཡང་དོན་རིག་མི་འཐད་པར་བསྟན་ནས། ད་ནི་ཕྱི་རོལ་གྱི་དོན་ཉིད་ཀྱང་མི་འཐད་པར་སྟོན་པ་ལ། གཉིས་ཏེ། བཤད་པ་དང༌། བསྡུ་བའོ། །དང་པོ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། རིག་བྱ་དང་རིག་བྱེད་རྫས་ཐ་དད་པའི་རྣམ་པ་མེད་དེ། ཤེས་པ་དེའི་རིག་བྱ་དོན་གཞན་ཡོད་ན་ཚོར་བྱ་ཚོར་བྱེད་ཏེ་མྱོང་བྱ་མྱོང་བྱེད་འཐད་པར་དཀའ་བའི་ཕྱིར། དཔེར་ན་སྐྲ་ཤད་སོགས་དང་དེའི་ཤེས་པའི་ཐ་དད་བཞིན་ནོ། །འོ་ན་གཟུང་འཛིན་གཉིས་སུ་སྣང་བ་ཅི་ཞེ་ན། ཕྱི་རོལ་གྱི་དོན་མེད་ན་གཟུང་བ་དང་འཛིན་པའི་མཚན་ཉིད་ལ་ནི་གཉིས་སུ་སྣང་བ་མི་འཐད་དོ་ཞེས་བརྩད་པར་བྱ་བ་མ་ཡིན་ཏེ། གང་གི་ཚེ་ན་གཟུང་འཛིན་དུ་རྣམ་པར་ཕྱེ་བའི་མཚན་ཉིད་མ་རིག་པས་རྣམ་པར་བསླད་པ་ཅན་ཇི་ལྟར་བློ་འཁྲུལ་བས་མཐོང་བར་གྱུར་པ་དེ་ལྟར་གཟུང་བ་དང་འཛིན་པ་འདི་ཡི་རྣམ་གཞག་བྱས་པ་དེའི་ཚེའོ། །གཉིས་པ་ནི། དོན་རིག་ལ་སྒྲུབ་བྱེད་མེད་ཅིང་རང་རིག་ལ་སྒྲུབ་བྱེད་ཡོད་པ་དེས་ན། རྣམ་བདེན་པའི་སྐབས་འདིར་ཆོས་ཅན། རང་རིག་འབྲས་བུ་ཡིན་པར་འདོད་དེ། གཞན་རིག་པའི་མངོན་སུམ་མེད་པའི་ཕྱིར། རྐང་པ་གཉིས་པོ་འདི་སེམས་ཙམ་པའི་སྐབས་ཡིན་མོད། མདོ་སྡེ་པས་ཀྱང་ཁས་ལེན་ནོ། །གཉིས་པ་ལ། སྣང་བ་ཤེས་པར་སྒྲུབ་པ་དང༌། །དེས་ན་ཕྱི་རོལ་གྱི་དོན་མེད་པར་གྲུབ་པའོ། །དང་པོ་ནི། གལ་ཏེ་ཤེས་པས་ཕྱི་རོལ་གྱི་དོན་མྱོང་བར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། རྣམ་བདེན་པ་ལ་ཉེས་པ་ཅི་ཡང་མེད་མོད། དེས་དེ་མྱོང་བ་དངོས་པོའི་གནས་ལུགས་མ་ཡིན་ཏེ། ཤེས་པས་ཕྱི་རོལ་གྱི་དོན་ནི་མྱོང་བར་གྱུར་ཅེས་འཆད་པ་འདི་ཉིད་ཀྱིས་ནི་རིགས་པ་ཅི་ཞིག་བརྗོད་པར་འགྱུར་ཏེ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འོ་ན་བློ་ལ་དོན་གྱི་རྣམ་པ་ཤར་རམ་མ་ཤར། གཉིས་པ་ལྟར་ན་ཡུལ་ཡུལ་ཅན་དུ་མི་རུང་སྟེ། འབྲེལ་པ་མེད་པའི་ཕྱིར། འདི་ནི་བྱེ་སྨྲ་ལའོ། །གལ་ཏེ་བློ་ནི་དོན་དེའི་རྣམ་པ་ཅན་ནོ། །ཞེ་ན། དོན་གྱི་རྣམ་པ་རྗེས་སུ་ཞུགས་པ་ཅན་དེ་ཡོད་མོད། རྣམ་པ་དེ་ནི་ཕྱིའམ་གཞན་བག་ཆགས་ལས་སྐྱེ་ཞེས་པ་འདི་ནི་དཔྱད་པར་རིགས་པ་ཡིན་ལ། དཔྱད་པའི་ཚེ་ན་སྔོན་པོར་སྣང་བ་ནི་མཐོང་བ་ཤེས་པ་ཡིན་ཏེ། རྣམ་པ་དང་ཤེས་པ་གཉིས་ལས་གང་རུང་གཅིག་མཐོང་བའི་ཁྱད་པར་དང་བྲལ་ན་གཅིག་ཤོས་མི་འཛིན། གང་རུང་དེ་འཛིན་ན་གཅིག་ཤོས་ཀྱང་འཛིན་པའི་ཕྱིར། གཉིས་པ་ནི། དེ་ལྟར་ཤེས་པ་ན་རྣམ་པ་དེ་དོན་ལས་མ་སྐྱེས་པར་གྲུབ་པ་ཞེས་སྟོན་པ་ནི་སྣང་བ་དེ་ལས་ཡན་གར་དུ་གྱུར་པའི་ཕྱི་རོལ་གྱི་དོན་ནི་ཡོད་པ་མ་ཡིན་ཏེ། སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། རྐང་པ་དང་པོ་གསུམ་གྱི་དོན་ནི་མདོ་སྡེ་པས་ཀྱང་ངོ༌། །གསུམ་པ་ནི། འོ་ན་དོན་སྣང་གི་ཤེས་པ་རྒྱུ་མེད་དུ་འགྱུར་རོ། །ཞེ་ན། སེམས་ཙམ་པའི་ལུགས་འདིར་ཆོས་ཅན། དོན་སྣང་གི་བློ་ནི་ཕྱི་རོལ་གྱི་དོན་ལ་ལྟོས་པ་མ་ཡིན་ན་ཡང་རེས་འགའ་བ་ཉིད་དུ་རྣམ་པར་ངེས་ཏེ། ཤེས་པ་ཕྱི་མ་འགའ་ཞིག་ནི་ཤེས་པ་སྔ་མ་འགའ་ཞིག་གི་བག་ཆགས་རབ་ཏུ་སད་བྱེད་དུ་འགྱུར་བ་དེའི་ཕྱིར། དེ་དག་གིས་ནི། མདོར། ཡང་ན་རང་རིག་འབྲས་བུ་ཡིན། །ཞེས་པའི་དོན་བཤད་ནས། འགྲེལ་པར། ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། ཞེས་སོགས་ནི་དོན་འཆད་པ་ནི། ཤེས་པས་དོན་མི་རིག་པ་དེའི་ཕྱིར་དོན་སྣང་གི་ཤེས་པ་གཅིག་ལ་ཆོས་ཅན། གཟུང་འཛིན་གྱི་ཚུལ་གཉིས་ཡོད་དེ། གང་གི་ཕྱིར་ན་ཚུལ་གཉིས་པ་ཅན་དེ་ལྟར་དུ་མྱོང་བའི་ཕྱིར་དང༌། དྲན་པའི་ཕྱིར་རོ། །འདི་ཡང་མདོ་སྡེ་པས་ཀྱང་སྟེ་འོག་ནས་ཀྱང་གསལ་ལོ། །ཤེས་པ་གཅིག་པུ་འདི་ཡི་གཟུང་འཛིན་གྱི་ཚུལ་རྣམ་པ་གཉིས་པོའི་ནང་ནས་མྱོང་བ་རང་རིག་པ་ཉིད་ནི་འབྲས་བུ་ཡིན་ཏེ། ཕྱི་རོལ་གྱི་དོན་འདོད་མི་འདོད་གཉིས་ཀའི་ལུགས་ལ་དོན་རིག་མི་འཐད་པར་བསྟན་ཟིན་པའི་ཕྱིར་རོ། །འདིར་ལྷ་དབང་བློས། དེ་ལྟར་ན་དོན་མེད་པ་ལ་འབྲས་བུའི་རྣམ་པར་རྟོག་པ་འདི་ནི་གཅིག་ཡིན་ནོ། །ཞེས་བཤད། གསུམ་པ་ལ། གཉིས་ཏེ། ཕྱི་རོལ་གྱི་དོན་ཁས་བླངས་ཀྱང་དོན་སྣང་གི་མངོན་སུམ་རང་རིག་ཏུ་གྲུབ་པ། ཕྱི་དོན་ཁས་མ་བླངས་ཀྱང་དོན་སྣང་གི་ཤེས་པ་ཡུལ་མེད་དུ་མི་འགྱུར་བའོ། །དང་པོ་ནི། དོན་སྣང་གི་ཤེས་པ་དེ་ནི་དོན་གྱི་རྣམ་པ་ཇི་ལྟར་ཤར་བ་དེ་ལྟར་མྱོང་བ་ཡིན་ཏེ། གང་གི་ཚེའམ་ཕྱིར་ན་འདོད་མི་འདོད་དུ་རྣམ་པར་རིག་པའི་རྒྱུར་གྱུར་པ་ཡི་ཡུལ་གཞན་སྐྱེས་བུ་གཅིག་གི་གཟུགས་དེ་འདོད་པའམ་མི་འདོད་པ་དེའི་དངོས་པོར་མ་གྲུབ་པའི་ཕྱིར། སྐབས་འདིར་ལྷ་དབང་བློས། དོན་དང་འདྲ་བ་ནི་ཚད་མ་ཡིན་ཞིང༌། དོན་མྱོང་བ་ནི་འབྲས་བུ་ཡིན་པ་དེ་ལྟར་ན་ཕྱི་རོལ་གྱི་དོན་ཡོད་པ་ལ་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ། །ཞེས་བཤད། གཉིས་པ་ལ་གཉིས་ཏེ། དེ་ལྟར་བསྟན་པ་དངོས་དང༌། དེ་ལ་མངོན་སུམ་གྱིས་མི་གནོད་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་མེད་ཀྱང་དོན་གྱི་རྣམ་པ་སྣང་བའི་ཤེས་པ་བདག་ཉིད་ཀྱི་ཉམས་སུ་མྱོང་བྱ་གང་ཡིན་པ་དེ་ཉིད་ལ་ཡུལ་གྱི་དོན་དུ་ཚད་མས་རྣམ་པར་ངེས་ཤིང་བཞག་པ་ཡིན་ཏེ། གང་གི་ཚེའམ་ཕྱིར་ན་ཤེས་པ་རང་གི་གཟུང་རྣམ་གྱི་ཆ་ཡུལ་གྱི་དོན་དུ་ནི་བཞག་པའི་ཕྱིར་ན་ཤེས་པ་ཡུལ་དང་བཅས་པ་དེའི་ཚེའོ། །གཉིས་པ་ནི། དོན་མི་སྣང་ན་མངོན་སུམ་དང་འགལ་ལོ་ཞེ་ན། རྟོག་པ་ལ་མངོན་སུམ་དུ་འཁྲུལ་བའོ་ཞེས་སྟོན་པ་ནི། དེ་ལྟར་འགལ་བ་མེད་དེ། དོན་འདིའི་བདག་ཉིད་ཏེ་རྣམ་པ་འདོད་པའི་ངང་དེ་ལས་རྣམ་པ་གཞན་དུ་མྱོང་བར་གྱུར་ན། འདོད་པའམ་མི་འདོད་པའི་རྣམ་པ་སྣང་བ་དེས་ཀྱང་སྟེ། སྣང་བ་དེ་རྒྱུ་མཚན་དུ་བྱས་ནས་དོན་རིག་པར་ནི་ཞེས་པ་ཉིད་དུ་འགྱུར་བ་ཡིན་པས་སོ། །འདིར་ལྷ་དབང་བློས། ཞེས་བྱ་བས་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་འབྲས་བུའི་རྣམ་པར་རྟོག་པ་འདི་བཤད་དོ། །ཞེས་གསུངས། འགྲེལ་ཚིག་དེ་ལ་འཁྲུལ་ནས་འདི་ཡན་ཆད་དུ་འབྲས་རྟོག་གསུམ་གྱི་རྣམ་གཞག་ཡོད་པ་ཉིད་དུ་ཞེན་ནས་དེ་འཆད་པའི་ངལ་བ་མང་མོད། ངེས་པའི་དོན་དུ་ན་གཞུང་འདི་ཡན་དུ་འབྲས་བུའི་རྣམ་པར་རྟོག་པ་ནི་གཅིག་ཁོ་ནར་ངེས་ཏེ། དོན་རིག་པ་ནི་རྟོག་པའི་ངོ་ཙམ་དུ་ཟད་ཀྱི། མདོ་སེམས་གཉིས་ཀའི་གྲུབ་པའི་མཐས་བཞག་པ་མ་ཡིན་པར་གོང་དུ་བསྒྲུབས་ཟིན་པའི་ཕྱིར་དང༌། རང་རིག་འབྲས་བུར་མི་འདོད་པ་ནི་རྣམ་འགྲེལ་མཛད་པའི་སྐབས་གང་དུ་ཡང་མ་བྱུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འབྲས་རྟོག་གཅིག་པོ་དེ་ཕྱི་དོན་ཁས་ལངས་པའི་ཚད་འབྲས་སུ་སྦྱར་བ་དང༌། ཕྱི་དོན་ཁས་མི་ལེན་པའི་ཚད་འབྲས་སུ་སྦྱར་བའོ། །དང་པོ་ལ། གཉིས་ཏེ། རྒྱས་པར་བཤད་པ་དང༌། རྩོད་པ་སྤངས་ཏེ་དོན་བསྡུ་བའོ། །དང་པོ་ལ། གསུམ་སྟེ། ཕྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུར་བསྟན་པ་དང༌། རང་རིག་འབྲས་བུ་ལ་གཟུང་རྣམ་ཚད་མར་བསྟན་པ་དང༌། དེ་ལྟ་ན་ཡང༌། ཕྱི་དོན་གཞལ་བྱར་འཇོག་པའི་ཤེས་བྱེད་བཀོད་པའོ། །དང་པོ་ལ། མངོན་སུམ་གྱིས་ཕྱི་རོལ་གྱི་དོན་རིག་པ་ལ་གནོད་བྱེད་བརྗོད་པ་དང༌། དེས་ན་རང་རིག་འབྲས་བུར་བསྟན་པའོ། །དང་པོ་ནི། ཕྱི་རོལ་ཕྱི་དོན་ནི་ཡོད་ན་ཡང་མངོན་སུམ་གྱིས་ཇི་ལྟར་ཉམས་སུ་མྱོང་བ་ཉིད་དེ་ཤེས་པ་རང་གི་ངོ་བོར་ངེས་པའི་བདག་ཉིད་ཡིན་གྱི་ཕྱི་རོལ་དོན་གྱི་རང་གི་ངོ་བོས་མ་ཡིན་ཏེ། ཡིན་ན་སྐྱེས་བུ་གཅིག་གི་གཟུགས་དེ་ཡིད་དུ་འོང་མི་འོང་དུ་མའི་བདག་ཉིད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེ་ལྟར་ཐལ་བ་ཁས་བླངས་ན་ཡང་གཟུགས་གཅིག་པུ་དེའི་ཡིད་དུ་འོང་མི་འོང་གཉིས་པོ་དག་ཆོས་ཅན། དེ་ལ་ལྟ་བའི་དགྲ་དང་གཉེན་གྱི་དབང་ཤེས་སོ་སོས་ཐ་དད་པར་ནི་མི་མྱོང་བར་འགྱུར་ཏེ། གཟུགས་གཅིག་པོ་དེའི་ངོ་བོར་དོན་ལ་གནས་པའི་ཕྱིར། ཐལ་བ་འདི་ནི་མདོ་སྡེ་པ་དང་པོ་དང་བྱེ་སྨྲ་དང་གྲགས་པའི་མིང་ཅན་ལྷན་ཅིག་སྐྱེས་པའི་རྟོག་པ་རྣམས་ལ་ཐུན་མོང་དུ་འཕེན་ཏེ། དེ་དག་གིས་དོན་གྱི་རྣམ་པ་སྣང་བའི་མངོན་སུམ་གྱི་རྗེས་སུ་ངས་སྔོན་པོ་མཐོང་ངོ་སྙམ་པའི་རྟོག་པའི་འཛིན་སྟངས་དོན་མཐུན་དུ་ཁས་བླངས་པའི་ཕྱིར། གལ་ཏེ་མ་མཐོང་བའི་ལས་ཀྱིས་བསྒྲིབས་པའི་ཕྱིར་ཤེས་པ་རེ་རེ་ལ་ཡིད་དུ་འོང་མི་འོང་གཉིས་ཀ་སྣང་བ་མ་ཡིན་ནོ་ཞེ་ན། གཟུགས་གཅིག་པུ་ལ་ལྟ་བའི་དགྲ་གཉེན་གྱི་དབང་ཤེས་མ་འཁྲུལ་བ་གཉིས་ཆོས་ཅན། གཟུགས་གཅིག་པུ་དེ་དོན་ལ་ཇི་ལྟར་གནས་པའི་དབང་གིས་རྟོགས་པར་མི་འགྱུར་བར་ཐལ། དེ་ལ་དེས་བསྒྲིབས་པའི་ཕྱིར། མི་འགྱུར་ཞེས་པ་གཉིས་པོ་ཁས་བླངས་ཡིན་གྱི། དེ་ལ་ཚད་བསལ་འཇུག་པ་ནི་མ་ཡིན་ཏེ། སྐབས་འདིར་རང་ལུགས་ཀྱང་དེ་ཉིད་ཡིན་པའི་ཕྱིར། ཡང་མ་མཐོང་བའི་ལས་དེ་ཆོས་ཅན། ཇི་ལྟར་ན་དོན་ཇི་ལྟ་བ་བཞིན་མཐོང་བྱེད་དུ་འགྱུར་ཏེ། ཡིད་དུ་འོང་མི་འོང་དུ་མའི་བདག་ཉིད་ཀྱི་དངོས་པོ་དེ་ལ་གང་རུང་གཅིག་གི་བདག་ཉིད་དུ་མཐོང་བར་བྱེད་པའི་ཕྱིར། གལ་ཏེ་འདོད་པ་དང་མི་འདོད་པར་སྣང་བ་ནི་རྟོག་པ་ཡིན་གྱི་བློ་དབང་ཤེས་མ་ཡིན་པས་དོན་གཅིག་དུ་མར་ཐལ་བའི་སྐྱོན་མེད་དོ། །ཞེ་ན། དབང་ཤེས་དེ་ལའང་འདོད་མི་འདོད་དུ་སྣང་བ་ཡོད་པར་འགྱུར་ཏེ། འཆི་ལྟས་ལ་སོགས་པས་དབང་པོ་འཁྲུལ་བར་བྱས་པ་ལ་སྔར་ཡིད་དུ་འོང་བའི་བློ་མཚམས་སྦྱོར་བའི་གནས་ཁང་སོགས་ལ་ཡིད་དུ་འོང་བའི་སེམས་མཚམས་སྦྱོར་བ་མཐོང་བ་མེད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདིར་ཕྱོགས་སྔ་ཕྱིའི་རྩོད་གཞི་ནི་ཕྱིར་བལྟའི་མངོན་སུམ་གྱིས་དོན་རྟོགས་མ་རྟོགས་ཉིད་ཡིན་ལ། དེའི་ཚེ་ཕྱོགས་སྔ་མས་ནི་དེས་དེ་རྟོགས་པའི་ཤེས་བྱེད་མངོན་སུམ་ལ་སྣང་བ་ཉིད་འགོད་ལ། དེའི་ཤེས་བྱེད་ཀྱང་མངོན་སུམ་ལ་སྣང་བཞིན་པའི་ཚེ་དེ་དང་དེ་མཐོང་ངོ་སྙམ་དུ་འཛིན་པ་ཉིད་ལ་ཐུག་པ་ཡིན་ཏེ། འདིའི་ཕྱོགས་སྔ་མས་ནི་སྣང་བ་རྟགས་གཅིག་ཏུ་འཁྲུལ་པའི་ཕྱིར། དེ་ལ་ཕྱོགས་ཕྱི་མས་དོན་གཅིག་འདོད་མི་འདོད་གཉིས་སུ་སྣང་བའི་མངོན་སུམ་ཡོད་པར་འགྱུར་ཏེ། མངོན་སུམ་གྱིས་དོན་དེ་དང་དེ་མཐོང་བཞིན་པའི་དུས་དེར་འདོད་མི་འདོད་དུ་འཛིན་པའི་ཕྱིར། འདོད་ན་དོན་གཅིག་དུ་མར་ཐལ་ཞེས་འཕེན་པ་ཡིན་གྱི། མངོན་སུམ་ལ་དོན་གཅིག་འདོད་མི་འདོད་གཉིས་སུ་སྣང་བ་ནི་མདོ་སེམས་སུས་ཀྱང་ཚད་གྲུབ་ཏུ་མི་བྱེད་དེ། དེ་དག་གི་གྲུབ་པའི་མཐའ་ལ་མེད་པའི་ཕྱིར་རོ། །དེས་ན་མདོ་སྡེ་པས་ནི་གཟུགས་ལ་ལྟ་བའི་མིག་ཤེས་ལ་རྡུལ་ཕྲན་མང་པོའི་རྣམ་པ་ཉིད་སྣང་བར་འདོད་ཀྱི། ཡིད་འོང་སོགས་ཀྱི་རྣམ་པ་སྣང་བར་མི་འདོད། སེམས་ཙམ་པ་ནི་བག་ཆགས་ཀྱི་དབང་གིས་གཟུགས་རགས་པའི་རྣམ་པ་ཅན་དུ་འདོད་ཀྱི་ཡིད་འོང་སོགས་ཀྱི་རྣམ་པ་ཅན་དུ་མི་འདོད་དོ། །དེའི་ཕྱིར། སྣང་བ་རྟོག་ཡིན་ཞེས་པ་ཕྱོགས་སྔའི་ནང་དུ་བྱུང་ཡང་འདོད་པ་གྲུབ་པའོ། །གཉིས་པ་ནི། མངོན་སུམ་ལ་ཕྱི་རོལ་གྱི་དོན་མི་སྣང་བ་དེའི་ཕྱིར་ཕྱི་རོལ་གྱི་དོན་གཞལ་བྱར་བྱས་པ་ལའང་ཤེས་པ་རང་ཉིད་ཉམས་སུ་མྱོང་བའི་རང་རིག་ཉིད་འབྲས་བུར་རིགས་པ་ཡིན་ཏེ། ཕྱི་རོལ་དོན་ལ་ལྟ་བའི་མངོན་སུམ་གྱི་མྱོང་བྱ་ཡིན་ན་ཤེས་པ་ཡིན་དགོས་པའི་ཕྱིར། ལྷས། འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་ཞེས་འཆད་པ་དེ་འདི་ལ་དགོངས་པ་ཡིན་ཏེ། གཞུང་འདི་དག་དང༌། གང་ཚེ་རྣམ་རིག་སོགས་དོན་གཅིག་ལ་འདུ་བའི་ཕྱིར་དང༌། སྔར་ཕྱི་དོན་གཞལ་བྱ་ལ་དོན་རིག་འབྲས་བུར་བཞག་པ་དེ་ལ་ལྟོས་ཏེ་གཞལ་བྱ་གཅིག་ལ་འབྲས་རྟོག་གི་འཇོག་ཚུལ་གཉིས་པར་སོང་བའི་ཕྱིར། གཉིས་པ་ལ། གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། འདིར་རང་རིག་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་རིགས་ཏེ། དེ་ཉིད་དེའི་འཇོག་བྱེད་ཡིན་པའི་ཕྱིར། །ཞེས་སེམས་ཙམ་པ་དག་ཟེར་རོ། །མདོ་སྡེ་པས་སྨྲས་པ། ཕྱི་རོལ་གྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་པ་དེའི་ཚེ་དོན་གྱི་རྣམ་པར་སྣང་བའི་གཟུང་རྣམ་འདི་ཉིད་ནི་སྒྲུབ་བྱེད་ཚད་མ་ཡིན་ཏེ། གང་གི་ཕྱིར་ན་དོན་འདིའི་རང་བཞིན་ཏེ་རྣམ་པ་ཇི་ལྟར་སྣང་བ་དེ་ལྟར་ཕྱི་རོལ་གྱི་དོན་ནི་མཐོང་ངོ་ཞེས་རྣམ་པར་ངེས་ཤིང་ཞེན་པའི་ཕྱིར། ཡང་ན་རྣམ་པ་མཐོང་བ་ལས་དོན་ཡོད་པར་ཚད་མས་ངེས་པའི་ཕྱིར། ཞེས་བཀོད་ཀྱང་ཆོག་གོ །འཛིན་པའི་རྣམ་པ་ཡོད་དུ་ཟིན་ཀྱང་ནི་འཛིན་རྣམ་གྱི་བདག་ཉིད་དེ་ཕྱི་རོལ་ལ་ལྟོས་པར་བྱ་བ་མ་ཡིན་ཏེ། འཛིན་རྣམ་གྱི་གཞལ་བྱ་རང་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། གཉིས་ཏེ། ཕྱི་རོལ་དོན་ལ་ཚད་མ་ཡིན་ན་རང་རིག་ཏུ་འགལ་བའི་དང༌། ཚད་འབྲས་གཉིས་ཡུལ་རྫས་གཞན་ལ་འཇུག་པར་ཐལ་བའི་རྩོད་སྤང་ངོ༌། །དང་པོ་ནི། དོན་སྣང་གི་ཤེས་པ་དེ་ཉིད་ཆོས་ཅན། སེལ་ངོར་དོན་རིག་པར་འདོད་དེ། གང་གི་ཕྱིར་ན་དོན་གྱི་བདག་ཉིད་དམ་རྣམ་པ་དེ་ཤེས་པ་ལ་གནས་པ་སྟེ་སྣང་བ་དེ་ལྟ་བུར་དོན་འདི་ནི་དེ་ལྟར་གནས་སོ་ཞེས་ངེས་པར་བྱེད་པ་དེ་ཡི་ཕྱིར་རོ། །དེ་ཆོས་ཅན་གནས་ཚུལ་ལ་བདག་ཉིད་རིག་པ་ཡིན་ཏེ། རྒྱུ་མཚན་འདི་ལྟར། དོན་གྱི་བདག་ཉིད་དངོས་སུ་སྣང་བ་མ་ཡིན་པའི་ཕྱིར། མདོར་ན་མདོ་སྡེ་པའི་ལུགས་འདིར་ཆོས་ཅན། ཕྱིར་དོན་གཞལ་བྱ་ལ་རང་རིག་པ་དེའི་སྒྲུབ་བྱེད་ནི་བློ་ལ་ནི་གནས་པའི་དོན་གཟུང་རྣམ་དེ་ཉིད་ཡིན་ལ། གཟུང་རྣམ་དེའི་བསྒྲུབ་པར་བྱ་བ་ཡང་རང་རིག་པ་དེ་ཉིད་ཡིན་ཏེ། གང་གི་ཕྱིར་ན་ཕྱི་རོལ་གྱི་དོན་དེ་ནི་ཇི་ལྟར་ཤེས་པ་ལ་གནས་པ་སྟེ་རྣམ་པ་སྣང་བ་དེ་ལྟར་དོན་དེ་རབ་ཏུ་གསལ་བའི་ཐ་སྙད་བྱེད་པའི་ཕྱིར། གཉིས་པ་ནི། དོན་གྱི་རྣམ་པ་སྣང་བའི་མངོན་སུམ་ཆོས་ཅན། གནས་ཚུལ་ལ་རང་རིག་པ་ཡིན་ཀྱང༌། ཐ་སྙད་དུ་དོན་རིག་པར་འདོད་དེ། ཁྱོད་ཀྱིས་ཐ་སྙད་དུ་དོན་རིག་པར་འཇོག་བྱེད་ཀྱི་རྣམ་པ་དེ་གནས་ཚུལ་ལ་ཤེས་པ་དེའི་བདག་ཉིད་ཡིན་པའི་ཕྱིར། དེའི་ཕྱིར་ཚད་འབྲས་གཉིས་ཡུལ་རྫས་ཐ་དད་ལ་འཇུག་པའང་མ་ཡིན་ཏེ། ཡུལ་ཤེས་པ་གཅིག་ཉིད་ལ་འཇུག་པའི་ཕྱིར། འོ་ན་འདིར་བཤད་པ་རང་སྔོན་ཕྱི་དོན་གཞལ་བྱ་ལ་དོན་རིག་འབྲས་བུར་བཤད་པ་འགལ་ལོ་ཞེ་ན། དོན་སྣང་གི་ཤེས་པ་ལ་དངོས་སུ་སྣང་བ་དེ་རང་གི་ངོ་བོ་དོན་དང་ཤེས་པ་གང་ཡིན་ཞེས་རིགས་པས་དཔྱོད་པས་ན་རང་རིག་འབྲས་བུ་ཡིན་པར་བཤད་དེ། ཐ་སྙད་དུ་དོན་རིག་པར་བརྟགས་པའི་རྣམ་པ་དེ་ཤེས་པ་དེ་རང་གི་བདག་ཉིད་ཡིན་པའི་ཕྱིར་རོ། །འདིར་ལྷས་འབྲས་བུའི་རྟོག་པ་གསུམ་པ་བཤད་པ་ཡིན་ནོ། །ཞེས་འབྱུང་བ་དེའི་བསམ་པ་ནི་གང་ཚེ་རྣམ་རིག་ནས། འདི་ཡན་ཆོད་ཀྱི་གཞུང་ས་བཅད་ཀྱི་ཁོངས་གཅིག་ཏུ་མཛད་ནས། དེར་གྲུབ་མཐའ་སྨྲ་བ་གཉིས་ཀྱི་འབྲས་རྟོག་གསུམ་ངོས་བཟུང་ནས། མདོ་སྡེ་པའི་འབྲས་རྟོག་གཉིས་པོ་དེའི་བར་དུ་སེམས་ཙམ་པའི་ཚད་འབྲས་ཀྱི་རྣམ་གཞག་གཅིག་བསྟན་པ་དང༌། གཅིག་པུ་དེ་ཡང་ཐ་སྙད་དུ་དོན་རིག་པའི་འབྲས་རྟོག་ཡིན་པ་ལ་དགོངས་པ་ཡིན་མོད། ངེས་པའི་དོན་དུ་ན་འདི་ཡན་ཆད་དུ་མདོ་སེམས་གཉིས་ཀ་ལ་ཐུན་མོང་དུ་འབྲས་རྟོག་གཅིག་ཁོ་ན་དང༌། དོན་སྨྲ་བས་རང་ལུགས་སུ་འཆད་ཐུབ་ངེས་ཀྱི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ཚད་མ་གཅིག་ཁོ་ན་བྱུང་གི་གཞན་མེད་དོ། །སྐབས་འདིའི་འབྲས་བུ་འཇོག་པའི་ཚེ་ཐ་སྙད་དུ་དང་མ་དཔྱད་པའི་ཚེ་དོན་རིག་པ་ཞེས་སྔ་རབས་པ་ཀུན་གྱིས་འཆད་མོད། དེ་ལྟར་སྟོན་བྱེད་ཀྱི་མདོ་གཞུང་མེད་པ་དང༌། ཐ་སྙད་དུ་དེ་དང་དེ་ཡིན་པས་གྲུབ་མཐའི་ཚེ་ཡིན་པའི་གོ་མི་ཆོད་པའི་ཕྱིར་དང༌། དེས་དེའི་གོ་ཆོད་པ་ལ། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་འཕངས་ཟིན་པའི་ཕྱིར་ན་མི་འཐད་དོ། །བོད་ཕྱི་མས་སྐབས་འདིར་དོན་ཇི་ལྟ་བའི་རྣམ་པ་འཆར་མི་འཆར་རྩོད་གཞིར་འཇོག་པ་ཡིན་ཟེར་བ་མི་འཐད་དེ། མདོ་སྡེ་པས་ནི་ཇི་ལྟ་བའི་རྣམ་པ་འཆར་བར་ཁས་ལེན་པས་དེ་མི་འགོག སེམས་ཙམ་པས་ནི་རྣམ་པ་ཅི་ཤར་ཡང་དེ་དོན་གྱི་རྣམ་པར་མི་འདོད་པའི་ཕྱིར། དོན་ཇི་ལྟ་བའི་རྣམ་པ་འཆར་བར་འདོད་པ་ལའང་དུ་མའི་བདག་སྐྱོན་ཕྱིར། ཞེས་པའི་སྐྱོན་དེ་འཇུག་པ་མ་ཡིན་ཏེ། རྡུལ་ཕྲན་གྱི་རྣམ་པ་ཉིད་དོན་ཇི་ལྟ་བར་འདོད་ཀྱི། ཡིད་འོང་སོགས་དེར་མི་འདོད་པའི་ཕྱིར། གསུམ་པ་ནི། འོ་ན་ཕྱི་རོལ་གྱི་དོན་གཞལ་བྱར་འཇོག་པ་མི་འཐད་དེ། དོན་དུ་སྣང་བའི་མངོན་སུམ་གྱིས་ཕྱི་རོལ་གྱི་དོན་མ་རྟོགས་པའི་ཕྱིར་རོ། །ཞེ་ན། དོན་དུ་སྣང་བའི་ཤེས་པ་དེ་དོན་དངོས་འདྲ་བ་དང་དེ་ལས་གཞན་དང་འདྲ་ནའང་རུང༌། དོན་མ་རྟོགས་ཀྱང་རུང་སྟེ། དོན་སྣང་གི་ཤེས་པ་ཆོས་ཅན། ཕྱི་རོལ་གྱི་དོན་ནི་སེལ་ངོར་ཁྱོད་ཀྱི་གཞལ་བྱ་ཉིད་དུ་འདོད་དེ། ཁྱོད་ལ་དོན་གྱི་རྣམ་པ་ཇི་ལྟ་བུ་དེ་ལྟར་སྣང་བའི་རྒྱུ་ནི་ཕྱི་རོལ་གྱི་དོན་ཡང་ཡིན་པས་ནའོ། །ངག་དོན་ནི། གཟུགས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་ཆོས་ཅན། གཟུགས་འཛིན་དབང་པོའི་མངོན་སུམ་གྱིས་མ་རྟོགས་ཀྱང་དེའི་གཟུང་ཡུལ་ཡིན་ཏེ། དེ་ལ་ཕྱི་རོལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་གྱིས་ཐ་སྙད་དུ་གཞལ་བྱ་དང་དོན་རིག་འདི་ནི་མདོ་སྡེ་པའི་མཐར་ཐུག་གི་གྲུབ་པའི་མཐའ་སྟེ། རྒྱུའི་དངོས་པོ་མ་གཏོགས་པ། །ཞེས་སོ། །གཞུང་འདི་འབྲས་རྟོག་འདི་ལ་ལྟོས་པའི་གཞན་གཞུང་དུ་ཁས་བླངས་ན་ཆེས་ཤིན་ཏུ་རྣམ་པར་འཁྱམས་སོ། །འདིར་ལྷས་དེ་ཡང་གཞན་མི་འདོད་མོད་ཀྱི། ཞེས་པས་འདི་མདོ་སྡེ་པའི་རང་གཞུང་མ་ཡིན་པར་འཆད་པ་ཡང་དོན་མ་ཡིན་ཞིང༌། རང་འདྲའི་རྣམ་པ་མི་གཏོད་ཅེས་པ་དེའི་འདོད་པ་མ་ཡིན་ཏེ། དོན་སྣང་གི་ཤེས་པ་འཁྲུལ་མེད་ལ་དོན་ཇི་ལྟ་བའི་རྣམ་པ་འཆར་བ་ཉིད་དེའི་འདོད་པ་ཡིན་པས་སོ། །དེ་ལྟར་ན་ཕྱི་རོལ་གྱི་དོན་ནི་དབང་ཤེས་ལ་ཡིད་དུ་འོང་མི་འོང་གཉིས་ཀའི་རྣམ་པ་གཏོད་བྱེད་དུ་ནི་མདོ་སྡེ་པས་མི་འདོད་མོད་ཀྱི། འདོད་དུ་ཆུག་ནའང་དོན་སྣང་གི་ཚད་མ་དོན་དངོས་རྟོགས་སུ་གཞན་གྱིས་ཁས་ལེན་པ་འགོག་པར་ནི་གཞུང་འདིས་སྟོན་ནོ། །ཞེས་པ་ཉིད་ལྷའི་བསམ་པ་སྟེ་འགྲེལ་པ་དེ་ཉིད་ཀྱི་འཕྲོ་ན་གསལ་ལོ། །གཉིས་པ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། ཇི་ལྟར་ཕྱི་རོལ་གྱི་དོན་འཛིན་ཏེ། དོན་དངོས་སུ་སྣང་བ་མེད་པར་དོན་གྱི་རྣམ་པ་ཙམ་སྣང་བ་ཅན་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན་རྨི་ལམ་གྱི་རྣམ་པ་འགའ་ཞིག་ལྟར་རོ། །ཞེ་ན། ཐལ་བ་དེ་ཆོས་ཅན། ཁྱོད་ལ་རྣམ་འགྲེལ་མཛད་པས་བདེན་ལན་ཐེབས་པ་ཡིན་ཏེ། དོན་སྣང་གི་ཤེས་པས་དོན་འཛིན་པ་དེ་འདྲ་རྣམ་འགྲེལ་མཛད་པ་ངས་ཀྱང་མི་ཤེས་པའི་ཕྱིར་རོ། །གཉིས་པ་ལ། གལ་ཏེ་ཕྱི་རོལ་གྱི་དོན་ཁས་ལེན་པའི་ཕྱོགས་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་ནི་གོང་དེར་མ་དཔྱད་པ་དང་དཔྱད་པའི་རྣམ་གཞག་གཉིས་ཀྱི་སྒོ་ནས་བཤད་ཟིན་པ་དེ་ལྟ་ན། ཕྱི་རོལ་གྱི་དོན་ཁས་མི་ལེན་པའི་ཕྱོགས་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་དག་འཆད་ནུས་སམ་ཞེ་ན། ལན་ལ། གཉིས་ཏེ། བློ་འཁྲུལ་པ་ལ་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བའི་ཚུལ། སྣང་བ་དེ་ལ་ཚད་འབྲས་གཞལ་གསུམ་དུ་འཇོག་པའི་ཚུལ་ལོ། །དང་པོ་ནི། བློ་གཅིག་གི་བདག་ཉིད་དུ་རྣམ་པ་དབྱེར་མེད་ཀྱང་གཟུང་བ་དང་འཛིན་པ་དང་མྱོང་བ་རང་རིག་པ་གསུམ་པོ་དག་རྫས་ཐ་དད་པ་དང་ལྡན་པ་བཞིན་རྟོགས་པར་འགྱུར་ཏེ། དཔེར་ན་དབང་པོ་སྔགས་སོགས་ཀྱིས་བསླད་པ་རྣམས་ལ་འཇིམ་དུམ་སོགས་རྟ་གླང་དེའི་གཟུགས་དང་བྲལ་བ་ཡང་རྣམ་པ་གཞན་དུ་སྣང་བ་བཞིན་ནོ། །དཔེ་སྒྲུབ་པ་ནི། འཇིམ་དུམ་སོགས་དེ་དག་མ་བསླད་པའི་མིག་ཅན་གྱིས་སྔ་མ་དེ་ལྟར་དུ་མཐོང་བ་མེད་པའི་ཕྱིར་རོ། །དཔེར་ན་ཐག་རིང་པོའི་མྱ་ངམ་ན་རྫས་ཆུང་ངུ་ཡང་ཆེན་པོར་སྣང་བ་བཞིན་ནོ། །གཉིས་པ་ནི། ཕྱི་རོལ་གྱི་དོན་ཁས་མི་ལེན་ཀྱང་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་བཤད་དུ་ཡོད་དེ། གཟུང་བ་དང་འཛིན་པ་རིག་པ་གསུམ་པོ་དག་རྫས་ཐ་དད་དུ་ཡོད་པ་མ་ཡིན་ཀྱང༌། གཟུང་རྣམ་གཞལ་བྱ་དང་འཛིན་རྣམ་འཇལ་བྱེད་དང་རང་རིག་འབྲས་བུར་གནས་པ་འདི་གསུམ་པོ་བློ་འཁྲུལ་བ་ལ་ཐ་དད་དུ་ཇི་ལྟར་རྗེས་སུ་སྣང་བ་བཞིན་དུ་བྱས་པའི་ཕྱིར་རོ། །འདི་ནི་རྣམ་བདེན་པའི་ལུགས་ཏེ། རྣམ་རྫུན་པས་ནི་གཟུང་རྣམ་རང་རིག་གི་མྱོང་བྱར་མི་འདོད་པས་སོ། །གསུམ་པ་ཤིན་ཏུ་དཔྱད་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ལ། གཟུང་རྣམ་བདེན་མེད་དུ་རིགས་པས་གཏན་ལ་ཕབ། རང་ལུགས་ཀྱི་ཚད་འབྲས་གཞལ་གསུམ་ངོས་བཟུང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། གསུམ་སྟེ། ཕྱོགས་ཆོས་སྒྲུབ། གཏན་ཚིགས་དགོད། རྩོད་པ་སྤང་བའོ། །དང་པོ་ལ། གཅིག་བྲལ་དུ་སྒྲུབ་པའོ། །དང་པོ་ནི། གཟུང་རྣམ་བདེན་པར་མེད་པ་དེ་ལྟ་མ་ཡིན་ན། གཅིག་ཏུའམ་དུ་མར་བདེན། དང་པོ་ལྟར་ན། སྣ་ཚོགས་ཀྱི་ངོ་བོར་སྣང་བ་ཅན་གྱི་ཁྲ་འཛིན་ཤེས་པའི་དངོས་པོ་གཅིག་ལ་སྣང་བའི་རྣམ་པ་དེ་ཆོས་ཅན། ཤེས་པ་གཅིག་གི་ངོ་བོར་ཇི་ལྟར་བདེན་པར་འགྱུར་ཏེ། དེར་བདེན་ན་ཤེས་པ་གཅིག་པུ་དེ་གཅིག་ཉིད་ཡིན་པ་དེ་ཉམས་ནས་སྣ་ཚོགས་སུ་ཐལ་བའི་ཕྱིར་དང༌། གཞན་སྣ་ཚོགས་ལ་གཞན་ཉིད་ཉམས་ནས་གཅིག་ཏུ་ཐལ་བའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་དེ་ཆོས་ཅན། གཅིག་མ་ཡིན་ཏེ། གཅིག་གི་རང་བཞིན་དུ་ཚད་མས་མཐོང་བ་མེད་པའི་ཕྱིར། གཉིས་པ་ནི། ཁྲ་རྣམ་དེ་ཆོས་ཅན། ཐ་དད་དུ་མེད་པར་ངེས་པར་འགྱུར་ཏེ། བློ་མ་འཁྲུལ་བའི་དངོས་པོས་ཐ་དད་དུ་མཐོང་བ་མེད་པའི་ཕྱིར། གཉིས་པ་ནི། གཅིག་དང་དུ་མའི་རིགས་པ་གང་གིས་གཟུང་རྣམ་གྱི་དངོས་པོ་དེ་རྣམ་པར་དཔྱད་པའི་ཚེ་ན། གཟུང་རྣམ་དེ་དག་ལ་ཆོས་ཅན། དེ་ཁོ་ན་ཉིད་དུ་ན་དངོས་པོར་མེད་དེ། གཅིག་དང་དུ་མའི་རང་བཞིན་དུ་མེད་པའི་ཕྱིར། གསུམ་པ་ནི། གཟུང་རྣམ་རྫུན་པ་ལ་བདེན་པར་འཁྲུལ་པ་མི་འཐད་དེ། བདེན་རྫུན་ལ་ཆོས་མཐུན་མེད་པའི་ཕྱིར། ཁྱབ་སྟེ། ཆུ་དང་སྨིག་རྒྱུ་ལྟ་བུ་ལ་ཆོས་མཐུན་པ་ཉིད་མཐོང་བ་ལས་ཆུ་དེའི་བདག་ཉིད་མ་ཡིན་པ་ལ་དེའི་བདག་ཉིད་དུ་ཞེན་པ་འཇིག་རྟེན་བདག་གི་ངོར་འཁྲུལ་པ་སྐྱེ་བའི་ཕྱིར། རྩ་བའི་གཏན་ཚིགས་ནི་གཟུང་བ་བདེན་རྫུན་འདི་ལ་ཆོས་མཐུན་པ་དེ་མེད་དེ། འགྲོ་བ་འདི་ལ་གཟུང་བ་བདེན་པ་དེའི་བདག་ཉིད་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར། ཞེ་ན། གཟུང་བ་རྫུན་པ་ལ་རང་བཞིན་གྱིས་ནི་ཕྱིན་ཅི་ལོག་ཏུ་སྣང་བ་ཅན་འདིའང་ཆོས་ཅན། ཆོས་མཐུན་པ་མཐོང་བ་སོགས་ཅན་ཉིད་ལ་ལྟོས་པ་མེད་དེ། ནང་གི་བསླད་པ་མ་རིག་པ་ལས་བྱུང་བ་གང་ཡིན་པའི་འཁྲུལ་པ་དེ་ནི་ཉེས་པ་བག་ཆགས་ལས་བྱུང་བས་ན་རང་གི་ངང་གིས་སྐྱེ་བ་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་པར་སྣང་བ་བཞིན་ནོ། །གཉིས་པ་ནི། གཟུང་རྣམ་ཤེས་པར་མ་གྲུབ་ན་རང་རིག་པ་འབྲས་བུ་ཉིད་དུ་ཇི་ལྟར་རུང་ཞེ་ན། རྣམ་རྫུན་པའི་ལུགས་དེ་ལ་ཆོས་ཅན། འཛིན་རྣམ་དེ་རང་རིག་དེའི་སྒྲུབ་བྱེད་ཡིན་ཏེ། བློ་ནི་རང་ཉིད་ཡོངས་སུ་གཅོད་པར་བྱེད་པའི་འཛིན་པའི་རྣམ་པར་འདོད་པ་དེ་ཤེས་པ་དེའི་བདག་ཉིད་ཡིན་པའི་ཕྱིར་ན་ཤེས་པ་ཀུན་བདག་རིག་པར་འཇོག་པ་དེའི་ཕྱིར། དཔེར་ན་འདོད་ཆགས་སོགས་མྱོང་བའི་འཛིན་རྣམ་བཞིན་ནོ། །དེ་ལྟར་ཤེས་པ་རང་གི་བདག་ཉིད་ཡུལ་དུ་བཞག་པ་ན་གཞལ་བྱ་དང་འཛིན་རྣམ་འཇལ་བྱེད་དང༌། རང་རིག་འབྲས་བུར་གནས་པ་འདི་ནི་ཆོས་ཅན། རྣམ་རྫུན་པ་ཁོ་ནའི་ཁྱད་ཆོས་མ་ཡིན་ཏེ། ཤེས་པའམ་གྲུབ་མཐའ་ཀུན་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ལ། རྩོད་པ་གཉིས་ལས། དང་པོ་ནི། ཤེས་པ་ཀུན་ལ་རང་རིག་གི་ཚད་འབྲས་སྦྱོར་བ་མི་འཐད་དེ། དོན་སྣང་གི་ཤེས་པ་ཀུན་རང་རིག་མ་ཡིན་པའི་ཕྱིར། ཞེ་ན། ཕྱི་རོལ་དོན་དུ་སྣང་བའི་ཤེས་པ་དེ་ལའང་ཆོས་ཅན། བདག་མྱོང་བར་བྱེད་རུང་ཉིད་དེ་ཚད་མ། བདག་ཉིད་གཞལ་བྱ། རང་རིག་འབྲས་བུ་ཡིན་ཏེ། ཉམས་སུ་མྱོང་བྱ་དེ་རང་གི་བདག་ཉིད་ཡིན་པའི་ཕྱིར་ན་དེ་དག་རང་གི་བདག་ཉིད་མྱོང་བར་རུང་བ་དེ་ལྟར་ནའོ། །གཉིས་པ་ནི། འདིར་འཛིན་རྣམ་ཚད་མར་བཤད་པ་དང་སློབ་དཔོན་གྱིས་བདེ་བ་ལ་སོགས་པ་རང་རིག་པ་ཚད་མའོ། །ཞེས་རང་རིག་ཚད་མར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བདག་ལ་འཛིན་པའི་རྣམ་པ་ཞེས་པའི་མིང་ཅན་བློ་རང་ཉིད་ཡོངས་སུ་གཅོད་པར་བྱེད་པའི་བདག་ཉིད་དེ་ལ་རང་མྱོང་བར་བྱེད་རུང་ཉིད་ཅེས་བྱ་བ་དང༌། ཚད་མ་དང་རང་རིག་ཅེས་ནི་རབ་ཏུ་བཤད་པའི་ཕྱིར། དོན་ནི། རང་རིག་ལ་རིག་བྱེད་དང་རིག་བྱ་གཉིས་ལས་སློབ་དཔོན་གྱིས་ནི་དང་པོའི་ཆ་བཟུང་ནས་ཚད་མར་བཤད་ཅེས་པའོ། །དེ་དག་ལ་འདི་སྐད་ཅེས། འབྲས་བུ་གཞལ་བྱ་རྟོགས་པ་དང༌། །མི་སླུ་བ་གཉིས་རྟོགས་པ་ཡི། །སྒྲུབ་བྱེད་བཤད་པས་ཅིག་ཤོས་ཀྱང༌། །འགྲུབ་ཕྱིར་ལོགས་སུ་དེ་མ་བཤད། །རྟོགས་ལ་རང་རིག་དོན་རིག་སྟེ། །དོན་རིག་པ་ཡི་སྒྲུབ་བྱེད་ནི། །གྲགས་པ་ཉིད་ལས་གཞན་མེད་ཕྱིར། །རང་གི་སྒྲུབ་བྱེད་བཤད་པ་མེད། །དོན་འདྲ་བ་ལས་དོན་དངོས་སུ། །རྟོགས་པ་འགལ་བའི་གཏན་ཚིགས་ཏེ། །མི་སླུ་བ་ལས་དེ་སྒྲུབ་པའང༌། །གཞུང་འགྲེལ་དག་ནས་བཤད་པ་མེད། །འབྲས་བུ་རང་རིག་གཅིག་པུ་ལ། །སྒྲུབ་བྱེད་གཟུང་རྣམ་འཛིན་རྣམ་གཉིས། །གཞལ་བྱ་དོན་དང་ཤེས་པ་ཞེས། །བྱ་བ་གཉིས་ལས་གཞན་མི་སྲིད། །རང་རིག་པ་ལ་གཉིས་མེད་དང༌། །གཉིས་སྣང་ཅན་དུ་དབྱེ་བ་ཡིས། །ཚད་འབྲས་རྣམ་གསུམ་གཞུང་བཞིན་སྦྱར། །གྲུབ་མཐའ་མདོ་སེམས་དབུ་མ་པ། །ཕྱི་དོན་གཞལ་བྱའི་སྒྲུབ་བྱེད་ནི། །རྒྱུ་ཡིན་ཤེས་པ་མཇལ་བ་ཡི། །སྒྲུབ་བྱེད་གཟུང་བའི་རྣམ་པ་དང༌། །གཉིས་མེད་ཤེས་པ་རྟོགས་ལས་ཕྱེ། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་རྣམ་གཞག་དེ་ཉིད་ངེས་པར་བྱ་བ་ལ། གཉིས་ཏེ། ཚད་མ་ལ་འཕྲོས་ནས་ཚུལ་གཉིས་སུ་སྒྲུབ་པ་དང༌། འབྲས་བུ་ལ་འཕྲོས་ནས་བློ་རང་རིག་ཏུ་སྒྲུབ་པའོ། །དང་པོ་ལ། གསུམ་སྟེ། མདོ་མཛད་པའི་རིགས་པས་དང༌། རང་ཉིད་ཀྱི་རིགས་པས་དང༌། སླར་ཡང་མདོ་མཛད་པའི་རིགས་པས་དེར་སྒྲུབ་པའོ། །དང་པོ་ནི། མདོར། ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ནི་ཚུལ་གཉིས་ཉིད། །ཅེས་པའི་དོན་འཆད་པ་ལ། གསུམ་སྟེ། ཡུལ་ཤེས་ལས་དང༌། དེ་ཤེས་ལས་དང༌། དེ་གཉིས་ཀྱི་བྱེ་བྲག་ལས་སྒྲུབ་པའོ། །དང་པོ་ནི། འདིར་བསྒྲུབ་བྱ་ནི་ཚུལ་གཉིས་པ་ཞེས་ཟེར་ཡང་འཛིན་རྣམ་གྱི་ཚུལ་ལ་རྩོད་པ་མེད་པས་གཟུང་རྣམ་གྱི་ཚུལ་ཉིད་ཡིན་ལ། ཤེས་པ་ལ་སྣང་བ་དེ་རྣམ་པ་ཡིན་གྱི། དོན་ཉིད་མ་ཡིན་པར་གྲུབ་པ་ན་དེ་འགྲུབ་པ་ལ་དགོངས་ནས་དེ་ལྟར་འཆད་པ་ནི། ཡུལ་གཟུགས་སོགས་རྣམས་ལས་ནི་བྱུང་བ་ཡི་རྣམ་པར་ཤེས་པ་ཐམས་ཅད་དག་ཆོས་ཅན། ཡུལ་དེ་ལས་གཞན་དབང་པོ་སོགས་ཁྱོད་ཀྱི་རྒྱུ་ཡིན་ན་ཡང་ཁྱོད་ལ་ཡུལ་གྱི་རྣམ་པར་འགྱུར་ཏེ། དངོས་པོའི་ཆོས་ཉིད་ཀྱི་རྣམ་པ་འགས་དེར་འགྱུར་བའི་ཕྱིར། རྗེས་འགྲོ་ནི། དཔེར་ན། ཟས་དང་དུས་ལ་སོགས་པ་བུ་སྐྱེ་བའི་རྒྱུ་ཡིན་ཀྱང༌། བུ་དེ་ནི་ཕ་མ་གང་རུང་གཅིག་གི་གཟུགས་འཛིན་པར་འགྱུར་གྱི། གཞན་ཟས་དུས་ལ་སོགས་པ་འགའི་མ་ཡིན་པ་བཞིན་ནོ། །རྩ་བའི་གཏན་ཚིགས་ནི། ཡུལ་དེ་ལས་གཞན་དབང་པོ་སོགས་དང་ཡུལ་གཟུགས་དག་ནི་དོན་སྣང་གི་ཤེས་པ་དེའི་རྒྱུ་ཉིད་དུ་མཚུངས་ན་ཡང་རྣམ་པ་སྣང་བའི་ཆ་ནས་གཟུགས་སོགས་དེ་ཡུལ་ཉིད་ཡིན་པར་འདོད་དེ། རྣམ་པ་སྣང་བ་དེ་མེད་པར་ནི་ཡུལ་དེར་མི་འགྱུར་བའི་ཕྱིར། གཉིས་པ་ལ་གཏན་ཚིགས་དགོད་པ་དང༌། དེའི་ལན་དགག་པའོ། །དང་པོ་ནི། དབང་ཤེས་ལ་གཟུང་ཡུལ་གྱི་རྣམ་པ་སྣང་ན་དེར་འགྲུབ་ཏུ་ཆུག་ཀྱང༌། དེ་མི་སྣང་ངོ་ཞེ་ན། གཟུང་དོན་དང་ལྡན་པའི་རྟོག་མེད་ཀྱི་སེམས་ལ་ནི་གཟུང་དོན་གྱི་རྣམ་པ་ཤར་བ་མེད་པར་དོགས་ན་ཡང་འདས་པའི་དོན་ནི་འཛིན་པའི་དྲན་པ་ལ་རྣམ་པ་སྣང་བའི་རྟགས་ཀྱིས་ཚུལ་གཉིས་པ་དང་རང་རིག་པར་ཡང་གྲུབ་པ་ཡིན་ནོ། །གཉིས་པ་ནི། དྲན་ཤེས་ལ་སྣང་བ་དེ་རྣམ་པ་ཡིན་ན་དེར་འགྲུབ་ཀྱང༌། དེར་སྣང་བ་དེ་སྤྱི་རྟག་པ་ཡིན་ནོ། །ཞེ་ན། དྲན་ཤེས་ཆོས་ཅན། སྤྱི་རྟག་པ་དེའི་གཞུང་དོན་དང་ལྡན་པ་མ་ཡིན་ཏེ། ཁྱོད་ལ་སྔོ་སོགས་ཐ་དད་པ་ཅན་དུ་སྣང་བའི་ཕྱིར། རིགས་ནི། སྤྱིར་གཟུང་དོན་མ་ཡིན་ཏེ། རིགས་དེའང་མི་རྟག་ན་རིགས་སུ་མི་འགྱུར་ཞིང༌། རྟག་ནའང་འབྲས་བུ་ཇི་ལྟར་སྐྱེད་བྱེད་ཡིན་ཏེ། མ་ཡིན་པའི་ཕྱིར་རོ། །ཡང་དྲན་ཤེས་ལ་སྣང་བ་རྣམ་པ་མ་ཡིན་གྱི་མིང་སོགས་ཡིན་ནོ། །ཞེ་ན། མ་ཡིན་ཏེ། རྟོག་པས་མིང་སོགས་རང་མཚན་འཛིན་པ་ནི་སྔར་བཀག་ཟིན་པའི་ཕྱིར་རོ། །ཡང་དྲན་ཤེས་ལ་སྣང་བ་དེ་ཕྱི་རོལ་གྱི་དོན་དངོས་ཡིན་ནོ། །ཞེ་ན། དྲན་ཤེས་ཀྱི་ཚུལ་འདི་ཆོས་ཅན། གཟུང་དོན་དང་ལྡན་པ་མ་ཡིན་ཏེ། འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར་དང༌། གཟུང་དོན་གྱི་ནུས་པ་འཇུག་པར་གྲུབ་པ་མ་ཡིན་པའི་ཕྱིར། ཡང་དྲན་ཤེས་དེ་ནི་ཇི་ལྟར་གཟུང་དོན་དེ་དང་ལྡན་པར་འགྱུར་ཏེ། གཟུགས་ཀྱི་རྣམ་པ་མི་གསལ་བ་འདི་འདྲ་འཛིན་པའི་ཤེས་པ་ནི་དྲན་པ་ཡིན་ལ། དེ་ཡང་མྱོང་བ་དབང་ཤེས་ལས་བྱུང་ཞིང༌། དབང་ཤེས་དེ་ཡང་དོན་གྱི་རྣམ་པས་སྟོང་པར་ཁས་བླངས་པའི་ཕྱིར། དེའི་ཁྱབ་འབྲེལ་ནི། དྲན་ཤེས་དེ་ཆོས་ཅན། གཟུང་དོན་ལས་སྐྱེ་བ་མ་ཡིན་ཏེ། ཁྱོད་ཀྱི་དེ་མ་ཐག་རྐྱེན་སྐྱེས་པ་དེའི་ཚེ། དེའི་གཟུང་དོན་འདས་ནས་མེད་པའི་ཕྱིར། དེ་འདས་ཀྱང་དེའི་རྣམ་པ་སྣང་ངོ༌། །ཞེ་ན། དེ་ལྟར་ན་མྱོང་བ་གཟུང་འཛིན་དབང་ཤེས་ལའང་ཆོས་ཅན། གཟུགས་ཀྱི་རྣམ་པ་སྣང་བ་དེར་འགྱུར་ཏེ། རིགས་པ་མཚུངས་པའི་ཕྱིར། ཡང་གལ་ཏེ་དྲན་ཤེས་ལ་རྣམ་པ་སྣང་མོད། རྣམ་པ་དེ་དྲན་ཤེས་ཉིད་དུ་ཁས་བླངས་ན་ཚུལ་གཉིས་པར་འགྱུར་ཡང༌། རྣམ་པ་དེ་ནི་དྲན་ཤེས་ལས་རྫས་ཐ་དད་དོ། །ཞེ་ན། རྣམ་པ་དེ་ནི་ཆོས་ཅན། གཟུང་དོན་གྱིས་གཏད་པའི་རྣམ་པ་མ་ཡིན་ཏེ། གསལ་བའི་རྣམ་པས་དབེན་པའི་ཕྱིར་རོ། །གང་ཟག་གཞན་གྱིས་ཀྱང་སྣང་མཁན་དེ་བཞིན་དུ་རྟོགས་པར་འགྱུར་ཏེ། དེའི་ཤེས་པ་ལས་རྫས་ཐ་དད་པའི་སྣང་རུང་གི་དོན་ཡིན་པའི་ཕྱིར། ཉེས་པ་མེད་དེ། སྣང་མཁན་རང་གི་བདག་ཉིད་ལ་དུས་རྟག་ཏུ་འབྲེལ་བ་ཡིན་ནོ། །ཞེ་ན། དེ་ཆོས་ཅན། བརྗོད་ཀྱང་གཞན་གྱིས་རྟོགས་པར་མི་འགྱུར་ཏེ། གཞན་གྱི་དྲན་པ་ལ་སྣང་དུ་མི་རུང་བའི་ཕྱིར། དེར་ཐལ་བ་མེད་དེ། རང་གཞན་རེ་རེ་དག་དང་འབྲེལ་བའི་རྣམ་པའང་སོ་སོར་ཡོད་དོ། །ཞེ་ན། དོན་གཅིག་ཏུ་མངོན་པར་ཞེན་པའི་བདག་ཉིད་རྐྱེན་གྱི་འཆད་པ་པོ་དང་ཉན་པ་པོའི་སེམས་དག་གི་རྟོགས་པ་མཚམས་སྦྱོར་བར་ནི་མི་འགྱུར་བ་ཡིན་པར་ཐལ། གཅིག་ལ་སྣང་བ་གཅིག་ཤོས་ལ་མི་སྣང་བའི་ཕྱིར། གལ་ཏེ་གཉིས་པོ་འདྲ་བ་ལས་གཅིག་པ་དེར་ཐ་སྙད་ཡོད་དོ་ཅེ་ན། འཆད་པ་པོའི་དྲན་བློ་ལ་སྣང་བ་ཆོས་ཅན། ཉན་པ་པོའི་བློ་དེར་སྣང་བ་མ་ཡིན་པར་ཐལ། དེས་རང་གི་བློ་ལས་ཐ་དད་པའི་བདག་ཉིད་ཇི་ལྟར་བཟུང་སྟེ་མ་བཟུང་བའི་ཕྱིར། དྲན་བློ་ཆོས་ཅན། གཟུང་དོན་མེད་པ་ཅན་དུ་འགྱུར་ཏེ། ཐ་དད་ལ་གཅིག་ཏུ་འཛིན་པའི་འཁྲུལ་ཤེས་ཡིན་པ་དེའི་ཚེའོ། །གསུམ་པ་ལ་གཉིས་ཏེ། གཏན་ཚིགས་དགོད་པ་དང་མ་ངེས་པ་སྤང་བའོ། །དང་པོ་ནི། ཉམས་མྱོང་རྣམ་ཤེས་སྔ་མ་དེ་ཡང་ནི་ཆའམ་ཚུལ་གཉིས་ལ་ནི་བརྟེན་པར་གྱུར་པ་ཡིན་པར་རང་ལས་རྣམ་པ་གཅིག་གིས་ཁྱད་པར་ཅན་དུ་གྱུར་པའི་ཤེས་པ་དེ་ཡིས་དམིགས་པར་འགྱུར་བ་ཡིན་ཏེ། དེ་ལས་གཞན་དུ་ཡུལ་གྱི་རྣམ་པ་ཅན་མ་ཡིན་ན་ཇི་ལྟར་ཤེས་པ་སྔ་ཕྱི་ལ་མི་འདྲ་བའི་ཚུལ་གནས་པར་འགྱུར་ཏེ། ཁྱད་མེད་དུ་ཐལ་བས་སོ། །དེ་ལྟར་ཐལ་བ་ལས་རྒྱུ་མཚན་འདི་ལྟར་ཕྱི་མ་ཕྱི་མའི་ཤེས་པ་ནི་སྔ་མ་སྔ་མ་ལས་རྣམ་པ་གཅིག་གཅིག་གིས་ལྷག་པ་ཉིད་ཡིན་ཏེ། སྔོར་སྣང་དབང་ཤེས་སྔ་མ་དེ་དོན་གྱི་ངོ་བོ་སྟེ་རྣམ་པ་སྣང་བས་གཟུང་འཛིན་གྱི་ཚུལ་རྣམ་པ་གཉིས་དང་དེ་དྲན་པའི་ཤེས་པ་གཉིས་པ་དེ་ནི་སྐབས་འགའ་ཞིག་ཏུ་ཚུལ་གཉིས་པོའི་སྟེང་དུ་བདག་གི་རྣམ་པ་དང་བཅས་པར་གསུམ་པ་ཡི་ཤེས་པ་ཡིས་ནི་རྟོགས་པར་འབྱུང་བས་སོ། །གཉིས་པ་ནི། གལ་ཏེ་རྩ་བར་ཁྱབ་པ་མ་ངེས་ཏེ། དོན་གྱི་འབྲས་བུ་ཡིན་པ་ཉིད་ཀྱིས་ཤེས་པ་དྲན་ན་དོན་དྲན་པས་ཁྱབ་པའི་ཕྱིར་ན་འཁྲུལ་པ་ཡིས་དོན་ཤེས་གཅིག་ཏུ་བསྲེ་བ་ཡིན་གྱི། ཤེས་པ་ཕྱི་མ་ལ་ཡུལ་གྱི་རྣམ་པ་སྣང་བ་མ་ཡིན་ནོ། །ཞེ་ན། དབང་ཤེས་དྲན་པའི་བློ་ཆོས་ཅན། དེ་དྲན་པ་ན་སྣང་བ་དང་ཡིད་བྱེད་ལ་ཡང་དྲན་པ་སྐྱེ་བར་འགྱུར་ཏེ། དེ་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་ཐམས་ཅད་ཀྱང་རྒྱུ་དང་ལྷན་ཅིག་ཏུ་འཛིན་པར་འགྱུར་དགོས་པ་དེའི་ཕྱིར་རྫ་མཁན་ལ་སོགས་པ་དྲན་པ་མེད་པར་བུམ་པ་ལ་སོགས་པ་དྲན་པར་མི་འགྱུར་རོ། །སྣང་བ་དང་དབང་པོ་ལ་མི་མཚུངས་ཏེ། སྔ་མ་ལ་ཡུལ་གྱིས་བྱས་པའི་ཁྱད་པར་ཡོད་པས་སོ། །ཞེ་ན། ཡུལ་གྱིས་བྱས་པའི་ཁྱད་པར་གང་ལས་ཤེས་པ་ནི་དོན་དང་ལྷན་ཅིག་ཏུ་འདྲ་བ་བསྟེན་པའི་ཁྱད་པར་དེ་ཆོས་ཅན། དོན་དང་འདྲ་བ་ལས་གཞན་ཅིར་འགྱུར་ཏེ། དོན་ཤེས་གཅིག་ཏུ་འཁྲུལ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་མཚེ་མ་སོགས་ལའང་འདྲ་བ་ལས་གཅིག་ཏུ་འཁྲུལ་པར་མཐོང་བ་བཞིན་ནོ། །རྩ་བའི་ཁྱབ་སྒྲུབ་ནི། སྔོར་སྣང་དབང་ཤེས་དང་པོའི་རང་བཞིན་གཟུང་འཛིན་གྱི་ཚུལ་གཉིས་པ་ཅན་མ་ཡིན་པར་རིག་ཅིང་གསལ་ཙམ་དུ་གནས་ན་དེ་དྲན་པའི་དྲན་ཤེས་གཉིས་པའི་རང་བཞིན་ཡང་རིག་ཅིང་གསལ་ཙམ་ཅིག་ལ་ནི་རྣམ་པར་གནས་དགོས་ལ། དེར་གནས་ན་དབང་ཤེས་དང་དྲན་ཤེས་གཉིས་ཐ་དད་དུ་ངེས་པར་འཛིན་པའི་སེམས་ཀྱིས་གཉིས་པོ་ཐ་དད་དུ་འབྱེད་པར་འགྱུར་བ་མ་ཡིན་དགོས་པ་དེའི་ཕྱིར་སྔོ་སོགས་ཀྱི་ངོ་བོ་སྟེ་རྣམ་པ་མདུན་ན་གནས་པར་གྱུར་པའི་བློ་སྔོར་སྣང་དབང་ཤེས་དེ་དོན་བསྲེ་བ་དང་འབྲེལ་བ་ཅན་ཏེ་སྔོན་པོའི་རྣམ་ལྡན་དུ་བློ་གཉིས་པས་ནི་དམིགས་པར་འགྱུར་བ་ཡིན་ཏེ། དེ་ལས་གཞན་དུ་ཤེས་པ་དོན་གྱི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ན་ཤེས་པ་དང་པོ་གཅིག་པུ་ཉིད་དོན་ལས་དངོས་སུ་བྱུང་བའི་ཕྱིར་ན་དོན་དང་འབྲེལ་བ་ཉིད་དུ་དྲན་པར་འགྱུར་གྱི། དེ་དྲན་པའི་ཤེས་པ་ཕྱི་མ་ཕྱི་མ་རྣམས་དོན་དང་ལྷན་ཅིག་ཏུ་དྲན་པར་མི་འགྱུར་བར་ཐལ། སྔ་མ་སྔོར་སྣང་དབང་ཤེས་ཀྱི་དོན་དང་དངོས་འབྲས་ཀྱི་འབྲེལ་བ་དེ་འདྲ་གཞན་ལ་མཐོང་བ་མེད་པའི་ཕྱིར། གཉིས་པ་ལ། ཕྱི་རོལ་གྱི་དོན་བཀག་ནས་བློ་ཚུལ་གཉིས་སུ་སྒྲུབ་པ། དེ་ཁས་བླངས་ནས་སྒྲུབ་པ། སླར་ཡང་དེ་བཀག་ནས་སྒྲུབ་པ། སླར་ཡང་ཁས་བླངས་ནས་སྒྲུབ་པའོ། །དང་པོ་ལ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་རྣམ་གཞག་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། རྟགས་དགོད་པ་ནི། ཡུལ་སྔོན་པོར་སྣང་བ་ནི་ཆོས་ཅན། སྔོར་སྣང་དབང་ཤེས་དེ་ལས་གཞན་ཉིད་དུ་རིགས་པའི་རྣམ་པ་གང་གིས་འགྲུབ་པར་འགྱུར་ཏེ། ངེས་པར་བློ་སྔོར་སྣང་ཤེས་དང་ལྷན་ཅིག་ཏུ་ཅིག་ཆར་དུ་ནི་མྱོང་བར་འགྱུར་བའི་ཕྱིར། རྗེས་འགྲོ་ནི། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས་ཀྱི་ཐ་དད་དུ་མེད་པར་མཐོང་བ་བཞིན་ནོ། །ལྡོག་པ་ནི་སྔོ་སེར་རྫས་ཐ་དད་པ་དག་ལ་ནི་ལྷན་ཅིག་ཏུ་མྱོང་བའི་ངེས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཕྱོགས་ཆོས་གྲུབ་སྟེ། སྔོར་སྣང་དབང་ཤེས་མྱོང་བ་མེད་པར་དོན་སྔོན་པོའི་རྣམ་པ་འགའ་འམ་དོན་སྔོན་པོའི་རྣམ་པ་མྱོང་བ་མེད་པར་དེའི་མྱོང་བ་སྔོར་སྣང་དབང་ཤེས་ཀྱང་མྱོང་བར་འགྱུར་བ་མ་མཐོང་བའི་ཕྱིར། གསུམ་པ་ནི། གཏན་ཚིགས་དེའི་ཚུལ་གསུམ་ཚང་བ་དེས་ན་སྔོར་སྣང་དབང་ཤེས་རང་དུས་སུ་སྣང་བ་ཡི་དོན་ནི་སྔོར་སྣང་དབང་ཤེས་ལས་རྫས་གཞན་མ་ཡིན་པ་ལྡོག་པར་རབ་ཏུ་དགའ་བ་ཉིད་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོར་སྣང་དབང་ཤེས་དང་སྔོན་པོའི་རྣམ་པ་དེ་དག་རྫས་ཐ་དད་མ་ཡིན་པར་གྲུབ་ཟིན་པ་དེའི་ཕྱིར་གཏན་ཚིགས་འདི་ནི་མདོ་སེམས་ཀྱི་རྣམ་བདེན་པས་འཇིག་རྟེན་པ་དང་བྱེ་སྨྲའི་ངོར་འགོད་དོ། །དེ་ལྟར་གྲུབ་པའི་འོག་ཏུ། ཕྱི་རོལ་གྱི་དོན་ནི་ཆོས་ཅན། ཡོད་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར། འདི་ནི་སེམས་ཙམ་པས་སོ། །གཉིས་པ་ལ། གཉིས་ཏེ། ཕྱི་དོན་ཡོད་པ་ལ་སྒྲུབ་བྱེད་མི་འཐད། མེད་པ་ལ་གནོད་བྱེད་མི་འཐད་པའོ། །དང་པོ་ནི། མདོ་སྡེ་པ་ན་རེ། རྒྱུ་གཞན་དག་ནི་ཡོད་ན་ཡང་རེས་འགའ་དབང་པོའི་བློ་རྣམས་སྐྱེ་བ་མེད་པའི་ཕྱིར། ཞེས་པའི་རྟགས་ཀྱིས་དབང་ཡིད་ལས་ཐ་དད་པའི་རྒྱུ་ཕྱི་རོལ་གྱི་དོན་ནི་རྗེས་སུ་དཔོག་པར་འགྱུར་རོ། །ཞེ་ན། འབྲས་བུ་རྣམ་ཤེས་ལྡོག་པའི་རྟགས་ཀྱིས་ཕྱི་རོལ་གྱི་དོན་སྒྲུབ་མི་ནུས་ཏེ། གལ་ཏེ་སྔོར་སྣང་དབང་ཤེས་རང་གི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་བག་ཆགས་སད་པ་ལས་སྐྱེ་བ་ཉིད་དུ་ངེས་པར་མི་སྨྲ་ན། ཕྱི་དོན་ཡོད་པར་སྒྲུབ་ནུས་ཀྱང༌། དེ་དེ་ལས་སྐྱེ་བར་ཁས་ལེན་པའི་ཕྱིར། གཉིས་པ་ནི། ཕྱི་རོལ་གྱི་དོན་མེད་ན་རྒྱུ་འབྲས་དང་འབྲས་རྟགས་ཀྱི་རྣམ་གཞག་མི་འཐད་པར་འགྱུར་ཏེ། ས་བོན་ལས་ནི་མྱུ་གུ་སྐྱེ་བ་དང་དུ་བའི་རྟགས་ལས་མེ་གྲུབ་པ་ཞེས་བྱ་བ་དེ་འདྲ་ཕྱི་རོལ་གྱི་དོན་ལ་བརྟེན་པ་ཅན་ཡིན་པའི་ཕྱིར་ཞེ་ན། ས་བོན་མྱུ་གུའི་བྱེད་པོ་དང་འབྲས་བུ་རྒྱུའི་ཤེས་བྱེད་དུ་གནས་པ་གང་ཡིན་པ་དེ་ཡང་ཆོས་ཅན། ཕྱི་རོལ་དོན་ལ་བརྟེན་པ་མ་ཡིན་ཏེ། རྒྱུ་འབྲས་དེའི་ངོ་བོར་སྣང་བ་དེ་ལྟར་ངེས་པར་འབྲེལ་བའི་བློ་ལ་བརྟེན་ནས་རྟོག་པར་བྱེད་ན་འགལ་བ་དག་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་དུར་སྣང་ལས་རྒྱུ་མེར་སྣང་རྟོགས་པ་མ་ཡིན་ཏེ། དུ་བར་སྣང་བ་དེ་མེར་སྣང་བའི་བློས་བསྐྱེད་པར་འགྱུར་བ་མ་ཡིན་པ་དེའི་ཕྱིར་ཏེ། དུར་སྣང་དེ་རང་གི་བག་ཆགས་སྔ་མ་ལས་བྱུང་བའི་ཕྱིར། མེར་སྣང་དེ་དུར་སྣང་གི་བག་ཆགས་སད་བྱེད་ཡིན་པས་དེ་དེའི་རྒྱུ་ཡིན་ན་དུར་སྣང་ཡང་མེར་སྣང་གི་རྒྱུར་ཐལ། དེའི་བག་ཆགས་སད་བྱེད་ཡིན་པའི་ཕྱིར། དེའི་རྒྱུ་དག་ནི་ཡིན་པ་འདོད་ན་ཡང་དུར་སྣང་གང་ལས་མེར་སྣང་ངེས་པར་རྟོགས་པར་འགྱུར་ཏེ། རྒྱུ་འབྲས་བུ་ལ་འཁྲུལ་པའི་ཕྱིར། ཞེ་ན། སེམས་ཙམ་པའི་ལུགས་དེ་ལའང་ཆོས་ཅན། དུ་བར་སྣང་བའི་བློས་ལར་སྣང་བའི་སྟེང་དུ་མེར་སྣང་བ་ཡི་བློ་སྔ་མའི་བག་ཆགས་ཉིད་ནི་སྔོན་སོང་དུ་རྟོགས་པར་འགྱུར་བ་ཡིན་ཏེ། དེའི་ཕྱོགས་ཆོས་གྲུབ་ཅིང༌། དུར་སྣང་དེ་མེར་སྣང་སྔ་མའི་བག་ཆགས་གསལ་བར་སད་པ་ཅན་ཡིན་པའི་ཕྱིར། ཕྱི་རོལ་གྱི་མེ་ཉིད་ནི་དཔོག་པ་མ་ཡིན་ནོ། །འོ་ན་མངོན་སུམ་དང་འགལ་ལོ་ཞེ་ན། ཐ་མལ་པའི་སེམས་རྒྱུད་དེར་ཆོས་ཅན། མེ་ལས་དུ་བ་ཡིན་ཞེས་བརྗོད་དེ། མེ་དེར་སྣང་དུ་རུང་བའི་བག་ཆགས་ཀྱི་སྙིང་པོ་ཅན་ཉིད་དུ་བར་ནི་སྣང་བའི་བློ་དག་གསལ་བར་བྱེད་པ་དེས་ནའོ། །དེ་ལྟར་ཕྱི་རོལ་གྱི་དོན་མེད་ཀྱང་མཁས་པ་རྣམས་ལ་རྒྱུ་འབྲས་ཀྱི་རྣམ་པར་བཞག་པ་འདི་བརྗོད་པར་བྱར་ཡོད་དོ། །གཉིས་པ་ནི། ཕྱི་རོལ་གྱི་དོན་ཁས་བླངས་པ་ལ་ནི་བརྟེན་ནས་སུ་བློ་ཚུལ་གཉིས་པ་ཅན་དུ་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་ལྷན་ཅིག་མྱོང་བའི་ངེས་པས་འགྲུབ་ཅིང༌། སླར་ཡང་སྒྲུབ་པ་ལ། གཉིས་ཏེ། དབང་ཤེས་མ་འཁྲུལ་བའི་སྣང་བ་ལ་བརྟེན་ནས་དེར་སྒྲུབ། དབང་ཤེས་འཁྲུལ་པའི་སྣང་བ་ལ་བརྟེན་ནས་དེར་སྒྲུབ་པའོ། །དང་པོ་ནི། དོན་བུམ་གཟུགས་གཅིག་ལ་དམིགས་པའི་ཐག་ཉེ་རིང་བར་མ་ནས་བལྟ་བའི་ཤེས་པ་གསུམ་བདག་རྐྱེན་དབང་པོའི་ཁྱད་པར་གྱིས་གསལ་བ་དང་མི་གསལ་བ་དང་འདྲེན་མ་ལ་སོགས་པའི་སྣང་བ་ཐ་དད་དུ་འཛིན་པའི་ཕྱིར་ན་ཤེས་པ་ལ་ཡུལ་གྱི་རྣམ་པ་སྣང་བར་གྲུབ་བོ། །ཁྱབ་པ་ནི། ཤེས་པ་གསུམ་པོ་དེ་ལ། དོན་གྱི་རྣམ་པ་དེར་སྣང་བ་མ་ཡིན་ན་དོན་བུམ་གཟུགས་ཀྱི་རང་བཞིན་ནི་གཅིག་ཉིད་ཡིན་པའི་ཕྱིར་ན་དེའི་གཟུང་དོན་ཅན་གྱི་ཡིད་ཀུན་ནི་གསལ་མི་གསལ་གྱི་རང་བཞིན་གཅིག་པ་ཉིད་དུ་འགྱུར་བས་སོ། །ཕྱོགས་ཆོས་ནི། དོན་བུམ་གཟུགས་ལ་བརྟེན་ནས་འབྱུང་བར་འགྱུར་ཞིང༌། དེའི་ངོ་བོ་སྟེ་རྣམ་པ་རྗེས་སུ་བྱེད་པའི་ཤེས་པ་གསུམ་པོ་དེ་ནི་གཞན་ལས་སམ་དབང་པོའི་ཁྱད་པར་འགའ་ཞིག་ལས་ཀྱང་གསལ་མི་གསལ་གྱི་ཆ་འགའ་ཡིས་ནི་ཐ་དད་པར་འགྱུར་ཏེ། དཔེ་འདི་ལྟར་ཕ་ལ་བརྟེན་ནས་བྱུང་བའི་བུ་གསུམ་པོ་དེ་ཕ་དེ་ཡི་གཟུགས་དང་འདྲ་བ་ཡིན་ཡང་ལས་དང་འབྱུང་བའི་ཁྱད་པར་འགའ་ཞིག་ལས་ནི་འདྲ་བ་ཤས་ཆེ་ཆུང་གི་ཆ་འགའ་ཡིས་ཐ་དད་པར་ནི་དམིགས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། རྟགས་དགོད་པ་ནི། ཤེས་པ་ལ་ཡུལ་གྱི་རྣམ་པར་སྣང་སྟེ། མིག་མི་གསལ་བས་མར་མེ་ལ་སོགས་པའི་རྩེ་མོའི་དཀྱིལ་འཁོར་ནི་རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་དུ་སྔོན་པོ་དང་དམར་པོ་དང་མདངས་གསལ་བར་མཐོང་བར་འགྱུར་བས་སོ། །གཉིས་པ་ནི། དེ་ལ་སྣང་བ་དེ་ཕྱི་རོལ་གྱི་དོན་དངོས་ཡིན་གྱི་རྣམ་པ་མ་ཡིན་ནོ། །ཞེ་ན། སྣང་བ་དེ་ཆོས་ཅན། དབང་པོ་གསལ་པོ་ལ་ཁྱོད་མཐོང་བའི་ནུས་པ་ཅིས་མེད་དེ། སྣང་རུང་གི་དོན་ཡིན་པའི་ཕྱིར། རྣམ་པ་དེ་མཐོང་བའི་དབང་ཤེས་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་དབང་པོ་ཉམས་པའང་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ་བ་དང༌། རབ་རིབ་ཀྱིས་དབང་པོའི་སྐྱོན་སྦྱངས་ནས་གསལ་བའི་མིག་ཏུ་བྱས་པར་ཐལ། རབ་རིབ་ཀྱི་རྐྱེན་གྱིས་ཡང་དག་པ་ཕྱི་རོལ་གྱི་དོན་མཐོང་བའི་ཕྱིར་དེ་ལ་ཆོས་ཅན། དབང་པོ་སྐྱོན་མེད་གཞན་གྱིས་མཐོང་བའི་དོན་དེ་ཡང་ཇི་ལྟ་བུར་ན་གསལ་བ་མ་ཡིན་ཏེ་ཡིན་པར་ཐལ། དབང་པོ་ལས་འདས་པའི་དོན་མཐོང་བའི་ཕྱིར། མར་མེའི་རྩེ་མོའི་འོད་ཀྱི་དཀྱིལ་འཁོར་དེ་ཉིད་དེར་སྣང་བའི་ཕྱིར་རྒྱུ་ཡིན་ནོ། །ཞེ་ན། དེར་སྣང་བའི་དབང་ཤེས་ཆོས་ཅན། གཞན་དཀྱིལ་འཁོར་དུ་སྣང་བ་དེ་ནི་ཁྱོད་ཀྱི་རྒྱུ་མ་ཡིན་ཏེ། ཁྱོད་ལ་སྣང་བ་དང་ཡིད་ལ་བྱེད་པ་དང་དེ་ལས་གཞན་མར་མེ་གཅིག་གི་ནི་ནུས་པ་རྟོགས་པ་སྟེ་དེ་ཙམ་གྱིས་རྒྱུ་ཚོགས་གྲངས་ཚང་བ་དེས་ནའོ། །རྒྱུ་མ་ཡིན་པའི་ཕྱིར་ན་བཟུང་བའི་ཡུལ་ཡང་ཇི་ལྟར་ཡིན་ཏེ་མ་ཡིན་ནོ། །གལ་ཏེ་དཀྱིལ་འཁོར་དེ་ཉིད་དེར་སྣང་བའི་བློའི་རྒྱུ་ཡིན་ན། དེ་ཆོས་ཅན། ཇི་ལྟར་མར་མེ་ལ་ལྟོས་པར་འགྱུར་ཏེ། མར་མེ་དང་འབྲེལ་མེད་ཀྱི་དཀྱིལ་འཁོར་དེ་ཉིད་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། གཉིས་ཀ་རྒྱུ་ཡིན་པས་མ་ངེས་སོ་ཞེ་ན། གཉིས་ཀ་དག་ཀྱང་ཁྱོད་ཀྱི་རྒྱུ་མ་ཡིན་ཏེ། དཀྱིལ་འཁོར་དེ་མེད་ཀྱང་མར་མེ་ཙམ་གྱིས་ཁྱོད་ཡོད་པའི་ཕྱིར། གསུམ་པ་ལ། གཉིས་ཏེ། ཐལ་འགྱུར་དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། དོན་སྣང་གི་ཤེས་པ་ལ་སྣང་བ་དེ་དོན་དངོས་སུ་ཁས་ལེན་ན་ཡུལ་དེ་ལ་ཐག་ཉེ་རིང་ལ་སོགས་པའི་ཁྱད་པར་གྱིས་ཡུལ་དེ་གསལ་བ་དང་མི་གསལ་བ་སོགས་མི་རུང་བར་ཐལ། རྣམ་པ་ཙམ་སྣང་བ་མ་ཡིན་པའི་ཕྱིར། ཐལ་འགྱུར་འདི་དང་གོང་མ་གཉིས་ཕར་འཕེན་ཚུལ་ལ་ཁྱད་མེད་ཀྱང་རང་ལུགས་འཇོག་ཚུལ་གཟུང་དོན་ལས་སྐྱེ་བ་དང་བག་ཆགས་ལས་སྐྱེ་བའི་ཁྱད་པར་རོ། །གཉིས་པ་ལ། གསུམ་སྟེ། སྣང་བའི་ཁྱད་པར་ལ་བརྟེན་པའི་ལན་མི་འཐད་པ་དང༌། མ་མཐོང་བའི་ལས་ལ་བརྟེན་པའི་ལན་མི་འཐད་པ་དང༌། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་རྣམ་པ་དེ་གསལ་མི་གསལ་དུ་སྣང་བ་མ་ཡིན་གྱི། ཡུལ་དབང་བར་གྱི་སྣང་བའི་ཁྱད་པར་ལས་གསལ་མི་གསལ་དེར་འགྱུར་རོ། །ཞེ་ན། སྣང་བའི་ཁྱད་པར་དེ་ནི་ཆོད་པ་སྟེ་སྒྲིབ་པ་ཅིག་ཡིན་ནམ་མ་ཆོད་པ་སྟེ་སྒྲིབ་པ་ཡིན། དང་པོ་ལྟར་ན་ཡུལ་དེ་ལ་ལྟ་བའི་ཐག་ཉེ་རིང་གི་ཤེས་པ་གཉིས་ཀས་ཡུལ་དེ་གསལ་བར་མི་མཐོང་བ་ཉིད་དུ་མཚུངས་པར་འགྱུར་ལ། གཉིས་པ་ལྟར་ན་གཉིས་ཀས་ཡུལ་དེ་གསལ་བར་མཐོང་བ་ཉིད་དུ་མཚུངས་པར་འགྱུར་རོ། །གལ་ཏེ་ཐག་རིང་བ་ནས་བལྟ་བའི་ཚེ་ཡུལ་དབང་བར་གྱི་སྣང་བ་མི་གསལ་བས་ཡུལ་དེའི་ཆ་ཕྲ་མོ་འགའ་ཞིག་ནི་མ་མཐོང་བ་དེའི་ཕྱིར་གསལ་མི་གསལ་ཐ་དད་དོ། །ཞེ་ན། མཐོང་མི་མཐོང་གི་ཆ་གཉིས་པོ་དེ་རགས་པ་ལ་ཡིན་ནམ་རྡུལ་ཕྲ་རབ་ལ་ཡིན། དང་པོ་ལྟར་ན་ཕྱི་རོལ་གྱི་དོན་རགས་པ་ཆོས་ཅན། ཁྱོད་ལ་དབང་ཤེས་ཀྱིས་མཐོང་བ་དང་མི་མཐོང་བའི་ཆ་ཐ་དད་པ་གང་ལས་ཡོད་པ་ཡིན་ཏེ་མེད་པར་ཐལ། གཅིག་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཕྲ་རྡུལ་དུ་མ་ཆོས་ཅན། མཐོང་མི་མཐོང་གི་ཆ་ཐ་དད་པ་གང་ལས་ཡིན་ཏེ། རང་གི་ངོ་བོ་མ་འདྲེས་པ་ཐ་དད་དུ་གནས་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས། ཁྱབ་འབྲེལ་ནི། ལག་སོགས་གཡོན་དང༌། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་པ་དེའོ། །གལ་ཏེ་ཕྱི་རོལ་དོན་གྱི་སྣང་བ་གསལ་མི་གསལ་གྱི་ཁྱད་པར་གྱིས་བློ་གསལ་མི་གསལ་ཐ་དད་དོ་ཞེ་ན། ཕྱི་རོལ་གྱི་སྣང་བ་གང་ལས་བློ་ཐ་དད་དུ་སྣང་བར་འགྱུར་ཏེ། འབྲེལ་མེད་གཞན་ཐ་དད་པས་གཞན་ཐ་དད་པ་མེད་པའི་ཕྱིར། ཐག་རིང་བའི་ཚེ་དོན་གྱི་སྣང་བ་དེ་ཡང་ཅིས་མ་གསལ། སྒྲིབ་བྱེད་ཀྱི་རྡུལ་གྱིས་བསྒྲིབས་པའི་ཕྱིར་ཞེ་ན། རྡུལ་དེ་ཐག་ཉེ་བ་འདིར་ཅིས་སྒྲིབ་བྱེད་མ་ཡིན། རྡུལ་དེ་སྲབ་པའི་ཕྱིར་ཞེ་ན། ཐག་ཉེ་བ་འདིར་ཆོས་ཅན། སྣང་བའི་རྡུལ་ཡང་སྲབ་པ་དེ་ལྟ་ཉིད་དུ་ཐལ། རྡུལ་སྲབ་པའི་ཕྱིར། དེའི་ཚེ་སྣང་བའི་རྡུལ་སྲབ་པ་ལས་གཞན་དུ་སྲ་བ་མིན་ཏེ་མཐུག་པོ་ཡོད་པ་ཉིད་ཀྱིས་དོན་གྱི་སྣང་བ་ཆེར་གསལ་བ་ཡིན་ནོ། །ཞེ་ན། ཤིན་ཏུ་ཉེ་བ་དོན་དང་མིག་སྦྱར་བའི་ཚེ་ཆོས་ཅན། དོན་དེ་ཡང་སྣང་བར་འགྱུར་ཏེ། སྣང་བ་ནི་ཆེར་གསལ་བའི་ཕྱིར། གཉིས་པ་ནི། གལ་ཏེ་ཐག་ཉེ་རིང་ནས་བལྟ་བ་དེར་ཡང་མཐོང་བ་མེད་པའི་ལས་ལ་བརྟེན་ནས་སྔར་མེད་པའི་གཟུགས་གཞན་ཞིག་འབྱུང་བར་འགྱུར་ལ། དེ་ཉིད་གསལ་མི་གསལ་དུ་སྣང་ངོ་ཞེ་ན། གཟུགས་དེ་དག་རྣམས་ནི་ཕན་ཚུན་དུ་བསྒྲིབས་པར་འགྱུར་བ་ཞིག་ཡིན་ནམ་མ་ཡིན། དང་པོ་ལྟར་ན། དེའི་ཕྱིར་ཐག་ཉེ་བ་ནས་ལྟ་བ་དེ་ལ་ཆོས་ཅན། མི་གསལ་བའི་གཟུགས་གཅིག་པུ་དེ་སྣང་བར་འགྱུར་ཏེ། གསལ་བའི་གཟུགས་སྣང་བ་ལ་ནི་གཅིག་ཤོས་དེས་སྒྲིབ་པར་བྱེད་པའི་ཕྱིར། དེ་དག་ཕན་ཚུན་དུ་མ་སྒྲིབས་སོ་ཞེ་ན། དབང་ཤེས་ཆོས་ཅན། གསལ་བ་དང་མི་གསལ་བའི་གཟུགས་ཀྱི་རང་བཞིན་དག་གཅིག་ཆར་དུ་མཐོང་བར་འགྱུར་ཏེ། མཐོང་རུང་གང་ཞིག སྒྲིབ་བྱེད་མེད་པའི་ཕྱིར། མཐོང་བ་མེད་པའི་ལས་ཀྱིས་གང་རུང་ཅིག་བསྒྲིབས་ནས་མི་སྣང་ངོ་ཞེ་ན། མིག་ཤེས་ཀྱིས་གཟུགས་མཐོང་བ་དེ་ལ་མ་མཐོང་བའི་ལས་ཀྱིས་ཅི་བྱེད་དེ། མ་མཐོང་བའི་ལས་གང་གིས་ཕན་པའི་དོན་དང་དོན་མ་ཡིན་པ་གང་ཡང་མེད་པའི་ཕྱིར། གསུམ་པ་ནི། ལན་གྱི་ཁྱད་པར་གསུམ་ཀ་མི་འཐད་པ་དེའི་ཕྱིར་དོན་ལ་བརྟེན་ནས་སྐྱེས་པར་གྱུར་པའི་མྱོང་བ་ཐག་ཉེ་རིང་བར་མ་ནས་བལྟ་བའི་དབང་ཤེས་གསུམ་ཆོས་ཅན། རང་གི་བག་ཆགས་སད་བྱེད་ཀྱི་རྒྱུ་ཇི་ལྟར་ཡོད་པ་བཞིན་དུ་རྣམ་པ་ཐ་དད་དུ་འཛིན་པར་བྱེད་དེ། ལྷག་མ་སྣང་བའི་ཁྱད་པར་དང་ལས་གཟུགས་ཀྱི་ཁྱད་པར་དུ་འཆད་པ་ནི་བློ་གྲོས་ངན་པ་དག་གི་ལུགས་ངན་ཡིན་པའི་ཕྱིར། འདིར་དོན་བརྟེན་ཞེས་པ་ནི་མེད་མོད་ཡོད་དུ་ཆུག་ན་ཡང་ཞེས་ལྷ་དབང་ལས་འབྱུང་ངོ༌། །བཞི་པ་ལ། རྟགས་དགོད་པ་དང༌། ཚེར་མ་འབྱིན་པའོ། །དང་པོ་ནི། ཤེས་པ་དང་སྒྲ་དང་མར་མེ་རྣམས་ཆོས་ཅན། རང་འཛིན་ཤེས་པའི་དུས་སུ་མེད་པ་ཡིན་ཏེ། དུས་དེར་ཞིག་པའི་ཕྱིར། དེ་ཡིན་ཏེ། རང་འཛིན་མངོན་སུམ་དང་ནི་གཅིག་ཤོས་རང་འཛིན་རྟོག་པའི་སྐྱེད་བྱེད་ཡིན་པ་ཉིད་ཀྱིས་ན་དེ་དག་གི་སྔ་མར་བྱུང་བའི་སྐད་ཅིག་མ་རྣམས་ཡིན་པས་སོ། །དེ་ལྟར་གྲུབ་པ་ན་དེ་རྣམས་ཆོས་ཅན། གང་གིས་ན་རང་འཛིན་ཤེས་པ་ལ་གསལ་བར་འགྱུར་ཏེ། དེའི་དུས་སུ་མེད་པའི་ཕྱིར་རོ། །གཉིས་པ་ལ། དུས་མཉམ་པའི་དོན་སྣང་བར་འདོད་པའི་ལན་མི་འཐད་པ་དང༌། སྐྱེད་བྱེད་ཉིད་སྣང་བར་འདོད་པའི་ལན་མི་འཐད་པའོ། །དང་པོ་ནི། སྒྲ་འཛིན་ཤེས་པ་ལ་རང་སྐྱེད་བྱེད་དུ་གྱུར་པའི་སྒྲ་མི་སྣང་ཡང་དུས་མཉམ་པའི་སྒྲ་སྣང་བས་ཁྱབ་པ་མ་ངེས་སོ། །ཞེ་ན། དེ་ཆོས་ཅན། རང་ལ་ཕན་འདོགས་བྱེད་མ་ཡིན་པའི་དོན་གཞན་སྒྲ་གསལ་བར་སྣང་ན་གཟུགས་ལ་སོགས་པའི་དོན་ཀུན་གསལ་བར་འགྱུར་ཏེ། འབྲེལ་མེད་དུ་མཚུངས་པའི་ཕྱིར། གལ་ཏེ་དུས་མཉམ་པའི་སྒྲ་དང་སྒྲ་འཛིན་ཉན་ཤེས་དེ་རྒྱུ་ཚོགས་གཅིག་ལས་སྐྱེས་པས་ན་དེས་དེ་འཛིན་པར་ངེས་སོ་ཞེ་ན། དེ་ལྟ་བུའི་ཁྱབ་པ་ཚད་མས་ཤེས་པ་ལ་རྟོག་པའམ་འཐད་པ་འདི་ཡང་མེད་དེ། དེ་འཐད་ན་དུས་མཉམ་པའི་དབང་པོའང་གཟུང་བར་ཐལ་བས་སོ། །ཁྱེད་རང་གི་ལུགས་གང་ཞེ་ན། སྒྲ་སོགས་དེས་བསྐྱེད་པར་བྱས་པའི་སྒྲ་འཛིན་ཤེས་པ་སོགས་ཆོས་ཅན། ཁྱོད་ཀྱི་དུས་སུ་དེ་མེད་ཀྱང་ཁྱོད་ལ་དེ་གསལ་ཞེས་ཐ་སྙད་དུ་བརྗོད་པ་ཡིན་ཏེ། དོན་སྒྲ་སོགས་ཀྱི་རྣམ་པ་སྣང་བ་ཉིད་ཀྱི་ཕྱིར་རོ། །རྩ་བའི་ལྡོག་ཁྱབ་སྒྲུབ་པ་ནི། སྒྲ་འཛིན་ཤེས་པ་དང་ལྷན་ཅིག་སྐྱེས་པའི་དོན་གཞན་སྒྲ་ནི་ཆོས་ཅན། སྒྲ་འཛིན་ཤེས་པ་ལ་ཇི་ལྟར་གསལ་བར་འགྱུར་ཏེ། སྒྲ་འཛིན་ཤེས་པ་ལ་རང་གི་རྣམ་པ་གཏད་པ་ཡིས་རྣམ་པ་སྣང་བར་བྱེད་པ་ཡིན་པའི་ཕྱིར། དེ་ལ་རྣམ་པ་གཏོད་པར་མི་བྱེད་དེ། དེ་ལ་ཕན་འདོགས་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། རང་སྐྱེད་བྱེད་ཀྱི་རྡོ་བ་དང་རྡོ་རྗེ་སོགས་རང་འཛིན་ཤེས་པའི་དུས་སུ་མ་ཞིག་པས་དེ་ཉིད་སྣང་ངོ་ཞེ་ན། བརྟན་པའི་དངོས་པོར་འདོད་པ་གང་ཡིན་པའི་རྡོ་རྗེ་དང་རྡོ་བ་ལ་སོགས་པའི་དོན་ཡང་ཆོས་ཅན། འགྲོ་བ་ཀུན་གྱི་རང་འཛིན་གྱི་ཤེས་པ་ནི་གཅིག་ཆར་དུ་རང་ཉིད་ཀྱིས་བསྐྱེད་པར་འགྱུར་ཏེ། རྐྱེན་གཞན་ལ་ལྟོས་མེད་དུ་རང་འཛིན་གྱི་ཤེས་པ་སྐྱེད་པའི་ཕྱིར། རྟགས་མ་གྲུབ་སྟེ། ལྷན་ཅིག་བྱེད་པས་ཕན་འདོགས་པའི་ཕྱིར། རྡོ་རྗེ་སོགས་འདི་ཡི་ཡུལ་ཅན་དེ་དག་རིམ་བཞིན་དུ་འབྱུང་ངོ་ཞེ་ན། རྡོ་སོགས་ཆོས་ཅན། སྐད་ཅིག་སོ་སོར་གཞན་ཡིན་ནོ་ཞེས་བརྗོད་པར་ཐལ། འབྲས་བུ་རིམ་གྱིས་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། དེ་ལྟར་འདོད་པ་འདིར་ཡང་ཆོས་ཅན། ཁས་བླངས་འགལ་བ་ཡིན་ཏེ། གང་གིས་ཤེས་ལ་མི་གསལ་འགྱུར་ཞེས་པའི་སྐྱོན་ནི་སྔར་བཞིན་དུ་འཇུག་པའི་ཕྱིར། གསུམ་པ་སླར་ཡང་མདོ་མཛད་པའི་རིགས་པས་སྒྲུབ་པ་ལ། གཉིས་ཏེ། རྟགས་ཀྱི་ནས་ཡུལ་ངོས་གཟུང་བ་དང༌། དེ་དྲན་པའི་རྟགས་ལས་འགྲུབ་པར་བསྟན་པའོ། །དང་པོ་ནི། སྔར་བཤད་པའི་ཚུལ་གཉིས་སྒྲུབ་ཀྱི་རིགས་པ་རྣམས་ཀྱིས་འཛིན་རྣམ་གྱི་ཚུལ་བསྒྲུབ་བྱར་བྱེད་པ་མ་ཡིན་ཏེ། དོན་སྣང་གི་ཤེས་པ་དེའི་བདག་ཉིད་མྱོང་བ་རིག་ཅིང་གསལ་ཙམ་ཡིན་པ་ལ་བརྩད་པ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར། དོན་སྣང་གི་ཤེས་པ་དེ་དོན་གྱི་རང་བཞིན་ནམ་རྣམ་ལྡན་ཉིད་དུ་མ་གྲུབ་པས་དེ་བསྒྲུབ་པར་བྱ་བ་ཡིན་ནོ། །གཉིས་པ་ནི་མདོར་དུས་ཕྱིས་དྲན་པ་ལས་ཀྱང་ཡིན་ཞེས་པའི་དོན་འཆད་པ་ནི་དོན་སྣང་གི་ཤེས་པ་ཡུལ་གྱི་རྣམ་ལྡན་ཡིན་པ་དེ་ཡང་ཆོས་ཅན། སྔར་མ་བཤད་པའི་སྒྲུབ་བྱེད་གཞན་གྱིས་ཀྱང་འགྲུབ་སྟེ། ཡང་དག་པར་དྲན་པའི་རྟགས་ལས་གྲུབ་པའི་ཕྱིར། དེའི་ཁྱབ་འབྲེལ་ནི་རང་གི་སྤྱོད་ཡུལ་གྱིས་ཕྱེ་བའི་རྣམ་པ་ཐ་དད་དུ་ཤར་བ་མེད་ཅིང༌། མྱོང་བ་རིག་ཅིང་གསལ་ཙམ་དུ་ཐ་དད་མེད་པ་དེ་ལ་ཤེས་པ་འདི་ནི་སྔོན་པོ་འདི་ལྟར་རྟོགས་པ་ཡིན་ནོ། །སེར་པོ་འདི་ལྟར་ནི་མ་ཡིན་ནོ་ཞེས་དོན་རྟོགས་ཐ་དད་དུ་དྲན་པ་འདི་མེད་པར་འགྱུར་བས་ཁྱབ་སྟེ། ཉམས་སུ་མྱོང་བ་རིག་ཙམ་གྱིས་ནི་ཤེས་པ་འགའ་ཞིག་ཐ་དད་དུ་རྣམ་པར་འབྱེད་ནུས་པ་མ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། དོན་གྱི་རྣམ་པ་ཐ་དད་དུ་གསལ་བ་མེད་པ་ལ་ཐ་དད་དུ་རྣམ་པར་འབྱེད་པའི་དྲན་བློ་མེད་པས་ཁྱབ་སྟེ། དཔེར་ན་མཚེ་མ་དང་མིག་འཕྲུལ་མཁན་གྱི་རིལ་བུ་སོགས་ཐ་དད་དུ་མ་ཤེས་ན་དེར་མི་དྲན་པ་བཞིན་ནོ། །གཉིས་པ་ལ། གསུམ་སྟེ། མདོ་མཛད་པའི་རིགས་པས་བློ་རང་རིག་ཏུ་སྒྲུབ། རང་ཉིད་ཀྱི་རིགས་པས་དེར་སྒྲུབ། སླར་ཡང་མདོ་མཛད་པའི་རིགས་པས་དེར་སྒྲུབ་པའོ། །དང་པོ་ནི། མདོར། རང་རིག་པ་ཉིད་དུ་ཡང་ངོ༌། །མ་མྱོང་བར་འདི་མེད་ཕྱིར་རོ། །ཞེས་པའི་དོན་འཆད་པ་ནི། སྔར་བཤད་པའི་ཚུལ་གཉིས་སྒྲུབ་པར་བྱེད་པའི་རིགས་པས་ཀྱང་དོན་སྣང་གི་བློ་ཐམས་ཅད་རང་རིག་པར་ནི་ཕལ་ཆེར་ཏེ་དོན་གྱི་ཤུགས་ཀྱིས་འགྲུབ་པ་ཡིན་ཏེ། ཤེས་པ་ལ་ཡུལ་གྱི་རྣམ་པ་སྣང་བར་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་དང་རྩོད་པ་སྤང་བའོ། །དང་པོ་ལ། བཞི་སྟེ། རང་རིག་པའི་སྒྲུབ་བྱེད། མི་རིག་པ་ལ་གནོད་བྱེད། སླར་ཡང་དེའི་སྒྲུབ་བྱེད། སླར་ཡང་དེ་མི་རིག་པ་ལ་གནོད་བྱེད་དོ། །དང་པོ་ལ། གཏན་ཚིགས་དགོད་པ་དང༌། མ་ངེས་པ་སྤང་བའོ། །དང་པོ་ནི། སྔོར་སྣང་དབང་ཤེས་ཆོས་ཅན། རང་མྱོང་བར་གྲུབ་པ་ཡིན་ཏེ། རང་གི་ངོ་བོར་གྱུར་པའི་རྣམ་པ་སྣང་བ་དེའི་ཚེ་ནའོ། །གཉིས་པ་ནི། བློ་སྔ་མ་རྣམས་བློ་ཕྱི་མ་རྫས་གཞན་གྱིས་མྱོང་བ་ཡིན་གྱི། རང་གིས་རང་མྱོང་བ་མ་ཡིན་ནོ། །ཞེ་ན། འདི་ལ་གནོད་བྱེད་ཀྱི་ཐལ་འགྱུར་བཞི་བརྗོད་པ་དང༌། ཐལ་འགྱུར་བཞི་པའི་ལན་དགག་པའོ། །དང་པོ་ནི། བློ་སྔ་མ་དེའི་དངོས་པོ་སྟེ་རྣམ་པ་ཅན་གྱི་བློ་ཕྱི་མ་ཡིས་ནི་ཆོས་ཅན། ཤེས་པ་སྔ་མ་ཇི་ལྟར་མྱོང་བ་ཡིན་ཏེ། དེ་ཁྱོད་ཀྱི་དུས་སུ་འགགས་པའི་ཕྱིར། བློ་ཕྱི་མ་དེས་ཆོས་ཅན། ཉམས་སུ་མྱོང་བ་མ་ལུས་པ་ལྡོག་པར་འགྱུར་ཏེ། རང་གི་ངོ་བོའང་མྱོང་བ་མེད་པའི་ཕྱིར། བློ་ཕྱི་མ་དེ་ནི་ཆོས་ཅན། རང་གི་མྱོང་བྱའི་བློ་སྔ་མ་དེ་ལ་ལྟོས་ནས་ཁ་ཕྱི་རོལ་ཏུ་མངོན་པར་ཕྱོགས་པར་སྣང་བ་ཡིན་པར་ཐལ། དེ་ལ་ལྟོས་ཏེ་རང་ལས་རྫས་ཐ་དད་པའི་ཡུལ་གྱི་དོན་དུ་སྣང་བ་དང་ལྡན་པར་ཤེས་པའི་ཕྱིར། འདོད་མི་ནུས་ཏེ། བློ་ལ་འཛིན་པ་སྟེ་མྱོང་བར་བྱེད་པའི་བློ་ནི་རྟག་ཏུ་མྱོང་བྱའི་བདག་ཉིད་ལ་ནང་དུ་མངོན་པར་ཕྱོགས་དགོས་པའི་ཕྱིར། གནོད་བྱེད་བཞི་པ་ནི། ཡུལ་ཅན་གྱི་བློ་དེས་ཆོས་ཅན། ཡུལ་གང་གི་ནི་སྣང་བ་གང་ཡིན་པ་དེ་མྱོང་བ་མ་ཡིན་པར་ཐལ། རང་རིག་མེད་པའི་ཕྱིར། མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་ནོ། །ཞེས་པའང་འཐོབ་བོ། །གཉིས་པ་ལ་གསུམ་སྟེ། འདྲ་བས་དོན་རིག་པར་སྒྲུབ་མི་ནུས། སྐྱེས་ལ་འདྲ་བས་སྒྲུབ་མི་ནུས། ངེས་ཤེས་དང་གསུམ་ཚོགས་པས་སྒྲུབ་མི་ནུས་པའོ། །དང་པོ་ནི། གལ་ཏེ་རང་རིག་མེད་ཀྱང་དོན་དེ་དང་འདྲ་བ་ལས་གཞན་པའི་དོན་དེ་མྱོང་བའི་སྒྲུབ་བྱེད་ཅི་ཡོད་དེ་མེད་དོ་ཞེ་ན། འདི་ལ་འདྲ་བ་སྲིད་དུ་ཆུག་ཀྱང་སྒྲུབ་བྱེད་འཁྲུལ་པར་བསྟན་པ་དང༌། འདྲ་བ་ཉིད་ཀྱང་མི་སྲིད་པར་བསྟན་པའོ། །དང་པོ་ནི། འདྲ་བ་ཐམས་ཅད་ཕན་ཚུན་དུ་མྱོང་བ་ཉིད་ནི་ཐོབ་པར་འགྱུར་ཏེ། འདྲ་བས་མྱོང་བར་འཇོག་ནུས་པའི་ཕྱིར། གལ་ཏེ་བློ་ལ་འདྲ་བ་དེ་མྱོང་བའི་སྒྲུབ་བྱེད་ཡིན་ནོ། །ཞེ་ན། ད་ནི་རང་རིག་མེད་པའི་འདྲ་བ་ལས་མྱོང་བར་སྒྲུབ་ནུས་པ་མ་ཡིན་པ་ཉིད་དུ་གྲུབ་སྟེ། མྱོང་བ་དེ་ནི་འདྲ་བའི་རྒྱུ་མཚན་ཅན་མ་ཡིན་པར་ཁས་བླངས་པའི་ཕྱིར། དེ་བླངས་པ་ཡིན་ཏེ། བློ་དེའི་མྱོང་བ་དེ་བློ་རང་ཉིད་ཀྱི་ངོ་བོར་གྱུར་པའི་འདྲ་བ་ལས་གྲུབ་ཅིང༌། དེ་ནི་རང་རིག་གི་དོན་ཉིད་དུ་སོང་བའི་ཕྱིར། འོ་ན་དོན་དང་འདྲ་བ་དེ་གང་གི་ཡང་སྒྲུབ་བྱེད་དུ་མི་འགྱུར་རམ་ཞེ་ན། དོན་རྟོགས་པ་བྱ་བ་དང༌། ཕྱི་རོལ་གྱི་དོན་ལ་ལས་ཀྱི་རྣམ་གཞག་བྱེད་པ་དག་གི་ཚེ་ན་དོན་དང་འདྲ་བ་འདི་ནི་འཇིག་རྟེན་ན་དོན་རྟོགས་པའི་རྒྱུར་འགྱུར་བ་ཡིན་ཏེ། མ་རིག་པས་བསླད་པའི་འཇིག་རྟེན་གྱི་ངོར་དོན་རྟོགས་པའི་སྒྲུབ་བྱེད་གཞན་མེད་པའི་ཕྱིར། རྟགས་གྲུབ་སྟེ། ཕྱི་རོལ་གྱི་དོན་རང་གི་ངོ་བོའི་རང་བཞིན་ཏེ་རྣམ་པ་མྱོང་བ་ལ་ཕྱི་རོལ་གྱི་དོན་རྟོགས་པར་སྒྲོ་འདོགས་ཤིང་འཁྲུལ་པ་ལས་སྔོ་སོགས་མྱོང་བར་གྲགས་པ་ཡིན་གྱི། གཞན་ཕྱི་རོལ་དོན་གྱི་བདག་ཉིད་དངོས་དེ་མྱོང་བ་ལས་སྔོ་སོགས་མྱོང་བར་གྲགས་པ་མ་ཡིན་པའི་ཕྱིར། གལ་ཏེ་དོན་སྣང་གི་བློ་ནི་སྔོ་སོགས་ཀྱི་དངོས་པོ་སྟེ་རྣམ་པ་ཅན་ཡིན་ན་ཕྱི་རོལ་གྱི་དོན་ལ་ཚད་མ་གང་ཡིན་ཏེ་དོན་ཉིད་མ་རྟོགས་པའི་ཕྱིར། ཞེ་ན། སྔོ་སོགས་ཀྱི་དངོས་པོ་སྟེ་རྣམ་པ་སྣང་བ་མ་ཡིན་ན་དོན་སྣང་གི་བློ་དེ་ནི་ཇི་ལྟར་དོན་མྱོང་བ་ཡིན་ཏེ། རྣམ་མེད་དུ་མྱོང་བ་ནི་དེ་བས་ཀྱང་མི་འཐད་པའི་ཕྱིར་རོ། །དེ་ལྟར་ན་རང་རིག་ཁས་མི་ལེན་པ་གང་གི་ཚེ་མྱོང་བའི་བདག་ཉིད་ནི་འདྲ་བའི་རྒྱུ་མཚན་ཅན་མ་ཡིན་པར་གྲུབ་པ་ན་དོན་དང་འདྲ་བའི་རྟགས་ཀྱིས་བློའི་མྱོང་བ་ཅི་ཞིག་ཉེ་བར་སྒྲུབ་སྟེ། བློའི་མྱོང་བ་འདི་ནི་དེ་རང་ཉིད་མྱོང་བའི་འཛིན་རྣམ་གྱིས་གྲུབ་པས་ནའོ། །འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་འཇོག་པའི་ཚེ་ཡང་རང་རིག་དགོས་ན་རང་རིག་མེད་པར་མྱོང་བའི་སྒྲུབ་བྱེད་དུ་འགྱུར་བ་ལྟ་ཅི་སྨོས་ཞེས་པའོ། །གཉིས་པ་ནི། འོ་ན་དོན་སྣང་གི་བློ་དེ་དོན་དང་བདག་ཉིད་ཀུན་གྱིས་འདྲ་བ་ཡིན་ནམ་ཆ་འགའ་ཞིག་གིས་འདྲ་བ་ཡིན། དང་པོ་ལྟར་ན། དོན་སྣང་གི་ཤེས་པ་དེ་ཤེས་པ་ཉིད་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན་ནི་སེར་པོ་སོགས་ཐམས་ཅད་ཀྱི་མྱོང་བར་འགྱུར་རོ། །གཉིས་པ་ནི། ཇི་ལྟར་སྔོ་སོགས་ཀྱི་ངོ་བོ་ལས་སྐྱེས་ཤིང༌། དེ་དང་འདྲ་བའི་ཕྱིར་ན་སྔོ་སོགས་ཉམས་སུ་མྱོང་བར་འདོད་དོ། །ཞེ་ན། ཉམས་མྱོང་སྔོ་སྣང་དབང་ཤེས་ཕྱི་མ་ཆོས་ཅན། སྔ་མ་དེ་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། ཉམས་མྱོང་སྔ་མ་ལས་སྐྱེས་ཤིང༌། དེ་དང་འདྲ་བའི་ངོ་བོ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་པར་སྟོན་པ་ནི། དེ་བཞིན། ཞེས་པའོ། གོང་དུ་དེ་དངོས་ཅན་ཞེས་པར་ཁས་བླངས་པ་དེ་ནི་དྲན་ཤེས་ལ་བསམས་པ་ཡིན་པས་འདིར་འདོད་ལན་མི་འདེབས་པའོ། །གསུམ་པ་ནི། གལ་ཏེ། ཉམས་མྱོང་དབང་ཤེས་ཕྱི་མ་དེས་སྔ་མ་ཉམས་སུ་མྱོང་ངོ་ཞེས་དོན་བཞིན་དུ་ནི་ངེས་པ་མ་ཡིན་པ་དེའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འོ་ན་དོན་རྟོགས་པ་ལའང་རེས་འགའ་སྒྲུབ་བྱེད་མེད་པར་ཐལ། ངེས་ཤེས་སྐྱེ་བ་དེ་ནི་དོན་ལའང་རྟག་ཏུ་མེད་པའི་ཕྱིར། ངེས་ཤེས་རྟག་ཏུ་སྐྱེ་བ་ཡོད་པ་ཉིད་ཀྱི་རྒྱུ་སྐྱེས་འདྲ་བ་ཡོད་དོ་ཞེ་ན། དབང་ཤེས་ཕྱི་མ་ལ་སྔ་མ་མྱོང་བ་ལའང་ངེས་ཤེས་སྐྱེ་བ་རྟག་ཏུ་ཡོད་པར་ཐལ། དེའི་རྒྱུ་སྐྱེས་འདྲ་བ་མེད་པ་ཅིའི་ཕྱིར་ཏེ། དེ་ལ་སྒྲུབ་བྱེད་འགོད་རྒྱུ་མེད་པས་སོ། །གཞུང་འདི་དག་ནི་མདོ་སྡེ་པའི་རང་གཞུང་གི་སྐབས་ཡིན་ལ། འདིར་དོན་རྟོགས་ཀྱི་སྒྲུབ་བྱེད་གསུམ་རིགས་པས་འགོག་པའི་ཚུལ་སྔར་འབྲས་རྟོག་གཉིས་པ་ནས་བཤད་པ་དེ་དག་དང་ཁྱད་པར་མེད་པའི་ཕྱིར་ན་འདིས་ཀྱང་སྔར་གྱི་དེ་དག་མདོ་སྡེ་པའི་རང་གཞུང་དུ་གྲུབ་བོ། །གཉིས་པ་ལ། དྲི་བ་དང༌། ལན་དགག་པའོ། །དང་པོ་ནི། གཞན་ཡང་དཀར་སོགས་མཐོང་བ་ན་དཀར་སོགས་མངོན་པར་གསལ་བ་ཡི་རང་བཞིན་ཅན་གྱི་རིག་པ་གསལ་བ་ནི་སྐྱེས་པའི་སྣང་བ་འདི་གང་ཡིན། དེ་ཅི་དཀར་སོགས་མངོན་པར་གསལ་བའི་ཤེས་པ་ལས་རྫས་གཞན་པའི་དངོས་པོ་ཡིན་ནམ། འོན་ཏེ་ཤེས་པ་དེའི་བདག་ཉིད་དུ་གྱུར་པ་ཡིན། གཉིས་པ་ལ། གཉིས་ཏེ། གཞན་དངོས་ཡིན་པ་དགག རང་དངོས་ཡིན་ན་རང་རིག་ཏུ་གྲུབ་པའོ། །དང་པོ་ལ་གཉིས་ཏེ། ཡུལ་མི་གསལ་བར་ཐལ་བ་དང༌། ཡུལ་གྱིས་ཡུལ་ཅན་ཁྱད་པར་དུ་བྱས་ནས་དྲན་པའི་བློ་མི་སྐྱེ་བར་ཐལ་བའོ། །དང་པོ་ནི། གསལ་བ་དཀར་འཛིན་ཤེས་པ་ནི་ཆོས་ཅན། ཅི་ལྟར་དཀར་པོ་གསལ་བར་འགྱུར་ཏེ། རང་གསལ་བ་མ་ཡིན་པའི་ཕྱིར། ཁྱབ་པ་ནི། ཤེས་པ་རང་ཉིད་གསལ་ན་ཡུལ་དེ་གསལ་བར་བྱེད་པ་ཡིན་གྱི་རང་གསལ་བ་མ་ཡིན་ན་འགྲོ་བ་མ་ལུས་པ་གསལ་བ་མ་ཡིན་དགོས་པའི་ཕྱིར་དང༌། གསལ་བ་དེ་ཡང་གསལ་བྱེད་རྫས་གཞན་གྱིས་གསལ་དགོས་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དཀར་འཛིན་ཤེས་པ་དྲན་པའི་བློ་ཆོས་ཅན། དཀར་འཛིན་ཤེས་པ་དེ་ཇི་ལྟར་དཀར་པོ་དེ་ཡི་ཁྱད་པར་ཅན་དུ་ཤེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། མཐོང་བ་དཀར་འཛིན་ཤེས་པ་དང་ཡུལ་དཀར་པོ་གཉིས་ཀྱི་འབྲེལ་བ་ཤེས་པ་མེད་པའི་ཕྱིར། རྟགས་གྲུབ་སྟེ། གང་གི་ཕྱིར་ན་ཡུལ་ཡུལ་ཅན་གཉིས་ལས་གཅིག་རྟོགས་པའི་ཚེ་གཉིས་པ་མཐོང་བ་ཡོད་པ་མ་ཡིན་པའི་ཕྱིར། རྩ་བའི་ཁྱབ་པ་ནི། དཀར་པོ་དང་དེ་འཛིན་གཉིས་པོ་དག་འབྲེལ་བར་མཐོང་བ་ན་དེས་དེ་མཐོང་ངོ་ཞེས་བྱ་བར་ངེས་པར་འགྱུར་བའི་ཕྱིར། རྒྱུ་མཚན་གང་གིས་མཐོང་བ་དཀར་འཛིན་ཤེས་པ་དཀར་པོ་དང་འདྲ་བར་ནི་སེམས་ཕྱི་མ་གཞན་གྱིས་ནི་མཐོང་བར་གྱུར་པ་དེ་ལ་དཀར་འཛིན་ཤེས་པས་དཀར་པོ་མཐོང་ངོ་ཞེས་བརྗོད་དོ་ཞེ་ན། དཀར་འཛིན་ཤེས་པ་འདི་ཆོས་ཅན། རང་རིག་པར་གྲུབ། དཀར་པོ་དང་འདྲ་བས་ནའོ། །ཁྱབ་པ་ནི། ཅི་སྟེ་རང་གི་དངོས་པོ་མི་རིག་ན་ཇི་ལྟར་ཡུལ་གཞན་གྱི་ངོ་བོ་རིག་སྟེ། རང་རིག་མེད་པའི་འདྲ་བ་ཙམ་ལས་ནི་མྱོང་ཞེས་པའང་སྔར་ཉིད་དུ་རྣམ་པར་བསལ་བའི་ཕྱིར། རྗེས་ཀྱི་ཤེས་པ་དེས་ཆོས་ཅན། ཅི་ལྟར་མཐོང་བ་དཀར་འཛིན་དང་དཀར་པོ་དེ་ནི་འདྲ་བ་ཡིན་པར་ངེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། དོན་དཀར་པོ་ནི་སྔར་མཐོང་བ་ཡོད་པ་མ་ཡིན་པས་སོ། །ཁྱབ་སྟེ། འདྲ་བར་འཛིན་ན་མཐོང་བ་དག་ནི་ཡིན་དགོས་པས་སོ། །དེ་ལྟར་ན་འདྲ་བ་ཉིད་ཀྱང་མི་འདོད་དོ་ཞེ་ན། དེ་མི་འདོད་པ་གང་ཡིན་པ་དེ་ལ་ཆོས་ཅན། འདི་ནི་དོན་དང་ཤེས་པའོ་ཞེས་དེ་དག་སྨོས་སུ་ག་ལ་ཡོད་དེ། གཉིས་ཀ་མཐོང་བ་མེད་པ་དེའི་ཚེ་ནའོ། །སྐབས་འདི་ན་རེས་དོན་འདྲ་བ་བཀག་པ་དང་རེས་འགའ་བསྒྲུབས་པ་ལྟ་བུར་སྣང་ཡང༌། རྣམ་པ་ཤར་བ་ཡོད་ན་དེ་ལ་འདྲ་བའི་མིང་འདོགས་ཤིང༌། དེས་རང་རིག་པར་ཡང་གྲུབ་ལ། དེ་མེད་ན་དོན་ལྐོག་ན་མོ་ནི་སུས་ཀྱང་མ་མཐོང་བས་དོན་འདྲ་བ་མི་འཐད་དོ། །ཞེས་དང༌། རྣམ་ཤར་མེད་ན་ཐ་སྙད་དུའང་དོན་རིག་པར་སྒྲུབ་མི་ནུས། ཞེས་བྱ་བ་འདི་ངེས་སོ། །གཉིས་པ་ནི། ཅི་སྟེ་དཀར་པོ་གསལ་བར་སྣང་བ་དེ་ཤེས་པ་རང་གི་དངོས་པོའོ་ཞེ་ན། འོ་ན་དཀར་འཛིན་ཤེས་པ་དེ་ཆོས་ཅན། རང་ཉིད་རབ་ཏུ་གསལ་བར་འགྱུར་ཏེ། གང་གི་ཕྱིར་ན་ཤེས་པ་དེ་རང་ཉིད་མི་གསལ་ན་ནི་དོན་མི་གསལ་བ་ཉིད་དུ་འགྱུར་དགོས་པ་ལས་ཁྱོད་ལ་དེ་གསལ་བར་སྣང་བའི་ཕྱིར། གསུམ་པ་ལ། གཉིས་ཏེ། རང་བློ་མངོན་གྱུར་མ་ཡིན་པ་རིགས་པ་སྔ་མས་ཁེགས་པར་བསྟན། མངོན་གྱུར་ཡིན་པ་བདེ་སོགས་མྱོང་བས་འགྲུབ་པར་བསྟན་པའོ། །དང་པོ་ནི། རང་བློ་ནི་རང་ལ་མངོན་སུམ་མ་ཡིན་པར་སྨྲ་བ་གང་ཡིན་པ་དེ་ཆོས་ཅན། མི་འཐད་དེ། བློ་བདག་རིག་པ་མ་ཡིན་པའི་ཕྱོགས་དག་ལ་དོན་དང་ཤེས་པ་ཀུན་མཐོང་བ་མེད་པར་ཐལ་བ་འདི་ཡིས་ནི་ཁྱོད་ལའང་ལན་བཏབ་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། བདེ་སོགས་ཤེས་པར་སྒྲུབ་པ་དང༌། དེར་གྲུབ་པ་ན་རང་རིག་པར་ཡང་སྒྲུབ་ནུས་པའོ། །དང་པོ་ནི། བདེ་སྡུག་དང་འདོད་སྡང་ལ་སོགས་པའི་ཁྱད་པར་མངོན་སུམ་གྱིས་མྱོང་བ་དེ་དག་ནི་ཆོས་ཅན། བློ་ཉིད་ཡིན་ཏེ། རྟེན་དབང་པོ་དང་དམིགས་རྐྱེན་དང་ཡིད་ལ་བྱེད་པ་གོམས་པའི་ཁྱད་པར་ལས་སིམ་གདུང་སོགས་ཐ་དད་པར་ནི་འཇུག་པ་ཅན་མ་ཡིན་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། གཏན་ཚིགས་དགོད་པ་དང༌། མ་ངེས་པ་སྤང་བའོ། །དང་པོ་ནི། བདེ་སོགས་ཆོས་ཅན། དེ་ལས་རང་རིག་པར་ཡང་གྲུབ་སྟེ། མྱོང་བྱེད་ཅིག་ནི་ཡོད། རང་ལས་ཐ་དད་པ་གཞན་གྱིས་ཤེས་པ་གང་ཡིན་པ་ཅུང་ཟད་ཀྱང་རྟོགས་པ་མེད་པའི་ཕྱིར། གཉིས་པ་ནི། ཤེས་པ་གཞན་གྱིས་དེ་རིག་པ་ཡིན་ཏེ། དེས་དེ་ལ་དམིགས་པའི་ཕྱིར། ཞེ་ན། དེ་ལ་གསུམ་སྟེ། ལྷས་སྦྱིན་གྱིས་མཆོད་སྦྱིན་གྱི་བདེ་སོགས་མྱོང་བར་ཐལ་བ། རྣལ་འབྱོར་པས་གཞན་གྱི་སྡུག་བསྔལ་མྱོང་བར་ཐལ་བ། རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། གཞན་ལྷས་སྦྱིན་གྱིས་ཀྱང་ཆོས་ཅན། མཆོད་སྦྱིན་གྱི་བདེ་སོགས་དེ་སྤྱོད་ཅིང་མྱོང་བར་འགྱུར་ཏེ། དེ་ལ་དམིགས་པའི་ཕྱིར། གལ་ཏེ་མཆོད་སྦྱིན་གྱི་བདེ་སོགས་དེས་བསྐྱེད་པ་དང་དེར་སྣང་བའི་བློས་དེ་རིག་པ་ཡིན་གྱི། གཞན་གྱིས་མ་ཡིན་ནོ། །ཞེ་ན། རྒྱུད་གཞན་གྱིས་བདེ་སོགས་ལ་དམིགས་པར་བྱེད་པའི་བློ་གཞན་ལ་ཡང་ཆོས་ཅན། དེ་མྱོང་བར་ཐལ། དེ་ལས་སྐྱེས་པ་སོགས་གཉིས་པོ་འདི་གདོན་མི་ཟ་བར་ཡོད་པའི་ཕྱིར། ཅི་སྟེ་དེ་ལས་སྐྱེས་པ་མ་ཡིན་ཞིང༌། དེར་སྣང་བ་ཅན་ཡང་མ་ཡིན་ནོ། །ཞེ་ན། འོ་ན་བློ་དེ་ཡུལ་མེད་པ་ཅན་དུ་འགྱུར་རོ། །མི་འགྱུར་ཏེ། གཞན་གྱི་བདེ་སོགས་དེའི་སྤྱི་ཡན་གར་བ་འཛིན་ནོ་ཞེ་ན། དེ་ལ་དམིགས་པའི་བློ་ཆོས་ཅན། བདེ་སོགས་དེ་མ་བཟུང་ན་དེའི་སྤྱི་དག་ཀྱང་མི་འཛིན་ཏེ། སྤྱི་དེ་ནི་ཅུང་ཟད་ཀྱང་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་ཀྱང་སྔར་བཤད་ཟིན་པའི་ཕྱིར་རོ། །དེའི་ཕྱིར་དོན་དུ་སྣང་བའི་ཤེས་པ་དེ་ནི་ཆོས་ཅན། རང་གི་མྱོང་བྱ་དེ་ལ་མངོན་སུམ་དང་ནི་བདག་རིག་པར་གྲུབ་སྟེ། ཁྱོད་ཀྱི་མྱོང་བྱ་དེ་རང་ལས་གཞན་མ་ཡིན་པ་དེས་ནའོ། །གལ་ཏེ་ལྷས་སྦྱིན་གྱི་བློས་མཆོད་སྦྱིན་གྱི་བདེ་སོགས་དེ་ལ་འཛིན་པར་བྱེད་ཀྱང༌། མངོན་སུམ་ཉིད་ནི་མ་ཡིན་ནོ། །ཞེ་ན། དེ་ལ་དམིགས་པའི་ལྷས་སྦྱིན་གྱི་བློ་དང་མཆོད་སྦྱིན་རང་གི་བློ་གཉིས་ཆོས་ཅན། མཆོད་སྦྱིན་གྱི་བདེ་སོགས་ལ་མངོན་སུམ་ཡིན་མིན་ཐ་དད་པ་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དེ་གཟུང་དོན་དུ་བྱས་ནས་འཛིན་པར་མཚུངས་པའི་ཕྱིར། མི་མཚུངས་ཏེ། མཆོད་སྦྱིན་གྱིས་རང་གི་བདེ་སོགས་མྱོང་བ་ལ་ནི་མ་མཐོང་བའི་ལས་དང་བདག་དང་དོན་གཅིག་ལ་ལྡན་པ་དང་སོགས་པ་དབང་ཕྱུག་མཉེས་པ་ལས་ནི་བདེ་བ་གསལ་ཞིང་སྡུག་བསྔལ་མི་གསལ་བར་འབྱུང་ལ། གཞན་རྒྱུད་ཀྱི་བདེ་སོགས་མྱོང་བ་ལ་ནི་ཁྱད་པར་དེ་དག་མེད་པའི་ཕྱིར་ན་སོ་སོ་ཐ་དད་དུ་མྱོང་བར་ངེས་པ་ཡིན་ནོ། །ཞེ་ན། ལྷས་སྦྱིན་གྱི་བློ་ཆོས་ཅན། གཞན་མཆོད་སྦྱིན་གྱི་བདེ་སོགས་ནི་རྣམ་པ་ཀུན་ཏུ་འཛིན་པར་མི་འགྱུར་ཏེ། དེ་ལྟར་འཛིན་པ་ལ་མ་མཐོང་བའི་ལས་སོགས་མེད་པའི་ཕྱིར་དང༌། མ་མྱོང་ན་མི་འཛིན་པར་ཡང་མཚུངས་ཏེ། རྣམ་མེད་དུ་འཛིན་པ་ལ་མྱོང་མ་མྱོང་གི་དབྱེ་བ་ཡོད་པ་སྔར་བསལ་ཟིན་པའི་ཕྱིར། གཉིས་པ་ནི། རྣལ་འབྱོར་མངོན་སུམ་དུ་ཁས་ལེན་པའི་བློ་རྣམས་མེད་པ་གང་དག