དཀའ་འགྲེལ་རིགས་པའི་སྣང་བ། ཁ ༽

ཞེས། ཇི་བཞིན་ཞེས་སོགས་སོ། །ཡང་ན་རྗེས་དཔག་དང་དེར་སྣང་བ་མངོན་སུམ་གཉིས་ཆོས་ཅན། རང་མཚན་སྣང་མི་སྣང་གི་ཁྱད་པར་ཡོད་ཀྱང༌། ཚད་མ་ཉིད་དུ་རྣམ་པར་བཞག་པ་ལ་ཁྱད་པར་མེད་དེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པ་ནི་དོན་བསྡུ་བའོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། གཞལ་བྱ་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་གང་ལ་ཞེས་སོགས། འོ་ན་ལྐོག་གྱུར་རྟོག་པའི་ཐབས་དེ་གང་ཡིན་ཞེ་ན། མ་མཐོང་ཞེས་སོགས། དེ་ལས་དེ་རྟོགས་ན་ཧ་ཅང་ཐལ་ལོ་ཞེ་ན། གལ་ཏེ་ཞེས་སོགས། ལྐོག་གྱུར་ཐམས་ཅད་རྟགས་ཀྱིས་རྟོགས་ནུས་སམ་ཞེ་ན། དེ་ཚེ་ཞེས་སོགས་སོ། །དེའི་ཕྱིར་ཚུལ་གསུམ་པ་ཅན་གྱི་རྟགས་ལས་ལྐོག་གྱུར་གསར་དུ་རྟོགས་པའི་བློ་ཡིན་ན། རྗེས་དཔག་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྒྲུབ་ཀྱི་གཏན་ཚིགས་ལ་ཁྱབ་འབྲེལ་གྲུབ་བོ་ཞེས་སྟོན་པ་ནི། འབྲེལ་པ་ཞེས་སོ། །གསུམ་པ་དོན་བསྡུ་བ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། གཞལ་བྱ་ལ་དེར་ངེས་པའི་རྟགས་ཀྱིས་ཚད་མ་ལ་དེར་ངེས་པ་བཞེད་པ་ཡིན་ཏེ། ཚད་མ་ལ་གཉིས་ལས་གྲངས་མང་བར་མི་བཞེད་པ་གང་ཞིག གཞལ་བྱ་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པར་བཞེད་པའི་ཕྱིར། མདོར་ན། ཚད་མ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་པའི་མདོ་ཆོས་ཅན། ཚད་མ་གཉིས་ལས་གྲངས་ཉུང་བའི་ལོག་རྟོག་ཀྱང་བསལ་བ་ཡིན་ཏེ། སྤྱི་མཚན་གཞལ་བྱར་བསྟན་པའི་ཕྱིར། ཞེས་མངོན་སུམ་དང༌། གཞལ་བྱ་གཉིས་ཞེས་སོགས་སོ། །གཉིས་པ་གནོད་བྱེད་མེད་པར་བསྟན་པ་ལ། གྲངས་ཉུང་བར་འདོད་པ་རྒྱང་འཕན་གྱི་གནོད་བྱེད་མེད་པར་བསྟན། གྲངས་མང་བར་འདོད་པ་རིགས་པ་ཅན་པ་སོགས་ཀྱི་གནོད་བྱེད་མེད་པར་བསྟན། དང་པོ་ནི། རྒྱང་འཕན་པ་ན་རེ། རྗེས་དཔག་ཚད་མ་མིན་ཏེ། སྤྱི་མཚན་གཞལ་བྱ་མིན་པའི་ཕྱིར་དང༌། མངོན་སུམ་ལ་མི་སྣང་བའི་གཞལ་བྱ་མེད་པའི་ཕྱིར། དེ་སྒྲུབ་པ་ནི། སྤྱི་མཚན་ཆོས་ཅན། གཞལ་བྱ་མིན་ཏེ། དངོས་པོར་མེད་པའི་ཕྱིར། དེ་དགག་པ་ལ། སྒྲུབ་བྱེད་ལ་བརྟགས་ནས་དགག་པ་དང༌། བསྒྲུབ་བྱ་དགག་པའོ། །དང་པོ་ནི། སྒྲ་མི་རྟག་པའི་དོན་སྤྱི་ཆོས་ཅན། འཇུག་ཡུལ་མིན་ཏེ། དངོས་པོར་མེད་པའི་ཕྱིར་ཟེར་རམ། དེ་ཆོས་ཅན། སྤྱི་དེ་གཞལ་བྱ་མིན་དེ་དངོས་པོར་མེད་པའི་ཕྱིར་ཟེར། དང་པོ་ལྟར་ན་རྒྱང་འཕན་པ་ཆོས་ཅན། ཁྱོད་ཀྱིས་སངས་རྒྱས་པའི་ངོར་དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་མི་དགོས་ཏེ། དེ་དེ་ཡིན་པར་སངས་རྒྱས་པས་གྲུབ་ཟིན་པའི་ཕྱིར། གཉིས་པ་ལྟར་ན། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་མིན་ཏེ། ཁྱོད་ཀྱིས་དེ་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་ཕྱིར། ཞེས་མེད་པ་དང༌། ཁོ་བོ་དང་མེད་པའང་རྣམས་སོ། །གཉིས་པ་ལ། རྗེས་དཔག་ཚད་མ་ཡིན་པ་ལ་སྒྲུབ་བྱེད་དང༌། མིན་པ་ལ་གནོད་བྱེད་དོ། །དང་པོ་ལ་ཁས་བླངས་ནང་འགལ་བའི་སྒྲུབ་བྱེད་དང༌། རང་རྒྱུད་ཀྱི་སྒྲུབ་བྱེད་དོ། །དང་པོ་ནི། རྗེས་དཔག་ཚད་མ་ཡིན་པར་ཐལ། སྤྱི་མཚན་གཞལ་བྱ་ཡིན་པར་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེ་མངོན་སུམ་གྱིས་ངེས་སོ་ཞེ་ན། དབང་པོའི་མངོན་སུམ་ཆོས་ཅན། དངོས་མེད་ལ་མི་འཇུག་སྟེ། བཟུང་དོན་ལས་སྐྱེས་པའི་ཕྱིར། གལ་ཏེ་སྤྱི་མཚན་གཞལ་བྱ་མིན་པ་དེ་མངོན་སུམ་གྱིས་མ་དམིགས་ཀྱང༌། སྤྱི་མཚན་ཆོས་ཅན། གཞལ་བྱ་མིན་ཏེ། མངོན་སུམ་གྱིས་མ་དམིགས་པའི་ཕྱིར་ཞེ་ན། འོ་ན་སྤྱི་མཚན་གཞལ་བྱ་མིན་པ་དེ་ཆོས་ཅན། མེད་པར་ཐལ། མངོན་སུམ་གྱིས་མ་དམིགས་པའི་ཕྱིར། གསུམ་ཆར། དང་པོ་ལ་ཡང༌། རྗེས་དཔག་ལ་ཚད་མ་གྲུབ་པར་ཐལ། མངོན་སུམ་གྱིས་མ་དམིགས་པ་དེ་སྤྱི་མཚན་གཞལ་བྱ་མིན་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། ཞེས་རིམ་པར། དེ་ངེས་དང༌། མེད་ལ་དང༌། གལ་ཏེ་དང༌། འགལ་བ་དང༌། དེ་ཉིད་རྣམས་སོ། །གཉིས་པ་ནི། གཞན་སེམས་ཞེས་སོ། །བསླུ་མེད་ཕྱིར་ཞེས་སྨྲ་པ་ལ། གལ་ཏེ་རྟགས་ལ་མི་བསླུ་བ་ཡང་འཁྲུལ་པ་མཐོང་བའི་ཕྱིར། ཚུལ་གསུམ་ཚང་བའི་རྟགས་ཐམས་ཅད་ལ་ཡིད་བརྟན་མེད་དོ། །འཁྲུལ་པའི་དཔེ་ནི་སྔོ་སང་གི་བུ་ཡིན་པའི་རྟགས་ཀྱིས་ལྷས་སྦྱིན་གྱི་བུ་སྔོ་སང་སུ་སྒྲུབ་པ་དང༌། སྐྱུ་རུ་ར་ཡིན་པའི་རྟགས་ཀྱིས་འགའ་ཞིག་རོ་སྐྱུར་པོ་དང་ལྡན་པར་སྒྲུབ་པ་ལྟ་བུ་ཞེས་ཟེར་རོ། །རྟགས་དེ་དང་ཆོས་ཅན། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་མིན་ཏེ། དེ་མིན་པ་ལ་རྒྱང་འཕན་གྱིས་མཐོང་བ་ཙམ་ཡིན་པའི་ཕྱིར། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཡིན་ན། ཁྱབ་པ་འཁྲུལ་པ་མི་སྲིད་དེ། དེ་ཡིན་ན་རྟགས་ཆོས་གཉིས་ལ་རང་བཞིན་འབྲེལ་པ་ངེས་དགོས་པའི་ཕྱིར། ཞེས་རིམ་པར། གལ་ཏེ་དང༌། རྟགས་ལོགས་དང༌། གང་ལས་རྣམས་སོ། །གཉིས་པ་གནོད་བྱེད་ནི། སྤྱི་ཡི་ཞེས་སོགས། གལ་ཏེ་མེད་པ་ཐོབ་འགྱུར་ཞེས་པ་ལ་ཁྱབ་པ་མེད་དེ། རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་ལ་ལྐོག་གྱུར་སྣང་བ་ཡིན་ནོ་ཞེ་ན། མངོན་སུམ་ཆོས་ཅན། ལྐོག་གྱུར་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པ་མིན་ཏེ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་ཚད་མ་ཆོས་ཅན། རྗེས་དཔག་ཁོ་ནར་ངེས་ཏེ། རྟོག་པར་གྱུར་པའི་ཚད་མ་ཡིན་པའི་ཕྱིར། ཞེས་རྣམ་རྟོག་ཅེས་སོ། །གཉིས་པ་ནི། མདོར། ཡང་ཡང་ཤེས་པ་མིན་ཏེ། ཐུག་པ་མེད་ཕྱིར་གྲངས་སོགས་བཞིན། །ཞེས་པའི་དོན་འཆད་དེ། འདི་ལ་ཕྱོགས་སྔ་མ་བཞག་པ་དང༌། དེ་སུན་ཕྱུང་བའོ། །དང་པོ་ལ། ཁ་དོག་མི་རྟག་པར་རྟོགས་པའི་བློ་ཚད་མ་ཕུང་པོ་གསུམ་པ་ཡིན་ནོ་ཞེས་དང༌། ཁྱད་པར་ངོ་ཤེས་ཀྱི་བློ་ཚད་མ་ཕུང་པོ་གསུམ་པ་ཡིན་ནོ་ཞེས་དང༌། དེ་གཉིས་ཀའི་དོན་བསྡུ་བ་དང༌། གཞལ་བྱ་གཉིས་མཐོང་བའི་རྟགས་ཀྱིས་ཚད་མ་གསུམ་གྱི་གྲངས་སེལ་མི་ནུས་པའི་རྩོད་པ་རྣམས། རིམ་པར་གཞལ་བྱ་ངེས་ན་དང༌། ཁྱད་པར་དང༌། གཞལ་བྱ་མང་ཕྱིར་དང༌། གཅིག་གསུམ་དང༌། ཡུལ་ངེས་པ་སྦྲེལ་བའི་རྐང་པ་གཉིས་རྣམས་སོ། །གཉིས་པ་ལ། ཁ་དོག་མི་རྟག་པ་རྟོགས་པའི་བློ་ཚད་མ་ཕུང་གསུམ་ཡིན་པ་དགག ཁྱད་པར་ངོ་ཤེས་ཀྱི་ཚད་མ་ཕུང་གསུམ་ཡིན་པ་དགག་པའོ། །དང་པོ་ལ། ཐེག་ཆེན་རང་ལུགས་ཀྱི་མི་རྟག་པའི་འདོད་ཚུལ་ངོས་བཟུང་ནས་དེ་ལྟར་རྟོགས་པའི་བློ་ཚད་མ་ཕུང་པོ་གསུམ་ཡིན་པ་དགག ཉན་ཐོས་སྡེ་གཞན་གྱི་ཁ་དོག་མི་རྟག་པའི་འདོད་ཚུལ་ངོས་བཟུང་ནས། དེ་ལྟར་རྟོགས་པའི་བློ་ཚད་མ་ཕུང་གསུམ་ཡིན་པ་དགག ཞར་ལ་བྱེ་བྲག་པའི་མི་རྟག་པའི་འདོད་ཚུལ་ཡིན་པ་དགག་པའོ། །དང་པོ་ནི། འོ་ན་བྱས་པའི་རྟགས་ལས་ཁ་དོག་མི་རྟག་པ་གསར་དུ་རྟོགས་པའི་བློ་ཚད་མ་ཕུང་གསུམ་པར་འདོད་དམ། ཁ་དོག་མི་རྟག་པ་རང་མཚན་འཛིན་པའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་ངེས་པའི་ངེས་ཤེས་དེ་ཚད་མ་ཕུང་གསུམ་པ་ཡིན་པར་འདོད། དང་པོ་ལྟར་ན། དངོས་དང༌། རྩོད་པ་སྤང་བ་གཉིས། དང་པོ་ནི། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པ་གསར་དུ་རྟོགས་པའི་བློ་ཆོས་ཅན། ཚད་མ་ཕུང་པོ་གསུམ་པ་མིན་ཏེ། ཁ་དོག་རང་མཚན་ལ་མི་རྟག་པའི་སྤྱི་སྦྱར་ནས་འཛིན་པའི་རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་ལ། ཞར་བྱུང་གི་རྩོད་པ་སྤང་བ་དང༌། སྐབས་སུ་བབ་པའི་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་བྱས་པའི་རྟགས་ལས་ཁ་དོག་དངོས་མེད་དུ་བསྒྲུབ་པར་ཐལ། རྟགས་དེ་ལ་བརྟེན་པའི་ཚད་མ་ཁ་དོག་མི་རྟག་པའི་སྤྱི་ལ་སྦྱོར་བའི་ཕྱིར་ཞེ་ན། དེ་ལ་ཁྱབ་པ་མེད་དེ། དེས་དེ་དེ་ལ་སྦྱར་བས་ཁ་དོག་མི་རྟག་པར་བསྒྲུབས་ཤིང་རྟོགས་པའི་ཕྱིར། གཞན་ལས་གཞན་མི་འགྲུབ་བོ་ཞེ་ན། རྗེས་དཔག་དེ་ཆོས་ཅན། ཁ་དོག་མི་རྟག་པ་རང་མཚན་ལ་མི་བསླུ་བ་ཡིན་ཏེ། ཁ་དོག་མི་རྟག་པའི་སྤྱི་ལ་དེ་རང་མཚན་དུ་ཞེན་ནས་ཞུགས་པས་དེ་རང་མཚན་ཐོབ་པར་ནུས་པའི་ཕྱིར། ཞེས་རིམ་པར། སྐྱོན་འདིར་དང༌། དངོས་མེད་དང༌། གཞན་ལས་དང༌། མིན་ཏེ་རྣམས་སོ། །དེ་ཉིད་རྒྱས་པར་འཆད་པ་ལ། བསྒྲུབ་བྱ་རྟགས་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་བསླུ་བའི་ཚུལ་དང༌། དགག་རྟགས་ལ་རྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་བསླུ་བའི་ཚུལ་ལོ། །དང་པོ་ནི། གོང་དུ། རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང༌། །ཞེས་དང༌། དོན་བྱེད་པ་དང་རྗེས་འབྲེལ་བས། ཞེས་བཤད་ན། འབྲེལ་བའི་ཚུལ་ཇི་ལྟ་བུ། འཇུག་ཡུལ་རང་མཚན་མི་སྣང་ཡང་དེ་ལ་མི་བསླུ་བའི་རྒྱུ་མཚན་ཅི་ཞེ་ན། དུ་ལྡན་ལའི་སྟེང་གི་མིའམ་སྒྲ་མི་རྟག་པ་ཆོས་ཅན། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། དེས་དེ་ལྟར་སྒྲུབ་པའི་རྟགས་འཛིན་སེམས་ཆོས་ཅན། དེས་དེ་ལྟར་སྒྲུབ་པའི་རྟགས་ཅན་རྗེས་དཔག་གི་རྒྱུ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་དང༌། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྟགས་ཅན་རྗེས་དཔག་གཉིས་ཀ་ཆོས་ཅན། འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་དངོས་སུ་མི་སྣང་ཡང༌། དེ་ལ་དངོས་སུ་མི་བསླུ་བ་ཡིན་ཏེ། དེ་ལ་རྒྱུད་ནས་འབྲེལ་བའི་ཡུལ་ཅན་ཡིན་པའི་ཕྱིར། འོ་ན་འཁྲུལ་པར་འགལ་ལོ་ཞེ་ན། གཉིས་པོ་ཆོས་ཅན། འཁྲུལ་པ་ཡིན་ཏེ། དེ་མིན་ལ་དེར་ཞེན་པའི་བློ་ཡིན་པའི་ཕྱིར། ཞེས་རིམ་པར། དངོས་གང་དང༌། དེ་ལས་དང༌། དེ་ལྟར་དང༌། འབྲེལ་ཕྱིར་དང༌། དེ་ཡི་ངོ་བོ་རྣམས་སོ། །དེ་དག་གི་བསྡུ་བ་ནི། དེ་ཕྱིར་ཞེས་སོ། །གཉིས་པ་ལ། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པའི་རྟགས་གཉིས་ཀྱིས་དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པའི་སྒོ་ནས་དགག་བྱ་འགོག་དགོས་པས། རྟགས་དེ་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་བསླུ་བའི་ཚུལ་དང༌། དེ་ལས་གཞན་པའི་དགག་རྟགས་མི་སྲིད་པར་བསྟན་པའོ། །དང་པོ་ནི། དགག་རྟགས་ལ་བརྟེན་པའི་རྗེས་དཔག་ཐམས་ཅད་འཇུག་ཡུལ་ལ་མི་བསླུ་བ་ཡིན་ཏེ། དགག་པའི་གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་ཡིན་ན། རང་གི་རྟེན་གཏན་ཚིགས་དེའི་རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ལ་སྐྱེས་པས་ཁྱབ། ཚད་མ་དེ་ཡིན་ན་རང་གི་བཟུང་བའི་འབྲེལ་ཟླ་དེ་གང་ལ་དངོས་འབྲེལ་གྲུབ་པའི་འབྲེལ་ཡུལ་དེ་ལས་སྐྱེས་པས་ཁྱབ། འབྲེལ་ཡུལ་དེའི་རིགས་འདྲའི་རྒྱུན་ཕྱི་མ་དེ་ཡིན་ན་རྗེས་དཔག་དེའི་འཇུག་ཡུལ་ཡིན་དགོས་པའི་ཕྱིར། དཔེར་ན་མེ་དེ་མེ་མེད་ཀྱི་རྟགས་ཀྱིས་མཚན་མོའི་རྒྱ་མཚོར་དུ་མེད་དུ་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་ཡིན་དགོས་པ་བཞིན། ཞེས་སྟོན་པ་ནི། དགག་པ་ཉིད་ནི་ནས་ཐ་དད་མེད་ཀྱི་བར་རོ། །གཉིས་པ་ནི། འགལ་དང་ཞེས་སོ། །འོ་ན་འགལ་བ་གྲུབ་པ་དེ་གང༌། ཐབས་བཅས་པ་བཀག་པ་དེ་ཅི་ཞེ་ན། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། གཉིས་སུ་དབྱེར་ཡོད་དེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་གཉིས་སུ་དབྱེར་ཡོད་པའི་ཕྱིར་ཞེས་འགལ་ཏེ། ཞེས་སོགས། འདི་ལ་གང་མེ་སྟོབས་ཆེན་པས་ཁྱབ་པར་ནོན་པའི་གཞི་ཡིན་ན། གྲང་རེག་རྒྱུན་ཆགས་པ་མེད་པའི་གཞི་ཡིན་པས་ཁྱབ། དཔེར་ན་ཚང་མང་བཞིན། དེས་ཁྱབ་པར་ནོན་པའི་ཤར་གྱི་གཞི་ཡང་དེ་ཡིན་ནོ་ཞེས་བཀོད་པའི་ཚེ་ན་དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གང་ཞིག ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཀྱི་ཁྱད་པར་བྱེད་ཆོས་སུ་བཟུང་བྱ་དེ་ཡིན་ན། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་བྱེད་ཆོས་སུ་བཟུང་བྱ་དེ་དང་ལྷན་ཅིག་མི་གནས་འགལ་ཡིན་པས་ཁྱབ་པའི་ཕྱིར། ཡོད་པ་དེ་མྱུ་གུ་བདག་ལས་མི་སྐྱེ་བར་བསྒྲུབ་པའི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་གཏན་ཚིགས་ཡང་དག་ཡིན་པར་སྒྲུབ་པ་ལའང་དེ་བཞིན་དུ་སྦྱོར། གཉིས་པ་ཐབས་བཅས་པ་བཀག་པ་ནི། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དེ། དེ་ལ་ཡང་གསུམ་དུ་ཕྱེ་ནས་འཆད་པ་ནི། ཇི་ལྟར་ཞེས་སོགས་གཉིས་པ་སྐབས་སུ་བབ་པའི་རྩོད་སྤོང་ནི། ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཞེས་པ་རྗེས་དཔག་གི་དབང་དུ་བྱས་པ་ཡིན་པས། མངོན་སུམ་གྱི་ཡུལ་རྟོགས་ཚུལ་ལ་མ་ཁྱབ་པའི་སྐྱོན་མེད་ཅེས་སྟོན་པ་ནི། རྗེས་སུ་དཔག་པ་ཞེས་སོགས་སོ། །གཉིས་པ་ལྟར་ཡིན་ནོ་ཞེ་ན། དེ་དགག་པ་ལ་གཉིས་ཏེ། རྟགས་འགོད་པ་དང༌། དེ་སྒྲུབ་པའོ། །དང་པོ་ནི། ཁ་དོག་མི་རྟག་པ་འཛིན་པའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་ཁ་དོག་མི་རྟག་པར་ངེས་པའི་ངེས་ཤེས་ཆོས་ཅན། ཚད་མ་མིན་ཏེ། རང་གི་དངོས་ཀྱི་ཉེར་ལེན་ཚད་མ་སྔ་མས་བཟུང་ཟིན་བསྣན་ནས་འཛིན་པའི་དྲན་བློ་ཡིན་པའི་ཕྱིར། གཉིས་པ་ལ། འཁྲུལ་རྒྱུ་མེད་པའི་ཚེ་མངོན་སུམ་རང་ཉིད་ཀྱི་ཁ་དོག་མི་རྟག་པ་ལ་ངེས་པ་འདྲེན་པའི་ཚུལ། འཁྲུལ་རྒྱུ་ཡོད་པའི་ཚེ་ན་རྟགས་ཀྱིས་སྒྲུབ་དགོས་པར་བསྟན་པའོ། །དང་པོ་ནི། དངོས་ལས་དང༌། གཉིས་པ་ནི། དེ་མ་གྲུབ་ན་ཞེས་སོ། །གསུམ་པ་ནི། ཁ་དོག་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་འཇིག་པ་ལ་ཁ་དོག་མི་རྟག་པའི་དོན་དུ་བཤད་པ་ལས་ཡང་ན་སྔ་དྲོའི་ཁ་དོག་ཞིག་པའི་རྟགས་ཀྱིས་ཕྱི་དྲོའི་དུས་འདིར་ཁ་དོག་མི་རྟག་པར་གསར་དུ་རྟོགས་པའི་བློ་ཆོས་ཅན། ཚད་མ་ཕུང་པོ་གསུམ་པ་མིན་ཏེ། རྗེས་དཔག་ཡིན་པའི་ཕྱིར། ཞེས་ཡང་ན་འདིར་ནི་ཞེས་སོ། །གསུམ་པ་ནི། བྱེ་བྲག་པ་ན་རེ། དངོས་ལས་མི་རྟག་གཞན་དུ་མེད། །ཅེས་དངོས་ལ་མི་རྟག་པ་བཤད་པ་མི་འཐད་དེ། དེ་ལྟ་ན་ནམ་མཁའ་ཡང་མི་རྟག་པར་ཐལ་བའི་ཕྱིར་རོ། །སྔར་བྱུང་དངོས་པོ་མེད་གྲུབ་པ། ཞེས་དངོས་མེད་ལ་མི་རྟག་པར་བརྗོད་པ་ཡང་མི་འཐད་དེ། དངོས་མེད་ལ་དྲུག་པའི་སྒྲ་བརྗོད་དུ་མི་རུང་བའི་ཕྱིར། དེའི་ཕྱིར་མཐའ་གཉིས་ཀྱི་བར་དུ་ཡོད་པའི་ཡོད་པའམ། ཡོད་པ་དེ་དང༌། འཕྲོ་འདུའི་འབྲེལ་པ་གྲུབ་པའི་ངང་ཚུལ་ཅན་དེ་མི་རྟག་པ་ཡིན་ནོ། །ཞེས་པའི་ཕྱོགས་སྔ་ནི། གང་གི་ཞེས་སོགས། དེ་དགག་པ་ལ། སྔ་ཕྱིར་མེད་པ་མཐའ་ཡིན་ན་དྲུག་སྒྲ་སོགས་སྦྱོར་དུ་མི་རུང་བར་ཐལ་བའི་ཁས་བླངས་ནང་འགལ་གྱིས་དགག རྒྱུ་འབྲས་མཐའ་ཡིན་ན། དངོས་པོ་སྔར་མེད་གསར་བྱུང་མེད་པར་ཐལ་བའི་ཁས་བླངས་ནང་འགལ་གྱིས་དགག དྲུག་སྒྲ་སྦྱོར་བ་བརྗོད་བྱ་ཐ་དད་ལ་མི་ལྟོས་པར་བསྟན་པས་འཇུག་བསྡུ་བའོ། །དེ་རྣམས་ནི། དེ་མཐའ་དང༌། གལ་ཏེ་རྒྱུ་འབྲས་དང༌། དེ་ཕྱིར་མེད་དོ་དོན་རྣམས་སོ། །གཉིས་པ་ཁྱད་པར་ངོ་ཤེས་ཀྱི་བློ་ཕུང་པོ་གསུམ་ཡིན་པ་དགག་པ་ལ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བ་རྣམས་ནི། སྐད་ཅིག་དང༌། གཞན་དང༌། འཚམས་ནི་དང་གལ་ཏེ་དེ་རྟག་རྣམས་སོ། །གཉིས་པ་མངོན་སུམ་གཏན་ལ་དབབ་པ་ལ། མངོན་སུམ་ཡང་དག་བཤད། ལོག་ཕྱོགས་མངོན་སུམ་ལྟར་སྣང་བཤད། མངོན་སུམ་ཚད་མའི་འབྲས་བུ་བཤད་པའོ། །དང་པོ་ལ། མཚན་ཉིད་དང༌། མཚན་གཞིའི་དབྱེ་བ། དབྱེ་བ་དེ་ལ་དོགས་པ་སྤངས་ཏེ་མཇུག་བསྡུ་བའོ། །དང་པོ་ནི། མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པའི་དོན་འཆད་པར་བྱེད་དེ། འདི་ལ་མངོན་སུམ་རྟོག་པ་དང་བྲལ་བའི་སྒྲུབ་བྱེད་རྒྱས་པར་བཤད། རྟོག་པ་ཡིན་པ་ལ་གནོད་བྱེད་རྒྱས་པར་བཤད། སྒྲུབ་བྱེད་དང་གནོད་བྱེད་བསྡུས་ཏེ་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ་རྟོག་པ་ཙམ་དང་བྲལ་བའི་སྒྲུབ་བྱེད། རྟོག་པ་སོ་སོ་བ་དང་བྲལ་བའི་སྒྲུབ་བྱེད་དོ། །དང་པོ་ལ་རང་ལུགས་ཀྱི་སྒྲུབ་བྱེད་བཤད་པ་དང༌། འབྲེལ་བྱེད་གཞན་གྱི་སྒྲུབ་བྱེད་མི་འཐད་པར་བསྟན་པའོ། །དང་པོ་ལ་སྒྲུབ་བྱེད་ཡོད་པར་བསྟན། གནོད་བྱེད་མེད་པར་བསྟན། དང་པོ་ལ། རྟོག་བྲལ་གྱི་དོན་མངོན་སུམ་གྱིས་འགྲུབ་པར་བསྟན། ཐ་སྙད་རྟོགས་ཀྱིས་སྒྲུབ་དགོས་པའོ། །དང་པོ་ལ་རིགས་བཅད་པ་ན་རེ། མངོན་སུམ་ནི་རྟོག་པ་དང་བཅས་པ་ཡིན་ཏེ། གཟུགས་ལ་སོགས་པ་མཐོང་བ་ན་འདིའོ་སྙམ་དུ་འཛིན་པའི་ཕྱིར། སྤྱོད་པ་པ་ན་རེ། དང་པོར་དོན་མཐོང་བའི་ཤེས་པ་སྐད་ཅིག་མ་གཅིག་ཁོ་ན་རྟོག་པ་མེད་པ་ཡིན་ལ། གཞན་ཐམས་ཅད་རྟོག་པ་དང་བཅས་པའོ། །ཞེས་ཟེར་རོ། །སྒྲའི་ཚངས་པ་པ་ན་རེ། །སྒྲའི་རྗེས་འཇུག་མ་རྟོགས་པ། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །ལྡན་པ་ཉིད་དུ་མཐོང་བ་ཡིན། །ཞེས་ཟེར་རོ། །མདོར་ན་མངོན་སུམ་གྱི་མཚན་ཉིད་ལ་ནི་ཟུར་རྣམ་པ་གཉིས་ཏེ། རྟོག་པ་དང་བྲལ་བ་དང༌། མ་འཁྲུལ་བའོ། །དེ་ལ་ལོག་པར་རྟོག་པ་ཡང་གཉིས་ཏེ། རྟོག་པ་དང་བྲལ་བ་ལ་ལོག་པར་རྟོག་པ་དང༌། ཤེས་པ་མིན་པའི་ལོག་པར་རྟོག་པའོ། །དང་པོ་ནི། བཤད་མ་ཐག་པ་དེ་དག་ཡིན་ལ། གཉིས་པ་ནི། བྱེ་བྲག་པ་དབང་དོན་འཕྲད་པ་མངོན་སུམ་དུ་འདོད་པ་དང༌། བྱེ་བྲག་ཏུ་སྨྲ་བས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་མངོན་སུམ་དུ་འདོད་པ་ལྟ་བུ་ཡིན་ལ། དེ་ནི་ཚད་མ་གྲུབ་པར་བསལ་ཟིན་ཅིང༌། རྟོག་མེད་འཁྲུལ་པའི་ཤེས་པ་རྣམས་མངོན་སུམ་དུ་ལོག་པར་རྟོག་པ་ནི་རང་གཞན་གྱི་སྡེ་པ་དག་ལ་མེད་པས། ལོག་རྟོག་དེ་སེལ་བྱེད་ཀྱི་རིགས་པ་སློབ་དཔོན་གཉིས་ཀྱིས་མ་གསུངས་ལ། རིགས་མི་མཐུན་སེལ་བའི་ཆེད་དུ་མ་འཁྲུལ་བ་སྨོས་དགོས་ཀྱང༌། འོག་ཏུ་འཁྲུལ་བའི་ཤེས་པ་ཐམས་ཅད་མངོན་སུམ་ལྟར་སྣང་དུ་བཤད་པ་དོན་གྱིས་གྲུབ་པ་ཡིན་ནོ། །དེ་ཡི་ཕྱིར་མདོ་དང་རྣམ་འགྲེལ་དུ། མངོན་སུམ་གྱི་མཚན་ཉིད་འཆད་པའི་སྐབས་སུ་རྟོག་པ་དང་བྲལ་བ་ཙམ་གསུངས་ལ། རྣམ་ངེས་དང༌། རིག་ཐིགས་སུ་མཚན་ཉིད་ཀྱི་ཟུར་ཡོངས་སུ་རྫོགས་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་མངོན་སུམ་ཆོས་ཅན། ཁྱོད་རྟོག་པ་དང་བྲལ་བའི་དོན་རྟགས་ཀྱིས་སྒྲུབ་མི་དགོས་ཏེ། ཁྱོད་རྟོག་པ་དང་བྲལ་བའི་དོན་དེ་ཁྱོད་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཞེས་མངོན་སུམ་ཞེས་སོགས། དེ་སྒྲུབ་པ་ནི། དེ་ཆོས་ཅན། ཁྱོད་རྟོག་པ་མིན་པའི་དོན་དེ་རང་ཉིད་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་འགྲུབ་པ་ཡིན་ཏེ། ཁྱོད་རྟོག་པ་ཡིན་ན་རྟོག་པ་རྟོག་མེད་ཀྱི་རྣམ་དབྱེ་ལ་མ་རྨོངས་པའི་གང་ཟག་གི་རྒྱུད་ཀྱི་ཁྱོད་མྱོང་རང་རིག་མངོན་སུམ་གྱི་རྟོག་པར་རིག་དགོས་པ་ལས་མ་རིག་པའི་ཕྱིར། གཉིས་པ་ལ། རྟགས་འགོད་པ་ནི། བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་པས་དོན་འཆད་པར་བྱེད་དེ། དབང་པོའི་མངོན་སུམ་ཆོས་ཅན། རྟོག་པ་མིན་ཏེ། ཁྱོད་ཀྱི་དངོས་ཡུལ་དུ་གྱུར་པའི་དོན་རང་མཚན་དེ་ལ་བརྡ་དངོས་སུ་སྦྱོར་བར་མི་ནུས་པའི་ཕྱིར། ཞེས། དེ་ཕྱིར་དབང་པོ་དང༌། དེའི་ཕྱོགས་ཆོས་སྒྲུབ་པ་ནི། ཁྱད་པར་རྣམས་ལ་ཞེས་སོགས་སོ། །གཉིས་པ་གནོད་བྱེད་མེད་པར་བསྟན་པ་ལ། མཐོང་རྟོག་ཞེན་པ་གཅིག་ཏུ་མི་འབྱུང་བར་ཐལ་བས་མི་གནོད། སྙན་བྱ་མཐོང་བ་རྒྱུན་ཆད་དུ་ཐལ་བས་མི་གནོད། གཉིས་པ་ལ། མགོ་མཚུངས་ཀྱི་ལན་དང༌། དེ་ལ་འཕྲོས་ནས་ཧ་ཅང་ཐལ་བའི་ལན་དང༌། རྣལ་མའི་ལན་རྣམས་སོ། །དེ་དག་རིམ་པར། རྟོག་བཅས་དང༌། གལ་ཏེ་དང༌། གཞན་གྱིའང་དང༌། དངོས་ཕྱོགས་དང༌། དེ་ནི་སྦྱར་བ་དང༌། གལ་ཏེ་དང༌། ཡི་གེ་སྦྱར་བ་དང༌། འདིར་དོན་རྣམས་སོ། །ཅིག་ཆར་འགྱུར་ཞེས་པར། རྟོག་པ་དང་རྟོག་མེད་ཀྱི་བློ་གཉིས་ཅིག་ཆར་དུ་སྐྱེ་བས། མཐོང་བ་རྒྱུན་ཆད་དུ་ཐལ་བས་མི་གནོད་ཅེས་སྨྲས་པ་ལ། འོ་ན་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་སུ། སྒྲ་འཛིན་མངོན་སུམ་གྱི་སྒྲ་ལ་ངེས་པ་མི་འདྲེན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་མཐུན་དཔེ་མ་ཚང་བའི་ཕྱིར་ཞེས་སྟོན་པ་ནི། ལ་ལར་ཞེས་སོགས། གལ་ཏེ་འགལ་མེ་ཞེས་པར་འགལ་མེ་བསྐོར་བར་མཐོང་བའི་མིག་ཤེས་ཀྱི་འགལ་མེ་སྔ་ཕྱི་གཅིག་ཏུ་མཚམས་སྦྱོར་བར་གཞན་གྱིས་ཁས་བླངས་པ་དེ་འགོག་པའི་དབང་དུ་བྱས་ནས། འགལ་མེ་ཞེས་སོགས། གཉིས་པ་གཞན་ལུགས་ཀྱི་རྟོག་བྲལ་གྱི་སྒྲུབ་བྱེད་དགག་པ་ནི། ཀུན་ལས་བཏུས་ཀྱིས་འབྲེལ་བྱེད་སྲིད་པའི་བདག་པོ་ན་རེ། རྒན་པོའི་དབང་ཤེས་ཆོས་ཅན། རྟོག་མེད་ཡིན་ཏེ། དབང་པོ་ལས་སྐྱེས་པའི་ཕྱིར་དང༌། མྱོང་བའི་རྣམ་པས་འཇུག་པའི་ཕྱིར་དང༌། དོན་མངོན་དུ་བྱེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར། བྱིན་པའི་བློ་བཞིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ། དཔེ་དགག་པ་དང༌། དོན་དགག་པ་གཉིས་ཏེ་རིམ་པར། ལ་ལ་དང༌། དེ་དག་དང༌། འདི་འདྲ་རྣམས་སོ། །གཉིས་པ་ལ། དོན་སྦྱོར་རྟོག་པ་དང་བྲལ་བའི་སྒྲུབ་བྱེད། སྒྲ་སྦྱོར་རྟོག་པ་དང་བྲལ་བའི་སྒྲུབ་བྱེད། དང་པོ་ལ། དངོས་དང་རྩོད་པ་སྤང་བ་གཉིས། དང་པོ་ལ། རྟགས་འགོད། ཁྱབ་པ་སྒྲུབ། ཕྱོགས་ཆོས་སྒྲུབ་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། དབང་པོའི་རྣམ་པར་ཤེས་པ་འགའ་ཞིག་རིགས་སོགས་རྫས་ལ་སྦྱར་ནས་འཛིན་པའི་རྟོག་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཆོས་ཅན། དེ་མིན་ཏེ། རིགས་སོགས་དང་རྫས་ཀྱི་བྱེ་བྲག་སོ་སོར་རྟོགས་པ་མེད་པའི་ཕྱིར། གཉིས་པ་ནི། ཁྱབ་པ་ཡོད་དེ། སོ་སོར་མ་བཟུང་བར་གཅིག་ཏུ་སྡོམ་མི་ནུས་པའི་ཕྱིར། ཞེས་རིགས་སོགས་དང༌། ཁྱད་པར་རྣམས་སོ། །གསུམ་པ་ལ། བྱེ་བྲག་པས་འདོད་པའི་སྤྱི་མངོན་སུམ་གྱི་ཡུལ་མ་ཡིན་པར་བསྟན། སངས་རྒྱས་པ་རང་ལུགས་ཀྱི་སྤྱི་མངོན་སུམ་གྱི་ཡུལ་མ་ཡིན་པར་བསྟན། སྤྱི་རྫས་གཞན་ཚད་མས་མི་འགྲུབ་པར་བསྟན་པའོ། །དང་པོ་ལའང་གཉིས་ཏེ། མངོན་སུམ་གྱིས་མི་འགྲུབ་པར་བསྟན་པ་དང༌། རྗེས་དཔག་གིས་མི་འགྲུབ་པར་བསྟན་པའོ། །དེ་དག་ནི་རིམ་པར། རྗེས་འགྲོ་དང༌། དེ་ཉིད་དང༌། བློ་ཐ་དད་དང༌། དངོས་པོ་ལས་ནི་རྣམས་སོ། །གཉིས་པ་རྩོད་སྤང་ལ། གལ་ཏེ་སྤྱི་རྫས་གཞན་ཡོད་དེ། བསལ་བ་དུ་མ་ལ་སྤྱི་སྒྲ་གཅིག་འཇུག་པའི་ཕྱིར། དཔེར་ན་སྐྱེས་དབྱུག་གཉིས་རྫས་གཞན་དུ་ཡོད་པའི་རྒྱུ་མཚན་གྱིས་སྐྱེས་བུ་དབྱུག་པ་ཅན་གྱི་སྒྲ་འཇུག་པ་བཞིན་ནོ་ཞེ་ན། དེ་ལ་དཔེ་དགག དོན་དགག་པའོ། །དེ་ལའང་རྗོད་བྱེད་ཀྱི་སྒྲ་འཇུག་པ་བརྗོད་བྱ་དོན་གཞན་ལ་མི་ལྟོས་པར་བསྟན། བརྗོད་བྱ་དོན་གཞན་མེད་ཀྱང་རྗོད་བྱེད་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་ནོ། །དེ་ལའང་དངོས་དང༌། དེས་ན་གཞན་སེལ་སྒྲའི་བརྗོད་བྱར་བསྟན་པའོ། །དེ་ལའང༌། ཐ་སྙད་ཀྱི་དུས་སུ་གཞན་སེལ་སྒྲའི་བརྗོད་བྱར་བསྟན། བརྡའི་དུས་སུ་གཞན་སེལ་བརྗོད་བྱར་བསྟན། དེ་གཉིས་ཀའི་དོན་བསྡུ་བའོ། །དེ་རྣམས་ནི་དབྱུག་པ་ཅན་དང༌། དངོས་པོ་ཁང་བཟངས་དང༌། ཐ་སྙད་ཀྱང་གང་དང༌། དེ་ནི་མཉན་པས་དང༌། དེ་ཕྱིར་དང༌། དེ་ཕྱིར་རིགས་སོགས་རྣམས་སོ། །དེ་ཡང་ཁྱད་པར་དང་ནི་ཞེས་པ་མན་ཆད་ཀྱི་བསྡུ་བ་ནི། དེ་ཕྱིར་རིགས་སོགས་ཞེས་པ་ཡིན་ལ། ཐམས་ཅད་ཀྱང་གང༌། མན་ཆད་ཀྱི་དོན་བསྡུ་བ་ནི། དོན་དང་དེ་དག་ལས་ཞེས་པའོ། །གཉིས་པ་སྒྲ་སྦྱོར་རྟོག་པ་དང་བྲལ་བར་སྒྲུབ་པ་ལ། རྟོག་པ་ཡུལ་གཞན་ལ་མི་འཇུག་པའི་དུས་ཀྱི་དབང་ཤེས་རྟོག་བྲལ་དུ་སྒྲུབ། རྟོག་པ་ཡུལ་གཞན་ལ་འཇུག་པའི་དུས་ཀྱི་དབང་ཤེས་རྟོག་བྲལ་དུ་སྒྲུབ། དབང་ཤེས་ཙམ་རྟོག་བྲལ་དུ་སྒྲུབ་པའོ། །དེ་རྣམས་ནི། བརྡ་དྲན་དང༌། གཞན་ལ་དང༌། གང་ལ་རྣམས་སོ། །གཉིས་པ་གནོད་བྱེད་ལ། ཡུལ་ཅན་དབང་ཤེས་མི་རྟོགས་པར་ཐལ་བ་དང༌། ཡུལ་ཁྱད་པར་རང་མཚན་མི་རྟོགས་པར་ཐལ་བའོ། །དང་པོ་ཐལ་འགྱུར་དང༌། དེའི་ཉེས་སྤོང་དགག་པའོ། །དེ་ལའང་མྱོང་བྱེད་རྟོག་པར་འདོད་པ་དགག མྱོང་བྱེད་རྟོག་མེད་དུ་འདོད་པར་དགག དང་པོ་ལ། རང་ཉིད་ཀྱིས་མྱོང་བ་དགག གཞན་གྱིས་མྱོང་བ་དགག གཉིས་པ་ལ། དུས་མཉམ་ལས་མྱོང་བ་དགག ཕྱིས་འབྱུང་བས་མྱོང་བ་དགག་པའོ། །དེ་དག་ནི་རིམ་པ་བཞིན་དུ་གཟུགས་ལ་དང༌། དེ་ཉིད་དང༌། དེས་ནི་དང༌། འདས་པ་དང༌། ཇི་ལྟར་དང་རྟོག་པ་མེད་པ་རྣམས་སོ། །གཉིས་པ་སྒྲུབ་བྱེད་དང་གནོད་བྱེད་བསྡུས་ཏེ་བསྟན་པ་ནི། དབང་ཤེས་རྟོག་པ་མིན་ཏེ། དབང་ཤེས་ནི་རྐྱེན་གསུམ་ལས་སྐྱེས། རྟོག་པ་ནི་རྐྱེན་གསུམ་ལ་མི་ལྟོས་པར། བརྡ་དྲན་ལས་སྐྱེ་བའི་ཕྱིར། དབང་ཤེས་ཆོས་ཅན། རྐྱེན་གསུམ་ཚང་ཡང་མི་སྐྱེ་བ་དང༌། མ་ཚང་ཡང་སྐྱེ་སྲིད་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། ཕྱི་རོལ་ནས་སྐྱེ་བར་འགྱུར་གྱི་བར་རོ། །གཉིས་པ་མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པ་ལ་བཞི་ལས། དང་པོ་དབང་པོའི་མངོན་སུམ་ལ། མཚོན་བྱ་དབང་ཤེས་ཀྱི་ཐ་སྙད་ལ་རྩོད་པ་སྤང་བ། མཚན་ཉིད་རྟོག་བྲལ་ལ་ལུང་འགལ་སྤང་བའོ། །དང་པོ་ནི། མཐུན་མོང་མིན་པའི་རྒྱུའི་ཕྱིར། །དེའི་ཐ་སྙད་དབང་པོས་བྱས། །ཞེས་པའི་དོན་འཆད་དེ། འོ་ན་རྐྱེན་གསུམ་ཀ་ལ་སྐྱེས་པར་འདྲ་བ་ལ། བདག་རྐྱེན་ཁོ་ནའི་མིང་གིས་འདོགས་པའི་རྒྱུ་མཚན་ཅི་ཞེ་ན། མིག་གི་རྣམ་པར་ཤེས་པ་ཞེས་པའི་མིང་དེ་ཆོས་ཅན། མིག་དབང་གཟུགས་ཅན་གྱི་བདག་འབྲས་སུ་གྱུར་པའི་གཟུགས་མངོན་སུམ་དུ་མཐོང་བའི་ཤེས་པ་དེའི་མིང་དུ་སྦྱར་བ་འོས་པ་ཡིན་ཏེ། དེ་ཐུན་མོང་མ་ཡིན་པ་གོ་བར་ནུས་པའི་མིང་ཡིན་པའི་ཕྱིར། དེ་དེ་ལྟར་གོ་བར་ནུས་པའི་མིང་དེ་ཆོས་ཅན། དེ་དེའི་མིང་དུ་སྦྱར་འོས་སུ་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱོད་དེ་ལ་བདག་གཅིག་ཏུ་འབྲེལ་བའི་ཕྱིར། ཞེས་གལ་ཏེ་ནས། ལྡོག་པར་གྱུར་གྱི་བར་རོ། །གཉིས་པ་ལ། སྟོན་པ་སངས་རྒྱས་ཀྱི་ལུང་དང་འགལ་བ་སྤང༌། སློབ་དཔོན་དབྱིག་གཉེན་གྱི་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། དབང་ཤེས་རྟོག་པ་མིན་ན་བཅོམ་ལྡན་འདས་ཀྱི་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པའོ། །ཞེས་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། ལུང་དེའི་དོན་ནི། རྡུལ་ཕྲན་དུ་མ་ལྷན་ཅིག་ཏུ་ཚོགས་པའི་གཟུགས་དབང་ཤེས་ཀྱི་ཡུལ་དུ་གྱུར་པ་ལ་དགོངས་པའི་ཕྱིར། ཞེས་བསགས་པ་ཞེས་སོགས། གཉིས་པ་ནི། དབང་ཤེས་རྟོག་པ་མིན་ན་སློབ་དཔོན་དབྱིག་གཉེན་གྱིས་འདི་དག་ནི་སྐྱེ་མཆེད་ཀྱི་སྤྱོད་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མིན་ནོ། །ཞེས་བྱ་བ་དང་འགལ་ལོ་ཞེ་ན། དེའི་ལན་དང་དངོས་དང་རྩོད་པ་སྤང་བའོ། །དང་པོ་ནི། མདོར། འདིར་དོན་དུ་མས་བསྐྱེད་པའི་ཕྱིར། རང་དོན་སྤྱིའི་སྤྱོད་ཡུལ་ཅན། །ཞེས་པའི་དོན་འཆད་དོ། །སློབ་དཔོན་དབྱིག་གཉེན་གྱི་ལུང་དེ་ཆོས་ཅན། དོན་སྤྱི་དབང་ཤེས་ཀྱི་སྤྱོད་ཡུལ་དུ་སྟོན་པ་མིན་ཏེ། རྡུལ་ཕྲན་དུ་མ་ཚོགས་པའི་ཚོགས་སྤྱི་ཁྱད་པར་ཅན་དེ། དབང་ཤེས་ཀྱི་སྣང་ཡུལ་དུ་སྟོན་པའི་ཕྱིར་ཞེས་རྡུལ་ཕྲན་སོགས་སོ། །གཉིས་པ་ལ། གལ་ཏེ་རྡུལ་ཕྲན་དུ་མ་ཆོས་ཅན། སྤྱིར་བློ་གཅིག་གིས་ཅིག་ཆར་དུ་འཛིན་པ་མིན་དེ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མ་ཡིན་པའི་ཕྱིར། ཞེས་པའི་ཕྱོགས་སྔ་ནི་གལ་ཏེ་སོགས་སོ། །ལན་ལ། ཡུལ་ཡིན་པ་ལ་མིན་པའི་ལོག་རྟོག་དགག་པ་དང༌། ཡུལ་མིན་པ་ལ་ཡིན་པའི་ལོག་རྟོག་དགག་པའོ། །དང་པོ་ལ་དབང་ཤེས་ཀྱི་ཡུལ་ཡིན་པ་ལ་མ་ཡིན་པའི་ལོག་རྟོག་དགག རྟོག་པའི་ཡུལ་ཡིན་པ་ལ་མིན་པའི་ལོག་རྟོག་དགག་པའོ། །དང་པོ་ལ། དབང་ཤེས་ཀྱི་དོན་དུ་མ་ཅིག་ཆར་དུ་མི་འཛིན་པ་ཐལ་འགྱུར་གྱིས་དགག འཛིན་པ་རང་རྒྱུད་ཀྱིས་བསྒྲུབ་པའོ། །དང་པོ་ལ་ཐལ་འགྱུར་དངོས་དང༌། དེའི་བརྒལ་ལན་རྒྱས་པར་བཤད་པའོ། །དང་པོ་ལ། ཏིལ་སོགས་ཅིག་ཆར་དུ་མི་འཛིན་པར་ཐལ་བ་དང༌། ཁྲ་བོ་ཅིག་ཆར་མི་འཛིན་པར་ཐལ་བ་གཉིས་ནི། ཏིལ་སོགས་དང༌། ཕྱེ་མ་སོགས་སོ། །གཉིས་པ་ལ། གལ་ཏེ་ཁྲ་བོ་སྣ་ཚོགས་པ་དེ་ཆ་མེད་གཅིག་ཡིན་ནོ་ཞེ་ན། སྣ་ཚོགས་ཡིན་པའི་རྟགས་ཀྱིས་ཆ་མེད་གཅིག་ཡིན་པ་དགག སྣ་ཚོགས་སུ་སྣང་བའི་རྟགས་ཀྱིས་ཆ་མེད་གཅིག་ཡིན་པ་དགག དེ་གཉིས་ཀ་ལ་མ་ངེས་པ་སྤང་བའོ། །དང་པོ་ནི། ཕྱེ་མ་ལེབ་ཀྱི་ཤོག་སྟེང་གི་ཁྲ་བོ་ཆོས་ཅན། ཆ་མེད་གཅིག་མིན་ཏེ། སྣ་ཚོགས་ཡིན་པའི་ཕྱིར། ཞེས་གལ་ཏེ་དང༌། སྣ་ཚོགས་སོ། །གཉིས་པ་ནི། དེ་ཆོས་ཅན། ཆ་མེད་གཅིག་མིན་ཏེ། བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བའི་ཕྱིར། ཞེས་བློ་རྣམས་སོ། །གསུམ་པ་ལ། རྩོད་པ་དང་ལན་ནོ། །དང་པོ་ནི། བློ་ཁྲ་འཛིན་དབང་ཤེས་ཆོས་ཅན། སྣ་ཚོགས་སུ་མི་སྣང་བར་ཐལ། གཅིག་ཏུ་བདེན་པའི་ཕྱིར། ཞེས་སྣ་ཚོགས་སོ། །ལན་ལ་རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་བརྟེན་ནས་གཅིག་ཏུ་མི་བདེན་པ་དང༌། མདོ་སྡེ་པའི་ལུགས་ལ་རྟེན་ནས་བློ་སྣ་ཚོགས་སུ་སྣང་བ་མ་ཡིན་པར་བསྟན་པའོ། །དང་པོ་ནི། བཀའ་ཐ་མར་ངོ་བོ་ཉིད་མེད་པ་གསུམ་གསུངས་པའི་ཚུལ་བཤད་ནས་དེ་ངེས་དོན་ཡིན་པར་བསྟན། དེ་ལ་བཀའ་དང་པོ་གཉིས་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ལ། ཀུན་བཏགས་དང་གཞན་དབང་བདེན་མེད་དུ་བསྟན། ཡོངས་གྲུབ་རྣམས་ནི་བདེན་གྲུབ་ཏུ་བསྟན། དེ་ལ་མངོན་སུམ་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ལ། རྣམ་བདེན་པ་དང་ཐུན་མོང་གི་གྲུབ་མཐའ་ལ་གནས་ནས་ཕྱི་དོན་བདེན་མེད་དུ་བསྟན། ཐུན་མོང་མིན་པ་རྣམ་རྫུན་པའི་གྲུབ་མཐའ་ལ་གནས་ནས་དོན་སྣང་གི་ཤེས་པའམ་གཞན་དབང་བདེན་མེད་དུ་བསྟན། དེ་གཉིས་ཀའི་དོན་བསྡུ་ཕྱི་དོན་མེད་ཀྱང་གཟུང་འཛིན་རྫས་གཞན་ཡོད་པའི་རྩོད་པ་སྤང་བའོ། །དང་པོ་ལ། འདིར་ཕྱི་རོལ་དོན་སྣང་གི་ཤེས་པ་དེ་འཁྲུལ་པ་ཡིན་པ་དང་མི་བདེན་པར་ཤེས་པ་ལ། ཕྱི་རོལ་གྱི་དོན་མེད་པར་ཤེས་པ་སྔོན་དུ་འགྲོ་དགོས་པས། ཐོག་མར་ཕྱི་རོལ་གྱི་དོན་བདེན་མེད་དུ་བསྒྲུབ་པ་ནི། ཕྱི་རོལ་གྱི་དོན་དུ་སྣང་བ་ཆོས་ཅན། སྣང་བ་ལྟར་དོན་དུ་མི་བདེན་ཏེ། རགས་པ་ཡན་ལག་ཅན་གྱི་རྫས་གཅིག་ཏུ་ཡང་མི་བདེན། ཕྲ་མོ་ཆ་མེད་ཀྱི་དུ་མར་ཡང་མི་བདེན་པའི་ཕྱིར། གཉིས་པ་ནི། ཕྱི་རོལ་གྱི་དོན་དུ་སྣང་བ་ཆོས་ཅན། ཤེས་པའི་བདག་ཉིད་དུ་མི་བདེན་ཏེ། ཤེས་པ་གཅིག་གི་བདག་ཉིད་དུ་ཡང་མི་བདེན། ཤེས་པའི་དུ་མའི་ངོ་བོར་ཡང་མི་བདེན་པའི་ཕྱིར། གསུམ་པ་ནི། ཕྱི་རོལ་གྱི་དོན་དང་དོན་སྣང་གི་རྣམ་པར་ཤེས་པ་གཉིས་ཀ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་ཏུ་ཡང་མ་གྲུབ་དུ་མར་ཡང་མ་གྲུབ་པའི་ཕྱིར་རོ། །བཞི་པ་ནི། ཕྱི་རོལ་གྱི་དོན་མེད་ཀྱང་གཟུང་འཛིན་རྫས་གཞན་ཡོད་པར་ཐལ། གཟུང་རྣམ་དང་འཛིན་རྣམ་རྫས་གཞན་དུ་སྣང་བའི་ཕྱིར་ཞེ་ན། མ་ཁྱབ་པར་ཐལ། དེ་ལྟར་སྣང་བའི་བློ་འཁྲུལ་པ་ཡིན་པའི་ཕྱིར། ཞེས་རིམ་པར། ཇི་ལྟ་དང༌། གཅིག་ལ་དང༌། དེ་ཕྱིར་དང༌། ཡོངས་དཔྱོད་རྣམས་སོ། །གཉིས་པ་ནི། གཟུང་འཛིན་གཉིས་སྟོང་གི་མྱོང་བ་གསལ་རིག་དང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། དེ་ཁོ་ན་ཉིད་ཡིན་ཏེ། ཡོངས་གྲུབ་ཡིན་པའི་ཕྱིར། ཞེས་དེ་ལ་ནས། དེ་ཉིད་ཡིན་གྱི་བར་རོ། །གསུམ་པ་ནི། གཟུང་འཛིན་རྫས་གཞན་ཡོད་པར་ཐལ། ཕུང་པོ་ལྔ་རྫས་ཐ་དད་ཡིན་པའི་ཕྱིར། ཞེ་ན། མ་གྲུབ་དེ། ཕུང་པོ་ལྔ་རྫས་ཐ་དད་དུ་སྣང་བའི་བློ་ལ་བརྟེན་ནས་ཕུང་པོ་ལྔ་རྫས་ཐ་དད་ཀྱི་རྣམ་གཞག་བྱས་པ་གང་ཞིག་བློ་དེ་འཁྲུལ་པ་ཡིན་པའི་ཕྱིར་ཞེས། དངོས་རྣམས་ཐ་དད་ཅེས་སོགས། འདིར་གཟུང་འཛིན་རྫས་གཞན་དུ་སྒྲོ་བཏགས་པའི་ཆ་ནི་ཀུན་བཏགས་སོ། །གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ནི་གཞན་དབང་སྟེ། དེ་ཡང་རྣམ་བདེན་པས་བདེན་གྲུབ་དང༌། རྣམ་རྫུན་པས་བདེན་མེད་སྒྱུ་མ་ལྟ་བུར་འདོད། གཉིས་ཀྱིས་སྟོང་པའི་གསལ་རིག་དང༌། གཉིས་སྟོང་མེད་དགག་གི་ཆ་དེ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ལ་རིམ་པས་འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་བྱ་ལ། འདི་དག་ཁོ་ན་དོན་དམ་པའི་བདེན་པ་དང༌། བདེན་པར་གྲུབ་པ་ཡིན་ནོ། །ཅི་སྟེ་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་ཁོ་ན་ཉིད་ཡིན་ན། སེམས་ཅན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་ཐལ་ལོ་ཞེ་ན། འདི་ལ་ནི་སློབ་དཔོན་ཤཱཀྱ་བློས་ལན་བཏབ་ཟིན་པར་སྣང་སྟེ། ཇི་སྐད་དུ། འགྲེལ་པ་ཤཱཀྱ་བློ་མར་ཤེས་པ་གཟུང་འཛིན་གཉིས་མེད་རང་རིག་པ་དེ་ཁོ་ན་ཉིད་ཡིན་ན། ཐམས་ཅད་ཀྱིས་དེ་ཁོ་ན་མངོན་སུམ་དུ་མཐོང་བར་ཐལ་ལོ་ཞེ་ན། རྟོག་པའི་ངོ་བོ་ལ་ཆ་མེད་པ་ཉིད་ཀྱི་ཕྱིར། བཟུང་དུ་ཟིན་ཀྱང་འཁྲུལ་པའི་ས་བོན་དང་རྗེས་སུ་འབྲེལ་བའི་ཕྱིར། ཇི་ལྟར་རྟོག་པ་བཞིན་དུ་གཉིས་མེད་ཀྱི་ཤེས་པ་སྐྱེ་བར་མི་འགྱུར་རོ། །དེ་བས་ན་གཉིས་མེད་པ་བཟུང་དུ་ཟིན་ཀྱང་མ་བཟུང་བ་དང་འདྲེ་བ་ཡིན་ནོ། །ཞེས་དང༌། དེ་བས་ན་གཉིས་མེད་པ་ངེས་པར་བྱ་བའི་དོན་དུ་རྗེས་སུ་དཔག་པ་འཇུག་གོ་ཞེས་བཤད་པ་ལྟར་རོ། །གཉིས་པ་ལ་བཀའ་བར་པ་དང་འགལ་བའི་བརྒལ་ལན། བཀའ་དང་པོ་དང་འགལ་བའི་བརྒལ་ལན་ནོ། །དང་པོ་ནི། གལ་ཏེ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་བདེན་པར་གྲུབ་ན། བཀའ་བར་པ་ཆོས་ཐམས་ཅད་རང་བཞིན་མེད་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་སེམས་ཙམ་པ་ལྟར་ན། གཟུང་འཛིན་ཀུན་བཏགས་རང་བཞིན་མེད་པ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཕྱིར་དང༌། མདོ་སྡེ་པ་ལྟར་ན། ཕྱི་དོན་བདེན་པར་གྲུབ་ཀྱང་བཀའ་བར་པ་དང་མི་འགལ་ཏེ། ཕུང་སོགས་ཀྱི་ཆོས་དོན་དམ་པར་བྱ་བྱེད་ཀྱིས་སྟོང་པ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཕྱིར། ཞེས་རིམ་པར། གཟུང་བ་དང༌། ཕུང་པོ་སོགས་སོ། །མདོར་ན་གཞུང་འདིས་མདོ་སེམས་གཉིས་ཀྱི་ཆོས་ཀྱི་བདག་མེད་ངོས་བཟུང་བ་ཡིན་ཏེ། འབྲས་རྟོག་དང་པོར་ཡང་བྱེད་དང་བཅས་པ་ལྟ་བུར་སྣང༌། །ཞེས་དང༌། ཚད་མ་ཉིད་དུ་འདོགས་པ་སྟེ། །ཞེས་བཤད་པ་ཡིན་ནོ། །གང་དག བྱེ་མདོ་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཁས་མི་ལེན་ནོ་ཞེས་ཟེར་བ་དེ་དག་ནི་མཁས་པ་མིན་དེ། དེ་ལྟ་ན། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དྲུངས་འབྱིན་པར་ནུས་པའི་གཉེན་པོ་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་བཟུང་བྱ་ཁས་མི་ལེན་པར་ཐལ་བའི་ཕྱིར་རོ། །སྐབས་འདིར་མདོ་སྡེ་པའི་རྩོད་ལན་འབྱུང་བ་མ་འབྲེལ་བ་ཡིན་ཏེ། མདོ་སྡེ་པས་ཀྱང་བཀའ་བར་པ་དང་འགལ་བའི་རྩོད་པ་སྤང་དགོས་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་རོལ་གྱི་དོན་མེད་ན་བཀའ་འཁོར་ལོ་དང་པོར་ཕྱི་རོལ་གྱི་དོན་གསུངས་པ་དང་འགལ་ལོ་ཞེ་ན། དེར་དེ་གསུངས་པ་ཆོས་ཅན། དགོངས་པ་ཅན་ཡིན་ཏེ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་ཚང་བའི་ཕྱིར། དང་པོ་ནི། མ་རིག་པའི་སླད་པ་དང་མ་བྲལ་བ་རྣམས་ལ་ཕྱི་རོལ་དོན་གྱི་སྣང་བ་འབྱུང་བའོ། །དགོས་པ་ནི་ཕྱི་རོལ་དོན་དུ་མངོན་པར་ཞེན་པའི་འཇིག་རྟེན་པ་རྣམས་གཉིས་མེད་ཀྱི་ཁོ་ན་ཉིད་ལ་རིམ་གྱིས་དྲང་བའི་ཕྱིར་དུའོ། །དངོས་ལ་གནོད་བྱེད་ནི་གོང་དུ་བསྟན་ཟིན་པ་དེ་ཡིན་ནོ། །ཞེས་མ་རིག་ནས། མཛད་ཀྱི་བར་རོ། །འོ་ན་ཕྱི་རོལ་གྱི་དོན་གསུངས་པས་དོན་སྨྲ་བ་དེ་ཁོ་ན་ཉིད་ལ་ཇི་ལྟར་དྲང་ཞེ་ན། མདོ་སྡེ་པའི་གྲུབ་པའི་མཐའ་ཙམ་ཡང་ཁོང་དུ་མ་ཆུད་པའི་དོན་སྨྲ་བ་དག་ལ་ནི་མདོ་སྡེ་པའི་གྲུབ་པའི་མཐའ་ལ་གནས་ཏེ། དོན་སྣང་གི་ཤེས་པས་དོན་ཇི་ལྟར་རིག་པའི་ཚུལ་བསྟན་པས། དེ་ཁོ་ན་ཉིད་ལ་རིམ་གྱིས་འཇུག་པ་ཡིན་གྱི། མདོ་སྡེ་པའི་གྲུབ་པའི་མཐའ་ལ་གནས་པ་རྣམས་ལ་ནི། དེའི་སྒོ་ནས་དེ་ལ་དྲངས་དགོས་པ་ཡིན་ཏེ། དེ་ལ་ནི་ལྷན་ཅིག་དམིགས་ངེས་ལ་སོགས་པའི་གཏན་ཚིགས་བསྟན་པས་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར། མདོར་ན་མདོ་སྡེ་པའི་གྲུབ་པའི་མཐའ་ཁོང་དུ་ཆུད་པ་དེ་ནི། རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་འཇུག་པའི་ཐབས་བླ་ན་མེད་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ལ། ཁྲ་འཛིན་ཤེས་པ་སྣ་ཚོགས་མ་ཡིན་པའི་སྒྲུབ་བྱེད་དང༌། རས་ཁྲ་བོ་སྣ་ཚོགས་མིན་པ་ལ་གནོད་བྱེད་དོ། །དང་པོ་ནི། དེ་ཆོས་ཅན། བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བ་མིན་ཏེ། ཤེས་པ་གཅིག་གི་ངོ་བོ་ཡིན་པའི་ཕྱིར་ཞེས། ཤེས་པ་དང༌། གཉིས་པ་ནི། རས་སོགས་སོ། །གཉིས་པ་རང་རྒྱུད་ནི། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། དོན་དུ་མ་ཅིག་ཆར་དུ་འཛིན་པ་ཡིན་ཏེ། རྡུལ་ཕྲན་དུ་མས་བརྩམས་པའི་གཟུགས་དེ་ཁྱོད་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲའི་རྣམ་པ་གཏོད་བྱེད་གཟུང་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་རྟོག་པའི་ཡུལ་ཡིན་པ་ལ་མིན་པའི་ལོག་རྟོག་དགག་པ་ལ། ཐལ་འགྱུར་གྱིས་དགག རང་རྒྱུད་ཀྱིས་སྒྲུབ། དང་པོ་ལ། ནོག་སོགས་ཅིག་ཆར་དུ་མི་འཛིན་པར་ཐལ་བའི་ཐལ་འགྱུར། གཞན་དང་གཞན་མཐོང་ཡང་བློས་གཅིག་ཏུ་འཛིན་པར་ཐལ་བའི་ཐལ་འགྱུར། དང་པོ་ནི། ཇི་ལྟར་སོགས་དང༌། གཉིས་པ་ནི། རང་གི་སོགས་སོ། གཉིས་པ་རང་རྒྱུད་ནི། སྒྲ་ཆོས་ཅན། ཁྱེད་འཛིན་རྟོག་པས་དོན་དུ་མ་ཅིག་ཆར་དུ་འཛིན་ཏེ། ཁྱོད་དུ་མ་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བཀོད་པ་ཅན་གྱི་བདེ་སོགས་མ་བཟུང་བར་དེས་བཀོད་པའི་སྒྲ་འཛིན་པར་མི་རུང་བའི་ཕྱིར། ཞེས་སྒྲ་སོགས་སོ། །འདི་ནི་བྱེ་བྲག་པས་ཁས་བླངས་པའོ། །གཉིས་པ་ཡུལ་ཡིན་པ་ལ་ཡིན་པའི་ལོག་རྟོག་དགག་པ་ལ། མངོན་སུམ་གྱི་ཡུལ་མིན་པ་ལ་ཡིན་པའི་ལོག་རྟོག་དགག རྟོག་པའི་ཡུལ་མིན་པ་ལ་ཡིན་པའི་ལོག་རྟོག་དགག་པའོ། །དང་པོ་ནི། གལ་ཏེ་མངོན་སུམ་གྱི་རྫས་དུ་མ་ཅིག་ཆར་འཛིན་པ་བཞིན་དུ་ལྡོག་པ་དུ་མའང་ཅིག་ཆར་འཛིན་ནོ། །ཞེ་ན། མདོར། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོག་སྲིད་མ་ཡིན། །ཞེས་པའི་དོན་འཆད་པར་བྱེད། འདི་ལ་ལྡོག་པ་དུ་མ་ངོས་བཟུང༌། དེ་དབང་ཤེས་ཀྱི་ཡུལ་མིན་པར་སྒྲུབ་པའོ། །དེ་དག་ནི་ཆོས་ཅན་སོགས་དང༌། བཏགས་པའི་སོགས་སོ། །གཉིས་པ་ནི། རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་དཀར་པོ་ཉིད་ལ་སོགས་པའི་སྤྱི་ཡུལ་དུ་བྱས་པ་ན། མངོན་སུམ་གྱིས་བཟུང་བའི་དཀར་སོགས་རང་མཚན་ཀྱང་དངོས་ཀྱི་ཡུལ་དུ་བྱེད་པ་ཡིན་ཏེ། དཀར་སོགས་རང་མཚན་གྱི་སྟེང་ན་དཀར་སོགས་ཀྱི་སྤྱི་ཡོད་པའི་ཕྱིར་ཞེ་ན། མདོར། རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་སོགས་ཀྱི་དོན་འཆད་པར་བྱ་སྟེ། འདི་ལ་སྒྲས་རང་མཚན་དངོས་སུ་མ་བརྗོད་པའི་སྒྲུབ་བྱེད། རྟོག་པས་རང་མཚན་དངོས་སུ་མི་འཛིན་པའི་སྒྲུབ་བྱེད། དེས་སྤྱི་རྫས་གཞན་ཡོད་པའི་སྒྲུབ་བྱེད་ཀྱང་ཁེགས་པ། སྤྱི་རྫས་གཞན་མེད་ཀྱང་སྤྱི་འཛིན་རྟོག་བློ་རང་བཞིན་གྱིས་སྐྱེ་བའི་འཐད་པ་རྣམས། གལ་ཏེ་དང༌། མཐོང་བ་དང༌། བ་ལང་དང༌། མཐོང་ཐ་དད་རྣམས་སོ། །གཉིས་པ་ཡིད་ཀྱི་མངོན་སུམ་ལ། བཤད་བྱའི་མདོ་ནི། བཅོམ་ལྡན་འདས་ཀྱི་མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་ལ་བརྟེན་པ་དང༌། ཡིད་ལ་བརྟེན་པའོ། །ཞེས་དང༌། ཚད་མའི་མདོར། ཡིད་ཀྱང་དོན་དང་ཞེས་དང༌། དེའི་རང་འགྲེལ་དུ། ཡིད་ཀྱང་ཡུལ་གཟུགས་ལ་སོགས་པ་ལ་དམིགས་ཤིང༌། མྱོང་བའི་རྣམ་པས་འཇུག་པ་སྟེ། །རྟོག་པ་མེད་པ་འབའ་ཞིག་གོ །ཞེས་པའི་དོན་འགྲེལ་བ་ལ་རྩོད་པ་དང༌། ལན་ནོ། །དང་པོ་ནི། མུ་སྟེགས་རྣ་བ་མ་ཕུག་པ་ན་རེ། ཡིད་ཀྱི་མངོན་སུམ་དེས་དབང་མངོན་གྱིས་བཟུང་ཟིན་པའི་དོན་འཛིན་ན་ཚད་མ་མིན་པར་འགྱུར། མ་བཟུང་བའི་དོན་འཛིན་ན་ལོང་བ་སོགས་ཀྱིས་གཟུགས་ལ་སོགས་པ་མཐོང་བར་འགྱུར་རོ་ཞེ་ན། ལན་ལ། མ་བཟུང་བའི་དོན་འཛིན་པར་བསྟན་པ། དེ་ལ་གནོད་བྱེད་མེད་པར་བསྟན་པའོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་འགའ་ཞིག་གིས་རྩོད་པ་དེ་ལ་ལན་འདེབས་པ་ན་དེས་བཟུང་ཟིན་པའི་དོན་འཛིན་པ་ཡིན་ནོ། །ཞེས་ཟེར་རོ། །གཟུགས་འཛིན་ཡིད་ཀྱི་མངོན་སུམ་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་བཟུང་དོན་དུ་གྱུར་པའི་གཟུགས་དེ་བཟུང་ཡུལ་དུ་བྱས་ནས་མཐོང་བ་མིན་པར་ཐལ། དེ་ཁྱོད་ཀྱི་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་པའི་ཕྱིར། མ་གྲུབ་ན། ཡིད་ཀྱི་མངོན་སུམ་ཆོས་ཅན། ཁྱོད་ལ་ཚད་མ་སྤྱིའི་མཚན་ཉིད་ལས་ཀྱང་མཚན་ཉིད་ཀྱི་ཁྱད་པར་གཅིག་བསྣོན་དགོས་པར་ཐལ། རང་གི་ཉེར་ལེན་ཚད་མ་སྔ་མ་བཟུང་ཟིན་བསྣན་ནས་འཛིན་པའི་ཕྱིར། དབང་ཡིད་ཀྱི་མངོན་སུམ་གཉིས་ཆོས་ཅན། ཅིག་ཆར་སྐྱེ་བར་ཐལ། བཟུང་དོན་རྟོག་པ་ལས་སྐྱེ་བའི་ཕྱིར། ཞེས་སྐད་ཅིག་དང༌། མཚན་ཉིད་དང༌། དངོས་པོ་རྣམས་སོ། །གཉིས་པ་ནི། བཟུང་འཛིན་ཡིད་ཀྱི་མངོན་སུམ་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་བཟུང་འཛིན་དབང་པོ་མངོན་སུམ་གྱིས་མ་བཟུང་བའི་གཟུགས་ཤིག་འཛིན་པ་ཡིན་ཏེ། དེ་ཡིན་པའམ་བཟུང་ཟིན་གྱི་གཟུགས་འཛིན་པ་གང་རུང་གང་ཞིག ཕྱི་མ་གོང་དུ་བཀག་ཟིན་པའི་ཕྱིར། ཞེས་དེ་ཕྱིར་འདི་ནི་ཞེས་སྦྲེལ་ལོ། །གཉིས་པ་གནོད་བྱེད་མེད་པར་བསྟན་པ་ལ། ལོང་བས་གཟུགས་མཐོང་བར་ཐལ་བའི་གནོད་བྱེད་མེད་པར་བསྟན། བསྐལ་པའི་དོན་མཐོང་བར་ཐལ་བའི་གནོད་བྱེད་མེད་པར་བསྟན། དབང་ཡིད་ཀྱི་མངོན་སུམ་གཉིས་ཀ་ལ་ཐུན་མོང་དུ་བཟུང་ཡུལ་སྔ་ཐོགས་ཀྱི་རྒྱུར་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། ཡིད་མངོན་གྱི་དབང་ཤེས་ཀྱིས་མཐོང་བའི་དོན་འཛིན། ལོང་བས་གཟུགས་མཐོང་བར་ཐལ་ལོ་ཞེ་ན། དེ་ལྟར་ཐལ་བ་མིན་ཏེ། ཡིད་མངོན་ཡིན་ན་རང་གི་དེ་མ་ཐག་རྐྱེན་དབང་ཤེས་ལས་སྐྱེས་དགོས་པའི་ཕྱིར། ཞེས་དབང་པོའི་ནས། དེ་ཕྱིར་ལོང་བས་ཞེས་སྦྱར་རོ། །གཉིས་པ་ནི། རང་དོན་ཞེས་སོགས། གསུམ་པ་ནི། རྒྱུའི་དངོས་པོ་མ་གཏོགས་པ། །བཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་པ་ལ་འཕྲོས་ནས། བཟུང་འཛིན་ཡིད་མངོན་གྱི་བཟུང་ཡུལ་དང༌། དབང་མངོན་གྱི་བཟུང་ཡུལ་ཆོས་ཅན། རང་འཛིན་མངོན་སུམ་གྱི་དེ་མ་ཐག་རྐྱེན་གྱིས་རང་འཛིན་མངོན་སུམ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་མིན་པར་ཐལ། ཁྱོད་ཁྱོད་རང་གི་ཡུལ་ཅན་མངོན་སུམ་གྱི་སྔ་ལོགས་ན་མེད་པའི་ཕྱིར་དེ། རང་གི་ཡུལ་ཅན་མངོན་སུམ་དང་དུས་མཉམ་ཡིན་པའི་ཕྱིར། དུས་མི་མཉམ་ན་དེས་དེ་མ་བཟུང་བར་ཐལ་ལོ། །ཞེ་ན། དེ་རྒྱུ་ཡིན་ན་དེའི་སྔ་རོལ་དུ་ཡོད་དགོས་ཏེ། དེ་ཡིན་ན་དེ་ལ་ཕན་འདོགས་དགོས་པའི་ཕྱིར། དེའི་བཟུང་ཡུལ་དུ་གྱུར་པའི་གཟུགས་ཆོས་ཅན། དེ་དང་དུས་མི་མཉམ་ཀྱང་དེས་བཟུང་བ་ཡིན་ཏེ། དེ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། དེ་ལྟ་ནའང་ཐམས་ཅད་བཟུང་བར་ཐལ་བའི་སྐྱོན་མེད་དེ། རྒྱུ་གང་གི་རྣམ་པ་ཤར་བ་དེ་ཁོ་ན་བཟུང་བར་བརྗོད་པའི་ཕྱིར། ཞེས་པའི་རྒོལ་བ་ལན་དང་བཅས་པ་ནི། དེ་དང་བྱེད་དུས་དང༌། མེད་པ་དང༌། དུས་མཐའ་དང༌། རིགས་པ་དང་འབྲས་བུ་རྣམས་སོ། །འགྲེལ་པ་བྱེད་པ་དག་གིས་ཡིད་ཀྱི་མངོན་སུམ་ངོས་འཛིན་ཚུལ་མི་མཐུན་པར་སྣང་སྟེ། རྒྱལ་རྔ་བདུན་པ་སློབ་དཔོན་ཆོས་མཆོག་ནི། ཚུ་རོལ་མཐོང་བའི་དངོས་སྟོབས་ཀྱིས་ཚད་མ་མི་འགྲུབ་ཅིང༌། ལུང་ཙམ་ལ་གྲགས་པའི་ཡིད་མངོན་སྐད་ཅིག་དབང་མངོན་གྱི་རྒྱུན་མཐའ་ཁོ་ནར་སྐྱེ་བར་འདོད། བྲམ་ཟེ་ཆེན་པོ་བདེ་བྱེད་དགའ་བ་ནི། དབང་མངོན་སྐད་ཅིག་མ་དང་པོ་ཡན་ཆད་དུས་ཀྱིས་ཐུང་བའི་ཡིད་ཀྱི་མངོན་སུམ་སྐད་ཅིག་མ་རྣམས་རྒྱུན་ཆད་ཅིང་དབང་མངོན་དང་གྲངས་མཉམ་དུ་སྐྱེ་བར་འདོད། རྒྱན་མཛད་པ་ནི། དོན་དེ་ལ་ངེས་པ་འདྲེན་ཁ་མའི་དོན་རིག་པའི་རྣམ་པར་ཤེས་པ་ཕྱི་མ་དང༌། གཙོ་བོ་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་བདེ་སྡུག་ཆགས་སྡང་སོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་རྣམས་ཡིད་ཀྱི་མངོན་སུམ་དུ་འདོད་པར་སྣང་སྟེ། ཇི་སྐད་དུ། རྒྱན་ལས། གོམས་ནས་མདུན་ན་གནས་པ་ལས། །ཞེས་སོགས་དང༌། དོན་དང་བདེ་སོགས་རང་བཞིན་ལ། །འདི་ཞེས་བྱ་བས་འཇུག་པ་གང༌། །རང་བཞིན་དངོས་སུ་འཛིན་པ་ན། །དེ་ཀུན་ཡིད་དུ་འདོད་པ་ཡིན། །ཞེས་དང༌། འདི་རྣམ་པར་རྟོག་པ་དང་བཅས་པ་ཡང་མིན་ཏེ། མདུན་ན་གནས་པའི་རྣམ་པ་བསལ་བ་ཙམ་ཡིན་པའི་ཕྱིར། ཞེས་དང༌། དབང་པོའི་ཤེས་པ་ལ་འདི་ཉམས་སུ་མྱོང་བའི་རྣམ་པ་གཞན་དུ་དམིགས་པ་མེད་དོ། །རྟོག་མེད་དུ་ཆོས་མཐུན་པས་ཡིད་ཉིད་ལ་དབང་ཤེས་ཀྱི་བདེ་སྡུག་བཏགས་སོ་ཞེས་དང༌། བདེ་སྡུག་ཆགས་སྡང་སོགས་རང་རིག་ཐམས་ཅད་ཡིད་ཡིན་ཏེ། ཇི་སྐད་དུ། ཡིད་ཀྱང་དོན་དང་ཆགས་སོགས་ལས། །རང་རིག་རྟོག་པ་མེད་པ་ཡིན། །ཞེས་བྱ་བའི་ལུང་དྲངས་སོ། །རྒྱལ་བ་ཅན་ནི། ཡིད་མངོན་མེད་པར་རྒྱན་འཆད་ཅེས་ཟེར་ཞིང༌། དབང་ཤེས་དང་རང་རིག་ཡོད་ན་དེ་ཁོ་ནས་ཡིད་ཀྱི་མངོན་སུམ་ཡིན་ཏེ། སེམས་ཡོད་ན་སེམས་བྱུང་བཞིན་ནོ། །ཞེས་སོགས། རྔོག་ལོ་ཆེན་པོའི་རྗེས་སུ་འབྲང་བ་འགའ་ཞིག དབང་ཤེས་སྐད་ཅིག་མ་གཉིས་པ་མན་ཆད་བདག་རྐྱེན་དབང་པོ་གཟུགས་ཅན་ལས་སྐྱེས་པའི་ཆ་ནས་དབང་མངོན་དང༌། བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་ཆ་ནས་ཡིད་ཀྱི་མངོན་སུམ་དུ་འཇོག་པ་ཡིན་ནོ། །ཞེས་སོགས། ཞར་ལས་འོངས་པའོ། །གསུམ་པ་རང་རིག་མངོན་སུམ་འཆད་པ་ལ། ཚད་མ་མདོར། ཆགས་ལས་སོགས། རང་རིག་རྣམ་པར་མི་རྟོག་པ། །ཞེས་དང༌། དེའི་རང་འགྲེལ་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། བདེ་བ་དང༌། སྡུག་བསྔལ་ལ་སོགས་པ་རྣམས་ནི། དབང་པོ་ལ་མི་ལྟོས་པའི་ཕྱིར། རང་རིག་པའི་མངོན་སུམ་མོ་ཞེས་གསུངས། དེའི་དོན་འགྲེལ་བ་ལ། རང་རིག་ལ་མངོན་སུམ་གྱི་དོན་ཚང་བར་སྒྲུབ། རང་རིག་མི་སྲིད་པའི་རྩོད་པ་སྤང་བའོ། །དང་པོ་ནི། བདེ་སོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རྟོག་པ་མིན་ཏེ། ཁྱོད་ཀྱི་སྣང་ཡུལ་ལ་བརྡ་དངོས་སུ་སྦྱོར་མི་ནུས་པའི་ཕྱིར། སྐབས་འདིར་སློབ་དཔོན་རྒྱལ་དབང་བློས། དབང་པོ་ལ་མི་ལྟོས་ན་མངོན་སུམ་ཇི་ལྟར་ཡིན་ཞེས་པའི་དྲི་བ་བཀོད་ནས། ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཕྱིར་མངོན་སུམ་ཡིན་ཞེས་དང༌། གང་ཡིད་ལ་བརྟེན་པའི་མངོན་སུམ་ཐམས་ཅད་ཡིད་ཀྱི་མངོན་སུམ་ཡིན་ཞེས་བཤད་ཀྱང༌། འགྱུར་གྱིས་ནོངས་པའམ། ཡང་ན་ལོག་པར་བཤད་པ་ཡིན་ཏེ། ཡབ་སྲས་གཉིས་ཀྱི་གཞུང་དང་འགལ་བའི་ཕྱིར། གཉིས་པ་ལ། བྱེ་བྲག་པ་བདེ་སོགས་ནང་དོན་བེམ་པོར་འདོད་པ་དགག གྲངས་ཅན་བདེ་སོགས་ཕྱི་དོན་བེམ་པོར་འདོད་པ་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། བདེ་སོགས་ཆོས་ཅན། རང་གི་ངོ་བོ་མི་རིག་སྟེ། ཐ་ན་ཡུལ་གཞན་ཡང་མི་རིག་པའི་ཕྱིར། དེས་ན་བདག་གི་ཡོན་ཏན་དུ་གྱུར་པའི་ནང་གི་བེམ་པོ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ། བེམ་པོ་ཡིན་པ་བཀག་ནས་ཤེས་པར་སྒྲུབ། རང་མི་རིག་པ་བཀག་ནས་རང་རིག་པར་སྒྲུབ། གཞན་མི་རིག་པ་བཀག་ནས་གཞན་རིག་པར་སྒྲུབ། དང་པོ་ལ། ཁྱབ་པ་སྒྲུབ། རྟགས་འགོད། ཕྱོགས་ཆོས་སྒྲུབ། ཁྱབ་པ་མ་གྲུབ་པའི་རྩོད་པ་སྤང་བ། ཕྱོགས་ཆོས་མ་གྲུབ་པའི་རྩོད་པ་སྤང་བའོ། །དེ་དག་རིམ་པར། དེ་དང་དེ་མིན་དང༌། རྣམ་ཤེས་དང༌། དོན་བཅས་དང༌། དེ་དག་མེད་དང༌། དེ་དག་རྣམས་སོ། །གཏན་ཚིགས་ནི། གཟུང་འཛིན་དབང་ཤེས་འཁོར་གྱི་བདེ་སོགས་ཆོས་ཅན། ཤེས་པ་ཡིན་ཏེ། གཙོ་བོ་དབང་ཤེས་དང་རྐྱེན་གསུམ་གྱི་ཚོགས་པ་གཅིག་ལས་སྐྱེས་པའི་ཕྱིར། ཞེས་པ་ལ་བྱེ་བྲག་པ་ན་རེ། རྐྱེན་གསུམ་ལས་སྐྱེས་པར་འདྲ་ཡང་ཤེས་པ་ཡིན་མིན་གྱི་ཁྱད་པར་ཡོད་དེ། གཙོ་བོ་ནི་རྐྱེན་གསུམ་ལ་ཤེས་པར་སྐྱེ་ལ། བདེ་སོགས་ནི་འབད་རྩོལ་དང་ཆོས་དང་ཆོས་མིན་པའི་ལ་སོགས་ལས་བེམ་པོར་སྐྱེའོ། །ཞེས་རྒོལ་བ་དང༌། རྐྱེན་གསུམ་ལས་གཞན་པའི་རྒྱུའི་ཁྱད་པར་མེད་ན། རྣམ་ཤེས་གཅིག་གི་འཁོར་དུ་བྱུང་བའི་བདེ་སྡུག་གཉིས་ལ་ཁྱད་པར་མེད་པར་ཐལ་ལོ་ཞེས་རྩོད་པ་ཡིན་ནོ། །གཉིས་པ་རང་རིག་པར་སྒྲུབ་པ་ལ། བདེ་སོགས་རང་གིས་རང་མི་རིག་ན་གཞན་གྱིས་རིག་པར་འདོད་དགོས་པས། དབང་ཤེས་དང་ཡིད་ཤེས་རིམ་ཅན་དུ་སྐྱེས་ནས། གཟུགས་སོགས་དང་བདེ་སོགས་སོ་སོར་འཛིན་པ་དགག དབང་ཤེས་གཅིག་པུས་གཟུགས་སོགས་དང་བདེ་སོགས་གཉིས་ཀ་འཛིན་པ་དགག དབང་ཤེས་དང་ཡིད་ཤེས་ཅིག་ཆར་སྐྱེས་ནས་གཟུགས་སོགས་དང་བདེ་སོགས་ཅིག་ཆར་དུ་འཛིན་པ་དགག་པའོ། །དང་པོ་ནི། རིམ་གྱིས་སོགས་སོ། །གཉིས་པ་ལ་གཟུགས་སོགས་འཛིན་པ་བོར་ནས་དབང་ཤེས་ཀྱི་བདེ་སོགས་འཛིན་པ་དགག མ་བོར་བར་འཛིན་པ་དགག དང་པོ་ནི། དོན་གང་སོགས་འོག་ཏུ་འཐེན་ནོ། །གཉིས་པ་ལ་མ་བརྟགས་པར་རང་རྒྱུད་ཀྱིས་དགག བརྟགས་ནས་ཐལ་འགྱུར་གྱིས་དགག དང་པོ་ལ་རྟགས་འགོད་པ་དང༌། ཕྱོགས་ཆོས་མ་གྲུབ་པའི་ཉེས་སྤོང་དགག གཉིས་པ་ལ་ལྷན་ཅིག་ཏུ་འཛིན་པ་དགག བདེ་སོགས་འབའ་ཞིག་འཛིན་པ་དགག དོན་འབའ་ཞིག་འཛིན་པ་དགག་པ་རྣམས་ནི་རིམ་པར། གཅིག་གིས་དང༌། གཉིས་དང༌། དོན་དང༌། དོན་མེད་དང༌། དོན་འཛིན་རྣམས་སོ། །གཉིས་པ་ནི། ཡུལ་དེ་སོགས་སོ། །གསུམ་པ་གཞན་རིག་པར་སྒྲུབ་པ་ནི། དེ་ཕྱིར་སོགས་སོ། །གཉིས་པ་ནི། གྲངས་ཅན་ན་རེ། བདེ་སོགས་ཉམས་སུ་མྱོང་བའི་རང་རིག་མི་སྲིད་དེ། ཕྱི་རོལ་ན་དེ་ཙམ་ལྔའི་ངོ་བོར་གནས་པའི་ཕྱིར་དང༌། སེམས་མེད་ཡིན་པའི་ཕྱིར་དང༌། རྣམ་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཞེས་ཕྱོགས་སྔ་མ་ནི། འགའ་ཞིག་སོགས་སོ། །འདིར་གྲངས་ཅན་གྱིས་ཕྱི་རོལ་དོན་གྱི་བདེ་སོགས་དང༌། ནང་བློའི་བདེ་སོགས་གཉིས་ཡོད་པར་འདོད་ཅིང༌། གཟུགས་བརྙན་གྱི་བདེ་སོགས་ཞེས་པའང་དོན་གྱིས་ཐོབ་བོ། །དེ་དགག་པ་ལ། རྣམ་ཤེས་ཀྱི་བཟུང་བྱ་ཡིན་པ་དགག ཕྱི་རོལ་ན་གནས་པ་དགག སེམས་མེད་ཡིན་པ་དགག་པའོ། །དང་པོ་ནི། དེའི་ཡང་སོགས་དང༌། གཉིས་པ་ནི། ཕྱི་རོལ་དེར་སོགས་སོ། །གསུམ་པ་ལ། རྟགས་དགོད། ཁྱབ་པ་སྒྲུབ། ཁྱབ་པ་མ་གྲུབ་པའི་བརྒལ་ལན་ནོ། །དང་པོ་ནི། བདེ་སོགས་ཆོས་ཅན། སེམས་ཡིན་ཏེ། རང་མྱོང་བྱེད་ཀྱི་བློའི་མྱོང་བྱ་ཡིན་པའི་ཕྱིར། གཉིས་པ་ནི། ཁྱབ་པ་ཡོད་དེ། ཤེས་པ་མིན་ན་མྱོང་བྱ་མིན་དགོས་པའི་ཕྱིར། ཞེས་དེ་ཕྱིར་མྱོང་བྱ་སོགས་སོ། །འདིར་རང་གི་མྱོང་བྱ་ཡིན་པའི་ཕྱིར་ཞེས་བཀོད་ན་མ་གྲུབ་པ་ཉིད་སྒྲུབ་བྱེད་བཀོད་པར་སོང་བས་མི་འཐད་དོ། །གསུམ་པ་ནི། གལ་ཏེ་མ་ཁྱབ་སྟེ། མྱོང་བ་ཤེས་རིག་གི་སྐྱེས་བུ་དེས་བདེ་སོགས་དེའི་རང་བཞིན་མིན་པ་བློ་ལ་གནས་པ་གཟུགས་བརྙན་གྱི་བདེ་སོགས་དེ་རིག་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་སོགས་སོ། །དེ་ཡང་གྲངས་ཅན་གྱི་བསམ་པ་ནི། ཡུལ་དང་མྱོང་བ་ཤེས་པའི་བར་ན་བློའམ་ཆེན་པོ་ཞེས་བྱ་བ། མྱོང་བྱ་དང་མྱོང་བྱེད་གཉིས་ཀའི་ངོ་བོར་གནས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་བེམ་པོར་གྱུར་པ་གཅིག་ཡོད་ལ། དེ་ཡང་བདེ་སོགས་ཀྱི་ངོ་བོར་གནས་ཤིང་གོམས་པ་ལས་ཁྱད་པར་དུ་འགྱུར་བའང་དེ་ཡིན་ལ། དེ་ལ་ནང་བློའི་བདེ་སོགས་ཞེས་བྱ། ཕྱི་རོལ་ན་གཟུགས་སོགས་དེ་ཙམ་ལྔ་བདེ་སོགས་ཀྱི་ངོ་བོར་གནས་ཤིང༌། དེ་ལ་ཕྱི་རོལ་ཡུལ་གྱི་བདེ་སོགས་ཞེས་བྱ། དེའི་གཟུགས་བརྙན་བློ་ལ་འཆར་ཞིང༌། དེ་ལ་གཟུགས་བརྙན་གྱི་བདེ་སོགས་ཞེས་བྱ། བློ་དེ་ལ་ནང་ཤེས་རིག་གི་གཟུགས་བརྙན་འཆར་ཞིང༌། གཟུགས་བརྙན་གཉིས་པོ་གོ་ས་གཅིག་ཏུ་འདུས་པ་དེ་ལ་སྐྱེས་བུ་རྣམ་འགྱུར་ལ་ལོངས་སྤྱོད་པ་ཞེས་པའི་མིང་འདོགས་པ་ཡིན་ནོ། །དེ་དགག་པ་ནི། བེམ་པོར་གྱུར་པའི་མྱོང་བ་མེད་པར་ཐལ། མྱོང་བ་ཡིན་ན་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་རུང་ཡིན་དགོས་པའི་ཕྱིར། ཡང་བློ་མྱོང་རྫས་གཞན་དུ་མེད་དེ། དེར་ཚད་མས་མ་མཐོང་བའི་ཕྱིར། མ་ཁྱབ་སྟེ། ལྕགས་གོང་དམར་འབར་བར་སོང་བའི་ཚེ་མེ་ལྕགས་གཉིས་རྫས་གཞན་ཡིན་ཀྱང་རྫས་དུ་མ་མཐོང་བའི་ཕྱིར་ཞེ་ན། འོ་ན་རྫས་གཅིག་དང་ཐ་དད་མིན་པའི་རྣམ་གཞག་ཉམས་པར་ཐལ། རྫས་གཅིག་དང་ཐ་དད་དུ་ཚད་མས་མ་དམིགས་པ་དེ་སོ་སོར་དེ་གཉིས་ཀྱི་སྒྲུབ་བྱེད་ཡིན་པའི་ཕྱིར། འོ་ན་གཙོ་བོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་ཚོར་བ་མངོན་དུ་གྱུར་པའི་ཚེ། སེམས་བྱུང་ཀུན་འགྲོ་ལྔ་ཆོས་ཅན། རྫས་ཐ་དད་གཅིག་ཏུ་ཐལ། རྫས་ཐ་དད་དུ་ཚད་མས་མ་མཐོང་བའི་ཕྱིར་ཞེ་ན། དེ་ཆོས་ཅན། དུས་གཅིག་གི་ཚེ་རྫས་ཐ་དད་དུ་ཚད་མས་མ་མཐོང་ཡང༌། རྫས་ཐ་དད་མིན་ཏེ། སེམས་བྱུང་སོ་སོའི་ཁྱད་པར་གྱི་རྒྱུན་ལ་ལྟོས་ཏེ་རྫས་ཐ་དད་དུ་མཐོང་བའི་ཕྱིར། ཞེས་པ་རྣམས་མངོན་སུམ་དང༌། དེ་དང༌། ལྕགས་གོང་དང༌། དེ་ལྟ་དང༌། གཅིག་ཚེ་རྣམས་སོ། །གཅིག་ཚེ་ཞེས་པའི་གཞུང་གིས་བསྟན་པའི་རིགས་པ་འདི། ལྕགས་གོང་དམར་འབར་བའི་དུས་ཀྱི་མེ་ལྕགས་རྫས་ཐ་དད་པའི་སྒྲུབ་བྱེད་དུ་སྦྱར་དགོས་ཏེ། གཞན་དུ་ན་ཚོགས་པ་གཅིག་པའི་རྫས་བརྒྱད་པོ་རྫས་གཅིག་པ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །ཇི་ལྟར་སྦྱོར་ན། གཅིག་ཚེ་གསལ་བས་བསྒྲིབས་ན་ཡང༌། །སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཐ་དད་པར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་སྦྱོར་བ་ཡིན་ནོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ། བཤད་བྱའི་མདོ་ནི། ཇི་སྐད་དུ། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་གསུངས་སོ། །རྣལ་འབྱོར་རྣམས་ཀྱི་ཞེས་པས་སོ་སོ་སྐྱེ་བོའི་ཚད་མ་སེལ་ལོ། །བླ་མས་བསྟན་ཞེས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལུང་ཐོས་པ་ལས་བྱུང་བར་བསྟན། ཙམ་ཞེས་པས་སྒྲོ་བཏགས་པའི་དོན་མཐོང་བ་བསལ་བར་བྱེད་པ་ཡིན་ནོ། །མ་འདྲེས་པའི་དོན་ནི་གཉིས་ཏེ། དོན་རང་གི་མཚན་ཉིད་དང༌། བདག་མེད་པའོ། །དེས་ནི་རྟོག་མེད་འཁྲུལ་བའི་ཤེས་པ་རྣམས་བསལ་བ་ཡིན་ནོ། །འདི་ལ་གཉིས་ཏེ། མཚན་གཞི་ངོས་བཟུང༌། དེ་ལ་མངོན་སུམ་གྱི་དོན་ཚང་བར་བསྒྲུབ་པའོ། །དང་པོ་ནི། སྔར་ཚད་མ་གྲུབ་པའི་ལེའུར་བཤད་པའི་བདག་མེད་པའི་དོན་བསྒོམས་སྟོབས་ཀྱིས་ཐོབ་པའི་ཏིང་ངེ་འཛིན་བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་ཞིང༌། ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བ་དེ་འདིར་མཚན་གཞི་ཡིན་ནོ། །ཞེས་རྣལ་འབྱོར་སོགས་སོ། །འདི་ལ་གཉིས་ཏེ། སྣང་བཅས་དང༌། སྣང་མེད་དོ། །དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་ཞིང༌། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང༌། སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པ་མ་འཁྲུལ་བའི་ཤེས་པ་གང་ཡིན་པའོ། །གཉིས་པ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་རྣམས་སོ། །གཉིས་པ་ལ། རྟོག་བྲལ་གྱི་དོན་ཚང་བར་སྒྲུབ་པ་དང༌། མ་འཁྲུལ་བའི་དོན་ཚང་བར་སྒྲུབ་པའོ། །དང་པོ་ནི། ཉན་ཐོས་ཀྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དང༌། ཉན་ཐོས་ཀྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་རྣམས་ཆོས་ཅན། རྟོག་པ་མིན་ཏེ། རང་ཡུལ་གསལ་བར་སྣང་བའི་ཕྱིར། ཞེས་རྟོག་པའི་སོགས་སོ། །གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་སྐྱེ་བ་ཡོད་དམ་ཞེ་ན། ཡོད་པའི་དཔེ་ནི། འདོད་འཇིགས་སོགས་སོ། །གཉིས་པ་ལ། འོ་ན་ཏིང་ངེ་འཛིན་གྱི་བདག་རྐྱེན་ལས་གོམས་བྱའི་དོན་ལ་གསལ་སྣང་སྐྱེས་པའི་བློ་ཐམས་ཅད་རྣལ་འབྱོར་མངོན་སུམ་ཡིན་ནམ་ཞེ་ན། ཟད་པར་སའི་ཏིང་ངེ་འཛིན་ཆོས་ཅན། མངོན་སུམ་མིན་ཏེ། འཁྲུལ་བའི་ཕྱིར། ཞེས་པ་ནི། མི་གཙང་སོགས་སོ། །བདག་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཆོས་ཅན། མ་འཁྲུལ་བ་ཡིན་ཏེ། རྟོག་པ་དང་བྲལ་ཞིང་བསླུ་བ་མེད་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཞེས་དེ་ཕྱིར་སོགས་སོ། །ལྔ་པ་རྩོད་སྤང་ནི། རང་རིག་མངོན་སུམ་ལ་འཕྲོས་ནས། འོ་ན་རྟོག་པ་ཡང་མངོན་སུམ་དུ་ཐལ། ཆགས་སོགས་མངོན་སུམ་ཡིན་པའི་ཕྱིར་ཞེ་ན། དེའི་ལན་ལ་རྟོག་པའང་རང་རིག་ཉིད་དུ་འདོད། དོན་ལ་མིན་དེར་རྟོག་ཕྱིར། ཞེས་གསུངས་པ་དེའི་དོན་འཆད་པ་ནི། ཡུལ་གང་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རིག་པ་ཡིན་ན། ཡུལ་དེ་ལ་རྟོག་པ་ཡིན་པས་ཁྱབ། དཔེར་ན། བུམ་པའི་སྒྲ་དོན་འཛིན་པའི་རྟོག་པ་བཞིན། རྟོག་པ་ཐམས་ཅད་ཀྱང་རང་རང་གི་ཡུལ་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རིག་པ་ཡིན་ནོ། །ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་དང༌། དོན་གང་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རིག་པ་མིན་ན། དོན་དེ་ལ་རྟོག་པ་མིན་པས་ཁྱབ། དཔེར་ན་དབང་པོ་གཟུགས་ཅན་པ་བཞིན། ཤེས་པ་ཐམས་ཅད་ཀྱང་རང་གི་ངོ་བོ་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རིག་པ་མིན་ནོ། །ཞེས་བྱ་བ་འདི་ནི་རང་བཞིན་མ་དམིགས་པའི་གཏན་ཚིགས་སོ། །ཞེས་ཕྱོགས་ཆོས་བསྒྲུབས་ནས། ཤེས་པ་ཀུན་ཆོས་ཅན། རང་གི་ངོ་བོ་ལ་མངོན་སུམ་ཡིན་ཏེ། རང་གི་ངོ་བོ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། ཞེས་ཤེས་གང་དང༌། རང་གི་དང༌། དེ་ཕྱིར་རྣམས་སོ། །གཉིས་པ་མངོན་སུམ་ལྟར་སྣང་ལ་བཤད་བྱའི་མདོ་ནི། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་སོ། །འདིའི་དོན་འཆད་པ་ལ། མདོར་བསྟན། རྒྱས་པར་བཤད། དང་པོ་ནི། མངོན་སུམ་ལྟར་སྣང་ཆོས་ཅན། མདོ་ལས་བདུན་དུ་གསུངས་པ་བཞིར་འདུས་ཏེ། རྟོག་པའི་ཤེས་པ་གསུམ། རྟོག་མེད་འཁྲུལ་ཤེས་གཅིག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། རྟོག་པ་མངོན་སུམ་ལྟར་སྣང་ལ་དུ་མར་ཕྱེ་བའི་དགོངས་དོན་གཏན་ལ་དབབ། རྟོག་མེད་མངོན་སུམ་ལྟར་སྣང་དམིགས་ཀྱིས་བསལ་བའི་དགོས་པ་བཤད་པའོ། །དང་པོ་ནི། མདོར། སྨིག་རྒྱུ་ལ་ཆུ་འཛིན་གྱི་རྟོག་པ་ལྟ་བུ་འཁྲུལ་བའི་ཤེས་པ་དང༌། བུམ་པ་ཉིད་ལ་སོགས་པ་འཛིན་པའི་རྟོག་པ་ལྟ་བུ་ཀུན་རྫོབ་པའི་ཤེས་པ་གཉིས་མངོན་སུམ་ལྟར་སྣང་དུ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། བརྡ་རྟེན་ཅན་གྱི་རྟོག་པ་དང༌། དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དེ། མངོན་སུམ་མིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། རྗེ་དཔག་ལ་སོགས་པ་བཞི། མངོན་སུམ་ལྟར་སྣང་དུ་གྲུབ་ཟིན་ཀྱང༌། དེར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། སྔ་མ་གཉིས་དེར་སྒྲུབ་པའི་མཐུན་དཔེ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན་དེ་དེར་སྒྲུབ་དགོས་པའི་རྒྱུ་མཚན་ཅིག དེའི་དཔེ་ལས་དེར་ངེས་ཚུལ་ཇི་ལྟ་བུ་ཞེ་ན། དེ་དེར་སྒྲུབ་དགོས་ཏེ། དེ་གཉིས་དང་མངོན་སུམ་ལྷན་ཅིག་ཏུ་ཉེ་བར་འཇུག་པའི་ཕྱིར། དེ་ལས་དེར་ངེས་ནུས་ཏེ། དཔེ་དོན་གཉིས་ཀ་རང་ཡུལ་འཛིན་པ་བརྡ་དྲན་ལ་ལྟོས་པར་མཚུངས་པའི་ཕྱིར། ཞེས་རིམ་པར། མངོན་སུམ་དང༌། དབང་སྐྱེས་དང༌། བརྡ་རྟེན་དང་ཇི་ལྟར་རྣམས་སོ། །གཉིས་པ་ལ། རང་ལུགས་གཞག གཞན་ལུགས་དགག སླར་ཡང་རང་ལུགས་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཚད་མ་ཀུན་ལས་བཏུས་པ་འདིར་ནི། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འཁྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་བསྐྱེད་པའི་རྟོག་མེད་ཀྱི་ཤེས་པ་ཡིན་ན། མངོན་སུམ་ལྟར་སྣང་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། ཀུན་ལས་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ན་རེ། མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་མི་དགོས་ཏེ། བདག་ཉིད་ཆེན་པོས་མ་བཤད་པའི་ཕྱིར། དེས་ན་རབ་རིབ་བཅས་ཤེས་པས་ཀྱང་བྲལ་བྱ་རྟོག་པ་ངོས་འཛིན་པ་ཡིན་ནོ། །དེ་ཡང་ཚུལ་ཇི་ལྟར་ཡིན་ཞེ་ན། མིག་རབ་རིབ་ཀྱིས་དཀྲུགས་པའི་རྐྱེན་གྱིས་ཟླ་གཉིས་གསལ་བར་སྣང་བའི་ཤེས་པ་འདི། རང་ཡུལ་གསལ་བར་སྣང་བ་ཡིན་ཀྱང༌། ཡིད་ཀྱི་རྟོག་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ། མངོན་སུམ་ལྟར་སྣང་རབ་རིབ་བཅས། ཤེས་བྲལ་བྱ་རྟོག་པའི་སྡེ་ཚན་དུ་གསུངས་པ་ཡིན་ནོ། །ཞེས་ཟེར་བའི་ཕྱོགས་སྔ་མ་ནི། དེ་ཡང་ཞེས་སོ། །འདི་ལུང་གིས་དགག་པ་དང༌། རིགས་པས་དགག་པ་གཉིས། དང་པོ་ནི། མིག་རབ་རིབ་ཀྱིས་དཀྲུགས་པའི་རྐྱེན་གྱིས་ཟླ་གཉིས་གསལ་བར་སྣང་བའི་ཤེས་པ་ཆོས་ཅན། ཁྱོད་ཡིད་རྟོག་ཡིན་པ་དེ་ཕྱོགས་གླང་གི་དགོངས་པ་མིན་ཏེ། ཁྱོད་དེ་ཡིན་པ་དེ། མིག་གི་དབང་པོ་དང༌། སྔོན་པོ་དང༌། ཟླ་བ་གཉིས་པ་ལ་སོགས་པར་སྣང་བའི་བློའི་རྒྱུ་ཡིན་ཞེས་པའི་ཀུན་ལས་བཏུས་ཀྱི་གཞུང་འདི་དང་འགལ་བའི་ཕྱིར། མི་འགལ་ཏེ། དེ་དེའི་རྒྱུད་རྒྱུར་སྟོན་པ་ཡིན་ནོ། །ཞེ་ན། མིན་ཏེ། རྩོད་སྒྲུབ་མཛད་པས་དབང་ཤེས་ཀྱི་དངོས་རྒྱུ་ཡིན་ན། དེའི་དམིགས་རྐྱེན་ཡིན་པས་ཁྱབ་པ་འགོག་པའི་སྐབས་སུ་གཞུང་འདི་གསུངས་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། དབང་ཤེས་ཡིན་ཏེ། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་བཤད་པ་དེ་ཙམ་གྱིས་མངོན་སུམ་དུ་འགྱུར་རམ་ཞེ་ན། རབ་རིབ་བཅས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་རྟོག་མེད་ཀྱི་ཤེས་པ་ཡིན་ཡང༌། མངོན་སུམ་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་རིམ་པར། སྔོ་དང༌། གལ་ཏེ་དང༌། དབང་རྟེན་དང༌། གཉིད་ལོག་རྣམས་སོ། །གང་གི་རྣམ་དཔྱོད་མུན་པ་ཟ་བྱེད་ཀྱིས། །རང་བློའི་མི་ཤེས་མུན་པ་བསྲེགས་པ་བས། །གཞན་བློའི་ང་རྒྱལ་མུན་པ་འཁྲུད་པ་འདི། །བློ་ངན་ལ་ལའི་མུན་པར་མ་གྱུར་ཏམ། །ད་ནི་གསུམ་པ་ཚད་མའི་འབྲས་བུ་ལ་ལོག་པར་རྟོག་པ་བསལ་བར་བྱ་སྟེ། འདི་ཚད་མའི་འབྲས་བུ་ནི། ཚད་མ་རྒྱུད་ལ་བསྐྱེད་པའི་དགོས་པ་སྟེ། དེ་ལ་མཆོད་པ་དང་མཆོད་པའི་འབྲས་བུ་གཉིས་ལས། དང་པོ་ནི། འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་དང༌། མྱ་ངན་ལས་འདས་པ་རྒྱུ་དང་འབྲས་བུར་བཅས་པ་ལ་བླང་དོར་བྱ་བ་དེ་ཡིན་ལ། གཉིས་པ་ནི། གཞལ་བྱ་རྟོགས་པའོ། །དེ་ལས་ཀྱང་བདག་ཉིད་ཆེན་པོས་ནི། མཆོད་པའི་འབྲས་བུ་ཁོ་ནའི་རྣམ་པར་བཞག་པ་མཛད་ཅིང༌། རིགས་པ་མཁྱེན་པས་ནི། བླང་དང་དོར་བྱའི་དངོས་པོ་ཡི། །ཞེས་སོགས་དང༌། ཕན་པ་དང་མི་ཕན་པ་ཐོབ་པ་དང༌། །ཞེས་སོགས་ཀྱིས་མཐར་ཐུག་གི་འབྲས་བུའི་རྣམ་པར་བཞག་པ་བསྟན་བཅོས་སུ་དཔྱད་པར་བྱ་སྟེ། ཆེས་ཤིན་ཏུ་གལ་ཆེ་བར་གསུངས་ལ། དེ་ལ་ནི་ཚད་འབྲས་གཉིས་བསྐྱེད་བྱ་སྐྱེད་བྱེད་དུ་སོང་བ་ཞིག་ངེས་པར་དགོས་པ་ཡིན་ནོ། །འདིར་སྐབས་སུ་བབ་པ་ནི་མངོན་སུམ་དང་རྗེས་དཔག་གཉིས་ལས། མངོན་སུམ་གྱི་ཚད་མ་དང་འབྲས་བུའི་རྣམ་པར་བཞག་པ་ཡིན་ལ། དེ་ལ་ཡང་བཞི་ལས། ཡིད་ཀྱི་མངོན་སུམ་དང༌། རྣལ་འབྱོར་མངོན་སུམ་གྱི་ཚད་འབྲས་ཀྱི་རྣམ་གཞག་བཏང་སྙོམས་སུ་བཞག་ནས། དབང་པོ་དང༌། རང་རིག་པའི་མངོན་སུམ་གཉིས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་དེ་ཉིད་དངོས་སུ་བསྟན་ནས། དེས་རྗེས་སུ་དཔག་པའི་ཚད་མ་དང༌། འབྲས་བུའི་རྣམ་པར་བཞག་པ་མཚོན་ནུས་པའི་ཚུལ་གྱིས་མཆོད་པའི་ཚད་མ་དང༌། འབྲས་བུའི་རྣམ་པར་བཞག་པ་དེ་ཉིད་གཏན་ལ་འབེབས་པར་བྱེད་དོ། །འདི་ལ་མདོ་ལས་ཇི་ལྟར་གསུངས་པའི་ཚུལ། རིགས་པ་མཁྱེན་པས་ཇི་ལྟར་གཏན་ལ་ཕབ་པའི་ཚུལ། འབྲས་བུའི་རྣམ་པར་རྟོག་པ་སོ་སོའི་དགོས་པ་བསྟན་པ་དང་གསུམ་གྱིས་རིག་པར་བྱའོ། །དང་པོ་ནི། ཚད་མའི་མདོར། བྱ་དང་བཅས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །འདི་ལ་ཕྱི་རོལ་པ་རྣམས་ཀྱིས་བཞིན་དུ་ཚད་མ་ལས་དོན་གཞན་དུ་གྱུར་པའི་འབྲས་བུ་མེད་ཀྱི། འབྲས་བུར་གྱུར་པའི་ཤེས་པ་དེ་ཁོ་ན་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་དང༌། བྱ་བ་དང་བཅས་པར་རྟོགས་པ་དེ་ལ་རྟེན་ནས་ཚད་མ་ཉིད་དུ་འདོགས་ཏེ། ཞེས་འབྲས་བུའི་རྣམ་པར་རྟོག་པ་གཅིག་དང༌། ཡང་ན་རང་རིག་འདིར་འབྲས་བུ། །ཞེས་པ་ནི། གཉིས་སུ་སྣང་བ་སྐྱེས་ཏེ། རང་གི་སྣང་བ་དང༌། ཡུལ་གྱི་སྣང་བའོ། །སྣང་བ་དེ་གཉིས་ལས། གང་རང་རིག་པ་འབྲས་བུར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་ལས་དོན་ངེས། གང་གི་ཚེ་ཡུལ་དང་བཅས་པའི་ཤེས་པ་དོན་ཡིན་པ་དེའི་ཚེ། དེ་དང་རྗེས་སུ་མཐུན་པའི་རང་རིག་པ་འདོད་པའི་དོན་རྟོག་པར་བྱེད་དོ། །ཞེས་ཡང་འབྲས་བུའི་རྣམ་པར་རྟོག་པ་གཅིག་དང༌། ཡང་ཇི་སྐད་དུ། གང་གི་ཚེ། ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱས་པ་དེའི་ཚེ། ཡུལ་གྱི་སྣང་བ་ཉིད་དེ་འདི། ཚད་མ་དེའི་ཚེ་ནི་ཤེས་པ་རང་རིག་ཡིན་པ་ལ་ལྟོས་པ་མེད་པར། རང་གི་ངོ་བོའི་དོན་གྱི་སྣང་བ་འདི་ཚད་མའོ། །གང་གིའི་ཕྱིར་ཞེ་ན། དོན་ནི་དེའི་འཇལ་བར་བྱེད། ཇི་ལྟ་ཇི་ལྟར་དོན་གྱི་རྣམ་པ་དཀར་པོ་དང༌། དཀར་པོ་མ་ཡིན་པ་ལ་སོགས་པ་ཉིད། ཤེས་པ་ལ་སྣང་བ་ན་དེ་དང་དེའི་ངོ་བོའི་ཡུལ་དང་བཅས་པ་འཇལ་བར་བྱེད་དེ། ཞེས་འབྲས་བུའི་རྣམ་པར་རྟོག་པ་མེད་པར་ཚད་མ་དང་གཞལ་བྱའི་རྣམ་པར་རྟོག་པ་གཅིག་གསུངས་སོ། །ཡང་ཇི་སྐད་དུ། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམ་རིག་པའོ་དེའི་ཕྱིར། །དེ་གསུམ་ཐ་དད་དུ་མ་གསུངས། །ཞེས་གཟུང་འཛིན་རིག་གསུམ་རྫས་ཐ་དད་དུ་མེད་ཀྱང༌། ཚད་འབྲས་གཞལ་གསུམ་དུ་འཇོག་པའི་རྒྱུ་མཚན་དང་བཅས་པ་གསུངས་སོ། །དེ་ལྟར་ན་མདོ་འགྲེལ་འདི་དག་གིས་བསྟན་པའི་འབྲས་བུ་ཡི་རྣམ་པར་རྟོག་པ་ནི་གཉིས་ཁོ་ན་སྟེ། དོན་རིག་པའི་ཚད་མ་འབྲས་བུར་བཞག་པ་དང༌། རང་རིག་པའི་ཚད་མ་འབྲས་བུར་བཞག་པའོ། །ཚད་མ་ལ་ཡང་གཉིས་ཁོ་ན་བསྟན་ཏེ། གཟུང་བའི་རྣམ་པ་ཚད་མར་བྱས་པ་དང༌། འཛིན་པའི་རྣམ་པ་ཚད་མར་བྱས་པའོ། །གཞལ་བྱ་ཡང་གཉིས་ཁོ་ནར་སྣང་སྟེ། ཕྱི་རོལ་གྱི་དོན་དང༌། གཟུང་བའི་རྣམ་པའོ། །གཉིས་ཚན་གཉིས་པོ་དེ་ལས་མ་གཏོགས་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་མདོའི་དངོས་བསྟན་ལ་མེད་དོ། །དེ་ཡང་འབྲས་རྟོག་དང་པོ་སྟོན་པའི་མདོས་ནི། ཚད་མ་འབྲས་བུ་དངོས་སུ་སྣང་ཞིང༌། གཞལ་བྱ་ཡང་དོན་གྱིས་ཐོབ་བོ། །འབྲས་རྟོག་གཉིས་པ་སྟོན་པའི་མདོས་ནི་འབྲས་བུ་གསལ་བར་སྣང་ཡང༌། ཚད་མ་དང་གཞལ་བྱ་འདི་ཡིན་ནོ་ཞེས་གསལ་བར་བཤད་པ་མེད་དོ། །འབྲས་བུའི་རྣམ་པར་རྟོག་པ་གསུམ་པ་སྟོན་པའི་མདོས་ནི། ཚད་མ་དང་གཞལ་བྱ་གསལ་བར་སྣང་ཡང༌། འབྲས་བུ་གང་ཡིན་གྱི་གསལ་ཁ་མེད་དོ། །གང་ཚེ་ཞེས་སོགས་རྩོད་སྤོང་གི་མདོས་ནི། གཟུང་འཛིན་རིག་གསུམ་ཚད་འབྲས་ཟུང་གཅིག་ཏུ་འཇོག་པའི་རྣམ་གཞག་གཅིག་ཐོན་པས། དེ་ཕྱིར་ཚད་འབྲས་འཆད་བྱེད་ཀྱི་གཞུང་ཚན་བཞི་དང༌། རྣམ་གཞག་ཚད་མ་གཉིས་ཁོ་ན་གསུངས་སོ། །གཉིས་པ་རྣམ་འགྲེལ་མཛད་པས་ཇི་ལྟར་བཀྲལ་བའི་ཚུལ་ནི། དྲངས་མ་ཐག་པའི་མདོ་དེ་དག་གི་དོན་འབྲས་བུའི་རྣམ་པར་རྟོག་པ་གསུམ་དང༌། ཕྱི་རོལ་གྱི་དོན་མེད་པ་ལ་ཚད་མ་དང་གཞལ་བྱ་མི་འཐད་པའི་རྩོད་པ་སྤང་བ་གཉིས་ཀྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་དོ། །ཇི་ལྟར་གསུམ་དུ་འགྱུར་ཞེ་ན། ཡང་ན་རང་རིག་འདིར་འབྲས་བུ། །ཞེས་འབྲས་བུ་སྟོན་བྱེད་ཀྱི་མདོ་གཅིག་ཉིད་ལ་རྣམ་འགྲེལ་མཛད་པས་ཚད་མ་དང་གཞལ་བྱ་མི་འདྲ་བ་ཕྲུགས་གཉིས་སྦྱར་ཏེ་ཚད་འབྲས་ཀྱི་རྣམ་པར་བཞག་པ་གཉིས་མཛད་པ་ཡིན་ནོ། །ཇི་ལྟར་མཛད་ཅེ་ན། དོན་རིག་གང་ཡིན་ཞེས་སོགས་ནས། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པའི་བར་གྱིས་དོན་སྣང་གི་རྣམ་པར་ཤེས་པས་ཕྱི་རོལ་གྱི་དོན་རིག་པ་འབྲས་བུ་ཡིན་པར་བསྒྲུབས་ཏེ། འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་གཅིག་བཤད་ཀྱང༌། དེའི་ཚད་མ་དང་གཞལ་བྱ་གང་སྦྱོར་རྒྱུ་ཡིན་གྱི་གསལ་ཁ་རྣམ་འགྲེལ་ངེས་གཉིས་ཀ་ན་མེད་དོ། །དེའི་ཚད་མ་དང་གཞལ་བྱ་ནི། འོག་གཟུང་བ་འཛིན་པ་རིག་པ་དག་ཅེས་པའི་སྐབས་ནས་དོགས་གཅོད་བཅས་ཏེ་འཆད་པར་འགྱུར་བས། འབྲས་རྟོག་གཉིས་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་ཁོང་དུ་ཆུད་པར་འགྱུར་བ་ནི། བློ་བདག་སོགས་རྩོད་སྤོང་གི་གཞུང་ལ་རག་ལས་པ་ཡིན་ནོ། །འདི་ལ་ཡང་གཟུང་རྣམ་བདེན་གྲུབ་མ་བཀག་པའི་ཚད་འབྲས་དང་བཀག་པའི་ཚད་འབྲས་གཉིས། དང་པོ་ནི། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་འགྱུར་ཞིང༌། གཉིས་པ་ནི། གང་གི་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་ཀྱི་སྐབས་སུ་དོན་གྱིས་ཐོབ་པ་ཡིན་ནོ། །འདི་ཡང་འབྲས་རྟོག་བཞི་པ་ནི་མིན་ཏེ། གཉིས་པའི་ཁོངས་སུ་འདུས་པའི་ཕྱིར་རོ། །གང་ཚེ་རྣམ་རིག་ཅེས་སོགས་ཤླཽ་ཀ་གཉིས་ནི། དེའི་ངོ་བོ་ལས་དོན་ངེས་ཞེས་པའི་མདོ་དོན་བཤད་ནས། མདོ་སེམས་ཐུན་མོང་དུ་དོན་སྣང་གི་རྣམ་པར་ངེས་པ་རང་རིག་པའི་སྒྲུབ་བྱེད་བཤད་ནས། རང་རིག་པའི་ཚད་མ་དེ་འབྲས་རྟོག་ཕྱི་མ་གཉིས་ཀའི་ཐུན་མོང་གི་འབྲས་བུ་ཡིན་པར་སྒྲུབས་པ་ཡིན་ནོ། །རྣམ་གཞག་གཉིས་པ་ནི། འབྲས་རྟོག་གསུམ་པ་སྟེ། གཞུང་ཉིད་ལས་ཤིན་ཏུ་གསལ་ལོ། །དེ་ཡང་ཇི་སྐད་དུ། སློབ་དཔོན་རྒྱལ་དབང་བློས་ཕྱི་རོལ་གྱི་དོན་དང་ཅིག་ཤོས་ཀྱི་ཕྱོགས་དག་ལ། མདོ་གཅིག་ཁོ་ནས་འབྲས་བུའི་རྣམ་པར་རྟོག་པ་འཆད་པར་བཞེད་པས། བཤད་པ་སྔ་མ་ཡང་ན་རང་རིག་འདིར་འབྲས་བུ་ཞེས་འབྱུང་བ་ལྟར་རོ། །གཉིས་པ་རྩོད་པ་སྤང་བ་ནི། འབྲས་རྟོག་གཉིས་པར་ཕྱི་རོལ་གྱི་དོན་བཀག་ནས། རང་རིག་པ་འབྲས་བུ་ཡིན་ནོ་ཞེས་བཤད་པ་ལ། ཕྱི་རོལ་གྱི་དོན་མེད་ན་ཚད་མ་དང་གཞལ་བྱའི་རྣམ་པར་བཞག་པ་མི་འཐད་དེ། ཡུལ་དང་ཡུལ་ཅན་རྫས་ཐ་དད་མིན་པའི་ཕྱིར། ཞེས་རྩོད་པའི་ལན། བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །ཞེས་སོགས་འབྱུང་བ་ཡིན་ནོ། །ཡང་ཇི་སྐད་དུ། རྣམ་པར་ངེས་པ་ལས། ཕྱི་རོལ་གྱི་དོན་མེད་ན། འོ་ན་ཚད་མ་དང་གཞལ་བྱ་དང་འབྲས་བུའི་རྣམ་པར་བཞག་པ་ཇི་ལྟར་གནས་ཤེ་ན། ཞེས་སོགས་ཀྱིས་མཚམས་སྦྱར་ནས་བྱས་པ་ཡིན་ནོ། །གསུམ་པ་སོ་སོའི་དགོས་པ་ནི། འབྲས་རྟོག་དང་པོར་ནི་རྣམ་དཔྱད་ལ། བྱ་བྱེད་རྫས་གཞན་བཀག་ནས། དོན་འདྲ་བ་དོན་རྟོགས་སྒྲུབ་བྱེད་དུ་བསྟན་པ་ཡིན་ནོ། །དེས་དགོས་པ་ཅི་ཞིག་འགྲུབ་ཅེ་ན། བུ་ཕ་དང་འདྲ་བ་ཡིན་ཡང༌། ཕའི་གཟུགས་དངོས་སུ་མི་འཛིན་པ་བཞིན་དུ། དོན་སྣང་གི་རྣམ་པར་ཤེས་པས་ཕྱི་རོལ་གྱི་དོན་དངོས་སུ་མི་འཛིན་པ་གྲུབ་པ་ཡིན་ནོ། །དེ་ལས་ཀྱང་དགོས་པ་ཅིར་འགྱུར་ཞེ་ན། རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་མྱུར་དུ་འཇུག་པ་ཡིན་ནོ། །དོན་ནི་སྔར་མཐོང་ཡོད་མིན་པས། །ཞེས་སོགས་ཀྱི་སྐབས་ནས་འབྱུང་བ་ལྟར་དངོས་སུ་མ་མཐོང་ན། དོན་དང་འདྲ་བ་མི་ཤེས་ལ། དེ་མ་ཤེས་ན་དོན་རྟོགས་པའི་ཚད་མ་སྒྲུབ་བྱེད་དང་བྲལ་བར་འགྱུར་བའི་ཕྱིར་རོ། །འབྲས་བུའི་རྣམ་པར་རྟོག་པ་གཉིས་པས་ནི། ཕྱི་རོལ་གྱི་དོན་བཀག་ནས་རང་རིག་པ་འབྲས་བུར་སྒྲུབ་པ་ཡིན་ལ། དེ་ལས་དགོས་པ་ཅི་ཞིག་འགྲུབ་ཅེ་ན། སྔར་ཚད་འབྲས་རྫས་གཞན་ཡིན་པ་བཀག་ཀྱང་ཚད་མ་དང་གཞལ་བྱ་རྫས་གཞན་ཡིན་པ་མ་བཀག་པ་དེ་ཁེགས་པར་འགྱུར་རོ། །དེ་ལས་ཀྱང་ཅིར་འགྱུར་ཞེ་ན། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འགྱུར་ཞིང༌། བག་ཆགས་ཀྱི་དབང་