རྣལ་འབྱོར་མངོན་སུམ་གྱིས་གཞན་རྒྱུད་ཀྱི་བདེ་བ་ལ་སོགས་པ་མྱོང་བར་ཐལ། དེ་ལ་དམིགས་པའི་ཕྱིར། འདོད་ན་རྣལ་འབྱོར་པ་དེ་ཡང་ཆོས་ཅན། དམྱལ་བ་པ་དེ་བཞིན་དུ་གདུང་བར་འགྱུར་ཏེ། དེའི་སྡུག་བསྔལ་ཉམས་སུ་མྱོང་བར་མཚུངས་པས་ནའོ། །གལ་ཏེ་རྣལ་འབྱོར་པ་དེ་དག་ལ་ནི་སྡུག་བསྔལ་གྱི་རྒྱུ་ཡུལ་དབང་འདུས་པ་མེད་པས་དེ་ལས་བྱུང་བའི་སྡུག་བསྔལ་ནི་སྐྱེ་བ་མ་ཡིན་ནོ། །ཞེ་ན། རྣམ་མེད་པས་དེ་ལྟར་ཐལ་བ་སྤོང་མི་ནུས་ཏེ། དེའི་ལུགས་ལ་སྡུག་བསྔལ་རང་རྒྱུད་ལ་སྐྱེས་པར་གྱུར་པ་ཉིད་ནི་སྡུག་བསྔལ་མྱོང་བ་མ་ཡིན་གྱི། འོན་ཀྱང་ནི་སྡུག་བསྔལ་ལ་དམིགས་པའི་ཤེས་པ་སྐྱེས་པ་ན་དེ་མྱོང་བ་ཡིན་པའི་ཕྱིར། གསུམ་པ་ནི། ཐལ་བ་དེ་ཁྱེད་ལའང་མཚུངས་སོ་ཞེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། རྣལ་འབྱོར་པས་གཞན་གྱི་སྡུག་བསྔལ་མྱོང་བ་དེ་ལྟར་ཐལ་བར་མི་འགྱུར་ཏེ། སྡུག་བསྔལ་དང་ལས་སོགས་པ་བདེ་བ་མྱོང་བ་མ་ཡིན་པར་གདུང་བ་དང་ཕན་འདོགས་པའི་རྒྱུ་མ་ཡིན་མོད། གང་གི་ཚེ་བློ་རང་ཉིད་སྡུག་བསྔལ་གྱི་ངོ་བོར་སྣང་བ་ནི་གདུང་བ་ཡིན་ལ། དེ་ལ་དམིགས་པ་ནི་དེ་འཛིན་པའི་ཤེས་པ་སྐྱེས་པ་ཙམ་ཡིན་པ་དེའི་ཚེ་ནའོ། །དམིགས་པ་ལ་མྱོང་བས་མ་ཁྱབ་པ་དེས་ན་ཤེས་པ་ཐམས་ཅད་ཀྱི་དམིགས་མྱོང་དེ་དག་ནི་ཐ་དད་ཡིན་ཏེ། དོན་དང་འདྲ་བ་ནི་དོན་དེ་དམིགས་པ་ཡིན་ལ། རང་ཉིད་མྱོང་བྱའི་ངོ་བོར་གསལ་བ་ནི་བདག་མྱོང་བ་ཡིན་པའི་ཕྱིར། འདིར་དམིགས་ན་རྟོགས་པས་མ་ཁྱབ་སྟེ། དམིགས་ན་རིག་པས་ཁྱབ་པ་ལ་དངོས་སྐྱོན་བཏང་བའི་སྐབས་ཡིན་པས་སོ། །དེས་ན་འདྲ་བའི་རྟགས་ཀྱིས་རྟོགས་པ་དང་མྱོང་བ་གཉིས་ཀ་མི་འགྲུབ་པ་ནི་མདོ་སྡེ་པའི་རང་ལུགས་སུ་གསལ་ལོ། །བཞི་པ་ལ། གཉིས་ཏེ། རང་རིག་མེད་ན་རང་རྒྱུད་ཀྱི་བློ་མི་རྟོགས་པར་ཐལ་བ། རང་རིག་མེད་ན་གཞན་རྒྱུད་ཀྱི་བློ་མི་རྟོགས་པར་ཐལ་བའོ། །དང་པོ་ལ། ཐལ་བ་དངོས་དང༌། འདོད་ལན་འདེབས་པ་ལ་བསལ་བ་སྟོན་པའི་ཚུལ་ལོ། །དང་པོ་ནི། གཞན་ཡང་རང་ངོར་རང་བློ་ནི་རྟགས་ལས་རྟོགས་པར་འགྱུར་ཏེ། རང་བློ་འཇལ་བའི་མངོན་སུམ་ནི་རྒྱུད་ལ་མེད་པས་ནའོ། །གཉིས་པ་ནི། ཐལ་བ་དེ་ལ་འདོད་དོ་ཞེ་ན། དེ་ལ་གཉིས་ཏེ། རང་བློ་དཔོག་པའི་གཏན་ཚིགས་མི་སྲིད་པར་བསྟན་པ་དང༌། སྲིད་ཀྱང་དེ་ལས་མི་རྟོགས་པར་བསྟན་པའོ། །དང་པོ་ལ། ཐལ་བ་དངོས་དང༌། བསལ་བ་སྟོན་ཚུལ་ལོ། །དང་པོ་ནི། རང་ངོར་རང་བློ་སྒྲུབ་པའི་གཏན་ཚིགས་དེ་ཡང་ཆོས་ཅན། བདག་རྐྱེན་དབང་པོའམ་དམིགས་རྐྱེན་དོན་ནམ་བློ་རང་ཉིད་དམ། ཡང་ན་ཡིད་བྱེད་སྔ་མ་གང་རུང་དུ་འགྱུར་ཏེ། རྒྱུ་འབྲས་ཀྱི་ཚོགས་པ་བཞི་པོ་འདི་དག་ལས་གཞན་རང་བློ་ལ་འབྲེལ་པ་ཅན་གྱི་ཆོས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གཞན་ལ་དེ་ལྟར་སྒྲུབ་པའི་ནུས་པ་མཐོང་བ་མེད་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང༌། མ་ངེས་པ་སྤང་བའོ། །དང་པོ་ནི། ཐལ་བ་དེ་ལ་འདོད་དོ་ཞེ་ན། བདག་རྐྱེན་དབང་པོ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་མ་ཡིན་ཏེ། དེ་སྒྲུབ་ལ་ཁྱབ་པ་འཁྲུལ་བའི་ཕྱིར། དམིགས་རྐྱེན་དོན་ཀྱང་དེ་བཞིན་ནོ། །བློ་རང་ཉིད་དང་ཡིད་བྱེད་སྔ་མ་ནི་ཤེས་པ་ཡིན་ལ། དེ་ཡང་སྐབས་དེར་བསྒྲུབ་བྱ་ཉིད་ཡིན་པས་མ་གྲུབ་པ་ཉིད་ཡིན་ལ། མ་གྲུབ་པ་ནི་གཏན་ཚིགས་ཡང་དག་ཉིད་མ་ཡིན་ནོ། །གཉིས་པ་ནི། རྒྱུ་འབྲས་ཀྱི་ཚོགས་པ་བཞི་པོ་དེའི་གཏན་ཚིགས་མ་ཡིན་ཀྱང་གཞན་ཡོད་དོ་ཞེ་ན། འདི་ལ་གསུམ་སྟེ། དོན་ཆོས་རྟགས་ཡང་དག་ཡིན་པ་དགག བློ་ཆོས་རྟགས་ཡང་དག་ཡིན་པ་དགག བློའི་འབྲས་བུ་རྟགས་ཡང་དག་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། དོན་གསལ་རྟགས་ཡང་དག་ཡིན་པ་དགག དོན་གྱི་ཁྱད་པར་དེ་ཡིན་པ་དགག་པའོ། །དང་པོ་ནི། གལ་ཏེ་དོན་གསལ་དེ་དང་བློ་སྒྲུབ་པའི་གཏན་ཚིགས་ཡིན་པར་འདོད་དོ། །ཞེ་ན། དེ་ཅི་ལ་ཟེར། དོན་གསལ་བྱེད་ཀྱི་བློའམ་བློས་གསལ་བར་བྱས་པའི་དོན་ལ་བྱ། དང་པོ་ལྟར་ན། དེ་ཉིད་ཤེས་པ་མ་ཡིན་ནམ་སྟེ་ཡིན་པས་མ་གྲུབ་པ་ནི་རྟགས་སུ་མི་རུང་ངོ༌། །གཉིས་པ་ལྟར་ན། ཤེས་མིན་ནམ་གྱི་རིགས་པ་འདིས་ནི་ཆོས་ཅན། བློས་གསལ་བར་གྱུར་པའི་དོན་རྟགས་ཡང་དག་ཡིན་པ་གསལ་ཏེ། གསལ་བ་བློ་རང་ཉིད་ཉམས་སུ་མྱོང་བ་མ་ཡིན་ན་དེ་ཡིས་གསལ་བར་གྱུར་པའི་དོན་མི་ངེས་པའི་ཕྱིར། གཉིས་པ་ནི། འོན་ཏེ་དོན་གསལ་བ་དེ་བརྟག་པ་གཉིས་པོ་གང་རུང་མ་ཡིན་ཀྱང༌། དོན་ཉིད་ཀྱི་ཁྱད་པར་སྔར་མི་གསལ་བ་ཕྱིས་གསལ་བ་འགའ་ཞིག་ཡིན་པར་འདོད་དོ། །ཞེ་ན། ཕྱི་རོལ་གྱི་དོན་ལ་ཆོས་ཅན། སྔར་མི་གསལ་བ་ཕྱིས་གསལ་བའི་ཁྱད་པར་འགའ་ཡང་མེད་པར་ཐལ། སྐྱེ་བ་དང་ནི་འཇིག་པ་མེད་པའི་ཕྱིར། སྐྱེ་འཇིག་དེ་འདོད་ན་ཡང་སྐད་ཅིག་རེ་རེས་འཇིག་པར་ཐལ་བར་འགྱུར་ཏེ། རང་འཛིན་གྱི་ཤེས་པ་སྐད་ཅིག་མ་སོ་སོར་སྐྱེད་པའི་ཕྱིར། གཞན་ཡང་དོན་གྱི་ཁྱད་པར་དེའང་ཚད་མས་ཤེས་པར་གྱུར་པའམ་ཤེས་པར་མ་གྱུར་པ་ཅིག་ཡིན། གལ་ཏེ་ཤེས་པ་རྟགས་ཡིན་ནོ་ཞེ་ན། དོན་གྱི་ཁྱད་པར་ཚད་མ་ངེས་ཤེས་པ་ཞེས་བྱ་བ་དེ་གཏན་ཚིགས་གང་ལས་ཡིན་ཏེ། ཚད་མ་རང་ཉིད་ཤེས་པར་ཡོངས་སུ་བཅད་དུ་མེད་པའི་ཕྱིར། གཉིས་པ་ལྟར་ཡིན་ནོ་ཞེ་ན། དོན་གྱི་ཁྱད་པར་དེ་ནི་ཆོས་ཅན། ཇི་ལྟར་གོ་བྱེད་ཡིན་ཏེ། རང་ཉིད་ཚད་མས་ཤེས་པར་གྱུར་པ་ཉིད་དུ་བཅད་དུ་མེད་པའི་ཕྱིར། གལ་ཏེ་དོན་གསལ་ཞེས་པ་དེ་སྤྱིར་ཚད་མས་མཐོང་བ་ལྷས་སྦྱིན་རང་གིས་མཐོང་བར་གྱུར་པ་མ་ཡིན་པའི་དོན་གྱི་ཁྱད་པར་དེའོ་ཞེ་ན། གཞན་མཆོད་སྦྱིན་ཁོ་ནས་མཐོང་བའི་དོན་གྱི་ཁྱད་པར་དེ་ཆོས་ཅན། ཁྱོད་ལས་ཀྱང་ལྷས་སྦྱིན་རང་ངོ་རང་བློ་རྟོགས་པར་འགྱུར་ཏེ། སྤྱིར་ཚད་མ་གཞན་གྱིས་མཐོང་བར་གྱུར་པ་ལྷས་སྦྱིན་རང་གིས་འགར་ཡང་མཐོང་བར་འགྱུར་བ་མེད་པའི་ཁྱད་པར་དེ་ཁྱོད་ལའང་ཡོད་པའི་ཕྱིར། དེའི་ཕྱིར་བློ་རང་གི་ཆོས་ལ་ལྟོས་པ་མེད་པ་ཅན་གྱི་དོན་གྱི་ཆོས་ཡན་གར་བལྟས་ནི་ལྷས་སྦྱིན་རང་ངོར་རང་བློ་ནི་རྗེས་སུ་དཔོག་ནུས་པ་མ་ཡིན་པར་གྲུབ་བོ། །གཉིས་པ་ནི། བློ་ཆོས་གཏན་ཚིགས་སོ་ཞེ་ན། བློ་རང་གི་ཆོས་མངོན་སུམ་གྱིས་གྲུབ་པ་དེ་ཆོས་ཅན། བློའི་རྟགས་གང་ཡིན་ཏེ་མ་ཡིན་པར་ཐལ་ལོ། །རང་བློ་ལས་རྫས་གཞན་ཅི་ཡིན་ཏེ་མ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། དེ་ཆོས་ཅན། རང་བློ་ལས་རྫས་ཐ་དད་གང་ལས་ཡིན་ཏེ། དེ་དང་རྒྱུ་མཚུངས་པ་ལས་སྐྱེས་པའི་ཕྱིར་དང༌། རྒྱུ་རྫས་གཞན་ལས་སྐྱེས་པ་དེ་ཡང་དེ་སྒྲུབ་ལ་ཁྱབ་པ་འཁྲུལ་པ་ཅན་དུ་ཡིན་པའི་ཕྱིར། གསུམ་པ་ནི། བློའི་འབྲས་བུ་དེའི་གཏན་ཚིགས་ཡིན་ནོ། །ཞེ་ན། དེ་ལ་གཉིས་ཏེ། ཐལ་བ་དངོས་དང༌། བསལ་བ་སྟོན་པའོ། །དང་པོ་ནི། འོ་ན་གཟུགས་སོགས་ཡུལ་ནི་ལྔ་པོ་དང་དབང་པོ་ལྔ་པོ་དང་ནི་དམིགས་པར་བྱེད་པའི་ཤེས་པ་ལྔ་པོ་དག་སྟེ་ལྔ་ཚན་གསུམ་པོ་གང་རུང་རང་ངོར་རང་བློ་སྒྲུབ་པའི་གཏན་ཚིགས་སུ་འགྱུར་ཏེ། གསུམ་པོ་མ་གཏོགས་རང་བློ་དེའི་འབྲས་བུ་གཞན་ཏེ་བར་མཚོན་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། འདོད་ནུས་པ་མ་ཡིན་ཏེ། དེ་ལ་ལྔ་ཚན་གཉིས་ནི་དབང་པོ་ལས་འདས་པའི་ཕྱིར་དང༌། དོན་ལྔ་པོ་དག་ལ་ནི་གཟུགས་སོགས་མཐོང་བའི་བློ་ལས་གཞན་དུ་སྐྱེས་པ་སྲིད་པ་དང་བྲལ་བ་ཞེས་བྱ་བ་གང་ཡིན་པ་ཅིག་ཀྱང་ཚད་མས་རྟོགས་པ་མེད་པའི་ཕྱིར། དེ་ལྟར་ན་རྟགས་དང་ཆོས་ལ་འབྲེལ་པ་ཚད་མས་ཤེས་པ་མེད་པ་གང་ཡིན་པ་དེ་རྟགས་ཡང་དག་གོ་ཞེས་བྱ་བ་ནི་བབ་ཆོལ་ཡིན་ནོ། །གཉིས་པ་ནི། དེ་དག་ཏུ་མ་འདུས་པའི་རྟགས་གཞན་ཡོད་དུ་ཆུག་ན་ཡང་རྟགས་དེ་དག་ནི་རང་ངོར་མ་མཐོང་བ་བློའི་གསལ་བྱེད་མ་ཡིན་ཏེ། རྟགས་དེ་དང་ནི་བློ་གཉིས་ལ་ལྷན་ཅིག་པའི་འབྲེལ་པ་མཐོང་བ་མེད་པར་ནི་ཇི་ལྟར་རྟགས་དེ་ལས་རང་བློ་རྟོགས་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར་རོ། །རང་བློ་སྒྲུབ་པའི་སྔར་རྟགས་དེ་ཉིད་ལས་གཞན་རྒྱུད་ལ་བློ་དེ་ནི་གྲུབ་པ་ཉིད་དུ་བརྗོད་དོ། །ཅེ་ན། སྒྲུབ་བྱེད་ཐུག་པ་མེད་པར་འགྱུར་ཏེ། དེ་ལ་ཡང་ནི་དཔེ་གཞན་ཞིག་བསྒྲུབ་པར་བྱ་དགོས་པ་ཡིན་པའི་ཕྱིར། རང་བློ་སྒྲུབ་པའི་གཏན་ཚིགས་མི་སྲིད་པར་བསྟན་ཟིན་པ་དེའི་ཕྱིར་བློ་ལས་རང་ངོར་དོན་གྲུབ་ཀྱི། དོན་ལས་ཇི་ལྟར་ཡང་རང་བློ་དེ་སྒྲུབ་ནུས་པ་མ་ཡིན་ཏེ། ཡུལ་ཅན་གྱི་བློ་དེ་མ་གྲུབ་པར་ཡུལ་གྱི་དོན་རང་ཉིད་རབ་ཏུ་གྲུབ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ལྷས་སྦྱིན་ཆོས་ཅན། གང་ཟག་གཞན་རྒྱུད་ལ་སེམས་རྗེས་སུ་དཔོག་པར་མི་འགྱུར་ཏེ། མངོན་སུམ་གྱིས་རང་རྒྱུད་ལ་བློ་དང་དེ་ལས་ནི་ངག་སྨྲ་བརྗོད་དང་ལུས་གཡོ་འགུལ་ལ་སོགས་པའི་འབྲེལ་བ་མཐོང་བར་བྱས་ནས་གཞན་གྱི་སེམས་དཔོག་དགོས་པ་ལས་བདག་རྒྱུད་ལ་རྟགས་དང་རྟགས་ཅན་གྱི་འབྲེལ་པ་མཐོང་བ་མེད་པའི་ཕྱིར། གལ་ཏེ་བློའི་གཟུང་དོན་དེ་རང་གཞན་གྱི་ངོར་བློ་དཔོག་པའི་གཏན་ཚིགས་སོ་ཞེ་ན། མ་ཡིན་ཏེ། ཡིད་ཀྱི་བློ་ལ་གཟུང་དོན་གྱི་རྟགས་རབ་ཏུ་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཕྱོགས་སྔ་མ་ནི། རང་རིག་མེད་ཀྱང་ཇི་སྐད་བཤད་པའི་ཉེས་པ་རྣམས་སུ་མི་འགྱུར་ཏེ། བློ་སྔ་མ་རྣམས་བློ་ཕྱི་མ་རྫས་གཞན་གྱིས་གསལ་བར་བྱེད་པས་སོ་ཞེ་ན། དེ་ལ་གསུམ་སྟེ། གཉིས་ཀ་མི་གསལ་བར་མཚུངས་པས་གསལ་བྱ་གསལ་བྱེད་དུ་མི་འཐད། རྣམ་པ་སྣང་བས་གསལ་བར་འཇོག་ན་རང་རིག་ཏུ་གྲུབ། རང་ལུགས་ཀྱི་གསལ་བྱ་གསལ་བྱེད་ངོས་བཟུང་བའོ། །དང་པོ་ནི། རང་རིག་མི་འདོད་པ་ཁྱོད་ཀྱི་བློ་སྔ་མ་ནི་བློ་ཕྱི་མ་གཞན་གྱིས་ཇི་ལྟར་རབ་ཏུ་གསལ་བར་འགྱུར་ཏེ། གཉིས་ཀ་གསལ་བ་མ་ཡིན་པའི་བདག་ཉིད་དུ་མཚུངས་པའི་ཕྱིར། དེས་ན་གསལ་བྱ་གསལ་བྱེད་གང་ལས་ཡིན་ཏེ་མ་ཡིན་ནོ། །གལ་ཏེ་ཡུལ་གཟུགས་སོགས་ནི་ཆོས་ཅན། ཇི་ལྟར་གསལ་བ་ཡིན་ཏེ། རང་མི་གསལ་བའི་ཕྱིར། ཞེ་ན། དེ་ཆོས་ཅན། གསལ་བའི་ཐ་སྙད་འཇུག་སྟེ་གསལ་བ་རང་འཛིན་གྱི་ཤེས་པ་ལ་ངོ་བོ་སྟེ་རྣམ་པ་འཕོ་བའི་ཕྱིར་རོ། །གསལ་བ་དབང་ཤེས་ཆོས་ཅན། རང་ཉིད་རབ་ཏུ་གསལ་བ་ཡིན་ཏེ། གསལ་བ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་པ་ལ་ཡུལ་གྱི་རྣམ་པ་སྣང་བ་དེ་ལྟར་བློ་ཕྱི་མ་ལ་བློ་སྔ་མའི་རྣམ་པ་སྣང་བར་འདོད་དོ་ཞེ་ན། རང་ཉིད་རིག་པར་གྲུབ་སྟེ། རྣམ་པ་སྣང་བའི་ཕྱིར། རང་རིག་པ་དེ་ལྟ་མ་ཡིན་པར་ཡང་གསལ་བྱེད་ཡིན་ན་ཡུལ་ཡང་ནི་བློའི་གསལ་བྱེད་དུ་ཐལ། བློ་དང་ལྷན་ཅིག་མི་གསལ་བར་ཆོས་མཚུངས་པ་ཉིད་ཡིན་ཀྱང་གསལ་བྱེད་དུ་ཁས་བླངས་པས་ཆོག་པའི་ཕྱིར། གསུམ་པ་ནི། རང་རིག་ཁས་ལེན་པ་ངེད་ཀྱི་ལུགས་ལ་བློ་རང་ཉིད་གསལ་བའི་ངོ་བོར་སྐྱེས་པས་ན་རབ་ཏུ་གསལ་བ་ཡིན་ཞིང༌། གཞན་གཟུགས་སོགས་ནི་ཡུལ་ཅན་དེར་ངོ་བོ་འཕོ་བ་ཡིས་གསལ་བར་གྱུར་པ་ན་ནི་རབ་ཏུ་གསལ་བ་ཉིད་ཀྱི་ཐ་སྙད་བྱེད་དོ། །ཁྱོད་ཀྱི་ལུགས་ལ་བློ་ཕྱི་མ་དེ་སྔ་མ་དང་འདྲ་བ་ཡིན་ཀྱང༌། བློ་ཕྱི་མ་དེ་ཡིས་ནི་བློ་གཞན་སྔ་མ་རབ་ཏུ་གསལ་བར་མི་འདོད་དེ། བློ་སྔ་མ་རང་ཉིད་རབ་ཏུ་གསལ་བའི་ཕྱིར་ན་དོན་དེའི་ངོ་བོ་རབ་ཏུ་གསལ་བ་ཡིན་པའི་ཕྱིར། དཔེར་ན་སྒྲོན་མ་གཉིས་བཞིན་ནོ། །དེས་ན་གསལ་བྱ་གསལ་བྱེད་དུ་འཇོག་པ་ལ་གང་རུང་གསལ་ལ་གཅིག་ཤོས་མི་གསལ་བ་དགོས་ཏེ། དཔེར་ན་མར་མེ་དང་མུན་ཁུང་གི་བུམ་པ་དག་ཀྱང་གཅིག་གསལ་ལ་གཅིག་ཤོས་མི་གསལ་བ་དེར་བརྟན་ནས་གསལ་བྱ་དང་གསལ་བྱེད་ཀྱི་ངོ་བོ་ཡིས་གཉིས་ཀྱི་ཐ་སྙད་རབ་ཏུ་རྒྱས་པར་བྱེད་པའི་ཕྱིར། གསུམ་པ་སླར་ཡང་མདོ་མཛད་པའི་རིགས་པས་སྒྲུབ་པ་ལ། གསུམ་སྟེ། རྟགས་དགོད། ཁྱབ་པ་སྒྲུབ། ཁྱབ་པ་མ་གྲུབ་པའི་ལན་དགག་པའོ། །དང་པོ་ནི། ངས་སྔོན་པོ་མཐོང་ངོ་སྙམ་པའི་དྲན་པ་ཕྱིས་སྐྱེས་པའི་རྟགས་ལས་ཀྱང་སྔོར་སྣང་དབང་ཤེས་བདག་རིག་པར་གྲུབ་བོ། །གཉིས་པ་ནི། རྒྱུ་གང་ལས་ཕྱིས་ཀྱི་དུས་འདིར་དྲན་པར་འགྱུར་བ་ཡིན་ན། གཞན་ཤེས་པ་སྔ་མ་དེ་ལའང་མཐོང་བྱེད་ཅིག་ཡོད་པར་གདོན་མི་ཟ་བས་ཁྱབ་སྟེ། ཡུལ་དང་དབང་པོ་ཙམ་གྱིས་ནི་ངས་སྔོན་པོ་མཐོང་ངོ་ཞེས་བྱ་བར་ངེས་པ་འདྲེན་ནུས་པ་མ་ཡིན་པའི་ཕྱིར། འདིར་ཡང་མདོ་ནི་གོང་དུ་དྲངས་ཟིན་པ་དེ་ཉིད་དོ། །གསུམ་པ་ལ། ཕྱོགས་སྔ་མ་ནི། ཤེས་པ་སྔ་མ་རྣམས་ཕྱི་མ་རྫས་གཞན་གྱིས་རིག་ཅིང་མྱོང་ལ། དེ་ལས་དྲན་པ་སྐྱེ་བ་ཡིན་ནོ། །ཞེ་ན། དེ་ལ་གཉིས་ཏེ། རང་གི་རིགས་པས་སུན་འབྱིན་པ་དང༌། མདོ་མཛད་པའི་རིགས་པས་སུན་འབྱིན་པའོ། །དང་པོ་ལ། གཉིས་ཏེ། ཡི་གེ་རིང་པོ་འཛིན་པའི་བློ་ལ་མྱོང་བྱེད་མེད་པར་ཐལ་བ། ཡོད་པར་འདོད་པའི་ལན་ཡང་ཉེས་པ་དང་བཅས་པའོ། །དང་པོ་ལ་གཉིས་ལས། ཐལ་བ་ནི། ཡི་གེ་རིང་པོ་དང་ཆེས་རིང་པོ་སོགས་འཛིན་ཞིང་དྲན་པར་མི་འགྱུར་ཏེ། ཡི་གེ་རིང་པོ་འཛིན་པའི་བློ་ལ་མྱོང་བྱེད་མེད་པར་རྒོལ་བ་ཁྱོད་ཀྱིས་འདོད་དགོས་པའི་ཕྱིར། དགོས་ཏེ། ཡི་གེ་རིང་པོ་འཛིན་པའི་ཉན་ཤེས་སྐད་ཅིག་ལྔ་སྐྱེས་པའི་ཚེ་སྐད་ཅིག་ཐ་མ་དེ་ཁོ་ན་ལ་མྱོང་བྱེད་ཡོད་ཀྱང་དེས་རིང་པོ་མི་འཛིན། ཉན་ཤེས་སྐད་ཅིག་སྔ་མ་རྣམས་ཡུན་རིང་པོ་ཡི་གེའི་ཆ་ཤས་དེ་རྫོགས་ཀྱི་བར་དུ་གནས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ། ཉན་ཤེས་དེར་གནས་པ་དགག ཡི་གེའི་ཆ་ཤས་དེ་ལྟར་གནས་པ་དགག ཡི་གེ་རིང་པོའི་ཆ་ཤས་གཅིག་ཆར་དུ་སྐྱེ་བ་དགག་པའོ། །དང་པོ་ནི། རྟགས་མ་གྲུབ་སྟེ། དེར་གནས་སོ་ཞེ་ན། དེ་ལྟ་ན་ཉན་བློ་སྔ་ཕྱི་ལ་གོ་རིམ་མེད་པས་ཡི་གེ་རིང་པོ་འཛིན་པར་མི་འགྱུར་ཏེ། ཡི་གེའི་ཆ་ཤས་རྣམས་གཅིག་ཆར་དུ་སྣང་བའི་ཕྱིར་ན་རིམ་ལྡན་དུ་འཛིན་པ་མེད་པའི་ཕྱིར། ཕན་ཚུན་འདྲེ་བ་མེད་པའི་ཡི་གེ་རིང་པོའི་ཆ་ཤས་ཆོས་ཅན། ཇི་ལྟར་རང་འཛིན་ཉན་ཤེས་གོ་རིམ་མེད་པར་ནི་སྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། སྔ་ཕྱིའི་རིམ་པ་དང་ལྡན་པའི་ཕྱིར། གཉིས་པ་ནི། ཡི་གེ་རིང་པོའི་ཆ་ཤས་སྔ་མ་རྣམས་མཐའི་བར་དུ་གནས་ནས་དེ་ཉན་ཤེས་གཅིག་གིས་ཐོས་པས་ཉེས་པ་དེ་དག་མེད་དོ་ཞེ་ན། འོག་ཡི་གེའི་ཆ་ཤས་ཐ་མའི་དུས་སུ་ཆོས་ཅན། སྒྲ་ནི་ཆོས་ཆེར་འཕེལ་བར་འགྱུར་ཏེ། ཡི་གེའི་ཆ་ཤས་སྔ་མ་རྣམས་མ་འགགས་པའི་སྟེང་དུ་ཕྱི་མ་རྣམས་བསྣན་པའི་ཕྱིར། ཐ་མ་ཡི་གེའི་ཆ་ཤས་ཀུན་ཚོགས་པའི་དུས་དེར་ཆོས་ཅན། ཡི་གེ་རིམ་ལྡན་དུ་འཛིན་པའི་བློ་ཡང་མེད་པར་འགྱུར་ཏེ། དེ་རིམ་མིན་གཅིག་ཆར་དུ་འཛིན་པའི་ཕྱིར། ཡི་གེ་རིང་པོའི་ཆ་ཤས་དེའི་འོག་མ་སྐྱེས་པའི་དུས་དེར། ཆོས་ཅན། ཡུལ་ཡི་གེའི་ཆ་ཤས་སྔ་མ་ནི་གནས་པ་མེད་པའི་ཕྱིར་ན་དེ་འཛིན་པའི་བློ་ནི་རང་ཉིད་གནས་པ་མ་ཡིན་ཏེ། ཡུལ་མེད་ཀྱང་བློ་རང་ཉིད་གནས་ན་ཕྱིས་ཀྱང་དེ་དང་ཁྱད་པར་མེད་པས་མི་འཇིག་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། ཡི་གེ་རིང་པོའི་ཆ་ཤས་རྣམས་རིམ་མེད་གཅིག་ཆར་ནི་སྐྱེས་ནས་དེ་ཉན་ཤེས་སྐད་ཅིག་མ་གཅིག་གིས་འཛིན་ནོ་ཞེ་ན། འདོད་པ་དེ་ལ་ཡང་ཆོས་ཅན། མི་འཐད་དེ། རིམ་ལྡན་བློ་ཡང་མེད་པར་འགྱུར། །ཞེས་པའི་སྐྱོན་འདི་ཡོད་པའི་ཕྱིར། གཞན་ཡང་བྱེད་པ་ལྕེ་རྐན་གྱི་རྩོལ་བ་ཕྱི་མ་ཕྱི་མ་རྣམས་དོན་མེད་པར་འགྱུར་ཏེ། ལན་གཅིག་རྩལ་བས་ཡི་གེའི་ཆ་ཤས་རྫོགས་པར་སྐྱེས་པའི་ཕྱིར། ལྕེ་རྐན་གྱི་རྩོལ་བ་རྣམས་ཡི་གེའི་གསལ་བྱེད་ཡིན་གྱི། སྐྱེད་བྱེད་མ་ཡིན་ནོ། །ཞེ་ན། དེ་ཡི་གེ་རྣམས་ཀྱི་ནི་གསལ་བྱེད་ཡིན་པ་ལའང་ཆོས་ཅན། ཉེས་པ་སྔ་མ་སྤོང་ནུས་པ་མ་ཡིན་ཏེ། ཕྱི་མ་དོན་མེད་འགྱུར་གྱི་སྐྱོན་འདི་རྗེས་སུ་གནས་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་དོན་བསྡུ་བ་ནི། ཉན་ཤེས་སྐད་ཅིག་མ་གཅིག་གིས་ཡི་གེ་རིང་པོ་མི་འཛིན་པར་གྲུབ་པ་ནི་ཉན་ཤེས་སྐད་ཅིག་དུ་མ་ཡིས་ནི་ཡི་གེ་རིང་པོ་དེ་འཛིན་དགོས་ལ། དེའི་ཚེ་ན་ཆ་ཤས་ཐ་མའི་ཉན་བློ་གང་ཡིན་པ་དེ་ཁོ་ན་ལ་མྱོང་བྱེད་ཡོད་ལ། དེ་ཡང་ཡི་གེ་རིང་པོ་འཛིན་པ་མ་ཡིན་པ་དེས་ན་ཡི་གེ་རིང་པོ་འཛིན་པའི་བློ་དྲན་པར་མི་འགྱུར་བ་ཉིད་དུ་ཐལ་བ་སྤང་མ་ནུས་སོ། །གཉིས་པ་ནི། ཉན་བློ་རྣམས་སོ་སོ་ཐ་དད་དུ་མྱོང་བྱེད་རྫས་གཞན་རེ་རེས་མྱོང་བ་ཡིན་ནོ་ཞེ་ན། འདི་ལ་གསུམ་སྟེ། མྱོང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བ་དགག