གིས་དོན་དུ་སྣང་བ་ཐམས་ཅད་སྣང་མཁན་རང་གི་སེམས་སུ་ཤེས་ཏེ། རྣམ་བཅས་རྣམ་རིག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཁོང་དུ་ཆུད་པར་འགྱུར་རོ། །འབྲས་བུའི་རྣམ་པར་རྟོག་པ་གསུམ་པར་ནི། ཕྱི་རོལ་གྱི་དོན་གཞལ་བྱ་རང་རིག་པ་འབྲས་བུ་ཡིན་པར་བསྟན་ལ། དེ་ལས་དགོས་པ་ཅི་ཞིག་འགྲུབ་ཅེ་ན། རྣམ་པར་རིག་པ་ཙམ་གྱི་ཚུལ་བདེ་བླག་ཏུ་ཁོང་དུ་ཆུད་པ་ཡིན་ཏེ། དཔྱད་པའི་ཚེ་ཕྱི་རོལ་གྱི་དོན་རྟོག་པ་གསུམ་པར་ནི། ཕྱི་རོལ་གྱི་དོན་གཞལ་བྱ་ལ་རང་རིག་པ་འབྲས་བུ་ཡིན་པ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། ཕྱི་རོལ་གྱི་དོན་གཞལ་བྱར་བྱས་པའི་ཚེ་རང་རིག་འབྲས་བུ་ཡིན་པའི་ཚུལ་ཁོང་དུ་ཆུད་པར་ལས། དོན་སྣང་གི་རྣམ་པར་ཤེས་པས་དོན་རྟོག་པའི་སྒྲུབ་བྱེད་འཁྲུལ་པར་ངེས་པ་སྔོན་དུ་འགྲོ་དགོས་པ་ཡིན་པའི་ཕྱིར་དང༌། དོན་སྣང་གི་རྣམ་པར་ཤེས་པ་རང་རིག་པ་ཡིན་པའི་ཚུལ་འབྲས་རྟོག་གཉིས་པར་བསྟན་པ་དེ་ངེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། འོ་ན་སེམས་ཙམ་གྱི་གྲུབ་པའི་མཐའ་རང་རྒྱུད་ལ་སྐྱེས་ཟིན་པའི་འོག་རོལ་དུ་མདོ་སྡེ་པའི་གྲུབ་པའི་མཐའ་སྟོན་དགོས་པར་འགྱུར་རོ། །ཞེ་ན་ཉེས་པ་མེད་དེ། ཕྱི་རོལ་གྱི་དོན་བཀག་ནས་རང་རིག་འབྲས་བུ་ཡིན་པར་བསྟན་ཀྱང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་མི་ནུས་པ་འགའ་ཞིག་ལ་ཕྱི་རོལ་གྱི་དོན་ཁས་བླངས་ནས་རང་རིག་པ་འབྲས་བུར་བསྟན་པས་དེ་རྟོགས་པའི་ཐབས་བླ་ན་མེད་པར་འགྱུར་བའི་ཕྱིར་རོ། །ཡང་ན་འདི་ལྟར་ཡིན་ཏེ། འབྲས་རྟོག་དང་པོར་མདོ་སྡེ་པས་མ་དཔྱད་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་དེ་བསྟན་ནས། དེ་མ་ཐག་ཏུ་འབྲས་རྟོག་གཉིས་པ་ནས་བཤད་པའི་རྣམ་བདེན་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་ལ་འཇུག་པའི་ཚུལ་དང༌། འབྲས་རྟོག་གསུམ་པར་མདོ་སྡེ་པའི་ལུགས་ཀྱི་དཔྱད་པའི་ཚད་འབྲས་ཀྱི་རྣམ་གཞག་དེ་བསྟན་ནས། དེའི་དེ་མ་ཐག་ཏུ་བློ་བདག་ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་རྣམ་བརྫུན་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་ལ་འཇུག་པའི་ཚུལ་བསྟན་པ་ཡིན་ནོ། །འདི་ནི་རེ་ཤིག་སྤྱིའི་འབྲེལ་ལོ། །གཞུང་གི་དོན་ལ་ཚད་འབྲས་ཀྱི་རྣམ་གཞག་དངོས་དང༌། རྣམ་གཞག་དེ་ཉིད་ངེས་པར་བྱ་བའི་ཕྱིར་དུ་བློ་ཚུལ་གཉིས་དང་བློ་རང་རིག་ཏུ་སྒྲུབ་པའོ། །དང་པོ་ལ། དོན་རྟོགས་པའི་ཚད་མ་འབྲས་བུར་བཞག་པའི་འབྲས་རྟོག་དང་པོ་བཤད། རང་རིག་པའི་ཚད་མ་འབྲས་བུར་བཞག་པའི་འབྲས་རྟོག་ཕྱི་མ་གཉིས་བཤད། དང་པོ་ལ་རང་ལུགས་བཞག གཞན་ལུགས་དགག རྩོད་པ་སྤངས་པས་གྲུབ་དོན་བསྟན་པའོ། །དང་པོ་ནི། སྔར་བཤད་པའི་ཚད་མ་དེ་དང་དེ་དག་གི་འབྲས་བུ་གང་ཡིན་ཞེ་ན། གཞལ་བྱ་རྟོག་པའོ། །ཞེས་སྟོན་པ་ནི། མདོར། བྱ་དང་བཅས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་ཞེས་གསུངས་པའོ། །འོ་ན་དེའི་སྒྲུབ་བྱེད་ཚད་མ་གང་ཡིན་ཞེ་ན། འཇལ་བྱེད་ལ་ཚད་མ་ཉིད་དུ་འདོགས་པ་སྟེ། ཞེས་པའི་དོན་འཆད་པ་ལ་ཤེས་བྱ་ཆོས་ཅན། དོན་རྟོགས་ཚད་མའི་སྒྲུབ་བྱེད་དུ་འགྱུར་བ་ལ་དེའི་སྐྱེད་བྱེད་ཡིན་པ་སོགས་ཡན་ལག་ཏུ་མི་དགོས་ཏེ། དོན་རྟོགས་པའི་ཚད་མ་ཐུན་མོང་མིན་པར་འཇོག་བྱེད་ཡིན་ན། དོན་རྟོགས་ཚད་མའི་སྒྲུབ་བྱེད་ཡིན་དགོས་པའི་ཕྱིར། ཞེས་སྟོན་པ་ནི། བྱ་བ་སོགས་སོ། །དེ་འཇོག་ནུས་པ་ལ། ཁྱད་ཆོས་ཇི་ལྟ་བུ་ཞིག་དགོས་ཤེ་ན། དོན་རྟོགས་སོ་སོར་འབྱེད་ནུས་པ་དང༌། དོན་རྟོགས་ཚད་མའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བའི་ཁྱད་ཆོས་གཉིས་དང་ལྡན་པ་གཅིག་དགོས་སོ་ཞེས་སྟོན་པ་ནི། དེ་ལ་སོགས་སོ། །དེ་སྒྲུབ་པ་ལ་བདག་ཉིད་དུ་གྱུར་པ་གཅིག་དགོས་པར་སྒྲུབ་པ་ནི། བདག་ཉིད་སོགས་སོ། །སོ་སོར་འབྱེད་ནུས་པ་དགོས་པར་སྒྲུབ་པ་ནི། དེ་ཕྱིར་སོ་སོར། དེ་ལྟ་བུའི་ཁྱད་ཆོས་གཉིས་ཡོད་དེ། དོན་འདྲ་བ་ལ་ཡོད་དོ་ཞེས་སྟོན་པ་ནི། དེ་ལྟ་བུའི་ཁྱད་ཆོས་གཉིས་པོ་དེ། རྣམ་འགས་སོགས་སོ། །དེས་ན་དེ་དེའི་སྒྲུབ་བྱེད་ཡིན་ནོ་ཞེས་སྟོན་པ་ལ། དོན་དེའི་རྣམ་པ་ཤར་ནས་གསར་དུ་དཔྱད་པ་ལྟར་གྱི་དོན་དེ་ལ་མི་བསླུ་བའི་རིག་པ་ཆོས་ཅན། དོན་དེ་རྟོགས་པའི་ཚད་མའི་སྒྲུབ་བྱེད་ཡིན་ཏེ། དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་དེའི་མཚན་ཉིད་དུ་བསྟན་པ་ཆོས་ཅན། གཞན་ཡང་མཚོན་པར་ནུས་ཏེ། ཁྱོད་ལ་བརྟེན་ནས་སྐབས་འདིའི་ཚད་འབྲས་རྫས་གཞན་མིན་པར་གྲུབ་པའི་ཕྱིར། ཞེས་དེ་ཕྱིར་དང༌། དེ་ལས་སོགས་སོ། །འོ་ན་དོན་འདྲ་བ་དེ་དང་དོན་རྟོགས་ཆོས་ཅན། བྱ་བྱེད་དུ་མི་འཐད་པར་ཐལ། རྫས་ཐ་དད་དུ་མེད་པའི་ཕྱིར་ཞེ་ན། གཟུགས་འཛིན་དབང་ཤེས་མ་འཁྲུལ་བ་ཆོས་ཅན། བདག་ཉིད་བྱ་བའི་ལས་དང་ལྡན་པ་ཡིན་ཏེ། ཡུལ་གཟུགས་ལ་ལྟ་བའི་བྱེད་པ་དང་བཅས་པའི་ཕྱིར། བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པ་ཡིན་ཏེ། གཟུགས་ཀྱི་རྣམ་པ་ཤར་བའི་དབང་གིས་བྱེད་པ་པོར་འཇོག་པའི་ཕྱིར། གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་ཡིན་ཏེ། གཟུགས་རྟོགས་པའི་ཕྱིར། མདོར་ན་དོན་འདྲ་བ་དང༌། དོན་རྟོགས་པ་ཆོས་ཅན། རྫས་གཞན་མིན་ཀྱང༌། བྱ་བྱེད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། བྱ་བྱེད་དུ་འཇོག་པའི་ཆོས་གསུམ་རང་གི་རྟེན་གཟུགས་འཛིན་དབང་ཤེས་མི་འཁྲུལ་སྟེང་དུ་ཚང་བའི་ཕྱིར། དཔེར་ན་བྱ་བྱེད་རྫས་གཞན་དུ་འདོད་པའི་སྟྭ་རེ་དང་ཤིང་གཉིས་པོ་ལ་ཆོས་གསུམ་ཚང་བའི་རྒྱུ་མཚན་གྱིས་བྱ་བྱེད་དུ་ཐ་སྙད་འདོགས་པ་བཞིན་ནོ། །དཔེའི་སྐབས་སུ་བྱ་བྱེད་དངོས་ནི། བྱེད་པ་པོ་སྐྱེས་བུ་དང༌། བྱ་བ་ཤིང་དུམ་བུར་སོང་བ་གཉིས་ཡིན་ཀྱང༌། སྟྭ་རེ་དང་ཤིང་ལ་བྱ་བྱེད་དུ་བཏགས་པ་བཞིན་དུ་དོན་གྱི་སྐབས་སུ་བྱ་བྱེད་དངོས་ནི། དོན་འདྲ་བ་དང་དོན་རྟོགས་པ་གཉིས་ཡིན་ལ། དེའི་དབང་གིས་གཟུགས་འཛིན་པའི་མིག་ཤེས་དང༌། གཟུགས་གཉིས་བྱ་བྱེད་བཏགས་པ་ཡིན་གྱི། བྱ་བྱེད་དངོས་མིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་ལྟ་བུར་སྣང་ཞེས་སོ། །དེའི་ཞེས་པས་མཚན་གཞི་ངོས་བཟུང་བ་ཡིན་ནོ། །དོན་རྟོགས་ཤེས་གཙོ་བོར་གྱུར་པ་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་དེ་བསྟན་པ་ཡིན་ནོ། །བདག་ཉིད་ཀྱི་བྱེད་པས་ཤེས་པས་བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པ་དེ་བཤད་དོ། །རང་གིས་ཞེས་སོགས་ཀྱིས་རང་ཉིད་བྱ་བའི་ལས་དང་ལྡན་པར་བསྟན་ནོ། །འོ་ན་དེ་ཆོས་ཅན། དོན་གཟུགས་མི་འཛིན་པར་ཐལ། གཟུགས་ཀྱི་རྣམ་པ་ཙམ་འཛིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། གཟུགས་དངོས་སུ་མི་འཛིན་ཀྱང་གཟུགས་དང་འདྲ་བར་སྐྱེས་པའི་ཆ་ནས་གཟུགས་འཛིན་པར་འཇོག་པ་ཡིན་ཏེ། བུས་ཕའི་གཟུགས་དངོས་སུ་མི་འཛིན་ཀྱང༌། བུའི་གཟུགས་དེ་ཕའི་གཟུགས་དང་འདྲ་བར་སྐྱེས་པ་ཙམ་ལ་བུས་ཕའི་གཟུགས་འཛིན་ནོ་ཞེས་བརྗོད་པ་དང་མཚུངས་པའི་ཕྱིར། ཞེས་བདག་ཉིད་སོགས་སོ། །གཉིས་པ་གཞན་ལུགས་དགག་པ་ལ། སྐབས་འདིར་འབྲས་བུ་ལ་ལོག་པར་རྟོག་པ་བསལ་ཞེས་ཡོངས་སུ་གྲགས་ཀྱང་འབྲས་བུ་ལ་ལོག་པར་རྟོག་པ་ནི་འགའ་ཡང་མི་སྣང་སྟེ། གཞལ་བྱ་རྟོགས་པ་ཉིད་འབྲས་བུར་འཇོག་པ་རང་གཞན་གྱི་སྡེ་པ་དག་མཐུན་པའི་ཕྱིར། དེས་ན་ཚད་མ་ལ་ལོག་པར་རྟོག་པ་བསལ་ཞེས་བརྗོད་ན་གོ་བདེ་བར་འགྱུར་རོ། །འོ་ན་ལོག་པར་རྟོག་པ་ཇི་ལྟར་ཡོད་ཅེ་ན། དཔྱོད་པ་པས་དང་པོར་དོན་མཐོང་བའི་རྟོག་མེད་ཀྱི་ཤེས་པ་ཚད་མར་འདོད་ཅེས་བྱེ་བྲག་པས་སྤྱི་སོགས་ཁྱད་པར་འཛིན་པའི་བློ་ཚད་མར་འདོད། རིག་པ་ཅན་པས་དབང་དོན་ཕྲད་པ་ཚད་མར་འདོད། བྱེ་བྲག་ཏུ་སྨྲ་བ་དབང་པོ་གཟུགས་ཅན་པ་ཚད་མར་འདོད། རྒྱལ་དཔོག་པ་སྐྱེས་བུ་ཚད་མར་འདོད་པ་དང༌། གྲངས་ཅན་བདག་གི་ཡོན་ཏན་འདུས་བྱས་ཚད་མར་འདོད་ཅེས་སྐབས་གནས་འབྱུང་ངོ༌། །དེ་དགག་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། དང་པོར་དོན་མཐོང་བའི་ཤེས་པ་ཆོས་ཅན། དོན་རྟོགས་པའི་ཚད་མའི་སྒྲུབ་བྱེད་མིན་ཏེ། དེ་རྫས་གཞན་ཡིན་པའི་ཕྱིར། ཞེས་དེ་རྣམས་དེའི་སྒྲུབ་བྱེད་ཡིན་ཏེ། དེ་ལ་ཕན་འདོགས་པའི་ཕྱིར་ཞེ་ན། བྱ་བ་ལ་ནི་ཞེས་སོགས་ཏེ། མདོར་བསྟན། དེ་དང་དོན་གཅིག་པར་སྣང་ངོ༌། །གཉིས་པ་ལ་དབང་པོ་གཟུགས་ཅན་པ་ཆོས་ཅན། དོན་རྟོགས་ཚད་མའི་སྒྲུབ་བྱེད་མིན་ཏེ། དོན་རྟོགས་སོ་སོར་འབྱེད་མི་ནུས་པའི་ཕྱིར། དེ་དེའི་སྒྲུབ་བྱེད་མིན་པར་བསྟན་པ་ཆོས་ཅན། གཞན་ཡང་མཚོན་ནུས་ཏེ། དང་པོར་དོན་མཐོང་བའི་རྟོག་མེད་ཀྱི་ཤེས་པ་དེའི་སྒྲུབ་བྱེད་མིན་པར་གྲུབ་པའི་ཕྱིར། ཞེས་ཀུན་གྱི་དང༌། འདིས་ནི་རྣམས་སོ། །སྤྱི་སོགས་ཁྱད་པར་འཛིན་པའི་བློ་ཆོས་ཅན། ཁྱོད་དང་ཁྱད་པར་ཅན་རྫས་འཛིན་གྱི་བློ་གཉིས་ལ་ཁྱད་པར་དང་ཁྱད་པར་ཅན་འཛིན་པའི་བློའི་དབྱེ་བ་མི་མཚུངས་པར་ཐལ། ཁྱོད་དང་དེ་གཉིས་ཀ་ལ་ཡུལ་གྱི་རྣམ་པ་མ་ཤར་བར་མཚུངས་པའི་ཕྱིར། དེ་གཉིས་ཆོས་ཅན། བྱ་བྱེད་དུ་མི་འཐད་པར་ཐལ། ཡུལ་རྫས་ཐ་དད་ལ་འཇུག་པའི་ཕྱིར། མ་གྲུབ་སྟེ། བཟུང་དོན་གཅིག་ཡིན་ནོ་ཞེ་ན། གཉིས་པ་ཁྱད་པར་ཅན་འཛིན་པའི་བློ་ཆོས་ཅན། ཁྱད་པར་ཅན་འཇལ་བྱེད་དུ་ཁྱོད་དོན་མེད་པར་ཐལ། ཁྱད་པར་ཅན་ཁྱོད་ཀྱི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཁྱད་པར་འཛིན་པའི་བློས་གཞལ་བྱ་འཛིན་པར་བྱེད་པ་མ་ཉམས་པའི་ཕྱིར། བློ་གཉིས་པོ་ཆོས་ཅན། ཅིག་ཆར་དུ་འབྱུང་བར་ཐལ། གཟུང་དོན་གཅིག་ལས་སྐྱེ་བའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་དུ་མི་རུང་བར་ཐལ། ཅིག་ཆར་དུ་འབྱུང་བའི་ཕྱིར། ཁྱབ་པ་ཁས། ཞེས་རིམ་པར། དེ་དངོས་དང༌། བྱ་བ་དང༌། དོན་གཅིག་དང༌། བློ་ནི་རྣམས་སོ། །གལ་ཏེ་དོན་འདྲ་བ་དང༌། དོན་རྟོགས་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་དུ་མི་མཚུངས་པར་ཐལ། ཤེས་པ་གཅིག་གི་ཆ་ཡིན་པའི་ཕྱིར་ཞེ་ན། དེ་གཉིས་ཆོས་ཅན། དེ་ཡིན་ཀྱང་དེར་བཞག་སྟེ། རྣམ་པར་བཞག་འཇོག་ཡིན་པའི་ཕྱིར། ཞེས་དེ་རྣམས་ཞེས་སོགས་སོ། །རིག་པ་ཅན་པ་དགག་པ་ནི། བུམ་གཟུགས་མཐོང་བའི་མིག་ཤེས་ཆོས་ཅན། བུམ་པའི་དྲི་རོ་རྟོགས་པར་ཐལ། ཁྱོད་ཀྱི་བདག་རྐྱེན་མིག་དབང་གཟུགས་ཅན་པ་དེ་བུམ་པའི་དྲི་རོ་སོགས་དང་བདག་ཉིད་ཀུན་གྱིས་འབྲེལ་བའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། ཞེས་བདག་ཉིད་སོགས་སོ། །འོ་ན་དེའི་སྒྲུབ་བྱེད་ཚད་མ་གང་ཡིན། ཞེ་ན། དེ་ལྟ་སོགས་སོ། །འདིར་བྱེ་བྲག་པས་འདོད་པའི་འབྲེལ་པ་ནི་དྲུག་སྟེ། ལྡན་པའི་འབྲེལ་པ། ལྡན་པར་འདུ་བའི་འབྲེལ་པ། ལྡན་པར་འདུས་པ་ལས་བྱུང་བའི་འབྲེལ་པ། འདུ་བའི་འབྲེལ་པ། འདུས་པར་འདུ་བའི་འབྲེལ་པ། ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་པའོ། །དང་པོ་ནི། མིག་གི་དབང་པོ་དང་བུམ་པ་ལྟ་བུའོ། །གཉིས་པ་ནི། མིག་གི་དབང་པོ་དང་བུམ་པའི་གཟུགས་སོགས་ཡོན་ཏན་ཐམས་ཅད་ལྟ་བུའོ། །གསུམ་པ་ནི། མིག་གི་དབང་པོ་དང་དཀར་སོགས་སྤྱི་ལྟ་བུའོ། །བཞི་པ་ནི། རྣ་བའི་དབང་པོ་དང་ནམ་མཁའི་བདག་ཉིད་དུ་གྱུར་པའི་སྒྲ་ལྟ་བུའོ། །ལྔ་པ་ནི། དེ་དང་སྒྲ་ཉིད་ཀྱི་སྤྱི་ལྟ་བུའོ། །དྲུག་པ་ནི། དབང་པོ་དང་ས་ཕྱོགས་ཀྱི་བུམ་མེད་ལྟ་བུའོ། །གྲངས་ཅན་གྱི་ཚད་འབྲས་འགོག་པ་ནི། འདུས་བྱས་ལས་ནི་སོགས་སོ། །གསུམ་པ་གྲུབ་དོན་ནི། གལ་ཏེ་ཞེས་སོགས་ཏེ། དོན་གྱི་བྱ་བྱེད་ཡིན་ན་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པ་གཅིག་དགོས་སོ་ཞེས་པའོ། །ཐ་དད་སོགས་ལ། རྫས་ཐ་དད་དུ་འདོད་པའི་ཤིང་དང་སྟྭ་རེ་ཆོས་ཅན། བྱ་བྱེད་དངོས་མིན་ཏེ། བྱ་བྱེད་དུ་སྒྲོ་འདོགས་པའི་ཆོས་གསུམ་ཚང་བས་བྱ་བྱེད་དུ་བཞག་པའི་ཕྱིར། བྱ་བྱེད་དངོས་ནི། སྐྱེས་བུ་དང་གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་གཉིས་ཡིན་ནོ། །འདིར་སྒྲོ་འདོགས་ཞེས་པ་དང༌། ཚད་མ་ཉིད་དུ་འདོགས་པ་སྟེ་ཞེས་པ་དོན་གཅིག་ལ། དེའི་དོན་ཡང༌། གཟུགས་དང་གཟུགས་འཛིན་མིག་ཤེས་མ་འཁྲུལ་བ་ལྟ་བུ། རྫས་ཐ་དད་པ་རྣམས་བྱ་བྱེད་མཚན་ཉིད་པ་མི་བཞག་གོ །ཞེས་པའི་དོན་ནོ། །སྐབས་འདིར། བྱ་བྱེད་ཀྱི་ཆོས་གསུམ་ཚང་བ་ལ་བྱ་བྱེད་དུ་འཇོག་པར་ཕྱོགས་གཉིས་ཀ་མཐུན་ལ། དེ་ལས་ཀྱང་གཞན་གྱི་ནི། གང་ལ་ཆོས་གསུམ་ཚང་བའི་གཞི། གཟུགས་དང་གཟུགས་འཛིན་མིག་ཤེས་མ་འཁྲུལ་བ་ལྟ་བུ་ལ་བྱ་བྱེད་མཚན་ཉིད་པར་འདོད་ལ། རང་གི་ལུགས་ལ་ནི་གང་ཚང་བའི་ཆོས་གསུམ་ལས་བྱེད་པ་པོ་དང༌། བྱ་བ་གཉིས་ལ་བྱ་བྱེད་མཚན་ཉིད་པར་འདོད་ཀྱི། རང་ཉིད་ཀྱིས་བྱ་བའི་ལས་དང་ལྡན་པ་ནི། བྱ་བྱེད་འཇོག་པའི་གཞི་ཡིན་གྱི། བྱ་བྱེད་དངོས་མིན་ནོ། །གཉིས་པ་ལ། སྔ་མ་ཕྱི་དོན་བཀག་ནས། རང་རིག་འབྲས་བུར་བཞག་པའི་འབྲས་རྟོགས་གཉིས་པ་བཤད། ཕྱི་རོལ་གྱི་དོན་ཁས་བླངས་ནས་རང་རིག་པ་འབྲས་བུར་བཞག་པའི་འབྲས་རྟོག་གསུམ་པ་བཤད། ཕྱི་རོལ་དོན་མེད་ན་ཚད་མ་དང་གཞལ་བྱ་མི་འཐད་པའི་རྩོད་པ་སྤངས་ཏེ་འབྲས་རྟོག་གཉིས་པའི་ཚད་མ་དང་གཞལ་བྱ་ཁ་བསྐང་བའོ། །དང་པོ་ལ། ཡང་ན་རང་རིག་འདིར་འབྲས་བུ། །ཞེས་པའི་མདོ་དོན་བཤད་པའི་སྒོ་ནས་རང་རིག་འབྲས་བུར་སྒྲུབ། དེའི་ངོ་བོ་ལས་དོན་ངེས། །ཞེས་པའི་དོན་བཤད་པའི་སྒོ་ནས་དོན་སྣང་གི་རྣམ་པར་ཤེས་པས་རང་རིག་པ་མདོ་སེམས་གཉིས་ཀས་འདོད་དགོས་པར་བསྟན། དང་པོ་ལ། དོན་རིག་ལ་སྒྲུབ་བྱེད་འཁྲུལ་བར་བསྟན་པའི་སྒོ་ནས་དོན་སྣང་གི་རྣམ་པར་ཤེས་པས་རང་རིག་པར་བསྟན། བློ་ཚུལ་གཉིས་པ་ཅན་ལ་སྒྲུབ་བྱེད་བཀོད་པའི་སྒོ་ནས་ཕྱི་དོན་མེད་ཀྱང་རང་རིག་འབྲས་བུར་བཞག་པའོ། །དབང་པོ་ལ་དོན་སྣང་གི་ཤེས་པས་དོན་རིག་པ་ལ་སྒྲུབ་བྱེད་མེད་པར་བསྟན། དེས་རང་རིག་པ་ལ་སྒྲུབ་བྱེད་ཡོད་པར་བསྟན། དེས་རང་རིག་པ་ལ་གནོད་བྱེད་མེད་པར་བསྟན། དེས་ན་རང་རིག་འབྲས་བུར་གྲུབ་པའོ། །དང་པོ་ལ། དོན་རིག་གི་མཚན་གཞི་ངོས་འཛིན་དུ་བཅུག་ནས་དེས་དོན་རིག་པའི་སྒྲུབ་བྱེད་དྲི་བ་དང༌། དྲིས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། དོན་རིག་སོགས་སོ། །གཉིས་པ་ལ། འདྲ་བས་དང༌། སྐྱེས་ལ་འདྲ་བས་དང༌། ངེས་ཤེས་དང་གསུམ་ཚོགས་པས་སྒྲུབ་མི་ནུས་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་དང་འདྲ་བ་ཆོས་ཅན། དོན་རིག་མངོན་སུམ་གྱིས་དོན་རིག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་མིན་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་ཅིང༌། ཕྱོགས་ཆོས་གྲུབ་ཏུ་ཆུག་ཀྱང་ཁྱབ་པ་འཁྲུལ་བའི་ཕྱིར། ཕྱོགས་ཆོས་ཇི་ལྟར་མ་གྲུབ་ཅེ་ན། ཕྱི་རོལ་དོན་གྱི་གནས་ཚུལ་དང་ཤེས་པ་ལ་སྣང་ཚུལ་མི་མཐུན་པའོ། །ཁྱབ་པ་ཇི་ལྟར་འཁྲུལ་ཞེ་ན། ཚེ་མ་གཉིས་ཆོས་ཅན། ཕན་ཚུན་དུ་མྱོང་བར་ཐལ། འདྲ་བའི་ཕྱིར་ཞེ་ན། དེ་འདྲ་དང༌། རྡུལ་ཕྲན་དང༌། ཡིན་ཡང་རྣམས་སོ། །གཉིས་པ་ནི། སྔོན་པོའི་རྣམ་ལྡན་དུ་མཚུངས་པའི་སྔོ་སྣང་དབང་ཤེས་གཉིས་པ་ཆོས་ཅན། སྔོ་སྣང་དབང་ཤེས་དང་པོ་མྱོང་བར་ཐལ། དེ་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར། ཁྱབ་པ་ཁས་བླངས། གསུམ་པ་ནི། ཕྱི་རོལ་གྱི་དོན་ངེས་པའི་ངེས་ཤེས་དོན་མཐུན་མ་གྲུབ་པར་ཐལ། ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་གཉིས་ལ་འབྲེལ་པ་མེད་པར་བཤད་པའི་ཕྱིར། ཞེས་དེ་འདྲ་བ་དང༌། འདི་མཐོང་རྣམས་སོ། །གསུམ་པོ་ཐམས་ཅད་ཀྱི་ཕྱོགས་སྔ་མ་དག་ཏུ་ལེན་པར་བྱའོ། །འོ་ན་ཕྱི་རོལ་གྱི་དོན་མངོན་སུམ་གྱིས་གྲུབ་པ་དང་འགལ་ལོ་ཞེ་ན། འོན་ཏེ་ཞེས་སོགས་མར་འཐེན་ནོ། །གཉིས་པ་ནི། དོན་སྣང་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ལ་མྱོང་བྱ་དེ་ཁྱོད་རང་གི་ངོ་བོར་སྐྱེས་ཤིང༌། ཁྱོད་ཀྱང་ཁྱོད་རང་གི་མྱོང་བྱ་དེའི་ངོ་བོར་སྐྱེས་པའི་ཕྱིར། དེས་ན་དོན་སྣང་གི་རྣམ་པར་ངེས་པའི་མྱོང་བྱ་ཆོས་ཅན། རང་གིས་རང་རིག་པ་ཡིན་དེ། རང་གིས་རང་མི་རིག་པ་དེར་ཡང་ཕྱི་དོན་འགོག་བྱེད་ཀྱི་རྩོད་པ་མཚུངས་པའི་ཕྱིར། ཞེས་དེའི་དང༌། དེར་ཡང་རྣམས་སོ། །གཉིས་པ་ལ། གྲགས་པ་དང་འགལ་བའི་རྩོད་པ་སྤང་བ་ནི། དེའི་སོགས་སོ། །རིགས་པ་དང་འགལ་བའི་རྩོད་པ་སྤང་བ་ནི། རིག་བྱ་རིག་བྱེད་སོགས་སོ། །བཞི་པ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། རང་རིག་པ་ཡིན་ཏེ། རང་རིག་པའམ་ཕྱི་རོལ་དོན་རིག་པ་གང་རུང་གང་ཞིག ཕྱི་མ་མ་རིག་པར་གོང་དུ་བསྟན་ཟིན་པ་དེའི་ཕྱིར། ཞེས་དེས་ན་སོགས་སོ། །གཉིས་པ་ལ་དོན་སྣང་གི་ཤེས་པ་ལ་ཕྱི་རོལ་དོན་གྱི་རྣམ་པ་སྣང་བར་སྒྲུབ། རྣམ་པ་དེ་སྣང་མཁན་རང་གི་ཤེས་པའི་ངོ་བོར་སྒྲུབ། དེ་ལས་བློ་ཚུལ་གཉིས་སུ་གྲུབ། དེ་གཉིས་ཀྱི་ནང་ནས་རང་རིག་འབྲས་བུར་བསྟན་པ་རྣམས་ནི། གལ་ཏེ་དང༌། གཉིས་པ་ལ། དངོས་དང་རྩོད་སྤང་གཉིས་ཀྱི་སྒོ་ནས་མཐོང་བའི་དང༌། འདིར་འགལ་དང༌། འདི་ཡི་རྣམས་སོ། །འདི་དག་ལ་རིམ་པ་བཞིན་དུ། སྔོ་སྣང་གི་དབང་ཤེས་ཆོས་ཅན། སྔོན་པོ་དངོས་སུ་མྱོང་བ་མིན་ཏེ། སྔོན་པོའི་རྣམ་པ་མྱོང་བའི་ཕྱིར། གལ་ཏེ་རྣམ་པ་དེ་ཕྱི་རོལ་གྱི་དོན་ནམ་དེ་ལས་སྐྱེས་པ་གང་རུང་ཡིན་ནོ། །ཞེ་ན། དེ་ཆོས་ཅན། ཕྱི་རོལ་གྱི་དོན་མིན་ཏེ། སྔོ་སྣང་དབང་ཤེས་ཀྱི་ངོ་བོར་སྐྱེས་པའི་ཕྱིར། དེ་ཡིན་དེ། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་ཁྱོད་མྱོང༌། ཁྱོད་མྱོང་བའི་མངོན་སུམ་གྱིས་དེ་མྱོང་བའི་ཕྱིར། ཡང་རྣམ་པ་དེ་ཆོས་ཅན། ཕྱི་རོལ་གྱི་དོན་མེད་ཀྱང༌། རང་གི་བག་ཆགས་ལས་སྐྱེས་པའི་ཕྱིར། དོན་དུ་སྣང་བ་ཕྱི་རོལ་གྱི་དོན་མིན་ཞིང༌། དེ་ལས་ཡན་གར་དུ་གྱུར་པའི་ཕྱི་རོལ་གྱི་དོན་མེད་པ་དེའི་ཕྱིར། དོན་སྣང་གི་ཤེས་པ་གཅིག་ཆོས་ཅན། ཚུལ་གཉིས་པ་ཅན་ཡིན་ཏེ། དེ་ལྟར་དུ་རང་རིག་གིས་མྱོང་ཞིང་དྲན་ཤེས་ཀྱི་དྲན་པའི་ཕྱིར། ཕྱི་དོན་བཀག་པའི་སྐབས་འདིར་ཆོས་ཅན། ཕྱི་རོལ་གྱི་དོན་མེད་ཀྱང༌། འབྲས་བུའི་རྣམ་པར་བཞག་པ་ཡོད་དེ། རང་རིག་འབྲས་བུ་ཡིན་པའི་ཕྱིར། གཉིས་པ་ལ་དོན་སྣང་གི་རྣམ་པར་ངེས་པ་ལ་འདོད་མི་འདོད་དུ་སྣང་བ་ཕྱི་རོལ་དོན་མིན་པའི་རྒྱུ་མཚན་གྱིས། ཕྱི་རོལ་གྱི་དོན་ཁས་བླངས་ཀྱང་དཔྱད་ན་རང་རིག་འབྲས་བུ་ཡིན་པར་བསྟན་པ། ཕྱི་རོལ་གྱི་དོན་མེད་བཞིན་དུ་དོན་སྣང་ལ་དོན་དུ་ཞེན་པའི་རྒྱུ་མཚན་གྱིས་ཕྱི་རོལ་དོན་བཀག་པའི་ཚེ་ཡང༌། རང་རིག་འབྲས་བུར་བསྟན་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་ཆོས་ཅན། དོན་སྣང་གི་རྣམ་ཤེས་མ་འཁྲུལ་བ་ལ་ཁྱོད་དངོས་སུ་སྣང་བ་མིན་ཏེ། དེ་ལ་སྣང་ཚུལ་དང་ཁྱོད་འདི་གནས་ཚུལ་མི་མཐུན་པའི་ཕྱིར་ཏེ། ཁྱོད་འདོད་མི་འདོད་དུ་མར་མ་འཁྲུལ་བའི་ཕྱིར། འདི་འབྲས་རྟོག་དང་པོའི་དོན་བསྡུར་འཆད་པ་མི་རིགས་ཏེ། འདིས་ནི་དོན་སྣང་རྣམ་པར་ཤེས་པས་རང་རིག་པར་སྒྲུབ་པ་ཡིན་གྱི། དོན་རིག་པར་མི་འགྲུབ་པའི་ཕྱིར་དང༌། དེ་ནི་དེ་ལྟར་ཞེས་པ་ཡང་རྣམ་པ་ལ་འཆད་དགོས་ཀྱི། ཕྱི་རོལ་གྱི་དོན་ལ་འཆད་ན་མྱོང་བ་ཞེས་པའི་ཚིག་དང་མ་འབྲེལ་བའི་ཕྱིར་དང༌། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སོགས་དང་གཞུང་གི་དོན་གཅིག་པའི་ཕྱིར། འབྲས་རྟོག་གསུམ་པའི་འབྲས་བུ་སྒྲུབ་བྱེད་ཀྱི་གཞུང་དང་འབྲེལ་ལོ། །གཉིས་པ་ནི། དོན་སྣང་གི་རྣམ་པར་ཤེས་པའི་གྲངས་ནས་སྐྱེས་པའི་ཕྱི་རོལ་གྱི་དོན་དུ་ཞེན་པའི་ཞེན་བློ་ཆོས་ཅན། ཁྱོད་ཀྱིས་རང་གི་དེ་མ་ཐག་རྐྱེན་གྱི་བཟུང་རྣམ་ཕྱི་རོལ་གྱི་དོན་དུ་ཞེན་པ་ཡིན་ཏེ། དེ་ཡིན་པའམ། རང་གི་དེ་མ་ཐག་རྐྱེན་ལ་སྣང་བའི་ཕྱི་རོལ་དོན་རང་མཚན་ལ་དེར་ཞེན་པ་གང་ཞིག དེ་ལ་དེ་རང་མཚན་དངོས་སུ་མི་སྣང་བའི་རྒྱུ་མཚན་གྱིས་དེ་མེད་པར་གྲུབ་པའི་ཕྱིར། ཞེས་གང་ཚེ་སོགས་སོ། །དེ་ལྟར་ན་དོན་སྣང་གི་རྣམ་པར་ཤེས་པ་ཆོས་ཅན། རང་རིག་པ་ཡིན་ཏེ། ཁྱོད་འདིས་དོན་མ་རིག་བཞིན་དུ་ཁྱོད་ཀྱིས་མཚུངས་པ་དེ་མ་ཐག་འབྲས་སུ་གྱུར་པའི་ཞེན་བློ་དེས་ཁྱོད་ལ་དོན་སྣང་ཞིང་རིག་པར་ཞེན་པའི་ཕྱིར། འདི་འབྲས་རྟོག་གཉིས་པའི་དོན་བསྡུ་ཡིན་ཟེར་ཡང༌། འབྲས་རྟོག་གཉིས་པའི་སྒྲུབ་བྱེད་ཀྱི་གཞུང་དུ་འབྲེལ་ལོ། །མདོར་ན་གཞུང་རྐང་པ་གསུམ་པོ་འདི། དེའི་ངོ་བོ་ལས་དོན་ངེས། །ཞེས་པའི་མདོ་འཆད་བྱེད་ཡིན་པས། འབྲས་རྟོག་གཉིས་པའི་གཞུང་ཚན་དུ་བསྡུད་ལ། བརྗོད་བྱའི་དོན་ནི་འབྲས་རྟོག་གསུམ་པ་ལ་རྗེས་སུ་འགྲོ་བ་ཡིན་ནོ། །དེ་གཉིས་འགལ་བར་མི་བསམ་སྟེ། དེ་འབྲས་རྟོག་གསུམ་པའི་འབྲས་བུ་སྟོན་བྱེད་ཀྱི་མདོ་དེ། འབྲས་རྟོག་གཉིས་པའི་ནང་ནས་བཞུགས་པའི་ཕྱིར་རོ། །གཉིས་པ་ལ། ཚད་འབྲས་ཀྱི་རྣམ་གཞག་དངོས་དང༌། རྩོད་ལན་གཞན་དུ་ཁ་འཕངས་པའོ། །དང་པོ་ལ་ཕྱི་དོན་གཞལ་བྱ་ཡིན་ཡང༌། རང་རིག་འབྲས་བུ་ཡིན་པར་བསྟན། རང་རིག་འབྲས་བུ་ཡིན་ཡང་བཟུང་རྣམས་ཚད་མར་བསྟན། དེ་གཉིས་ལ་རྩོད་པ་སོ་སོར་སྤང་བའོ། །དང་པོ་ལ་ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་པ་དང༌། རང་རིག་པ་འབྲས་བུ་ཡིན་པ་མི་འགལ་བའི་རྒྱུ་མཚན། དེས་ན་ཕྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུར་བསྟན་པའོ། །དང་པོ་ནི། སྐྱེས་བུ་ཟུང་གཅིག་གི་གཟུགས་ལ་བལྟ་བའི་མིག་ཤེས་མ་འཁྲུལ་བ་ཆོས་ཅན། ཁྱོད་ལ་སྐྱེས་བུ་གཅིག་གི་གཟུགས་དངོས་སུ་སྣང་བ་མིན་ཏེ། དེ་སྣང་ན་སྐྱེས་བུའི་གཟུགས་དེ་ཡིད་དུ་འོང་མི་འོང་དུ་མར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། སྐྱོན་ཇི་ལྟར་དུ་ཡོད་ཅེ་ན། སྐྱེས་བུ་གཅིག་གི་གཟུགས་ཆོས་ཅན། ཡིད་འོང་དང་ཡིད་མི་འོང་གཉིས་ཡིན་པར་ཐལ། ཁྱོད་ཁྱོད་རང་ལ་བལྟ་བའི་གཉེན་གྱི་མིག་ཤེས་མ་འཁྲུལ་བ་ལ་ཡིད་འོང་དུ་དངོས་སུ་སྣང༌། ཁྱོད་ལ་བལྟ་བའི་དགྲའི་མིག་ཤེས་མ་འཁྲུལ་བ་ལ་ཡིད་མི་འོང་དུ་དངོས་སུ་སྣང་བའི་ཕྱིར། དེ་ལ་འདོད་ན། གཉིས་ཀས་གཉིས་ཀ་མྱོང་བར་ཐལ་བ་དང་མ་མཐོང་བའི་ལས་ཀྱིས་བསྒྲིབས་སོ་ཞེ་ན། དེ་ལ་མངོན་སུམ་མ་ཡིན་པ་ལ་སོགས་པའི་ཐལ་བས་འཕེན་ནོ། །འདི་དང་བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། ཞེས་སོགས་མི་འགལ་བའི་ཚུལ་ནི། འདི་ནི་དཔྱད་པའི་རྣམ་པར་དག་པ་ཡིན་ལ། དེར་མ་དཔྱད་པའི་དབང་དུ་བྱས་པའམ། ཡང་ན་འདིར་ནི་སྣ་ཚོགས་གཉིས་མེད་པའི་མདོ་སྡེ་པ་ཡིན་ལ། དེར་ནི་གཟུགས་འཛིན་གྲངས་མཉམ་པའི་མདོ་སྡེ་པ་ལ་བརྟེན་པའོ། །རིགས་པ་འདི་རྣམ་པར་རིག་པ་ཙམ་གྱིས་གྲུབ་པའི་མཐའ་ལ་བརྟེན་པ་ནི་རིག་པ་མིན། རྣམ་པ་གཏོད་བྱེད་ཀྱི་རྒྱུར་གྱུར་པའི་ཕྱི་རོལ་གྱི་དོན་འདོད་པའི་ཕྱིར། ཇི་སྐད་དུ། རྒྱུ་ནི་དོན་ཡང་ཡིན་པས་ན། །ཞེས་སོགས་སོ། །གཉིས་པ་ནི། ཕྱི་དོན་བཀག་པའི་ཕྱོགས་ལ་རང་རིག་འབྲས་བུར་བཤད་ཟིན་པར་མ་ཟད། ཕྱི་དོན་ཁས་བླངས་པའི་འབྲས་རྟོག་གསུམ་པ་འདིར་ཆོས་ཅན། རང་རིག་པ་འབྲས་བུར་རིགས་ཏེ། དོན་སྣང་གི་རྣམ་པར་ཤེས་པ་ལ་དོན་དུ་སྣང་བའི་རྣམ་པ་དེ་ཤེས་པ་ཡིན་པའི་ཕྱིར། ཞེས། དེ་ཕྱིར་སོགས་སོ། །གཉིས་པ་ནི། ཤེས་བྱ་ནང་གིར་སྨྲ་བ་ན་རེ། རང་རིག་པ་འབྲས་བུ་ཡིན་ན་འཛིན་པའི་རྣམ་པ་ཚད་མར་འགྱུར་རོ་ཞེ་ན། འབྲས་རྟོག་གསུམ་པའི་སྐབས་འདིར་ཆོས་ཅན། གཟུང་རྣམ་ཚད་མར་འཇོག་རིགས་ཏེ། ཕྱི་དོན་གཞལ་བྱར་བྱས་པའི་ཚད་འབྲས་འཇོག་པ་སྐབས་སུ་བབ་པའི་ཕྱིར། ཞེས། གང་ཕྱིར་སོགས་སོ། །གསུམ་པ་ལ། ཕྱི་དོན་གཞལ་བྱ་ལ་གཟུང་རྣམ་ཚད་མ་ཡིན་ན་དོན་རིག་འབྲས་བུར་ཐལ་བའི་བརྒལ་ལན། གཟུང་རྣམ་ཚད་མ་ལ་རང་རིག་འབྲས་བུ་ཡིན་ན་ཚད་འབྲས་གཉིས་ཡུལ་རྫས་གཞན་ལ་འཇུག་པའི་བརྒལ་ལན། འདིར་འབྲས་རྟོག་དང་པོའི་འཇོག་ཚུལ་འགལ་བའི་བརྒལ་ལན། རང་རིག་པ་འབྲས་བུ་ཡིན་ན། ཕྱི་དོན་གཞལ་བྱར་མི་འཐད་པའི་བརྒལ་ལན་ནོ། །དང་པོ་ནི། འོ་ན་སྐབས་འདིར་དོན་རིག་པ་འབྲས་བུར་འཇོག་རིགས་པར་ཐལ། ཕྱི་དོན་གཞལ་བྱར་འཇོག་པའི་ཕྱིར། ཞེ་ན། ཕྱི་དོན་གཞལ་བྱ་ལ་ཚད་མར་གཞག་པའི་གཟུང་རྣམ་ཆོས་ཅན། ཐ་སྙད་དུ་དོན་རིག་པར་འདོད་དེ། དོན་གྱི་རྣམ་པ་ཤར་བའི་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། དེ་ལྟར་ན་གཟུང་རྣམ་ཆོས་ཅན། དཔྱད་ན་རང་རིག་པ་ཡིན་ཡང༌། ཐ་སྙད་དུ་དོན་རིག་པར་འདོད་དེ། ཁྱོད་འདི་ཐ་སྙད་དུ་དོན་རིག་པར་འཇོག་བྱེད་ཀྱི་དོན་གྱི་རྣམ་པ་དེ་ཡིན་ལུགས་ལ་ཤེས་པ་རང་གི་བདག་ཉིད་ཡིན་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། གང་ཕྱིར་ཞེས་པ་ཚན་པ་གསུམ་མོ། །གཉིས་པ་ནི། འོ་ན་ཚད་འབྲས་གཉིས་ཡུལ་རྫས་གཞན་ལ་འཇུག་པར་ཐལ། གཟུང་རྣམ་ཚད་མ་ལ་རང་རིག་པ་འབྲས་བུ་ཡིན་པའི་ཕྱིར། ཞེ་ན། འབྲས་རྟོག་གསུམ་པ་འདིར་ཆོས་ཅན། དེ་ཡིན་ཡང་དེར་ཐལ་བའི་སྐྱོན་མེད་དེ། གཟུང་རྣམ་དེ་དཔྱད་ན་རང་རིག་པ་ཡིན་ཡང༌། ཐ་སྙད་དུ་དོན་རིག་པའི་ཚད་མ་ཡིན་པའི་ཕྱིར། ཞེས་དེ་ཕྱིར་སོགས་སོ། །གསུམ་པ་ནི། དེ་ལྟར་ན། འབྲས་རྟོག་དང་པོ་དང་འགལ་ལོ་ཞེ་ན། འབྲས་རྟོག་གསུམ་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་འཇོག་པའི་ཚུལ་འདི་ཆོས་ཅན། འབྲས་རྟོག་དང་པོ་དང་འགལ་བའི་སྐྱོན་མེད་དེ། མདོ་སྡེ་པ་རང་ལུགས་ཀྱི་གནས་ཚུལ་སེམས་པའི་དབང་དུ་བྱས་པའི་ཕྱིར། ཞེས་རང་གི་ངོ་བོ་སོགས་སོ། །བཞི་པ་ནི། འོ་ན་ཕྱི་རོལ་གྱི་དོན་གཞལ་བྱ་མིན་པར་ཐལ། དོན་སྣང་གི་རྣམ་པར་ཤེས་པ་དེས་རང་རིག་པའི་ཕྱིར་ཞེ་ན། འབྲས་རྟོག་གསུམ་པ་འདིར་ཆོས་ཅན། དོན་སྣང་གི་རྣམ་པར་ཤེས་པ་ལ་ཕྱི་རོལ་གྱི་དོན་དངོས་སུ་མི་སྣང་ཡང༌། ཕྱི་རོལ་གྱི་དོན་དེ་དོན་སྣང་གི་རྣམ་པར་ཤེས་པའི་གཞལ་བྱ་ཉིད་དུ་འདོད་དེ། དེ་དོན་སྣང་གི་རྣམ་པར་ཤེས་པ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཞེས་དེ་འདྲ་བའམ། ཞེས་སོགས་སོ། །གཞུང་འདི་འབྲས་རྟོག་འདི་ལ་ལྟོས་པའི་གཞན་གཞུང་དུ་བྱས་ནས། དབང་པོ་ཡང་དབང་ཤེས་ཀྱི་གཞལ་བྱར་ཐལ། རྒྱུ་ཡིན་ཕྱིར། ཞེས་གནོད་བྱེད་འཕེན་པ་ནི། འགྲེལ་པ་གང་གི་ཡང་ལུགས་མ་ཡིན་ཞིང་རང་འཛིན་གྱི་ཤེས་པ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་ན། རང་འཛིན་གྱི་ཤེས་པའི་གཞལ་བྱ་ཡིན་པས་ཁྱབ་པར་མདོ་སྡེ་པའི་གྲུབ་པའི་མཐའ་ལ་སྣང་གི སྤྱིར་ཤེས་པ་དེའི་རྒྱུ་ཡིན་ན་དེའི་གཞལ་བྱ་ཡིན་པས་ཁྱབ་པ་མདོ་སྡེ་པའི་གྲུབ་པའི་མཐའ་ལ་མི་སྣང་བའི་ཕྱིར་མི་འཐད་དོ། །འོན་ཀྱང་འདིའི་ཡང་གི་ཁོངས་ནས། དབང་པོ་དང་དེ་མ་ཐག་རྐྱེན་བསྡུད་པ་ཡིན་ནོ། །གཞུང་ཤླཽ་ཀ་དང་པོ་འདི་མདོ་སྡེ་པའི་འདོད་པར་བྱས་ནས་སེམས་ཙམ་པས་འགོག་པར་སློབ་དཔོན་ཆོས་མཆོག་གིས་བཤད་དོ། །ཞེས་ཟེར་བ་ནི་མི་བདེན་ནོ། །འོ་ན་དེ་འདྲའི་བཤད་པ་མི་སྣང་ཞིང༌། སློབ་དཔོན་དེས་ཇི་སྐད་དུ། ཡང་ཕྱི་རོལ་གྱི་དོན་གྱི་ཚུལ་ལ་འབྲས་བུའི་རྣམ་པར་བཞག་པ་གཉིས་པ་ནི་དོན་གཞལ་བྱ་བཟུང་བའི་རྣམ་པ་ཚད་མ་རང་རིག་པ་འབྲས་བུའོ་ཞེས་དང༌། ཕྱི་རོལ་གྱི་དོན་ཡོད་ཀྱང་འབྲས་བུ་ནི་རང་རིག་པ་མིན་ཞེས་ཐ་དད་ལྡན་དུ་གསུངས་སོ། །ཡང་གཉིས་པ་ནི་སློབ་དཔོན་ལ་གཞན་དག་གིས་སྨྲས་པ། ཕྱི་རོལ་གྱི་དོན་དང་དོན་སྣང་གི་རྣམ་པར་ཤེས་པ་གཉིས་སུས་ཀྱང་འདྲ་བར་མི་ཤེས་པར་ཐལ། ཕྱི་རོལ་གྱི་དོན་དངོས་སུ་སྣང་བ་མེད་པའི་ཕྱིར། ཞེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། ཁྱོད་ལ་རྩོད་པ་དེའི་གོ་སྐབས་མེད་དེ། ལུགས་སྔ་མ་དོན་འདྲ་བ་ཚད་མར་བཞག་པ་དེ་དོན་སྨྲ་བའི་འདོད་པ་བཀོད་པ་ཡིན་པའི་ཕྱིར། རང་ལུགས་མིན་པའི་ཕྱིར། ཞེས་ཇི་ལྟར་སོགས་སོ། །གཉིས་པ་རྩོད་པ་སྤངས་ཏེ་རྣམ་རིག་པའི་ཚད་མ་དང་གཞལ་བྱ་ཁ་བསྐང་བ་ལ། ཕྱི་རོལ་གྱི་དོན་མེད་ན་སེམས་ཙམ་རྣམ་མེད་པ་ལ་ཚད་འབྲས་ཀྱི་རྣམ་གཞག་མི་འཐད་པའི་རྩོད་པ་སྤང༌། ཕྱི་རོལ་གྱི་དོན་མེད་ན་སེམས་ཙམ་རྣམ་བཅས་པ་ཚད་མ་དང་གཞལ་བྱ་མི་འཐད་པའི་རྩོད་པ་སྤང༌། དང་པོ་ནི། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་སློབ་དཔོན་གྱིས་དོན་འདྲ་བ་བཀག་པ་ལ་འཕྲོས་ནས་འོ་ན་གཟུང་འཛིན་རིགས་གསུམ་ཐ་དད་དུ་མེད་དགོས་ལ། དེ་ལྟ་ན་ཚད་འབྲས་གཞལ་བྱ་གསུམ་གྱི་རྣམ་པར་བཞག་པ་མི་འཐད་དོ། །ཞེ་ན། དེའི་ལན་ལ་བློ་འཁྲུལ་བ་ལ་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བའི་ཚུལ། སྣང་བ་དེ་ལ་བརྟེན་ནས་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་འཇོག་པའི་ཚུལ། གཟུང་རྣམ་བདེན་པར་མེད་པའི་སྒྲུབ་བྱེད་བཤད་པའོ། །དང་པོ་ནི། བློ་བདག་སོགས་སོ། །གཉིས་པ་ནི། བཟུང་བ་སོགས་སོ། །གསུམ་པ་ལ་ཕྱོགས་ཆོས་སྒྲུབ། གཏན་ཚིགས་བཀོད། དེ་ལ་རྩོད་པ་སྤངས་པའོ། །དང་པོ་ནི། དེ་ལྟ་སོགས་སོ། །གཉིས་པ་ནི། ཕྱི་རོལ་དོན་དུ་སྣང་བའི་གཟུང་རྣམ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་ཏུ་ཡང་མ་གྲུབ། བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་གང་གི་སོགས་སོ། །གསུམ་པ་ནི། ཆོས་མཐུན་སོགས་སོ། །གཉིས་པ་ནི། སྔར་འབྲས་བུའི་རྣམ་པར་རྟོག་པ་གཉིས་པའི་སྐབས་སུ་རང་རིག་པ་འབྲས་བུར་བཞག་མོད། ཕྱི་རོལ་གྱི་དོན་མེད་ན་ཚད་མ་དང་གཞལ་བྱའི་རྣམ་པར་བཞག་པ་མི་འཐད་དེ། དེ་མེད་ན་དེ་དེ་ཡུལ་ཡུལ་ཅན་གྱི་རྣམ་པར་བཞག་པ་མི་འཐད་པའི་ཕྱིར་དང༌། རང་ཉིད་རང་གི་ཡུལ་དུ་འགལ་བའི་ཕྱིར་རོ། །ཞེ་ན། འཛིན་རྣམ་ཆོས་ཅན། རང་རིག་པའི་སྒྲུབ་བྱེད་ཡིན་ཏེ། དེའི་མཚན་ཉིད་ཡིན་པའི་ཕྱིར། གཟུང་རྣམ་ཆོས་ཅན། རང་རིག་ཉམས་སུ་མྱོང་བའི་འཛིན་རྣམ་གྱི་གཞལ་བྱ་ཡིན་ཏེ། དེ་ལས་ཐ་དད་དེས་ཁྱོད་རིག་པའི་ཕྱིར། ཕྱི་རོལ་གྱི་དོན་མེད་ཀྱང་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་འཐད་དེ། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་འདི། རང་རིག་པས་ལེན་པའི་གྲུབ་མཐའ་སྨྲ་བ་ཀུན་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར། ཞེས་རིམ་པར་དེ་ལ་དང༌། དེ་ལའང་ཉམས་མྱོང་ཞེས་པའི་ཤླཽ་ཀ་གཅིག་ཡར་འཐེན་པ་དང་དཔེར་ན་སོགས་སོ། །འོ་ན་འདིར། འཛིན་རྣམ་ཚད་མར་བཤད་པ་དང༌། ཇི་སྐད་དུ། སློབ་དཔོན་གྱིས། འདོད་ཆགས་ལ་སོགས་པ་རང་རིག་པ་ཚད་མའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། སློབ་དཔོན་གྱི་རང་རིག་གི་སྒྲས་གསུངས་པ་དེ། འཛིན་རྣམ་ལ་དགོངས་པའི་ཕྱིར། སྐབས་འདིར་འབྲས་རྟོག་གཉིས་པ་ལས་མ་རྟོག་པའི་འབྲས་བུའི་རྣམ་པར་རྟོག་པ་བཞི་པ་མི་འཆད་ཀྱང༌། གཉིས་པར་བསྟན་པའི་འབྲས་བུའི་རྣམ་པར་རྟོག་པ་གཅིག་པོ་དེ་ཉིད་ལ། ཚད་མ་དང་གཞལ་བྱ་ཇི་ལྟར་སྦྱོར་བའི་ཚུལ་དང༌། དེ་ཉིད་རྣམ་བདེན་རྫུན་གྱི་བྱེ་བྲག་གིས་རྣམ་གཞག་གཉིས་སུ་གྱུར་པའི་ཚུལ་སྟོན་ཏེ། དེ་ཡང་གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །ཞེས་པར་གཟུང་རྣམ་སྒྲོ་བཏགས་གཞལ་བྱ། འཛིན་རྣམ་ཚད་མ་རང་རིག་བཏགས་པ་བའི་ཐ་སྙད་འབྲས་བུར་བསྟན་པ་ཡིན་ནོ། །འདི་ལ་དེ་འཇལ་བར་བྱེད་པའི་འཛིན་རྣམ་ཤེས་པ་དང༌། དེ་ཉམས་སུ་མྱོང་བའི་རང་རིག་ཅེས་མི་སྦྱོར་ཏེ། རྣམ་རྫུན་པས་གཟུང་རྣམ་དེ་ཡང་སྒྲོ་བཏགས་དངོས་མེད་དུ་འདོད་པས་རང་རིག་གི་མྱོང་བྱར་མི་འདོད་པའི་ཕྱིར། འོ་ན་གཞལ་བྱ་འཇལ་བྱེད་དུ་འགལ་ལོ་ཞེ་ན། བློ་འཁྲུལ་པ་ལ་ཇི་ལྟར་སྣང་བ་བཞིན་དུ་རྣམ་གཞག་བྱས་པ་ཡིན་ནོ། །དེ་ལ་བློ་ནི་ཡོངས་དཔྱོད་ཅེས་པ་འཛིན་རྣམ་གྱིས་གཟུང་རྣམ་མྱོང་བའི་རྒྱུ་མཚན་གྱིས་རང་རིག་གི་སྒྲུབ་བྱེད་ཡིན་པ་དང༌། དེ་ལའང་ཉམས་མྱོང་དེ་ཉིད་ཕྱིར། །ཞེས་པས་རྒྱུ་མཚན་དེ་ཉིད་ཀྱི་གཟུང་རྣམ་དེ་གཟུང་རྣམ་གྱི་གཞལ་བྱ་ཡིན་པར་བསྒྲུབས་སོ། །དེ་ལྟར་ན་རྣམ་བདེན་པའི་ལུགས་ཀྱི་གཟུང་རྣམ་གཞལ་བྱ། དེ་འཇལ་བར་བྱེད་པའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་འཇོག་པ་ཡིན་ནོ། །དཔེར་ན་འདོད་ཆགས་སོགས་མྱོང་བཞིན། ཞེས་པས་ན། མདོ་སྡེ་པའི་ལུགས་ལ་ཕྱི་རོལ་གྱི་དོན་གཞལ་བྱར་མ་བཞག་ཀྱང༌། ཆགས་སོགས་དང་དེ་ཉམས་སུ་མྱོང་བའི་རང་རིག་དང༌། འཛིན་རྣམ་གཞལ་བྱ་འཇལ་བྱེད་དུ་རུང་བ་བཞིན་དུ། རྣམ་རིག་པ་ཙམ་དུ་སྨྲ་བའི་ལུགས་ལ་ཡང༌། ཕྱི་རོལ་གྱི་དོན་མེད་ཀྱང་ཤེས་པ་ཀུན་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་སྦྱོར་དུ་རུང་བར་བསྒྲུབས་པ་ཡིན་ནོ།།  །།རྣམ་དཔྱོད་ཉི་མའི་བུ་མོ་ལང་ཚོ་ཅན། །གསུང་རབ་པད་དཀར་མཛའ་བོའི་ཚལ་ན་རྒྱུ། །ཕན་ཚུན་ཡིད་བཅུགས་འཛུམ་དཀར་ཕྲེང་བ་ཡི། །ལེགས་བཤད་གཏམ་གྱི་སྦྱོར་བ་འདི་བྱས་སོ། །དོན་ཉུང་ཚིག་མང་བློ་གྲོས་ངལ་བྱེད་པའི། །གཞན་འགྲེལ་བྱེད་པོའི་ལུང་ལ་མ་བརྟེན་པར། །མདོ་དང་སྡེ་བདུན་མཛད་པའི་ལུགས་བཟང་གང༌། །རྣམ་དཔྱོད་གསལ་བའི་མིག་གིས་རིང་ནས་མཐོང༌། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྣམ་གཞག་དེ་ཉིད་ངེས་པར་བྱས་པ་ལ། ཚད་མ་ལ་འཕྲོས་ཏེ་བློ་ཚུལ་གཉིས་སུ་སྒྲུབ། འབྲས་བུ་ལ་འཕྲོས་ཏེ་བློ་རང་རིག་ཏུ་སྒྲུབ་པའོ། །དང་པོ་ལ་མདོ་མཛད་པའི་རིགས་པ་ལ་བརྟེན་ནས་སྒྲུབ། རྣམ་འགྲེལ་མཛད་པ་རང་ཉིད་ཀྱིས་དངོས་སྟོབས་རིགས་པ་ལ་བརྟེན་ནས་སྒྲུབ། དང་པོ་ནི། མདོར། ཡུལ་ཤེས་དེའི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་པའི་དོན་འཆད་པར་བྱེད་དེ། འདི་ལ་ཡུལ་ཤེས་ལ་བརྟེན་ནས་སྒྲུབ། དེ་ཤེས་ལ་བརྟེན་ནས་སྒྲུབ། དེ་གཉིས་ཀྱི་བྱེ་བྲག་ལ་བརྟེན་ནས་བསྒྲུབ་པའོ། །དང་པོ་ནི། གཟུང་འཛིན་དབང་ཤེས་ཆོས་ཅན། ཚུལ་གཉིས་པ་ཅན་ཡིན་ཏེ། ཡུལ་གྱི་རྣམ་པ་སྣང་བའི་ཕྱིར། ཞེས་པས་ཏེ། ཡུལ་རྣམ་སོགས་སོ། །གཉིས་པ་ནི། གཟུགས་འཛིན་དབང་ཤེས་ཀྱི་གྲངས་ནས་སྐྱེས་པའི་གཟུགས་དྲན་པའི་དྲན་ཤེས་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དེ་ཚུལ་གཉིས་པ་ཅན་དང༌། རང་རིག་པ་ཡིན་ཏེ། ཁྱོད་ངས་གཟུགས་མཐོང་ངོ་སྙམ་དུ་ཡུལ་དང་ཡུལ་ཅན་གཉིས་ཀ་དྲན་པའི་བློ་ཡིན་པའི་ཕྱིར། ཞེས་དོན་དང་སོགས་སོ། །དེའི་ལན་དགག་པ་ལ། དྲན་ཤེས་ལ་སྣང་བ་ཅི། རྟག་པ་ཡིན་པ་དགག་པ་ནི། སྔོ་སོགས་སོ། །དེ་ལ་སྣང་བ་མིང་སོགས་རང་མཚན་ཡིན་པ་དགག་པ་ནི་ཚུལ་འདི་སོགས་སོ། །གསུམ་པ་ནི། ཉམས་མྱོང་རྣམ་ཤེས་སོགས་སོ། །འདིར་ཡུལ་ཤེས་ནི་གཟུགས་སོགས་སྣང་བའི་ཤེས་པའོ། །དེ་ཤེས་པ་ནི། ཡུལ་གྱི་རྣམ་ལྡན་དུ་དྲན་པའི་དྲན་ཤེས་སོ། །དེའི་བྱེ་བྲག་ནི་དེ་ཉིད་ཀྱི་ཁྱད་པར་ཏེ། དྲན་ཤེས་དེ་ཤེས་པ་སྔ་མ་སྔ་མ་ལས་རྣམ་པ་གཅིག་གིས་ལྷག་པའོ། །གཉིས་པ་རང་ཉིད་ཀྱིས་དངོས་སྟོབས་རིགས་པ་ལ་བརྟེན་ནས་བསྒྲུབ་པ་ལ། ཕྱི་རོལ་གྱི་དོན་བཀག་ནས་བློ་ཚུལ་གཉིས་སུ་སྒྲུབ། ཕྱི་རོལ་གྱི་དོན་ཁས་བླངས་ནས་སྒྲུབ། སླར་ཡང་དེ་བཀག་ནས་སྒྲུབ་པའོ། །སླར་ཡང་དེ་ཁས་བླངས་ནས་སྒྲུབ་པའོ། །དང་པོ་ལ། ལྷན་ཅིག་དམིགས་ངེས་ཀྱི་རྣམ་གཞག་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། རྟགས་དགོད། ཚུལ་སྒྲུབ། དེ་མ་གྲུབ་པའི་དོན་བསྡུ་བའོ། །དང་པོ་སྔོ་སྣང་དབང་ཤེས་དང༌། སྔོ་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་ཆོས་ཅན། སྔོན་པོར་སྣང་བ་ལྟར་རྫས་གཞན་དུ་མེད་དེ། རང་འཛིན་རྟོག་མེད་ཀྱི་ཤེས་པ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཏེ། རྣམ་བདེན་པ་ལྟར་ན་དེ་གཉིས་གྲུབ་པ་དེ་རྫས་གཅིག་ཡིན་པའི་ཕྱིར་དང༌། རྣམ་རྫུན་པ་ལྟར་ན་གྲུབ་པ་དང་བདེ་བ་རྫས་གཅིག་ཡིན་པའི་ཕྱིར། ཞེས་ངེས་པར་སོགས་སོ། །གཉིས་པ་ནི། རྣམ་ཤེས་ཞེས་པས་རྗེས་ཁྱབ་དང༌། སྔོ་སེར་ཞེས་པས་ལྡོག་ཁྱབ་དང༌། མྱོང་ཞེས་པས་ཕྱོགས་ཆོས་གྲུབ་པ་ཡིན་ནོ། །འདིར་མྱོང་བ་ཞེས་པའི་སྒྲས་ཇི་ལྟར་ན་རྣམ་བདེན་པའི་ལུགས་སུ་སྦྱོར་དགོས་ཀྱི། རྣམ་རྫུན་པས་ནི། རང་རིག་གིས་བཟུང་བའི་རྣམ་པ་མྱོང་བར་མི་འདོད་དོ། །གསུམ་པ་ནི། སྔོ་སྣང་དབང་ཤེས་ལས་རྫས་གཞན་དུ་གྱུར་པའི་སྔོན་པོ་ཡོད་པ་མིན་ཏེ། སྔོ་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