ཅིར་ཆར་སྐྱེ་བ་དགག ཅིག་ཆར་བ་ལ་བརྗོད་པའི་སྐྱོན་དེ་སྔ་མ་ལའང་འཇུག་པར་བསྟན་པའོ། །དང་པོ་ལ། ཐལ་བ་དངོས་དང༌། ཉེས་སྤོང་དགག་པའོ། །དང་པོ་ནི། ཡི་གེ་རིང་པོ་ཐོས་པའི་སྒྲ་དེའི་ཉན་ཤེས་ནི་ཆོས་ཅན། རང་ཡུལ་བར་ཆོད་པ་མེད་པར་སྣང་བར་མི་འགྱུར་ཏེ། ཁྱོད་ཀྱི་ཆ་ཤས་སྔ་ཕྱིའི་བར་དུ་མྱོང་བྱེད་རྫས་གཞན་གྱིས་ཆོད་པའི་ཕྱིར། གཉིས་པ་ནི། འཇུག་པ་མྱུར་བའི་རྒྱུ་མཚན་གྱིས་བར་མ་ཆད་དུ་སྣང་ངོ་ཞེ་ན། འདི་ལ་སྔར་བཤད་པའི་རིགས་པས་དགག མ་བཤད་པའི་རིགས་པ་གཞན་གྱིས་དགག་པའོ། །དང་པོ་ནི། འཇུག་པ་མྱུར་བས་བར་མ་ཆད་དུ་སྦྱོར་བར་བྱེད་པའང་ཆོས་ཅན། མི་འཐད་དེ། གོང་དུ་བསལ་ཟིན་པ་ཡིན་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། མ་བརྟགས་པར་དང༌། བརྟགས་ནས་དགག་པའོ། །དང་པོ་ནི། གལ་ཏེ་ཉན་ཤེས་ཀྱིས་བར་ཆོད་པར་མཐོང་ན་ཡང་འཇུག་པ་མྱུར་བའི་རྒྱུ་མཚན་གྱིས་བར་དུ་རྣམ་ཆད་མེད་པར་འཁྲུལ་པར་འགྱུར་ན། ཡི་གེ་ཐུང་ངུ་གཉིས་ནི་རིམ་གྱིས་བརྗོད་པའི་ཚེ་ན་ཡང་ཆོས་ཅན། རྣམ་ཆད་མེད་པར་འཁྲུལ་བར་འགྱུར་ཏེ་འཇུག་པ་མྱུར་བའི་ཕྱིར། གཉིས་པ་ལ། གསུམ་སྟེ། མཐོང་བྱེད་དང་སྒྲོ་འདོགས་མཁན་གཉིས་ཀ་དབང་ཤེས་ཡིན་པ་དགག གཉིས་ཀ་ཡིད་ཤེས་ཡིན་པ་དགག སྔ་མ་དབང་ཤེས་དང་ཕྱི་མ་ཡིད་རྟོག་ཏུ་འདོད་པ་དགག་པའོ། །དང་པོ་ནི། དེ་ལྟར་འཁྲུལ་ན་འཁྲུལ་མཁན་དེ་གང་ཞེས་པས་དབང་པོས་བར་རྣམ་པར་བཅད་པར་མཐོང་ན་ཡང་དབང་པོ་ཉིད་ལས་བར་ཆད་མེད་པར་སྒྲོ་འདོགས་པ་ཡིན་ནོ། །ཞེ་ན། དེ་མི་རུང་སྟེ། དབང་པོའི་བློ་རྣམས་ཀུན་ཕྱིན་ཅི་ལོག་ཏུ་ཐལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཡི་གེའི་ཐུང་མཐའ་གཅིག་ཀྱང་ཉན་ཤེས་དུ་མས་རིམ་གྱིས་རྟོགས་པར་འགྱུར་དགོས་ཏེ། ཡི་གེའི་བདག་ཉིད་ཀུན་གྱི་ཐུང་མཐའ་ཡང་སྐྱེས་བུ་དར་མ་ནད་མེད་ཀྱིས་མིག་འཛུམས་པའི་ཡུན་ཚད་དུ་གནས་པ་ཡིན་ལ། ཚད་དེ་ཡང་རྡུལ་ཕྲན་ནི་དུ་མ་དག་རིམ་གྱིས་གོ་ས་གཅིག་ནས་གཅིག་ཏུ་འཕོས་པ་དག་དང་འབྲེལ་བས་རྫོགས་ལ། རྡུལ་ཕྲ་རབ་གཅིག་གོ་ས་གཞན་དུ་བསྒྲེས་པའི་དུས་ནི་ཆུང་བས་མཐར་ཐུག་པའི་དུས་ཡིན་ལ། དེ་ཡང་སྐད་ཅིག་གཅིག་ཏུ་འདོད་ཅིང༌། བློ་ཡང་དེ་ལྟ་བུའི་སྐད་ཅིག་གི་ཕྲེང་བར་ངེས་པ་དེའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ཁྱོད་ལྟར་ན་ཡི་གེ་ཐུང་ངུ་ཐོས་པའི་ཉན་ཤེས་དང་གཟུགས་ལ་སོགས་པའི་ཡུལ་ཅན་གྱི་བློ་ཐམས་ཅད་ཆོས་ཅན། ལོག་པའི་དོན་ཅན་དུ་ཐལ་བར་འགྱུར་ཏེ། རང་སྐད་ཅིག་སྔ་ཕྱིའི་བར་དུ་མྱོང་བྱེད་རྫས་གཞན་གྱིས་ནི་ཆོད་ན་ཡང་ཆོད་པ་མེད་པར་སྣང་བ་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དབང་པོའི་འཁྲུལ་པ་ལས་གཞན་དུ་དུས་སྔ་ཕྱིའི་དངོས་པོ་རྣམས་གཅིག་ཏུ་སྦྱོར་བར་བྱེད་པའི་སྒོ་ནས་སྔ་ཕྱི་ཐ་དད་དུ་མཚོན་པ་མེད་པར་འཁྲུལ་པ་ཅན་ནི་དྲན་པ་ཡིན་ནོ། །ཞེ་ན། དེ་འདྲ་དེ་ལ་ནི་ཆོས་ཅན། རང་ཡུལ་གསལ་བར་སྣང་བ་ཉིད་ག་ལ་ཞིག་ཡིན་ཏེ། རྣམ་པར་རྟོག་པ་ཅན་ཡིན་པས་རྗོད་བྱེད་ཀྱི་སྒྲ་དང་རྗེས་སུ་འབྲེལ་བའི་ཕྱིར། ཁྱབ་སྟེ། དབང་པོས་བཟུང་བའི་དོན་ལ་རྗོད་བྱེད་ཀྱི་སྒྲ་སྦྱོར་བ་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་དབང་པོས་རང་ཡུལ་བར་ཆོད་པར་མཐོང་ན་ཡང་རྟོག་པས་བར་མ་ཆད་དུ་སྦྱོར་བར་བྱེད་དོ་ཞེ་ན། འདི་ལ་མྱོང་བྱ་མྱོང་བྱེད་ཅིག་ཆར་དུ་སྐྱེ་བ་དང༌། དེ་ལ་ལུང་རིགས་ཀྱིས་མི་གནོད་པར་བསྟན་པའོ། །དང་པོ་ནི། ཤེས་པ་རྣམས་ལ་མྱོང་བྱེད་རྫས་གཞན་གྱིས་བར་ཆོད་པ་ཞེས་བྱ་བ་དེ་གང་ལས་ཡིན་ཏེ་དོན་གྱི་མྱོང་བ་དང་དེའི་མྱོང་བ་ནི་རྒྱུན་ཏེ་བར་མི་ཆད་པར་སྣང་བ་དག་ལ་རིགས་པ་དམ་པས་གནོད་པ་ཅན་མེད་པའི་ཕྱིར། གཉིས་པ་ལ། རིགས་པས་མི་གནོད་པ་དང༌། ལུང་གིས་མི་གནོད་པའོ། །དང་པོ་ནི། གལ་ཏེ་བློ་སྔ་མ་རྣམས་ཕྱི་མ་རེ་རེ་ཁོ་ན་སྐྱེད་པ་ལ་ནུས་པ་ངེས་པའི་ཕྱིར་མི་འཐད་དོ་ཞེ་ན། དེའང་གང་ལས་འདོད། བློ་དུ་མ་ཅིག་ཆར་དུ་སྐྱེ་བ་མཐོང་བ་མེད་པའི་ཕྱིར། ཞེ་ན། མི་འཐད་དེ། དེ་ཉིད་མྱོང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བ་མི་འཐད་པ་འདི་ལྟར་དུ་དཔྱད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། ལུང་གི་དོན་བཤད་པ་དང༌། དེས་གཞན་ཡང་མཚོན་པར་བསྟན་པའོ། །དང་པོ་ནི། འོ་ན་ཁྱེད་ཀྱི་ལུང་ལས་སེམས་གཉིས་ལྷན་ཅིག་ཏུ་འབྱུང་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེ་ཆོས་ཅན། བློ་སྔ་མ་དེ་རྣམས་རིགས་མཐུན་གྱི་བློ་ཕྱི་མ་རེ་རེ་སྐྱེད་པ་ཉིད་ལ་ནུས་པ་ངེས་པར་གྱུར་པ་ལ་དགོངས་པ་ཡིན་ཏེ། འདི་ལྟར་རིགས་མཐུན་གྱི་རྣམ་པར་རྟོག་པ་རྣམས་རིམ་གྱིས་འབྱུང་བར་ཡང་དག་པར་རྟོགས་པའི་ཕྱིར། གཉིས་པ་ལ། དངོས་དང༌། རིགས་པ་གཞན་ཡང་བཤད་པའོ། །དང་པོ་ནི། རྣམ་ཤེས་རིགས་མཐུན་དུ་མ་ཅིག་ཆར་དུ་མི་སྐྱེ་བར་བསྟན་པ་འདི་ནི་ཆོས་ཅན། རྒྱལ་སྤོགས་པ་གང་ཞིག་མངོན་སུམ་གྱིས་མཐོང་བའི་དོན་རང་མཚན་ལ་འདིའོ་སྙམ་དུ་ངོ་ཤེས་པའི་རྟོག་པ་དག་གསལ་བར་སྣང་བས་མངོན་སུམ་དུ་རྟོག་པ་དེ་ཡང་བསལ་བ་ཡིན་ཏེ། མངོན་སུམ་རིགས་མཐུན་རྫས་གཞན་གཉིས་སྐྱེ་བ་ཁེགས་པའི་ཕྱིར། གཉིས་པ་ལ། ཐལ་བས་དགག་པ་དང་རང་རྒྱུད་ཀྱིས་སྒྲུབ་པ་གཉིས་ལས། དང་པོ་ནི། སྐྲ་བྲེགས་པས་བར་དུ་ཆོད་པའི་སྔ་ཕྱིར་དང༌། སྒོང་ཐ་དད་དང་མར་མེ་ལ་སོགས་པ་ཐ་དད་ལ་གཅིག་ཏུ་རྟོག་པ་དག་ལ་ཡང་ཆོས་ཅན། མངོན་སུམ་ཡིན་པར་ཐལ། གསལ་སྣང་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཐ་དད་ལ་གཅིག་ཏུ་ཞེན་པ་དེ་འདྲའི་བློ་ཇི་ལྟར་མངོན་སུམ་ཡིན་པར་འགྱུར་ཏེ་མི་འཐད་པས་སོ། །ངོ་ཤེས་ཀྱི་བློ་འཁྲུལ་བ་དེའི་ཕྱིར་གཅིག་ཏུ་ངོ་ཤེས་པ་ལས་ཡིག་སོགས་གཅིག་ཏུ་ངེས་པ་མེད་དོ། །གཉིས་པ་ནི། ངོ་ཤེས་ཀྱི་བློ་དེ་ཡང་ཇི་ལྟར་དབང་པོ་ལས་སྐྱེས་པ་ཡིན་ཏེ། སྔོན་མྱོང་བའི་དོན་དྲན་པ་ལས་ད་ལྟར་གྱི་དེའི་ཆོས་སུ་སྒྲོ་འདོགས་པ་མེད་པར་སྔར་གྱི་དེ་ཉིད་ནི་འདིའོ་ཞེས་བྱ་བར་ཤེས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། མྱོང་བྱ་མྱོང་བྱེད་གཅིག་ཆར་དུ་སྐྱེ་ཡང་རྫས་གཞན་ཡིན་པས་རང་རིག་པར་མི་འགྲུབ་བོ་ཅེ་ན། དེ་ལྟར་འདོད་ན་ཁས་བླངས་དང་རིགས་པ་གཉིས་ཀྱིས་གནོད་དེ། དོན་གྱི་མྱོང་བ་དང་ཤེས་པའི་མྱོང་བ་དག་གཅིག་ཆར་དུ་འབྱུང་བར་རྒོལ་བ་ཁྱོད་ཀྱིས་འདོད་པ་མ་ཡིན་ཞིང༌། དོན་གྱི་སྣང་བ་དང་ཤེས་པའི་སྣང་བ་དག་རྫས་སོ་སོར་རྟོགས་པའང་ཡོད་པ་མ་ཡིན་པའི་ཕྱིར། དོན་ནི་མྱོང་བྱེད་རྫས་གཞན་དུ་ཡོད་ན་དེ་ལ་སྔོར་སྣང་དབང་ཤེས་དང་སྔོན་པོའི་རྣམ་པ་གཉིས་ཀ་ཤར་དགོས་པ་ལས་དེ་མ་ཤར་ཞེས་པའོ། །དོན་དུ་སྣང་བའི་རྣམ་ཤེས་དང་ཕྱི་རོལ་གྱི་དོན་འབའ་ཞིག་ཆོས་ཅན། མྱོང་བྱེད་ཀྱི་བློའི་རྣམ་པ་གཅིག་གིས་རྗེན་ཆར་གྱི་སྒོ་ནས་གཅིག་ཆར་དུ་བཟུང་བ་མ་ཡིན་ཏེ། ཡིན་ན་རྫས་ཐ་དད་མེད་པར་ཐལ་བའི་ཕྱིར་རོ། །གཞན་ཡང་དོན་སྔོན་པོ་དང་དོན་ཤེས་སྔོར་སྣང་དབང་ཤེས་གང་ཡིན་པ་དེ་དག་ཆོས་ཅན། ཕྱི་ནས་ཇི་ལྟར་སོ་སོར་དྲན་ཏེ་མི་དྲན་པར་ཐལ། ཐ་དད་དུ་ལེགས་པར་རྟོགས་པའི་ཁྱད་པར་གྱིས་ཕྱིས་ཐ་དད་དུ་དྲན་དགོས་པ་ལས་རང་དུས་ཀྱི་མྱོང་བས་ཐ་དད་དུ་ལེགས་པར་རྟོགས་པར་མེད་པའི་ཕྱིར། རང་ལུགས་ལ་ནི། ངས་སྔོན་པོ་མཐོང་ངོ་སྙམ་དུ་དྲན་པ་དེའི་ཚེ་དྲན་པ་དེ་སྐྱེད་བྱེད་ཀྱི་མྱོང་བ་ལ་ནི་ཡུལ་ཡུལ་ཅན་སོ་སོར་མྱོང་བ་ཡོད་དེ། བློ་གཅིག་པུ་དེ་ལ་གཟུང་འཛིན་གྱི་ཚུལ་གཉིས་ཡོད་པ་ལས་གཟུང་རྣམ་གྱིས་ནི་ཡུལ་གྱི་དྲན་པ་སྐྱེད། འཛིན་རྣམ་གྱིས་ནི་ཡུལ་ཅན་དྲན་པའི་བློ་སྐྱེད་ལ། མྱོང་བྱེད་རྫས་གཞན་པ་ལ་ནི་དེ་ལྟར་མི་འབྱུང་བའོ། །གསུམ་པ་ནི། དོན་གྱི་མྱོང་བ་དང་དོན་གྱི་ཡིད་དག་གི་མྱོང་བ་རིམ་བཞིན་དུ་སྐྱེ་བར་འདོད་པ་ཆོས་ཅན། ཁྱོད་ལའང་གཉིས་པོ་གཅིག་ཆར་དུ་སྐྱེ་བར་འདོད་པའི་ཕྱོགས་ལ་བརྗོད་པའི་ཉེས་པ་དེ་འཇུག་པ་ཡིན་ཏེ། སྔོར་སྣང་དབང་ཤེས་མྱོང་བྱེད་དེ་ལ་སྔོན་པོའི་སྣང་བ་དང་སྔོར་སྣང་དབང་ཤེས་ཀྱི་སྣང་བ་གཉིས་ཐ་དད་དུ་འཆར་བར་ཐལ་བའི་སྒོ་ནས་སྣང་བ་སྣ་ཚོགས་པ་ཉིད་ཀྱིས་བརྩད་པའི་སྐྱོན་འདི་གདོན་པར་དཀའ་བའི་ཕྱིར། མྱོང་བྱེད་དེ་ལ་རྣམ་པ་གཉིས་མྱོང་བར་ཐལ་བ་ལ་འདོད་ནུས་པ་མ་ཡིན་ཏེ། འདི་ལྟར་སྔོར་སྣང་དབང་ཤེས་དྲན་པའི་ཚེ་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་ཉིད་དམ་མྱོང་བ་སྔོར་སྣང་དབང་ཤེས་གཅིག་ཉིད་རྟོགས་ཀྱི། སྔོན་པོར་སྣང་བ་ནི་མྱོང་བ་ལ་མྱོང་བྱེད་རྫས་གཞན་ནི་དམིགས་པ་མ་ཡིན་པའི་ཕྱིར། དོན་ནི། སྔོར་སྣང་དབང་ཤེས་དང་དེའི་རྗེས་སུ་དེ་མྱོང་བྱེད་དང་དེའི་རྗེས་སུ་དྲན་ཤེས་ཏེ་གསུམ་སྐྱེས་པའི་ཚེ་དྲན་ཤེས་དེས་སྔོན་པོ་དང་དེ་ཤེས་དང་དེའི་མྱོང་བྱེད་དེ་གསུམ་པོ་སོ་སོར་དྲན་དགོས་པ་ལས་མ་དྲན། རང་ལུགས་ལ་ནི་དྲན་ཤེས་དེས་ངེས་སྔོན་པོ་མཐོང་ཞེས་གཟུང་འཛིན་གཉིས་སོ་སོར་དྲན་པའོ། །གཉིས་པ་མདོ་མཛད་པའི་ལན་ལ། མདོ་ལས། ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུགས་མེད་དེ་ལའང་དྲན་པ་སྟེ། །དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ལའང་མཐོང་བ་ཉིད། །ཅེས་པའི་དོན་འཆད་པ་ལ། དྲི་བ་དང་ལན་གཉིས་ལས། དང་པོ་ནི། ཤེས་པ་སྔ་མ་རྣམས་ཤེས་པ་ཕྱི་མ་གཞན་གྱིས་རྗེས་སུ་མྱོང་བར་འགྱུར་བ་དེ་ལའང་མྱོང་བྱེད་ཅིག་ཡོད་དགོས་ཏེ། དྲན་པ་མཐོང་བའི་ཕྱིར། འདོད་ན་དེ་ནི་གང་གིས་མྱོང་བ་ཡིན་ཞེས་དྲིའོ། །གཉིས་པ་ལ། མྱོང་བྱེད་ཐུག་མེད་དུ་ཐལ་བ་དང༌། ཡུལ་གཞན་ལ་མི་འཕོ་བར་ཐལ་བའོ། །དང་པོ་ནི། མྱོང་བྱེད་དེ་ཡང་ཕྱི་མ་གཞན་གྱིས་སོ་ཞེ་ན། ཐུག་མེད་དུ་ཐལ་བས་དྲན་པ་སྐྱེ་བའི་དུས་མི་སྲིད་པར་འགྱུར་རོ། །གཉིས་པ་ནི། ཤེས་པ་ཕྱི་མས་སྔ་མ་རིག་པའི་ཕྲེང་བ་རྗེས་སུ་འབྲེལ་བ་ཅན་འདི་སྐྱེད་བྱེད་དེ་ནི་གང་ཞིག་ཡིན་ཞེས་འདྲི། གལ་ཏེ་སྔ་བློ་དེ་ཉིད་དོ་ཞེ་ན། འདི་ལ་ཐལ་བ་དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། བློ་ཕྱི་མ་ཡུལ་གཞན་ལ་ནི་འཕོ་མི་སྲིད་པར་འགྱུར་ཏེ། རང་གི་གཟུང་ཡུལ་གྱི་མཚན་ཉིད་ཚང་བར་གྱུར་པའི་རང་ཉེ་བར་སྐྱེད་བྱེད་ཀྱི་བློ་སྔ་མ་དེ་དག་མི་འཛིན་པར་ནི་ཤེས་པ་ཕྱི་མ་ཇི་ལྟར་ཡུལ་གཞན་ནི་འཛིན་པར་འགྱུར་ཏེ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། བློ་སྔ་མ་འཛིན་པ་མ་བཏང་བར་བློ་ཕྱི་མ་ཕྱི་རོལ་ལ་འཕོ་བའི་ལན་དགག དེ་བཏང་ནས་བློ་ཕྱི་མ་ཕྱི་རོལ་ལ་འཕོ་བའི་ལན་དགག མྱོང་བྱེད་ཀྱི་ཤེས་པ་ཐ་མ་ཕྱི་རོལ་ལ་འཕོ་བ་ན་མྱོང་བྱའི་ཤེས་པ་ཐ་མ་ལ་མྱོང་བྱེད་མེད་པར་འདོད་པའི་ལན་དགག་པའོ། །དང་པོ་ལ། བཞི་སྟེ། བློ་ཕྱི་མས་སྔ་མ་འཛིན་པ་ལ་ཕྱི་རོལ་དོན་གྱིས་གེགས་བྱས་ནས་བློ་ཕྱི་མ་ཕྱི་རོལ་ལ་འཕོ་བའི་ལན་དགག བློ་སྔ་མའི་ནུས་པ་ཟད་ནས་བློ་ཕྱི་མ་དེ་ལ་འཕོ་བའི་ལན་དགག བློ་སྔ་མ་བློ་ཕྱི་མའི་སྐྱེད་བྱེད་ཡིན་གྱི་གཟུང་ཡུལ་མ་ཡིན་པས་དེ་དེ་ལ་འཕོ་བའི་ལན་དགག