ནི། རྫས་གཞན་མིན་པར་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་བསྒྲུབས་ཟིན་ལ། དེ་མི་སྣང་བའི་སྔོན་པོའི་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། ཞེས་དེས་ན་སོགས་སོ། །གཉིས་པ་རྩོད་པ་སྤང་བ་ལ། རྒྱུའི་ཁྱད་པར་དཔོག་པའི་རྟག་ལ་བརྟེན་པའི་བརྒལ་ལན། རྒྱུ་འབྲས་དང་འབྲས་རྟགས་ཀྱི་རྣམ་གཞག་མི་འཐད་པའི་བརྒལ་ལན་ནོ། །དང་པོ་ནི། ཕྱི་རོལ་གྱི་དོན་ཡོད་དེ། དོན་སྣང་གི་ཤེས་པ་རེས་འགའ་སྐྱེ་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། དོན་སྣང་གི་རྣམ་པར་ཤེས་པ་དེ་རང་གི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དོན་སྣང་གི་བག་ཆགས་སད་པ་ལས་རེས་འགའ་སྐྱེ་བའི་ཕྱིར། སྐབས་འདིར་སེམས་ཙམ་པས་དམིགས་པ་དང་རྐྱེན་གྱི་གཞི་མཐུན་ཁས་མི་ལེན། ལེན་ན། གཟུང་འཛིན་རྫས་གཞན་ཁས་ལེན་པར་ཐལ་བའི་ཕྱིར་རོ། །དེས་ན་སྔོར་སྣང་དབང་ཤེས་ཀྱིས་སྔོན་པོའི་རྣམ་པ་དམིགས་པའི་རྐྱེན་ཙམ་བྱེད་པ་ལ། དེའི་དམིགས་རྐྱེན་གྱི་ཐ་སྙད་བྱས་པ་ཡིན་ནོ། །གཉིས་པ་ནི། དེ་མེད་ན། དེ་དག་མི་འབྱུང་བར་འགྱུར་རོ་ཞེ་ན། མ་ཁྱབ་སྟེ། ས་མྱུག་དང་མེ་དུར་སྣང་བའི་བློ་ལ་བརྟེན་ནས་རྒྱུ་འབྲས་དང་འབྲས་རྟགས་ཀྱི་རྣམ་གཞག་འཇོག་པའི་ཕྱིར། གལ་ཏེ་མི་འཐད་དེ། དུར་སྣང་དང་མྱུ་གུར་སྣང་བའི་བློ་སྔར་སྐྱེ་ལ་ཅིག་ཤོས་དག་ཕྱིས་སྐྱེ་བའི་ཕྱིར། ཞེ་ན། སེམས་ཙམ་པའི་ལུགས་དེར་ཡང་ཆོས་ཅན། ཕྱི་རོལ་གྱི་དོན་མེད་ཀྱང་འབྲས་རྟགས་ཀྱི་རྣམ་པར་བཞག་པ་ཡོད་དེ། དུ་བར་སྣང་བའི་བློ་དེ་ལར་སྣང་བའི་བློ་ཆོས་ཅན་གྱི་སྟེང་དུ་མེར་སྣང་སྔ་མའི་བག་ཆགས་སྔོན་དུ་སོང་བར་སྒྲུབ་པའི་འབྲས་བུའི་གཏན་ཚིགས་ཡིན་པའི་ཕྱིར། དེ་ཡིན་ཏེ། མེར་སྣང་སྔ་མའི་བག་ཆགས་ཅན་གྱི་ཤེས་པ་དེ། མེར་སྣང་གི་བློ་ད་ལྟར་བའི་ཉེར་ལེན་གྱི་རྒྱུ་དང༌། དུར་སྣང་གི་བློ་ད་ལྟར་བའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། ཞེས་རིམ་པར། རྒྱུ་གཞན་དང༌། གལ་ཏེ་དང༌། ས་བོན་དང༌། བྱེད་པོ་དང༌། དུ་བ་དང༌། དེ་ལའང་དང༌། སེམས་རྒྱུ་རྣམས་སོ། །དེ་དག་གིས་ནི་ཕྱི་རོལ་གྱི་དོན་བཀག་སྟེ་བློ་ཚུལ་གཉིས་བསྒྲུབས་པས། འབྲས་བུའི་རྣམ་པར་རྟོག་པ་གཉིས་པའི་གཞུང་ཚུགས་པ་ཡིན་ནོ། །ད་ནི་ཕྱི་རོལ་གྱི་དོན་ཁས་བླངས་ནས་བློ་ཚུལ་གཉིས་སུ་བསྒྲུབས་པས། མདོ་སྡེ་པའི་ལུགས་ཀྱི་གཟུགས་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་གཅིག་ཇི་ལྟར་ཁས་ལེན་པའི་ཚུལ་བརྗོད་པར་བྱ་སྟེ། འདི་ལ་མདོར་བསྟན། རྒྱས་པར་བཤད། དང་པོ་ནི། ཕྱི་རོལ་གྱི་དོན་ཁས་བླངས་ནས་ཀྱང༌། དོན་སྣང་གི་བློ་གཅིག་ཉིད་ཚུལ་གཉིས་པ་ཅན་དུ་འོག་ནས་འཆད་ལ། དེ་འདྲའི་དུས་ཀྱི་ཚུལ་གཉིས་པོ་དེ་ཆོས་ཅན། རྫས་གཞན་མིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཞེས་ཕྱི་རོལ་སོགས་སོ། །ཡང་ན་སྔོ་སྣང་དབང་ཤེས་གཅིག་ཉིད་ཚུལ་གཉིས་པ་ཅན་ཡིན་ཏེ། སྔོ་སྣང་དབང་ཤེས་དང་དེ་ལ་སྣང་བའི་སྔོན་པོའི་རྣམ་པ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པར་རང་ལུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། ཞེས་པའོ། །གཉིས་པ་ལ། དབང་ཤེས་འཁྲུལ་པའི་སྣང་བ་ལ་བརྟེན་ནས་བློ་ཚུལ་གཉིས་སུ་སྒྲུབ། དབང་ཤེས་མ་འཁྲུལ་བའི་སྣང་བ་ལ་བརྟེན་ནས་བློ་ཚུལ་གཉིས་སུ་སྒྲུབ་པ་གཉིས་ནི། དབང་པོའི་དང༌། མར་མེ་ལ་སོགས་སོ། །གསུམ་པ་སླར་ཡང་ཕྱི་དོན་ཁས་བླངས་ནས་སྒྲུབ་པ་ལ། ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། ཤེས་པ་ལ་ཡུལ་གྱི་རྣམ་པ་མི་སྣང་ན། བུམ་གཟུགས་ལ་ཐག་ཉེ་རིང་གི་ཁྱད་པར་གྱིས་བུམ་གཟུགས་གསལ་མི་གསལ་གྱི་ཁྱད་པར་མི་འཐད་པར་ཐལ། ཞེས་ཉེ་རིང་སོགས་སོ། །གཉིས་པ་ལ། ཡུལ་དབང་བར་གྱི་སྣང་བའི་ཁྱད་པ་ལ་བརྟེན་པའི་ལན་དགག མ་མཐོང་བའི་ལས་ལ་བརྟེན་པའི་ལན་དགག མཐོང་བའི་ལས་ལ་བརྟེན་པའི་ལན་དགག བཀག་པ་དེ་གཉིས་ཀའི་དོན་བསྡུ་བ་རྣམས་ནི་རིམ་པར། གལ་ཏེ་སྣང་ཁྱད་དང་དེ་ཕྱིར་དོན་རྟེན་རྣམས་སོ། །བཞི་པ་ཕྱི་དོན་བཀག་ནས་སྒྲུབ་པ་ལ། ཐལ་གྱུར་དངོས་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། སྒྲ་དང་མར་མེ་རྣམས་ཆོས་ཅན། རང་འཛིན་མངོན་སུམ་ལ་མི་སྣང་བར་ཐལ། རང་འཛིན་མངོན་སུམ་ལ་ཁྱོད་ཀྱི་རྣམ་པ་མི་སྣང་བ་གང་ཞིག ཁྱོད་དེའི་དུས་སུ་འདས་ཟིན་པའི་ཕྱིར། ཞེས་ནང་འགལ་བརྗོད་པ་ནི། ཤེས་པ་སོགས་སོ། །གཉིས་པ་ལ། དུས་མཉམ་པའི་དོན་སྣང་བར་འདོད་པ་པའི་སྒོ་ནས་རྟགས་མ་གྲུབ་ཀྱི་ལན་དགག་པ་གཉིས་ནི། ཕན་འདོགས་དང༌། གཏན་གང་སོགས་སོ། །གསུམ་པ་སླར་ཡང་མདོ་མཛད་པའི་རིག་པས་བློ་ཚུལ་གཉིས་སུ་སྒྲུབ་པ་ལ། མདོར། དུས་ཕྱིས་དྲན་པ་ལས་ཀྱང་ཡིན། །ཞེས་པའི་དོན་འཆད། འདི་ལ་རྟགས་ཀྱི་ནུས་ཡུལ་ངོས་བཟུང༌། དེ་དྲན་པའི་རྟག་ལས་གྲུབ་པར་བསྟན། རྟགས་དེའི་ཁྱབ་པ་སྒྲུབ་པའོ། །དང་པོ་ནི། བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པ་རྣམས་ཀྱིས་ཅི་ཞིག་སྒྲུབ་ཅེ་ན། འཛིན་རྣམ་གྱི་ཚུལ་ཅན་དུ་སྒྲུབ་པ་མིན་ཏེ། དེ་ལ་རྩོད་པ་མེད་པའི་ཕྱིར། དེས་ན་ཡུལ་གྱི་རྣམ་པ་སྣང་བར་སྒྲུབ་པ་ཡིན་ནོ། །ཞེས་དེ་བདག་སོགས་སོ། །གཉིས་པ་ནི། དེ་ཡང་སོགས་སོ། །གསུམ་པ་ནི། རང་སོགས་སོ། །གཉིས་པ་བློ་རང་རིག་ཏུ་སྒྲུབ་པ་ལ། མདོ་མཛད་པའི་རིགས་པས་སྒྲུབ། རྣམ་འགྲེལ་མཛད་པ་རང་ཉིད་ཀྱི་རིགས་པས་སྒྲུབ། སླར་ཡང་མདོ་མཛད་པའི་རིག་པས་སྒྲུབ་པའོ། །དང་པོ་ནི། ཇི་སྐད་དུ། ཚད་མའི་མདོར། རང་རིག་པ་ཉིད་དུ་ཡོད། ཅིའི་ཕྱིར་ཞེ་ན། མ་མྱོང་བར་འདི་མེད་ཕྱིར་རོ། །ཞེས་པའི་དོན་འཆད་དེ། ཚད་མ་མདོ་ཆོས་ཅན། ཚུལ་གཉིས་སྒྲུབ་ཀྱི་རིགས་པ་ལས་ལོགས་ཤིག་ཏུ་རང་རིག་སྒྲུབ་བྱེད་ཀྱི་རིགས་པ་མ་གསུངས་ཀྱང་དོན་གྱིས་གྲུབ་པ་ཡིན་ཏེ། འཛིན་རྣམ་དེ་རང་རིག་གི་མཚན་ཉིད་ཡིན་པའི་ཕྱིར་ཞེས། ཚུལ་གཉིས་སོགས་སོ། །གཉིས་པ་ལ། རང་རིག་གི་སྒྲུབ་བྱེད་རྒྱས་པར་བཤད། དེ་ལ་རྩོད་པ་སྤངས་པའོ། །དང་པོ་ལ། རང་རིག་པའི་སྒྲུབ་བྱེད། རང་མི་རིག་པ་ལ་གནོད་བྱེད། སླར་ཡང་རང་རིག་པའི་སྒྲུབ་བྱེད། རང་མི་རིག་པ་ལ་གནོད་བྱེད་དོ། །དང་པོ་ལ། དངོས་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། རང་རིག་པ་ཡིན་ཏེ། ཡུལ་གྱི་རྣམ་པ་སྣང་བའི་ཕྱིར། གཉིས་པ་ནི། གལ་ཏེ་ཡུལ་གྱི་རྣམ་ལྡན་ཡིན་ཡང༌། རིག་པ་མིན་ཏེ། ཤེས་པ་སྔ་མ་རྣམས་རྗེས་སུ་སྐྱེས་པའི་ཤེས་པ་ཕྱི་མ་རྫས་གཞན་གྱིས་མྱོང་བ་ཡིན་ནོ། །ཞེ་ན། འདི་ལ་གནོད་བྱེད་ཀྱི་ཐལ་འགྱུར་བཞི་བརྗོད། ཐལ་འགྱུར་བཞི་པའི་ལན་དགག་པའོ། །དང་པོ་ནི། དེ་དངོས་དང༌། དེས་རང་དང༌། དོན་དུ་དང༌། ཡུལ་གང་རྣམས་སོ། །གཉིས་པ་ནི། གལ་ཏེ་རང་མྱོང་ན་གཞན་མི་མྱོང་བར་ཐལ་བའི་ཉེས་པས་མི་གནོད་དེ། དོན་དང་འདྲ་བ་ལས་དོན་མྱོང་བར་འཇོག་པའི་ཕྱིར་ཞེས་དང༌། སྐྱེས་ལ་འདྲ་བ་ལས་དེར་འཇོག་པའི་ཕྱིར་ཞེས་དང༌། ངེས་ཤེས་དང་གསུམ་ཚོགས་པ་ལས་དེར་འཇོག་པའི་ཕྱིར། ཞེས་པ་རྣམས་རིམ་པར་འགོག་པ་ལས། དང་པོ་ལ་འདྲ་བ་སྲིད་དུ་ཆུག་ཀྱང་ཁྱབ་པ་འཁྲུལ་བར་བསྟན་པ་དང༌། འདྲ་བ་ཉིད་ཀྱང་མི་སྲིད་པར་བསྟན་པ་ཉིད་ཀྱང་རིམ་པར། འདྲ་བ་ཐམས་ཅད་དང༌། བདག་ཉིད་ཀུན་གྱི་དང༌། ཇི་ལྟར་དང་ཉམས་མྱོང་རྣམས་སོ། །གཉིས་པ་གནོད་བྱེད་ལ། དྲི་བ་དང༌། དེའི་ལན་དགག་པའོ། །དང་པོ་ནི། སྣང་སོགས་སོ། །གཉིས་པ་ལ། དཀར་འཛིན་ཤེས་པ་ལ་དཀར་པོ་གསལ་བར་སྣང་བ་དེ། གཞན་དངོས་ཡིན་པ་དགག རང་དངོས་ཡིན་ན་རང་རིག་པར་གྲུབ་པའོ། །དང་པོ་ལ་ཡུལ་མི་གསལ་བར་ཐལ་བ་དང༌། ཡུལ་གྱིས་ཡུལ་ཅན་ཁྱད་པར་དུ་བྱས་ནས་དྲན་པའི་བློ་མི་སྐྱེ་བར་ཐལ་བ་རྣམས་ནི། གཞན་དངོས་དང༌། མཐོང་དང༌། ཇི་ལྟར་དངོས་རྣམས་སོ། །སླར་ཡང་རང་རིག་པའི་སྒྲུབ་བྱེད་ལ། རང་བློ་རང་ལ་མངོན་གྱུར་ཡིན་པ། རིགས་པ་སྔ་མས་ཁེག་པར་བསྟན། མངོན་གྱུར་ཡིན་པ་མྱོང་བས་གྲུབ་པར་བསྟན། དང་པོ་ནི། བདག་རིགས་སོགས་སོ། །གཉིས་པ་ལ་རྟགས་འགོད་ཅིང་ཁྱབ་པ་སྒྲུབ། ཁྱབ་པ་མ་འཁྲུལ་བའི་ལན་དགག་པའོ། །དང་པོ་ནི། བདེ་སྡུག་སོགས་ཆོས་ཅན། བློ་ཉིད་ཡིན་ཏེ། གོམས་པ་ལས་སེམས་གདུང་སོགས་སོ་སོར་མྱོང་བའི་ཕྱིར། དེ་ཆོས་ཅན། ཁྱོད་བློ་ཉིད་ཡིན་པར་གྲུབ་པ་ན་རང་རིག་པར་ཡང་གྲུབ་སྟེ། ཁྱོད་ལ་མྱོང་བྱེད་གཅིག་ཡོད་པར་གྲུབ། རང་ལས་རྫས་གཞན་པའི་མྱོང་བྱེད་མེད་པའི་ཕྱིར་ཞེ་ན། རྟེན་དམིགས་དང་དེ་ལས་རྣམས་སོ། །གཉིས་པ་ནི། གལ་ཏེ་བདེ་སོགས་ཆོས་ཅན། ཤེས་པ་རྫས་གཞན་གྱིས་རིག་པ་ཡིན་ཏེ། དེས་དམིགས་པའི་ཕྱིར་ཞེ་ན། འདི་ལ་ལྷས་སྦྱིན་གྱི་མཆོད་སྦྱིན་གྱི་བདེ་སོགས་མྱོང་བར་ཐལ་བ། རྣལ་འབྱོར་པ་གཞན་གྱིས་སྡུག་བསྔལ་མྱོང་བར་ཐལ་བ། རང་ལ་མཚུངས་པ་སྤང་བ་རྣམས་ནི། གཞན་གྱི་དང༌། གང་དག་དང༌། སྡུག་བསྔལ་ལ་སོགས་རྣམས་སོ། །སླར་ཡང་རང་མི་རིག་པའི་གནོད་བྱེད་ལ། རང་རིག་མེད་ན་རང་རྒྱུད་ཀྱི་བློ་མི་རྟོགས་པར་ཐལ་བ་དང༌། རང་རིག་མེད་ན་གཞན་རྒྱུད་ཀྱི་བློ་མི་རྟོག་པར་ཐལ་བའོ། །དང་པོ་ལ་ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། ལྷས་སྦྱིན་རང་ངོར་རང་བློ་རྟགས་ལས་རྟོགས་དགོས་པར་ཐལ། རང་རྒྱུད་ལ་དེ་རྟོག་པའི་མངོན་སུམ་མེད་པའི་ཕྱིར། ཞེས་གཞན་ཡང་སོགས་སོ། །འདོད་དེ་ཞེ་ན། འདི་ལ་རང་ངོར་རང་བློ་མ་གྲུབ་པའི་གཏན་ཚིགས་མི་སྲིད་པའི་ཕྱིར་བསྟན། སྲིད་ཀྱང་དེ་ལས་མི་རྟོགས་པ་བསྟན། དང་པོ་ལ་རྒྱུ་འབྲས་ཀྱི་ཚོགས་པ་བཞི་གཏན་ཚིགས་མིན་པར་བསྟན། དེ་ལས་གཞན་པའི་གཏན་ཚིགས་ཡང་དག་མེད་པར་བསྟན། དང་པོ་ནི། དེ་ཡང་སོགས་སོ། །གཉིས་པ་ལ། དོན་ཆོས་རྟགས་ཡིན་པ་དགག བློ་ཆོས་རྟགས་ཡིན་པ་དགག བློའི་འབྲས་བུ་གཏན་ཚིགས་ཡིན་པ་དགག དང་པོ་ལ་དོན་གསལ་རྟག་ཡིན་པར་དགག དོན་གྱི་ཁྱད་པར་རྟག་ཡིན་པར་དགག་པ་རྣམས་ནི། རིམ་པ་བཞིན། གལ་ཏེ་དོན་གསལ་དང༌། འོན་ཏེ་དང༌། བློ་བཏགས་དང༌། གཟུགས་སོགས་རྣམས་སོ། །གཉིས་པ་ནི། རྟག་ཡོད་སོགས་སོ། །གཉིས་པ་གཞན་རྒྱུད་ཀྱི་བློ་མི་རྟོག་པར་ཐལ་བ་ལ། དངོས་དང༌། གཟུང་དོན་གཏན་ཚིགས་ཡིན་པར་དགག་པ་གཉིས་ནི། མངོན་སུམ་དང༌། ཡིད་ཀྱི་རྣམས་སོ། །གཉིས་པ་རྩོད་པ་སྤངས་བ་ལ། གལ་ཏེ་རང་རིག་མེད་ཀྱང་ཇི་སྐད་བཤད་པའི་ཉེས་པ་རྣམས་མེད་དེ། བློ་སྔ་མ་རྣམས་བློ་ཕྱི་མ་རྫས་གཞན་གྱིས་གསལ་བ་ཡིན་ནོ་ཞེ་ན། འདི་ལ་མི་གསལ་བར་མཚུངས་པས་གསལ་བྱེད་དུ་མི་འཐད། རྣམ་པ་སྣང་བས་གསལ་བར་འཐད་ན་རང་རིག་ཏུ་གྲུབ། རང་ལུགས་ཀྱི་གསལ་བྱེད་ངོས་བཟུང་བ་རྣམས་ནི། ཁྱོད་འདི་དང༌། ཡུལ་ནི་དང༌། དེ་ཕྱིར་རྣམས་སོ། །གསུམ་པ་སླར་ཡང་མདོ་མཛད་པའི་རིགས་པས་སྒྲུབ་པ་ལ། རྟགས་འགོད། ཁྱབ་པ་མ་གྲུབ་པའི་ལན་དགག་པའོ། །དང་པོ་ནི། དྲན་པ་ཞེས་སོགས། གཉིས་པ་ནི། ཡུལ་དང་སོགས་སོ། །ཕྱོགས་སྔ་མ་ནི། ཤེས་པ་སོགས་སོ། །ལན་ལ་རྣམ་འགྲེལ་མཛད་པའི་ལན་དང༌། མདོ་མཛད་པའི་ལན་ནོ། །དང་པོ་ནི། ཡི་གེ་རིང་པོས་འཛིན་བློ་ལ་མྱོང་བྱེད་མེད་པར་ཐལ་བ། ཡོད་པར་འདོད་པའི་ལན་དགག་པའོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། ཡི་གེ་རིང་པོ་མི་དྲན་པར་ཐལ། དེ་འཛིན་གྱི་བློ་ལ་མྱོང་བྱེད་མེད་པར་འདོད་དགོས་པའི་ཕྱིར། དེར་ཐལ། ཉན་ཤེས་སྐད་ཅིག་མ་ཐ་མ་ཁོ་ན་ལ་མྱོང་བྱེད་ཡོད་ཀྱང་དེས་ཡི་གེ་རིང་པོ་མི་འཛིན། ཡི་གེའི་ཆ་ཤས་ཐོས་པའི་ཉན་ཤེས་སྔ་མ་རྣམས་མྱོང་བྱེད་སྐྱེས་ཀྱི་བར་དུ་མི་གནས་པའི་ཕྱིར། ཞེས་རིང་སོགས་སོ། །དེའི་ལན་དགག་པ་ལ། ཉན་ཤེས་སྔ་མ་གནས་པ་དགག ཡི་གེ་ཆ་ཤས་སྔ་མ་གནས་པ་དགག ཡི་གེ་རིང་པོའི་ཆ་ཤས་ཅིག་ཆར་སྐྱེ་བ་དགག་པ་རྣམས། གནས་ན་དང༌། སྔ་མ་དང༌། ཡི་གེ་རིམ་མེད་རྣམས་སོ། །གཉིས་པ་ནི། དུ་མ་སོགས་སོ། །གཉིས་པ་ལ་མྱོང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བ་དགག ཅིག་ཆར་སྐྱེ་བ་དགག མྱོང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བར་འདོད་པ་ལས་ཅིག་ཆར་དུ་སྐྱེ་བ་ལ་བརྗོད་པའི་ཉེས་པ་དེ་མཚུངས་པར་བསྟན་པའོ། །དང་པོ་ནི། དྲན་མེད་འགྱུར་ཞེས་པའི་སྐྱོན་མེད་དེ། ཡི་གེ་རིང་པོ་ཐོས་པའི་ཉན་ཤེས་སྐད་ཅིག་རྣམས་སོ་སོར་ཐ་དད་མྱོང་བྱེད་རྫས་གཞན་རེ་རེས་བར་དུ་ཆོད་པའི་ཚུལ་གྱིས་སྐྱེ་བ་ཡིན་ནོ། །ཞེ་ན། ཡི་གེ་རིང་པོ་ཐོས་པའི་ཉན་ཤེས་སྐད་ཅིག་མ་རྣམས་ཆོས་ཅན། རང་ཡུལ་བར་མ་ཆད་དུ་མི་སྣང་བར་ཐལ། ཁྱོད་མྱོང་བྱེད་རྫས་གཞན་རེ་རེས་བར་དུ་ཆོད་པའི་ཚུལ་གྱིས་སྐྱེ་བའི་ཕྱིར། ཞེས་བློ་རྣམས་དང༌། དེས་སྒྲ་ཞེས་པའོ། །ཅི་སྟེ་འཇུག་པ་མྱུར་བའི་རྒྱུ་མཚན་གྱིས་བར་མ་ཆད་དུ་སྦྱོར་བ་བྱེད་དོ་ཞེ་ན། འདི་ལ་སྔར་བཤད་པའི་རིགས་པས་དགག མ་བཤད་པའི་རིགས་པས་དགག དང་པོ་ནི། སྦྱོར་བར་ཞེས་སོ། །གཉིས་པ་ལ། ཧ་ཅང་ཐལ་བས་དགག རྣམ་པར་བཏགས་ནས་དགག དང་པོ་ནི། གལ་ཏེ་སོགས་སོ། །གཉིས་པ་ལ། རྟོག་མེད་ཀྱི་ཤེས་པས་རང་ཡུལ་བར་ཆོད་པར་མཐོང་བ་ལ། བར་མ་ཆད་དུ་སྒྲོ་འདོགས་མཁན་རྟོག་མེད་ཀྱི་ཤེས་པ་ཡིན་པར་དགག རྟོག་པས་རང་ཡུལ་བར་མ་ཆོད་པར་མཐོང་བ་ལ་བར་མ་ཆད་དུ་སྒྲོ་འདོགས་མཁན་པར་རྟོག་པ་སྙིང་ཡིན་པར་དགག རྟོག་མེད་ཀྱི་ཤེས་པས་རང་ཡུལ་བར་ཆོད་པར་མཐོང་ན་ཡང༌། བར་མ་ཆད་དུ་སྒྲོ་འདོགས་མཁན་རྟོག་པར་འདོད་པ་དགག དང་པོ་ནི། དབང་པོས་དང༌། གཉིས་པ་ནི། དབང་པོའི་དང༌། གསུམ་པ་ལ། མྱོང་བྱ་མྱོང་བྱེད་ཅིག་ཆར་སྐྱེ་བའི་སྒྲུབ་བྱེད་དང༌། དེ་ལ་ལུང་རིགས་ཀྱིས་མི་གནོད་པར་བསྟན་པ་གཉིས། དང་པོ་ནི། དབང་པོས་སོགས་སོ། །གཉིས་པ་ལ། རིགས་པས་མི་གནོད་པ་ནི། གལ་ཏེ་སོགས་སོ། །ལུང་གིས་མི་གནོད་པ་ལ་ལུང་དོན་བཤད་པ་དང༌། དེས་གཞན་ཡང་མཚོན་པ་གཉིས། དང་པོ་ནི། དེ་རྣམས་སོ། །གཉིས་པ་ལ། དངོས་དང༌། དེའི་ཉེས་སྤོངས་དགག་པའོ། །དང་པོ་ནི། བློ་དུ་མ་ཅིག་ཆར་དུ་སྐྱེ་བ་དང༌། རྟོག་པ་རིགས་མཐུན་རྫས་གཞན་དུ་མ་ཅིག་ཆར་དུ་མི་སྐྱེ་བ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་ནུས་ཏེ། དྲང་སྲོང་རྒྱལ་དཔོག་པ་བུམ་གཟུགས་རང་མཚན་མཐོང་བའི་རྟོག་མེད་ཀྱི་ཤེས་པ་དང༌། བུམ་གཟུགས་སོ་མཉམ་དུ་ངོ་ཤེས་པའི་རྟོག་པ་གཉིས་ཅར་དུ་མི་སྐྱེ་བའི་རྒྱུ་མཚན་གྱིས་མངོན་སུམ་རྟོག་པར་འདོད་པའི་ལོག་རྟོག་དེ་ཡང་བསལ་བའི་ཕྱིར། ཞེས་འདིས་ནི་སོགས་སོ། །དེ་ཆོས་ཅན། མངོན་སུམ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར་ཞེ་ན། མ་ངེས་པར་སྟོན་པ་ནི། བསལ་བར་སོགས་སོ། །གཉིས་པ་ནི། དོན་དང་ཤེས་པ་སོགས་སོ། །གཉིས་པ་ནི། དོན་དང་དོན་གྱི་སོགས་སོ། །མདོ་མཛད་པའི་ལན་ལ། དྲི་བ་དང༌། དྲིས་པའི་ལན་དགག་པའོ། །དང་པོ་ནི། ཤེས་པ་སྔ་མ་རྣམས་ཤེས་པ་ཕྱི་མ་རྫས་གཞན་གྱིས་མྱོང་བ་ཡིན་ན། དེ་ཡང་ཤེས་པ་ཕྱི་མ་རྫས་གཞན་འགའ་ཞིག་གིས་མྱོང་བ་ཡིན་ནམ། མྱོང་བྱེད་མེད་པའི་ཤེས་པ་འགའ་ཞིག་ཀྱང༌། ཡོད་པར་འདོད་ཅེས་འདྲི་བ་ནི། ཤེས་པ་སོགས་སོ། །གཉིས་པ་ལ། ཅིས་ཏེ་གཟུགས་ལ་སོགས་པ་བཞིན་དུ་ཤེས་པའང་ཤེས་པ་གཞན་གྱིས་མྱོང་ངོ༌། །ཞེ་ན། དེ་ཡང་རིགས་པ་མིན་ཏེ། གང་གིའི་ཕྱིར། ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུག་མེད་དེ་ཡང་དྲན་པ་སྟེ། །དེའི་ཡུལ་ཅན་ལ་འཕོ་བ། །མེད་འགྱུར་དེ་ཡང་མཐོང་བ་ཉིད། །ཅེས་གསུངས་པའི་དོན་འཆད་པར་བྱེད་དེ། འདིས་དྲི་བ་གཉིས་པའི་ལན་ནི་འོག་ཏུ་འགོག་ལ། དང་པོ་ལྟར་ན་མྱོང་བྱེད་ཐུག་མེད་དུ་ཐལ་བ་དང༌། ཡུལ་གཞན་ལ་མི་འཕོ་བར་ཐལ་བའོ། །དང་པོ་ནི། གཞུང་འདིར་དངོས་སུ་མི་འབྱུང་ཀྱང༌། མདོར་འབྱུང་བས་ཁ་བསྐང་བར་བྱའོ། །གཉིས་པ་ལ། ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། ཤེས་རིག་སོགས་སོ། །གཉིས་པ་ལ་བློ་ཕྱི་མས་བློ་སྔ་མ་འཛིན་པ་བཏང་ནས་བློ་ཕྱི་མ་ཕྱི་རོལ་ལ་འཕོ་བ་དགག དེ་མ་གཏང་བར་བློ་ཕྱི་མ་ཕྱི་རོལ་ལ་འཕོ་བ་དགག མྱོང་བྱེད་ཕྱི་མ་ཕྱི་རོལ་འཕོ་བ་ལ་མྱོང་བྱ་ཐ་མ་ལ་མྱོང་བྱེད་དེ་མེད་པར་འདོད་པ་དགག དང་པོ་ལ་བློ་ཕྱི་མས་བློ་སྔ་མ་ལ་ཕྱི་རོལ་དོན་གྱི་གེགས་བྱས་ནས་བློ་ཕྱི་མ་ཕྱི་རོལ་ལ་འཕོ་བའི་ལན་དགག བློ་སྔ་མའི་སྟེང་གི་བདག་ལ་དམིགས་པའི་ཤེས་པ་ཕྱི་མ་བསྐྱེད་པའི་ནུས་པ་ཟད་ནས་བློ་ཕྱི་མ། ཕྱི་རོལ་ལ་འཕོ་བའི་ལན་དགག བློ་སྔ་མའི་སྟེང་གིས་བདག་ལ་དམིགས་པའི་ཤེས་པ་ཕྱི་མ་བསྐྱེད་པའི་ནུས་པ་ཟད་ནས། བློ་སྔ་མ་ཕྱི་མའི་སྐྱེད་བྱེད་མིན་གྱི། བཟུང་ཡུལ་མིན་པས་བློ་ཕྱི་མ་ཕྱི་རོལ་ལ་འཕོ་བའི་ལན་དགག མི་འཕོ་བར་ཐལ་བའི་ཉེས་པ་དེ་རང་ལ་མཚུངས་པ་སྤངས་པའོ། །དང་པོ་ནི། བདག་ལས་སོགས་སོ། །གཉིས་པ་ནི། ནུས་པ་སོགས་ཏེ། དོན་ནི་བློ་སྔ་མའི་ནུས་པ་ཟད་ནས། བློ་ཕྱི་མ་ཕྱི་རོལ་ལ་མི་འཕོ་བས་ཁྱབ། དཔེར་ན་སྒྲ་འཛིན་མངོན་སུམ་དང་གཟུགས་འཛིན་མངོན་སུམ་གཉིས་ཀ་རྒྱུན་ལྡན་དུ་སྐྱེ་བ་དེའི་ཚེ། ཡིད་གཟུགས་འཛིན་ལ་ལྷག་པར་ཆགས་པའི་རྟོག་པ་སྐྱེ་བ་ན། སྒྲ་ལ་ངེས་པ་མི་འདྲེན་པ་བཞིན་ནོ། །ཅིས་ཏེ་ཀུན་གཞི་ལས་འཇུག་ཤེས་རིགས་མི་མཐུན་དུ་མ་ཅིག་ཆར་དུ་སྐྱེ་བ་བཞིན་དུ། ཀུན་གཞི་ལས་རྟོག་པ་རིགས་མི་མཐུན་དུ་མ་ཅིག་ཆར་དུ་སྐྱེ་སྲིད་པ་མིན་ནམ་ཞེ་ན། མིན་ཏེ། རིག་མི་མཐུན་གྱི་རྟོག་པ་རྣམས་རིམ་ཅན་ཁོ་ནར་སྐྱེ་བར་མངོན་སུམ་གྱིས་མཐོང་བའི་ཕྱིར། ཞེས་ཅིག་ཆར་སོགས་སོ། །བྱེ་བྲག་པ་ན་རེ། ཡིད་བཏགས་པ་བ་གཅིག་ལས་མེད་པའི་རྣམ་ཤེས་དུ་མ་ཅིག་ཆར་དུ་མི་སྐྱེ་བ་ཡིན་གྱི། དེ་མ་ཐག་རྐྱེན་གྱི་ནུས་པ་ལས་མིན་ནོ། །འོ་ན་རྐྱེན་གསུམ་ཚང་བའི་གནས་སྐབས་སུ་འཇུག་ཤེས་དྲུག་ཅིག་ཆར་དུ་སྐྱེ་བ་མིན་པར་ཐལ། ཞེས་ཡིད་གཅིག་སོགས་སོ། །དེས་རིག་པ་ཅན་པ་དང༌། སྤྱོད་པ་པ་སོགས་ཀྱི་འདོད་པ་ཁེགས་པར་བསྟན་པ་ནི། བདག་ཡིད་དང༌། འདི་ལུས་སོགས་སོ། །གྲངས་ཅན་ན་རེ། བདག་གི་ཡོན་ཏན་འདུ་བྱེད་ལས་བློ་ཕྱི་མ་རེ་རེ་ཁོ་ན་སྐྱེ་བར་ངེས་སོ། །ཞེས་ཟེར་བ་དེ་འགོག་པ་ནི། གལ་ཏེ་སོགས་སོ། །གསུམ་པ་ནི། གལ་ཏེ་བློ་སྔ་མའི་སྟེང་ན་ཕྱི་མ་བསྐྱེད་པའི་ནུས་པ་དང༌། བློ་ཕྱི་མའི་བཟུང་ཡུལ་བྱེད་པའི་ནུས་པ་གཉིས་ཡོད་པ་ལས། བློ་ཕྱི་མ་ཕྱི་རོལ་ལ་འཕོ་བའི་ཚེ། བློ་སྔ་མའི་སྟེང་གི་ནུས་པ་གཅིག་དེ་ཉམས་ཀྱང་ཅིག་ཤོས་ཉམས་པ་མིན་ནོ་ཞེ་ན། བློ་སྔ་མ་ཆོས་ཅན། བློ་ཕྱི་མའི་བཟུང་ཡུལ་ཡིན་པར་ཐལ། བློ་ཕྱི་མས་བཟུང་བ་གང་ཞིག