མི་འཕོ་བར་ཐལ་བའི་ཉེས་པ་དེ་རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། དེས་དེ་འཛིན་པ་ལ་ཕྱི་རོལ་གྱི་དོན་གྱིས་གེགས་བྱས་ནས་ཕྱི་མ་ཕྱི་རོལ་ལ་འཕོ་བས་ན་འཕོ་མི་འགྱུར་གྱི་ཐལ་བས་མི་གནོད་དོ། །ཞེ་ན། བདག་ཉིད་ལ་དམིགས་པའི་ཤེས་པ་སྐྱེད་པའི་རང་བཞིན་དུ་ངེས་པའི་ནང་གི་ཡན་ལག་བློ་སྔ་མ་ནི་དེ་དག་བློ་ཕྱི་མས་འཛིན་པ་ལ་གཞན་ཕྱི་ཡི་ནི་ཡན་ལག་གང་གིས་གེགས་བྱེད་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་ནི་ཉེ་བས་ཀྱང་བློ་མྱོང་བ་དེ་ལ་གེགས་བྱེད་པར་ནུས་པ་མ་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན་ཡུལ་ཕྱི་རོལ་གྱི་དོན་ནི་ཉེ་བ་ན་གང་ཟག་འགས་ཀྱང་བློ་མྱོང་བར་མི་འགྱུར་རོ། །མི་འགྱུར་བར་འདོད་དོ་ཅེ་ན། ཕྱི་རོལ་གྱི་དོན་དེ་ཉེ་བ་མ་ཡིན་པའི་གནས་སྐབས་འགའ་ཡང་ཡོད་པ་མ་ཡིན་པ་དེས་ན་དྲན་པ་འདོད་པ་ནི་ཨ་རེ་མཛེས་ཏེ། རྩ་བ་མྱོང་བ་ནི་མེད་ན་བློའི་དྲན་པ་ནི་མེད་དགོས་པའི་ཕྱིར། གཞན་ཡང་འདས་སོགས་ཀྱི་རྣམ་པར་རྟོག་པ་གང་དག་ལ་ཆོས་ཅན། དོན་ལ་དཔྱོད་པ་མི་སྲིད་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་ཉེ་བ་ནི་ཡོད་པ་མ་ཡིན་ལ། ཡུལ་ལ་འཕོ་བའི་རྒྱུ་ནི་གཞན་ཡང་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་བློ་སྔ་མ་བདག་ལ་དམིགས་པའི་ཤེས་པ་སྐྱེད་པའི་ནུས་པ་རིམ་གྱིས་ཟད་པ་ན། བློ་ཕྱི་མ་ཡུལ་གཞན་ལ་ནི་འཕོ་བར་འགྱུར་རོ། །ཞེ་ན། སྔར་གྱི་བློ་ནི་ནུས་པ་ཟད་ན་བློ་ཕྱི་མ་དོན་ལ་འཕོ་བར་མི་འགྱུར་བས་ཁྱབ་སྟེ། དེའི་ཚེ་ན་དོན་ལ་འཕོ་བར་བྱེད་པའི་བློ་སྔ་མ་དེ་ཉིད་རྒྱུ་གང་ལས་ཡིན་ཏེ། བློ་སྔ་མ་སྔོན་དུ་ཡོད་པ་མེད་པར་བློ་ཕྱི་མ་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། ཡིད་དོན་གཞན་གཟུགས་ལ་ཆགས་པ་ཞེས་བྱ་བས་སྒྲ་ལ་ངེས་པ་འདྲེན་པའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པ་ན་སྒྲ་ངེས་པའི་ཤེས་པ་སྐྱེ་བ་ཚད་མས་མ་རྟོགས་པའི་ཕྱིར། འོ་ན་ཀུན་གཞི་ལས་འཇུག་ཤེས་རིགས་མི་མཐུན་དུ་མ་གཅིག་ཆར་དུ་སྐྱེ་བ་མི་འཐད་དོ། །ཅེ་ན། སྤྱིར་ཀུན་གཞི་ལས་འཇུག་ཤེས་རིགས་མི་མཐུན་དུ་མ་གཅིག་ཆར་དུ་སྐྱེ་ཡང༌། ཀུན་གཞི་ལས་བློ་གཞན་མཐུན་རྐྱེན་མ་ཚང་བ་དག་འབྱུང་བ་མ་ཡིན་ཏེ། ཤིན་ཏུ་གསལ་བའི་སེམས་གཟུགས་ལ་ལྷག་པར་ཆགས་པ་གཅིག་གིས་སྒྲ་ལ་ངེས་པ་འདྲེན་པའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པར་བྱས་པའི་ཕྱིར། ཡིད་བྱེད་སྔ་མ་ལ་ལྟོས་པ་དེ་ལྟ་མ་ཡིན་ན་ཡིད་རྟོག་ཕྱི་མ་གཞན་སྐྱེ་བ་ཡིད་བྱེད་སྔ་མའི་ནུས་པ་འཇུག་པར་ནི་མཚུངས་པ་ལ་ལྟོས་པར་མི་འགྱུར་དགོས་པ་ལས། ལྟོས་པར་རབ་ཏུ་གྲུབ་པ་ཡིན་ཏེ། ཡིད་ཤེས་སྔ་ཕྱི་རིམ་བཞིན་དུ་སྐྱེ་བར་མཐོང་བས་ཀྱང་ངོ༌། །བྱེ་བྲག་པ་ན་རེ། ཡིད་རྟག་པ་ཆ་མེད་ཅིག་ཡིན་པའི་ཕྱིར་གཞན་གཟུགས་ལ་ནི་ཆགས་པའི་ཡིད་གཞན་སྒྲ་ལ་མི་འགྲོ་བའི་ཕྱིར་ན་སྒྲ་ངེས་པའི་ཤེས་པ་གཞན་མི་སྐྱེ་བ་ཡིན་གྱི། བློ་ཕྱི་མ་སྐྱེ་བ་སྔ་མ་ལ་ལྟོས་པ་མ་ཡིན་ནོ་ཞེ་ན། ཡིད་རྟག་པ་གཅིག་ཏུ་ངེས་པའི་རྒྱུ་ལས་བློ་དུ་མ་གཅིག་ཆར་དུ་མི་སྐྱེ་བ་མ་ཡིན་ཏེ། རྐྱེན་གསུམ་ཚང་བའི་གནས་སྐབས་ལ་ལར་འཇུག་ཤེས་དྲུག་གཅིག་ཆར་དུ་འབྱུང་བའི་ཕྱིར་རོ། །ཡིད་གཅིག་པོ་དེ་ལ་འཇུག་ཤེས་དྲུག་ཀའི་ནུས་པ་འཇུག་པར་མཚུངས་པ་ཐམས་ཅད་ཀྱི་ཚེ་ཆོས་ཅན། ཡུལ་གཞན་དང་གཞན་མང་པོ་རྟོགས་པར་མི་འགྱུར་བར་ཐལ། ཡིད་གཅིག་པོ་དེ་ལས་མེད་པར་མཚུངས་པའི་ཕྱིར། གལ་ཏེ་བདག་ཡིད་ལྡན་པ་ཙམ་ལས་ནི་སྐྱེ་བས་མང་པོ་ལྷན་ཅིག་ཏུ་སྐྱེ་བའང་སྲིད་དོ་ཅེ་ན། བདེ་སྡུག་སོགས་གཅིག་ཆར་དུ་སྐྱེ་བར་འགྱུར་ཏེ། རྟག་པར་ལས་སྐྱེ་བའི་ཕྱིར། མི་འགྱུར་ཏེ། རྒྱུ་གཅིག་ལས་བྱ་བ་འབྲས་བུའང་གཅིག་ཁོ་ན་སྐྱེ་བ་ཡིན་ནོ་ཞེ་ན། མར་མེ་གཅིག་གང་ཟག་དུ་མས་ཇི་ལྟར་མཐོང་སྟེ་མི་མཐོང་བར་ཐལ་ལོ། །ཡིད་རྟག་པ་ཆོས་ཅན། ཡིད་ཀྱིས་ཀྱང་ནུས་པ་མེད་པར་འགྱུར་ཏེ། ཕྱིས་ཀྱང་བྱེ་བྲག་མེད་པའི་ཕྱིར་རོ། །རིགས་པ་འདིས་ཆོས་ཅན། གཞན་ཡང་མཚོན་ཏེ། རྒྱང་འཕན་ལུས་རྟག་པ་བློའི་རྒྱུ་དང༌། གྲངས་ཅན་སྐྱེས་བུ་རྟག་པ་རྣམ་འགྱུར་ལ་ལོངས་སྤྱོད་པ་པོར་འདོད་པ་ལ་ཡང་བཤད་པའི་ཕྱིར། གལ་ཏེ་བདག་གི་ཡོན་ཏན་འདུ་བྱེད་ལས་བློ་ཕྱི་མ་ལས་དོན་སྐྱེ་བར་ངེས་སོ་ཞེ་ན། དེ་ཕྱིས་གང་ལས་སྐྱེ་བློ་སྔ་མ་ཉིད་ལས་སོ་ཞེ་ན། ཡིན་མོད། འདོད་པ་གྲུབ་པ་ཉིད་དེ། བློ་སྔ་མ་ལས་ཕྱི་མ་སྐྱེ་བའི་ཕྱིར། གསུམ་པ་ནི། བློ་སྔ་མ་ཕྱི་མའི་སྐྱེད་བྱེད་ཡིན་གྱི་གཟུང་ཡུལ་མ་ཡིན་པས་ན་བློ་ཕྱི་མ་ཡུལ་ལ་འཕོ་ཞེ་ན། བློ་སྔ་མ་ཆོས་ཅན། བློ་ཕྱི་མའི་གཟུང་ཡུལ་ལས་གཞན་མ་ཡིན་པར་ཐལ། བློ་ཕྱི་མས་བཟུང་བ་ཉིད་དང་བློ་ཕྱི་མ་སྐྱེད་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། རང་འཛིན་གྱི་བློ་རང་གི་རྣམ་ལྡན་དུ་སྐྱེད་བྱེད་ཉིད་གཟུང་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར། འོ་ན་སྣང་བ་ཆོས་ཅན། གཟུགས་འཛིན་པའི་མིག་ཤེས་ཀྱི་གཟུང་ཡུལ་ཡིན་པར་ཐལ། དེ་ལ་གཟུགས་ཀྱི་རྣམ་པ་སྐྱེད་བྱེད་ཡིན་པའི་ཕྱིར། ཞེ་ན། འདོད་པ་ཡིན་ཏེ། སྣང་བ་དེ་གཟུང་བ་མ་ཡིན་པར་དེ་འཛིན་གྱི་བློ་སྐྱེད་པ་མེད་པའི་ཕྱིར། གལ་ཏེ་གཟུགས་ཀྱི་ཁྱད་པར་འགའ་ཞིག་སྔར་གཟུང་བ་ཕྱིས་གཟུང་ཡུལ་མ་ཡིན་པར་འགྱུར་བ་བཞིན་དུ་བློ་སྔ་མའང་བློ་ཕྱི་མའི་གཟུང་ཡུལ་མ་ཡིན་པར་འགྱུར་བས་ཡུལ་ལ་འཕོའོ་ཞེ་ན། མི་མཚུངས་ཏེ། བློ་ཆ་ཤས་མེད་པ་ལ་སྔར་རགས་པ་ཕྱིས་ཕྲ་བ་སོགས་སུ་འགྱུར་བ་མེད་པའི་ཕྱིར། གལ་ཏེ་བློ་སྔ་མའི་སྟེང་ན་བློ་ཕྱི་མའི་གཟུང་ཡུལ་བྱེད་པའི་ནུས་པ་དང་དེ་སྐྱེད་པའི་ནུས་པ་གཉིས་ལས། བློ་ཕྱི་མ་ཡུལ་ལ་འཕོ་བའི་ཚེ་བློ་སྔ་མའི་སྟེང་གི་བློ་ཕྱི་མའི་གཟུང་ཡུལ་བྱེད་པའི་ནུས་པ་ཉམས་པར་འགྱུར་གྱི། སྐྱེད་པར་བྱེད་པའི་བདག་ཉིད་ཀྱི་ནུས་པ་གཞན་ཉམས་པ་མ་ཡིན་ནོ་ཞེ་ན། བློ་ཕྱི་མའི་གཟུང་ཡུལ་གྱི་མཚན་ཉིད་ཅན་གྱི་བློ་སྔ་མ་ལ་ནི་ཆོས་ཅན། བློ་ཕྱི་མས་བཟུང་བ་ལས་གཞན་པའི་སྐྱེད་བྱེད་ཀྱི་ནུས་པ་མེད་དོ། བློ་ཕྱི་མ་ལ་རང་གི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར། དཔེར་ན་གཟུགས་སོགས་རང་འཛིན་གྱི་བློས་གཟུང་བ་དེ་ལྟ་མ་ཡིན་པར་ནི་རང་འཛིན་གྱི་བློ་ལ་དངོས་སུ་ཕན་འདོགས་པ་མེད་པས་གཟུང་བའི་མཚན་ཉིད་ལས་གཞན་བློ་འདིའི་སྐྱེད་བྱེད་ཀྱི་དངོས་པོར་ངེས་པ་གཞན་ཅི་ཡོད་དེ་མེད་པ་བཞིན་ནོ། །མདོར་ན་བློ་སྔ་མ་དེ་ཡང་ཆོས་ཅན། བློ་ཕྱི་མའི་གཟུང་ཡུལ་དེ་ཉིད་དུ་རྣམ་པར་གནས་པར་ཐལ། བློ་ཕྱི་མས་གཟུང་བ་དང་བློ་ཕྱི་མ་སྐྱེད་པ་གཉིས་ཚོགས་དེ་ཁྱོད་ལའང་ཡོད་པ་དེའི་ཕྱིར་ཁྱབ་སྟེ། འཛིན་པ་བློ་ཕྱི་མ་ཡི་ནི་ཉེར་ལེན་དང་དེས་མྱོང་བ་གཉིས་ཚོགས་པ་དེ་འདྲ་ཤིག་རྒོལ་བ་ཁྱོད་ཀྱིས་ཁས་བླངས་པ་གང་ཞིག དེའི་ཚེ་ན་དེ་སེམས་ཕྱི་མའི་གཟུང་ཡུལ་ལས་འོས་མེད་པའི་ཕྱིར། །འདི་རང་ལུགས་སུ་ཁས་ལེན་རྒྱུ་མ་ཡིན་པས་ཕྱོགས་སྔ་ཕྱིའི་ཤན་ཕྱེད་པར་བྱེད་དགོས་སོ། །ཇི་སྐད་བཤད་པ་དེ་ལ་ཡང་རྣལ་འབྱོར་པའི་ཡུལ་རྟོགས་ཚུལ་གྱིས་གནོད་དོ་ཞེ་ན། གཟུགས་སོགས་དང་ནི་སེམས་སྔ་མ་ལ་ཇི་སྐད་བཤད་པ་དེ་ལྟར་གཟུང་བའི་མཚན་ཉིད་དུ་དཔྱོད་པ་འདི་ཆོས་ཅན། རྣལ་འབྱོར་པའི་ཡུལ་རྟོགས་ཚུལ་གྱིས་གནོད་པ་མ་ཡིན་ཏེ། མ་དག་པའི་བློ་ཙམ་ལ་དེ་ལྟར་ཡིན་གྱི་རྣལ་འབྱོར་པའི་རྟོགས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། དཔེར་ན་གཞན་སེམས་ཤེས་པའི་མངོན་ཤེས་བཞིན་ནོ། །བཞི་པ་ནི། འོ་ན་གཟུགས་འཛིན་མིག་ཤེས་ཀྱང་ཡུལ་གཞན་ལ་མི་འཕོ་བར་འགྱུར་ཏེ། གཟུགས་གཟུང་ཡུལ་དུ་བྱེད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ་ཞེ་ན། མི་མཚུངས་ཏེ། གཟུགས་སོགས་དེ་ལ་སྔར་རགས་པ་ཕྱིས་ཕྲ་བ་ལ་སོགས་པའི་ངོ་བོ་ཡིས་སྔར་གཟུང་བ་ཕྱིས་གཟུང་བ་མ་ཡིན་པ་ཉིད་དུ་འགྱུར་བ་ཡོད་ན་གཟུགས་སོགས་ཀྱི་བློ་ལ་སྔར་མེད་པ་གང་ཕྱིས་སྐྱེས་པ་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །བློ་ཕྱི་མས་བློ་སྔ་མ་འཛིན་པ་དེའི་ཕྱིར་ན་དོན་གཞན་གཟུགས་སོགས་རྟོགས་པར་མི་འགྱུར་བས་ཁྱབ་སྟེ། རང་གི་བློ་སྔ་མ་དེ་འཛིན་པར་གྱུར་ན་དེ་མ་ཐག་པའི་རྒྱུའི་སེམས་གང་ཡིན་པ་དེ་ཁོ་ན་ཉིད་འཛིན་པར་འགྱུར་དགོས་པ་དེས་ནའོ། །གལ་ཏེ་དངོས་པོ་རྣམས་ལ་ནུས་པ་རྫས་ཐ་དད་པ་དུ་མ་དང༌། དུ་མ་དེ་ལའང་ནུས་པ་གཅིག་ཏུ་གྱུར་པ་ཡོད་དེ། དཔེར་ན་ས་བོན་ཆུ་ལུད་དྲོད་གཤེར་གསུམ་གྱིས་འབྲས་བུ་མྱུ་གུ་གཅིག་བསྐྱེད་པ་བཞིན་ནོ། །དེ་ལྟར་དུ་བློ་སྔ་མ་ལ་ཡང་རེས་འགའ་ནི་རང་འཛིན་པའི་བློ་ཕྱི་མ་ཁོ་ན་སྐྱེད་པ་དང༌། རེས་འགའ་ནི་ཡུལ་འཛིན་པའི་བློ་ཕྱི་མ་སྐྱེད་པར་བྱེད་དོ། །ཅེ་ན། འབྲས་བུ་གཅིག་དང་དུ་མ་དེ་ནུས་པ་རྫས་གཅིག་དང་དུ་མས་བྱེད་པ་མ་ཡིན་ཏེ། ནུས་པ་དུ་མ་དང་གཅིག་མེད་ཀྱང་དངོས་པོ་རྣམས་ངོ་བོ་ཉིད་དམ་ཆོས་ཉིད་ཀྱིས་འབྲས་བུ་གཅིག་དང་དུ་མ་སྐྱེད་པར་བྱེད་ཅེས་རང་དོན་ལེའུར་བརྗོད་ཟིན་པའི་ཕྱིར། གལ་ཏེ་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འབྲས་བུ་འགའ་ཞིག་རྒྱུ་གཅིག་ལས་སྐྱེ་བ་ཅིག་ཀྱང་སྲིད་པའི་ཕྱིར། རྒྱུ་གཅིག་པོ་དེ་ནི་ཆོས་ཅན། འབྲས་བུ་དུ་མ་བྱེད་ཅེས་བརྗོད་དེ། རྒྱུ་གཅིག་ཀྱང་ལྷན་ཅིག་བྱེད་རྐྱེན་གྱི་ཚོགས་པ་ལ་ལྟོས་ནས་འབྲས་བུ་གཉིས་སུ་འགྱུར་བའི་ཕྱིར། རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པ་ཡང་ཡོད་དེ། འབྲས་བུ་གཅིག་ནི་རྒྱུ་རྐྱེན་གྱི་ཚོགས་པ་དག་ལས་བྱུང་བའི་ཕྱིར། གཉིས་པ་ནི། གལ་ཏེ་བློ་གཞན་ཕྱི་མ་དེས་ཕྱི་རོལ་གྱི་དོན་དང་ནི་རྣམ་ཤེས་སྔ་མ་གཉིས་ཀ་འཛིན་པར་འགྱུར་རོ། །ཞེ་ན། ཡི་གེ་ཨ་ཨི་ལ་སོགས་པའི་དོན་གཅིག་ལ་དཔྱོད་པའི་ཚེ་ན་བརྗོད་པ་ཨ་ཨི་གཉིས་པོ་དེར་རིམ་མིན་ཅིག་ཆར་ཉིད་དུ་སྣང་བར་འགྱུར་ཏེ། སྔར་ཨ་འཛིན་ཤེས་པ་ལ་སྣང་བའི་ཡིག་ཨ་དེ་ཕྱིས་ཨ་འཛིན་ཤེས་པ་དེ་ཡུལ་དུ་བྱེད་པའི་ཨ་འཛིན་ཤེས་པ་ལའང་སྣང་བ་ཅན་ཉིད་ཀྱི་ཕྱིར། དཔེར་ན་གཟུགས་འཛིན་ཤེས་པ་དྲན་པའི་དྲན་ཤེས་ལ་གཟུགས་སྣང་དགོས་པ་བཞིན། འདོད་མི་ནུས་ཏེ། རྟག་ཏུ་རིམ་གྱིས་མཐོང་བའི་ཕྱིར་རོ། །ཡང་ཡི་གེ་ཨ་ཅིག་ཀྱང་ཆོས་ཅན། ལན་གཉིས་སུ་སྣང་བར་འགྱུར་ཏེ། བདག་རིག་པའི་ཨ་འཛིན་ཤེས་པ་དང་དེ་རིག་པའི་ཨེ་འཛིན་ཤེས་པ་ལ་ཡང་སྣང་བའི་ཕྱིར། གསུམ་པ་ནི། གལ་ཏེ་བློ་ཕྱི་མ་ཡུལ་གཞན་ལ་འཕོ་བ་ན། མྱོང་བྱའི་ཤེས་པ་ཐ་མ་ཉམས་སུ་མྱོང་བ་མ་ཡིན་ནོ། །ཞེ་ན། ལྷས་སྦྱིན་ཆོས་ཅན། གང་ཟག་གཞན་གྱིས་ཉམས་སུ་མྱོང་བ་བཞིན་དུ། རང་རྒྱུད་ཀྱི་བདེ་སོགས་ཐམས་ཅད་མྱོང་བ་མེད་པར་ཐལ་བར་འགྱུར་ཏེ། རང་རྒྱུད་ཀྱི་བདེ་སོགས་འཛིན་པའི་བློ་ཐ་མ་དེ་མ་མྱོང༌། དེ་མ་མྱོང་བ་ན་ཐ་མ་དེས་སྔ་མ་རྣམས་མྱོང་བར་མི་ཤེས་པའི་ཕྱིར། གལ་ཏེ་མི་མཚུངས་ཏེ། བདག་མྱོང་མངོན་སུམ་ཡིན་ལ། གཞན་གྱི་མྱོང་འགྱུར་མ་ཡིན་ནོ་ཞེ་ན། གང་གིས་ན་དེ་སྐད་དུ་བརྗོད་པར་འགྱུར་ཏེ། བདག་གིས་མྱོང་བ་དེ་གང་ལས་གྲུབ་ཏེ་མ་མྱོང་བའི་ཕྱིར། གལ་ཏེ་མིག་གི་དབང་པོ་རང་ཉིད་གསལ་བ་མ་ཡིན་ཀྱང་དེས་གཟུགས་གསལ་བའི་ཐ་སྙད་བྱེད་པ་བཞིན་དུ་གཟུགས་འཛིན་མིག་ཤེས་ཐ་མ་ལ་མྱོང་བྱེད་མེད་ཀྱང་དེས་གཟུགས་གསལ་བར་འཇོག་གོ་ཞེ་ན། མི་མཚུངས་ཏེ། མིག་གི་དབང་པོ་རང་ཉིད་གསལ་བར་མ་གྲུབ་ཀྱང་གསལ་བའི་རྒྱུ་ཡིན་པས་གསལ་བའི་ཐ་སྙད་བྱེད་པར་འགྱུར་གྱི། གསལ་བའི་ངོ་བོར་འདོད་པའི་མིག་ཤེས་དེ་རང་ཉིད་གསལ་བ་མ་ཡིན་ན་གཟུགས་གསལ་བ་མ་ཡིན་དགོས་ཏེ། གལ་ཏེ་རང་གསལ་བར་མ་གྲུབ་ཀྱང་གཟུགས་སོགས་གསལ་ན་འགྲོ་བ་འདི་མ་ལུས་པ་ཡུལ་གསལ་བར་བྱེད་པ་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། ཚུལ་གཉིས་པ་དང་རང་རིག་པར། །གྲུབ་པ་ཆོས་འདིའི་ཉིང་ཁུ་སྟེ། །རིན་ཆེན་སྤུངས་པའི་ལྷུན་པོ་ལས། །འཁྲུངས་པའི་ས་བརྟོལ་ཡོངས་འདུ་བཞིན། །གཟུང་རྣམ་བསྒྲུབས་པས་ཕྱིར་ལྟའི་ཤེས། །ཐམས་ཅད་རང་རིག་ཉིད་དུ་གྲུབ། །དེ་ནས་དོན་ཀུན་མ་དམིགས་ཕྱིར། །མེད་ཅེས་ངེས་པ་སེམས་ཙམ་གཞུང༌། །མ་དམིགས་གྱུར་ཀྱང་དོན་མེད་ན། །འབྲས་བུ་རྣམ་ཤེས་ལྡོག་པ་ཡི། །རྟགས་ལས་ཡོད་པར་གྲུབ་ཅེས་པ། །མདོ་སྡེ་པ་ཡི་གཞུང་དུ་འདོད། །གཉིས་ཀ་ལྟར་ཡང་ཕྱི་རོལ་དོན། །ཚད་མ་གཉིས་ཀྱིས་མ་དམིགས་པ། །གཟུང་འཛིན་གཉིས་སུ་མེད་པ་ཡི། །ཚུལ་ལ་འཇུག་པའི་སྒོ་ཆེན་པོ། །འཛིན་རྣམ་བསྒྲུབས་པས་གཉིས་སྟོང་གི །རང་རིག་དོན་དམ་ཉིད་དུ་གྲུབ། །རང་བཞིན་གྱིས་དག་འོད་གསལ་བ། །འདི་ཡིས་སྒྱུ་མའི་ཆོས་ཀུན་སྤྲུལ། །དྲན་པའི་རྟགས་ལས་རང་རིག་པར། །བསྒྲུབ་པས་ཤེས་ཀུན་རང་དུས་སུ། །མྱོང་བྱེད་འཛིན་པའི་རྣམ་པ་དང༌། །ཡུལ་ཕྱི་རྣམ་པའང་ཤར་བར་གྲུབ། །ང་ཡིས་སྔོན་པོ་མཐོང་སྙམ་དུ། །དྲན་པའི་ཚེ་ན་ང་ཞེས་པ། །འཛིན་རྣམ་བྱེད་པ་པོ་ཉིད་དེ། །སྔོན་པོ་མཐོང་བ་འབྲས་བུར་བཞག །འབྲས་བུ་དེ་ཡང་དྲན་པའི་ངོར། །ཡིན་གྱི་ངེས་པའི་དོན་དུ་ན། །སྔོན་པོའི་རྣམ་པ་མཐོང་བ་སྟེ། །དེ་ཕྱིར་འབྲས་བུ་རང་རིག་ཉིད། །བྱེད་པོ་འཛིན་པའི་རྣམ་པ་དང༌། །རང་རིག་བྱ་བྱེད་དངོས་ཡིན་ལ། །གཟུང་རྣམ་དོན་འདྲ་བ་དེ་ཡང༌། །བྱ་བའི་ལས་དང་ལྡན་པའི་ཕྱིར། །མ་དཔྱད་ཕྱི་རོལ་དོན་རྟོགས་དང༌། །དཔྱད་ཚེ་རང་ཉིད་རིག་པ་ཡི། །བྱེད་པོར་བཏགས་ནས་བཞག་གོ་ཅེས། །བྱ་བ་རྣམ་པར་ངེས་པའི་གཞུང༌། །འཛིན་རྣམ་རང་རིག་རང་གསལ་བ། །བྱེད་པོ་ཡིན་ཕྱིར་དམ་པའི་བདག །ལས་ཀུན་བྱེད་པ་པོ་དང་ནི། །མྱོང་བ་པོར་ཡང་དེ་འདོད་མོད། །ངར་འཛིན་ཡུལ་ལས་འདས་པའི་ཕྱིར། །ཐ་མལ་བདག་དང་དེ་མི་འདྲ། །བདག་མེད་ན་ཡང་མྱོང་བ་ལས། །དྲན་པ་འབྱུང་ཞེས་གསུངས་པ་ཡི། །མྱོང་བྱ་མྱོང་བྱེད་གཉིས་མེད་པའི། །འཛིན་རྣམ་གང་གིས་རིག་དེ་མཁས། །འདི་ནི་ཆོས་འཁོར་རྣམ་གསུམ་པོའི། །ངེས་དོན་མཐར་ཐུག་དབུ་མའི་ལམ། །བལྟ་བྱ་ལྟ་བྱེད་གཉིས་མེད་པའི། །དབུ་མའི་ལྟ་བ་འདི་ཡིན་ནོ། །དེ་ལས་ཚུལ་ཆེན་པོ་ཡི་ནི། །ལམ་གྱི་སྒྲུབ་གཞི་ཆོས་དབྱིངས་ཀྱི། །ཡེ་ཤེས་སེམས་ཀྱི་རྡོ་རྗེ་ཡང༌། །གཞུང་འདིས་མ་རྙེད་གཞན་མི་བཙལ། །རྣམ་འགྲེལ་ཉི་མ་ཆེར་འབར་བ། །དེང་དུས་ངན་རྟོག་མུན་པའི་ལམ། །སེལ་བྱེད་རིགས་པའི་སྣང་བ་འདི། །ཐུབ་བསྟན་ཉིན་མོའི་དཔལ་དུ་བསྔོ། །ཞེས་ཚད་མ་རྣམ་འགྲེལ་ལས་མདོ་སེམས་དང་དབུ་མའི་ལམ་གསལ་བར་སྟོན་པ་མངོན་སུམ་གྱི་ལེའུ་ཞེས་བྱ་བ། བསྟན་བཅོས་བརྩམས་པའི་གོ་རིམ་གྱི་གཉིས་པར་བྱུང་བ་དེའི་རྣམ་པར་བཤད་པ་འདི་ཡང་དགོངས་པའི་ཟུར་རྣམས་དཔྱིས་ཕྱིན་ཞིང༌། གཞུང་གི་འབྲུ་གཉེར་ཚུལ་བཟུང་བདེ་བར་སྦྱར།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*