བློ་ཕྱི་མ་སྐྱེད་བྱེད་ཡིན་པའི་ཕྱིར། གཟུགས་སོགས་བཞིན་ནོ། །ཞེས་བཟུང་བའི་སོགས་སོ། །བཟུང་ཡུལ་གྱི་མི་ཟད་མི་འཐད་དེ། རྣལ་འབྱོར་མངོན་སུམ་ལ་བཟུང་ཡུལ་གྱིས་མ་ཁྱབ་པའི་ཕྱིར། ཞེ་ན་སྐྱོན་མེད་དེ། འདིར་དེ་ལ་དཔྱད་པ་བོར་བའི་ཕྱིར། ཞེས་སྟོན་པ་ནི་གཟུགས་སོགས། བཞི་པ་ནི། འོ་ན་ཁྱེད་ལ་ཡང་སྔོ་འཛིན་མངོན་སུམ་གྱིས་སྔོན་པོ་འཛིན་ན། སེར་པོ་སོགས་ལ་མི་འཕོ་བར་མཚུངས་སོ། །ཞེ་ན། དེ་མི་མཚུངས་པའི་ཚུལ་ནི། དེ་ལ་ཕྲ་སོགས་སོ། །གཉིས་པ་ནི། གལ་ཏེ་བློ་གཞན་སོགས་སོ། །ཕྱོགས་སྔ་མ་འདི་ལ་དཔེ་དོན་གཉིས་ལས། དཔེ་ནི་གོང་དུ་ནུས་པ་དུ་མ་ཞེས་པས་བཀག་ལ། དོན་འགོག་པ་ནི། སྔ་ཕྱིར་ཞེས་སོགས་སོ། །གསུམ་པ་ནི། གལ་ཏེ་ཡུལ་གཞན་ནས། གསལ་བར་འགྱུར་གྱི་བར་རོ། །གཟུང་འཛིན་རྒྱུ་འབྲས་ཡུལ་གྱི་རྣམ་ལྡན་ཚུལ། །ཤེས་ཀུན་རང་རིག་གཉིས་མེད་དོན་དམ་དང༌། །རྣམ་རིག་ཙམ་ལ་མྱུར་དུ་འཇུག་པའི་སྒོ། །ལེགས་པར་བཤད་ཅིང་དོན་དང་རྣམ་པ་ཀུན། །རྫུན་པར་བསྒྲུབས་པས་ཤེས་བྱའི་གནས་ཤེས་ནས། །སྒྲིབ་ཀུན་ངེས་ཟད་ཕྲིན་ལས་ལྷུན་གྲུབ་སྟེ། །ཀུན་ལ་ལེགས་འདོམས་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་དེ་ཐོབ་པར་བསྔོ། །རང་མཚན་རྟོག་པའི་སྣང་ཡུལ་མིན་ཚུལ་དང༌། །དོན་རིག་ཡུལ་གྱི་རྣམ་ལྡན་ཚུལ་བཤད་པས། །མངོན་སུམ་ལེའུར་བཤད་པའི་རྟོག་པ་ཀུན། །ལེགས་པར་སེལ་ཞིང་སྐབས་ཀྱི་དོན་རིག་འགྱུར། །ཞེས་བསྡུ་བའི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ། །མངོན་པར་མི་གསལ་ཤུགས་བསྟན་མཚོན་ཚུལ་དང༌། །མངོན་གྱུར་དོན་ལ་འཁྱོག་པོའི་ཚིག་སྤངས་ནས། །མངོན་མཁྱེན་མངའ་རྣམས་བཞེད་པའི་ཚུལ་དེ་ཉིད། །མངོན་སུམ་ལེའུའི་རྒྱན་དུ་དེ་རིང་བཀོད། །ཅེས་མངོན་སུམ་གྱི་ལེའུའི་སྔ་ཕྱིའི་འབྲེལ་དང༌། གཞུང་སོ་སོའི་སྙིང་པོའི་དོན་ཟུར་ཕྱིན་པར་བཤད་པ་ཡིན་ནོ།།  །།གཞན་ཕན་ལྷུན་གྲུབ་ཉིད་ཞལ་གཅིག་པུ་ལས། །གཞན་དུ་ལེགས་བཤད་ཚོལ་བའི་ངལ་བས་ཅི། །གཞན་ལ་ལེགས་འདོམས་སྒྲུབ་དང་སུན་འབྱིན་གྱིས། །གཞན་གྱི་དོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཞན་དོན་ལེའུའི་འཕྲོས་དང་གཞུང་གི་དོན། །གཞན་དུ་སྔོན་ཆད་ཇི་བཞིན་མ་གྲགས་པ། །གཞན་གྱིས་བསྐུལ་ཕྱིར་ལེགས་པར་བཤད་འདི་ལ། །གཞན་དག་ཕྲག་དོག་མེད་པར་ཉོན་གཅིག་ཀྱེ། །ད་ནི་གཞལ་བྱ་ལྐོག་གྱུར་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཐབས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པར་བྱ་སྟེ། དེ་ཡང་ལོག་པར་རྟོག་པ་རྣམ་པ་གཉིས་སེལ་བའི་སྒོ་ནས་འཆད་པར་བྱེད་དོ། །ལོག་པར་རྟོག་པ་གཉིས་ཇི་ལྟར་ཡོད་ཅེ་ན། རྗོད་བྱེད་ལ་ལོག་པར་རྟོག་པ་དང༌། དེའི་གོ་བྱ་ལ་ལོག་པར་རྟོག་པའོ། །དང་པོ་ལ། འདིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་གཉིས་ཏེ། སྒྲིབ་པ་དང་སུན་འབྱིན་པའོ། །དེ་ལ་ཡང༌། ཡང་དག་དང་ལྟར་སྣང་གི་དབྱེ་བས་གཉིས་གཉིས་སུ་ཡོད་ཀྱང༌། ཡང་དག་གཉིས་དངོས་སུ་བསྟན་པས་ལྟར་སྣང་ཤུགས་ལ་གོ་བར་འགྱུར་རོ། །འོ་ན་ཡང་དག་གཉིས་གང་དུ་བསྟན་ཞེ་ན། དོན་སྨོས་ཤེས་དང༌། ཁྱབ་སྔོན་ཅན་ཞེས་སོགས་སུ། སྒྲུབ་པ་དང༌། གཞན་གྱིས་བཏགས་པ་ཡི། །ཞེས་སོགས་སུ་སུན་འབྱིན་པའི་ངག་བསྟན་པ་ཡིན་ནོ། །གཞུང་དེ་དག་གིས་བསྟན་པའི་སྒྲུབ་པ་དང་སུན་འབྱིན་པའི་ངག་གཉིས་ཀ་ཡང༌། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པ་ལ་ཁྱད་པར་མེད་དོ། །གཉིས་ཀ་ལ་དེའི་མཚན་ཉིད་རྗེས་སུ་ཞུགས་པར་མཚུངས་པའི་ཕྱིར། གཉིས་པོ་འགལ་བ་ཡང་མིན་ཏེ། གཞན་གྱི་འདོད་པ་སུན་འབྱིན་པའི་ངག་འགའ་ཞིག་གིས་རང་གི་འདོད་པ་སྒྲུབ་པའི་ཚུལ་གསུམ་དྲན་ལམ་དུ་འཕེན་པ་མཐོང་བའི་ཕྱིར། དེ་ལ་ནི་སྒྲུབ་པའི་ཐལ་འགྱུར་ཞེས་བྱ་ལ། གཞུང་དུ་ཐལ་བ་སྒྲུབ་པ་ཞེས་བྱ་བ་དེ་ཉིད་ཡིན་ནོ། །དེའི་ཕྱིར་ལྡོག་དོན་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་བཤད་པ་དེ་དག་སྒྲུབ་པའི་ངག་ཡང་དག་ཏུ་རེ་ཞིག་ཁས་མི་ལེན་དུ་ཆུག་ཀྱང་སླའི། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་དུ་ཁས་མ་བླངས་ན། བདག་ཉིད་ཆེན་པོའི་གཞུང་དྲི་མ་ཅན་དུ་བྱས་པར་འགྱུར་རོ། །དེ་ལས་ཀྱང༌། སྒྲུབ་པ་ལ་ལོག་པར་རྟོག་པ་ནི་གསུམ་སྟེ། འདིར་བརྗོད་བྱའི་དོན་ལ་ལོག་པར་རྟོག་པ་དང༌། ངེས་བྱེད་ཀྱི་བློ་ལ་ལོག་པར་རྟོག་པ་དང༌། རྗོད་བྱེད་ཀྱི་ངག་ལ་ལོག་པར་རྟོག་པའོ། །དེ་དག་ནི། རིམ་པ་བཞིན་དུ་མཐོང་དོན་གཉིས་དང༌། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་འགོག་པའི་གཞུང་གིས་སེལ་བར་བྱེད་དོ། །སུན་འབྱིན་ལ་ལོག་པར་རྟོག་པ་བསལ་བ་ནི། གཏན་ཚིགས་ཐིག་པར་རྒྱས་པར་འཆད་པའི་ཕྱིར་འདིར་བསྡུས་པ་ཙམ་ལས་མ་གསུངས་སོ། །གཉིས་པ་གོ་བྱ་ལ་ལོག་པར་རྟོག་པ་ཡང་གཉིས་ཏེ། དོན་གྱི་གོ་བྱ་ལ་ལོག་པར་རྟོག་པ་དང༌། སྒྲའི་བརྗོད་བྱ་ལ་ལོག་པར་རྟོག་པའོ། །དང་པོ་མཚན་ཉིད་ལ་ལོག་པར་རྟོག་པ་དང༌། མཚན་གཞི་ལ་ལོག་པར་རྟོག་པ་དང༌། ཕྱོགས་ལྟར་སྣང་གི་དཔེར་བརྗོད་ལ་ལོག་པར་རྟོག་པ་རྣམས་ཏེ། དེ་དག་བསལ་ནས་རང་ལུགས་ཀྱི་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དང༌། མཚན་གཞི་དང་ཕྱོགས་ལྟར་སྣང་གི་དཔེར་བརྗོད་རྣམས་གཏན་ལ་འབེབས་པར་བྱེད་དོ། །གཉིས་པ་སྒྲའི་བརྗོད་བྱ་ལ་ལོག་པར་རྟོག་པ་བསལ་བ་ལ་ཡང༌། གཞན་དོན་རྗེས་སུ་དཔག་པས་མ་གྲུབ་པའི་གཏན་ཚིགས་བརྗོད་བྱར་བྱེད་དམ་སྙམ་པའི་ལོག་པར་རྟོག་པ་ནི་མཐོང་བ་སྨོས་པས་བསལ་ཟིན་ལ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ་ཡང་འགལ་བའི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་དང༌། ཡང་དག་གི་གཏན་ཚིགས་རྣམ་པ་གསུམ་ལས། དང་པོ་གཉིས་བརྗོད་བྱར་བྱས་པའི་གཞན་དོན་རྗེས་སུ་དཔག་པ་ཡོད་དམ་སྙམ་པའི་ལོག་པར་རྟོག་པ་བསལ་བའི་ཕྱིར་དུ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བར། འགལ་བ་དང་མ་ངེས་པའི་གཏན་ཚིགས་ཀྱི་དབྱེ་བ་རྒྱས་པར་གསུངས་སོ། །ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་བརྗོད་བྱར་བྱས་པ་བདེ་བླག་ཏུ་རྟོགས་པའི་དོན་དུ། གཏན་ཚིགས་ཡང་དག་གཉིས་ཀྱི་དབྱེ་བ་གསུངས་སོ། །འོ་ན་མ་དམིགས་པའི་གཏན་ཚིགས་ཡང་དག་བརྗོད་བྱར་བྱས་པའི་གཞན་དོན་རྗེས་དཔག་མེད་པར་འགྱུར་ཏེ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བར་མ་དམིགས་པའི་རྟགས་ཡང་དག་གི་དཔེར་བརྗོད་མ་སྨོས་པའི་ཕྱིར་སྙམ་པ་ལ། དེ་མ་སྨོས་ཀྱང་ཤུགས་ལ་རྟོགས་པའི་ཚུལ་རྒྱས་པར་གསུངས་སོ། །འདི་ནི་རེ་ཤིག་སྤྱིའི་འབྲེལ་ལོ། །གཞུང་སོ་སོའི་དོན་ལ་གཉིས་ཏེ། བརྗོད་བྱེད་གཞན་དོན་རྗེས་དཔག་བཤད་པ་དང༌། དེའི་གོ་བྱ་བཤད་པའོ། །དང་པོ་ནི། ཚད་མ་མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་པའི་དོན་འཆད་པར་བྱེད་དོ། །འདི་ལ་མཚན་ཉིད་ཀྱི་རྣམ་བཅད་རྒྱས་པར་བཤད། མཚོན་བྱ་གཞན་དོན་རྗེས་དཔག་གི་མཚན་གཞི་ངོས་བཟུང་བའོ། །དང་པོ་ལ། རང་གི་མཐོང་བ་གསལ་བྱེད་ཅེས་སྨོས་པའི་དགོས་པ། དོན་རབ་གསལ་བྱེད་ཅེས་སྨོས་པའི་དགོས་པའོ། །དང་པོ་ལ་དགོས་པ་དངོས་དང༌། དགོས་པ་དེ་སྒྲུབ་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཕྱོགས་སྔ་མ་ནི། སྔར་རྒོལ་གྲངས་ཅན་པས་ཕྱིར་རྒོལ་སངས་རྒྱས་པའི་ངོར། བློ་དང་བདེ་བ་སོགས་སེམས་མེད་དུ་སྒྲུབ་པར་འདོད་ནས། གང་སྐྱེ་འཇིག་ཅན་ཡིན་ན་སེམས་མེད་ཡིན་པས་ཁྱབ། དཔེར་ན་གཟུགས་སོགས་དེ་ཙམ་ལྔ་པོ་བཞིན། བློ་དང་བདེ་བ་ཡང་སྐྱེ་འཇིག་ཅན་ཡིན་པར་སངས་རྒྱས་པས་ཁས་བླངས་སོ། །ཞེས་བཀོད་པའི་ཚེ་ན། དེ་དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་དང༌། སྐྱེ་འཇིག་ཅན་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཁྱབ་འབྲེལ་ནི་གྲངས་ཅན་རང་ལུགས་ཀྱི་ཚད་མས་གྲུབ། ཕྱོགས་ཆོས་ནི་གྲངས་ཅན་ལ་མ་གྲུབ་ཀྱང་སངས་རྒྱས་པའི་ལུང་ལས་བློ་བདེ་སྐྱེ་འཇིག་ཅན་དུ་བཤད་པའི་ཕྱིར། སངས་རྒྱས་པའི་ངོར་བློ་བདེ་སྐྱེ་འཇིག་ཅན་དུ་ཚད་མས་གྲུབ་པ་ཡིན་ནོ། །ཞེས་ཕྱོགས་སྔ་མ་སྟོན་པ་ནི། གཞན་ལ་ཞེས་སོགས་སོ། །ཚད་མ་ཀུན་ལས་བཏུས་པར། གཞན་དོན་རྗེས་དཔག་གི་མཚན་ཉིད་འཆད་པའི་ཟུར་དུ་བདག་གིས་མཐོང་བ་ཞེས་པའི་ཚིག་སྨྲོས་པ་ཆོས་ཅན། དགོས་པ་ཡོད་དེ། ཕྱོགས་ཆོས་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་གཏན་ཚིགས་བརྗོད་བྱར་བྱས་པའི་སྒྲུབ་ངག་ཡང་དག་ཡོད་དམ་སྙམ་པའི་ལོག་པར་རྟོག་པ་དེ་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་དེ་སྤང་སོགས་སོ། །འདིར་རང༌། ཞེས་པ་ནི། སྔར་རྒོལ་དང༌། ཕྱིར་རྒོལ་དང༌། ཉན་པ་ཡོད་ན་དཔང་པོ་ཡང་ཡིན་ནོ། །ཞེས་རྒྱན་དུ་བཤད། མཐོང་བ་ནི། རྣམ་པར་ངེས་པ་སྟེ་ཚད་མས་ཁོང་དུ་ཆུད་པའོ། །རང་ནི་རྒོལ་བ་གང་གིས་སྒྲུབ་པ་འགོད་པའོ། །ཞེས་ཤཱཀྱ་བློས་བཤད་པ་ལྟར་རོ། །གཉིས་པ་ལ། བློ་བདེ་སེམས་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ལུང་གིས་མི་འགྲུབ་པར་བསྟན། མངོན་སུམ་གྱིས་མི་འགྲུབ་པར་བསྟན། སྐྱེས་བུའི་འདོད་པ་ཙམ་གྱིས་འགྲུབ་ན་ཧ་ཅང་ཐལ་བ། སྒྲུབ་བྱེད་གང་ཡང་མེད་པར་ལྐོག་གྱུར་ཁས་ལེན་ན། མ་རྟོགས་པའི་དམ་བཅའ་ཡིན་པར་བསྟན་པ་དང་བཞིས་སྐྱེ་འཇིག་ཅན་གྱི་ལུང་ལས་སངས་རྒྱས་པའི་ངོར་བློ་བདེ་སྐྱེ་འཇིག་ཅན་དུ་སྒྲུབ་པའི་ཡིད་ཆེས་པའི་རྟགས་ཡང་དག་ཡིན་པ་དགག སངས་རྒྱས་པའི་ལུང་ལས་སྐྱེ་འཇིག་ཅན་དུ་བཤད་པ་དེ། བློ་བདེ་སྐྱེ་འཇིག་ཅན་དུ་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་ཡིན་པ་དགག་པའོ། །དང་པོ་ལ་སངས་རྒྱས་པའི་ལུང་གིས་མི་འགྲུབ་པར་བསྟན། གྲངས་ཅན་གྱི་ལུང་གིས་མི་འགྲུབ་པར་བསྟན། དང་པོ་ལ། དངོས་སྟོབས་ཡུལ་ལ་ལུང་ཚད་མ་ཡིན་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། འོ་ན་ཕྱིར་རྒོལ་སངས་རྒྱས་པས་བློ་བདེ་སྐྱེ་འཇིག་ཅན་ཡིན་པ་ཚད་མ་གང་གིས་གྲུབ། སངས་རྒྱས་པའི་ལུང་ལས་སྐྱེ་འཇིག་ཅན་དུ་བཤད་པའི་རྟགས་ལ་རྟེན་པའི་ཚད་མས་འགྲུབ་པོ་ཞེ་ན། བློ་བདེ་སྐྱེ་འཇིག་ཅན་དུ་སྒྲུབ་པ་སྐབས་སུ་བབ་པའི་སངས་རྒྱས་པ་དེ་ཆོས་ཅན། ཁྱོད་ཀྱི་ངོར་སངས་རྒྱས་པའི་ལུང་གཏན་ཚིགས་ཡང་དག་ཏུ་མི་འཇུག་པར་ཐལ། ཁྱོད་ཀྱི་ངོར་སངས་རྒྱས་པའི་ལུང་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པའི་ཕྱིར་ཏེ། སངས་རྒྱས་པའི་ལུང་ལས་བཤད་པའི་དངོས་སྟོབས་ཡུལ་ལ་དཔྱད་པས་རྣམ་པར་མ་དག་པའི་ཕྱིར། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པ་ལ་དེ་ལྟར་སྟོན་པའི་སངས་རྒྱས་པའི་ལུང་སྒྲུབ་བྱེད་དུ་མི་འཇུག་པ་བཞིན་ནོ། །ཞེས་ཡོངས་བརྟགས་སོགས་སོ། །ཡང་བློ་བདེ་སྐྱེ་འཇིག་ཅན་ཆོས་ཅན། སངས་རྒྱས་པ་རང་ལུགས་ཀྱི་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་གི་འཇུག་ཡུལ་མ་ཡིན་པར་ཐལ། ཁྱོད་སངས་རྒྱས་པའི་ངོར་ཡིད་ཆེས་པའི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པའི་ཕྱིར། ཞེས་དེར་ནི་སོགས་སོ། །ཡང་བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་སངས་རྒྱས་པའི་ལུང་ཆོས་ཅན། ལུང་ཚད་མ་མ་ཡིན་པར་ཐལ། ཁྱོད་ཀྱིས་བསྟན་བྱའི་དོན་ལ་ཚད་མས་གནོད་པའི་ཕྱིར། ཞེས་ལུང་ལས་སོགས་སོ། །གལ་ཏེ་སྤྱིར་ལུང་དེ་དངོས་པོ་སྟོབས་ཤུགས་ཀྱི་ཡུལ་ལ་ཚད་མ་མ་ཡིན་ཀྱང་ལུང་དེ་གང་ལ་ལྡན་པའི་སངས་རྒྱས་པ་ཁོ་ན་ལ་ཚད་མར་གྲུབ་བོ་ཞེ་ན། ཞེས་གལ་ཏེ་སོགས་སོ། །འདི་ལ་ལྡན་ཞེས་པའི་སྒྲུབ་བྱེད་དགག གྲུབ་ཅེས་པའི་བསྒྲུབ་བྱ་དགག དང་པོ་ནི། དེ་ཆོས་ཅན། སངས་རྒྱས་པ་ཁོ་ན་ལ་ལྡན་པ་མ་ཡིན་པར་ཐལ། སངས་རྒྱས་པ་དང་འབྲེལ་བ་མེད་པའི་ཕྱིར། ཞེས་གང་གི་སོགས་སོ། །གཉིས་པ་ནི། དེ་ཆོས་ཅན། སངས་རྒྱས་པ་ཁོ་ན་ལ་བློ་བདེ་སེམས་མེད་ཀྱི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་ལུང་ཚད་མར་གྲུབ་པ་མ་ཡིན་པར་ཐལ། ཁྱོད་ཀྱི་བསྟན་བྱའི་དོན་ལ་ཚད་མས་གནོད་པའི་ཕྱིར་དང༌། ཁྱོད་ཀྱི་བསྟན་བྱའི་དོན་དང་འགལ་བ་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར་དང༌། ཁྱེད་མ་དོར་བར་བློ་བདེ་སེམས་མེད་དུ་སྒྲུབ་པའི་གཏན་ཚིགས་མི་འགྲུབ་པའི་ཕྱིར། ཞེས་ཚད་མས། དེ་དང༌། དེ་ལས་རྣམས་སོ། །གཉིས་པ་ནི། གྲངས་ཅན་གྱི་དང་པོར་བློ་བདེ་མེད་དུ་རྟོགས་པའི་གྲངས་ཅན་གྱི་ལུང་ཆོས་ཅན། སངས་རྒྱས་པས་ཁྱོད་ལུང་ཚད་མར་འཛིན་རིགས་པར་ཐལ། དེ་སྐབས་ཀྱི་སངས་རྒྱས་པ་བློ་བདེ་སེམས་མེད་ལ་ཤེས་འདོད་ཞུགས་པའི་ཕྱིར་རྒོལ་བ་གང་ཞིག ཁྱོད་དེར་སྟོན་པའི་ལུང་རྣམ་དག་ཡིན་ལུང་ལ་མ་རྟེན་པར་དེ་མི་རྟོགས་པ་ཡིན་པའི་ཕྱིར། ཞེས་རིགས་པ་སོགས་སོ། །གཉིས་པ་ནི། གྲངས་ཅན་ན་རེ། ངེད་ཀྱིས་རྟགས་ལས་དེ་རྟོགས་པ་མ་ཡིན་གྱི། རྣལ་འབྱོར་མངོན་སུམ་ལས་དེ་ལྟར་རྟོགས་པ་ཡིན་ནོ། །ཞེ་ན། དེ་སྐབས་ཀྱི་སྔ་རྒོལ་གྲངས་ཅན་ཆོས་ཅན། རྣལ་འབྱོར་མངོན་སུམ་གྱི་ཐབས་ལ་ནན་ཏན་བྱས་པར་ཐལ། སྔར་ཐ་མལ་བ་གང་ཞིག ཕྱིས་རྣལ་འབྱོར་མངོན་སུམ་གྱིས་དེ་རྟོགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་སྐབས་ཀྱི་སངས་རྒྱས་པ་ལ་དེའི་ཐབས་དེ་སྟོན་རིགས་པར་ཐལ། རྣལ་འབྱོར་མངོན་སུམ་ལ་བརྟེན་ནས་དེ་རྟོགས་དགོས་པ་གང་ཞིག དེའི་ཐབས་ཡོད་པའི་ཕྱིར། ཞེས་སྔར་ནི་དང༌། དབང་པོ་སོགས་སོ། །གལ་ཏེ་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་ཐབས་མེད་ཅིང༌། དོན་སྤྱིའི་ཚུལ་གྱིས་ཀྱང་འདི་ལྟ་བུ་གཅིག་ཡིན་ནོ། །ཞེས་བསྟན་པར་མི་ནུས་སོ་ཞེ་ན། བློ་བདེ་སེམས་མེད་དུ་རྟོགས་པའི་མངོན་སུམ་ཚད་མ་ཆོས་ཅན། ཁྱོད་དང་བློ་བདེ་སེམས་མེད་གཉིས་པོ་བསྒྲུབ་བྱ་སྒྲུབ་བྱེད་མ་ཡིན་པར་ཐལ། ཁྱོད་ཚད་མས་མ་གྲུབ་པའི་ཕྱིར། ཞེས་གང་ཡང་དང༌། དོན་དེ་རྣམས་སོ། །གསུམ་པ་ནི། ཅི་ལུང་དང་མངོན་སུམ་གྱིས་ཕྱོགས་ཆོས་མི་འགྲུབ་ཀྱང༌། དེ་སྐབས་ཀྱི་སངས་རྒྱས་པས་བློ་བདེ་སྐྱེ་འཇིག་ཅན་དུ་འདོད་པའི་དབང་གིས་དེ་སྐོར་གྱི་ཕྱོགས་ཆོས་གྲུབ་པ་ཡིན་ནོ། །ཞེ་ན། འོ་ན་སྐྱེ་འཇིག་ཅན་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་དང་ལྟར་སྣང་གཉིས་ཀར་ཐལ། སངས་རྒྱས་པས་དེ་ལྟར་འདོད་པས་ཕྱོགས་ཆོས་གྲུབ། གྲངས་ཅན་གྱིས་དེ་མ་ཡིན་པར་འདོད་པས་དེའི་ཕྱོགས་ཆོས་མ་གྲུབ་པར་འཇོག་པའི་ཕྱིར། བཞི་པ་ནི་བློ་བདེ་སེམས་མེད་ལ་སྒྲུབ་བྱེད་མེད་ཀྱང༌། བློ་བདེ་སེམས་མེད་དུ་དོན་ལ་གནས་པ་ཡིན་ནོ། །ཞེ་ན། གྲངས་ཅན་གྱིས་དེ་ལྟར་ཞེན་པའི་བློ་ཆོས་ཅན། མ་རྟོགས་པའི་བློར་ཐལ། སྒྲུབ་བྱེད་ལ་མ་ལྟོས་པར་ལྐོག་ཏུ་གྱུར་པའི་དོན་དམ་བཅས་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རང་རྒྱུད་ལྡན་གྱི་གང་ཟག་དེ་ལ་ལྐོག་ཏུ་གྱུར་པའི་དོན་རྟོགས་པའི་ཚད་མ་ཡིན་ན། ཚུལ་གསུམ་ཚད་མས་ཤེས་པའི་གཏན་ཚིགས་ལ་ལྟོས་དགོས་པའི་ཕྱིར། གཉིས་པ་ནི། ཡོངས་རྟགས་སོགས་ལ་ཁྱབ་པ་མེད་དེ། སངས་རྒྱས་པའི་ལུང་ལས་སྐྱེ་འཇིག་ཅན་དུ་བཤད་པ་དེ་བློ་བདེ་སྐྱེ་འཇིག་ཅན་དུ་སྒྲུབ་པའི་དངོས་པོ་སྟོབས་ཤུགས་ཀྱི་གཏན་ཚིགས་ཡང་དག་ཡིན་ནོ། །ཞེ་ན། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་དངོས་པོ་སྟོབས་ཤུགས་ཀྱི་རྟགས་གསུམ་པོ་གང་རུང་དུ་ཐལ། ཁྱོད་དེ་སྒྲུབ་ཀྱི་དངོས་པོ་སྟོབས་ཤུགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་པ་དངོས་པོའི་དབང་གིས་གྲུབ་པར་ཐལ་ལོ། །དེ་ཡང་འདོད་ན། གྲངས་ཅན་རང་ལ་ཡང་བློ་བདེ་སྐྱེ་འཇིག་ཅན་དུ་གྲུབ་པར་ཐལ་ལོ། །ཐལ་འགྱུར་བར་པ་ལ་མ་ཁྱབ་ན། སངས་རྒྱས་པའི་ལུང་ལས་དེ་ལྟར་བཤད་པའི་རྒྱུ་མཚན་གྱིས་དེ་སྐོར་གྱི་ཕྱོགས་ཆོས་མི་འགྲུབ་པར་ཐལ། སྐྱེ་འཇིག་ཅན་དུ་སྟོན་པའི་སངས་རྒྱས་པའི་ལུང་དང༌། སྐྱེ་འཇིག་ཅན་ལ་འབྲེལ་པ་མེད་པའི་ཕྱིར། ཞེས་རང་བཞིན་དང་འབྲེལ་དེ་དང༌། རང་ལ་དང༌། གཞན་གྱི་རྣམས་སོ། །གསུམ་པ་ནི། གྲངས་ཅན་ན་རེ། ཁོ་བོ་ཅག་གི་ཇི་སྐད་དུ་སྨྲས་པའི་ངག་དེ་སྒྲུབ་པའི་ངག་ཡང་དག་མ་ཡིན་ན། གཞན་གྱིས་ཁས་བླངས་པ་ཙམ་རྟགས་སུ་འགོད་པའི་སྒྲུབ་ངག་ཡང་དག་མེད་དགོས་ལ་དེ་མེད་ན། བྱེ་བྲག་པས་བ་གླང་གི་སྤྱི་ཆ་མེད་དུ་ཡང་ཁས་བླངས། རང་གི་གསལ་བ་དུ་མ་དང་འཕྲོ་འདུའི་འབྲེལ་པ་གྲུབ་པར་ཁས་བླངས་པ་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས། གང་དུ་མ་དང་འབྲེལ་ན་ཆ་དང་བཅས་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་ལང་གི་སྤྱི་དེ་ཡང་རང་གི་གསལ་དུ་མ་ལ་འཕྲོ་འདུའི་འབྲེལ་པ་གྲུབ་པར་བྱེ་བྲག་པས་ཁས་བླངས་སོ། །ཞེས་སྒྲུབ་ངག་ཡང་དག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། ཚད་མའི་དེ་ཁོ་ན་ཉིད་བསྡུས་པར། སྒྲུབ་བྱེད་རང་ཉིད་ཉིད་འདོད་ན། །གཏན་ཚིགས་འདི་དག་གཉིས་ཀ་ལ། །མ་གྲུབ་ཐལ་འགྱུར་བརྗོད་འདོད་ན། །བཟློག་པ་ལ་ནི་གནོད་པ་མེད། །ཅེས་བཤད་པ་ལྟར་ངེས་པར་བྱ་སྟེ། དེའི་ངོར། དེས་དེ་ལྟར་བཀོད་པའི་ངག་དེ་ཆོས་ཅན། སྒྲུབ་པའི་ངག་ཡང་དག་གཞན་དོན་རྗེས་དཔག་ཡིན་ཏེ། གཞན་གྱི་ཁས་བླངས་རྟགས་སུ་ཡོད་ནས་གཞན་མི་འདོད་པའི་ཆོས་ཐལ་བར་འཕངས་པ་ལས། ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲུབ་ནུས་ཀྱི་ཚུལ་གསུམ་དྲན་ལམ་དུ་འཕེན་པར་ནུས་པའི་རྟགས་ཚིག་རྣམ་དག་ཡིན་པའི་ཕྱིར། འོ་ན་དེས་འཕངས་པའི་གཏན་ཚིགས་དེ་གང་ཡིན་ཞེ་ན། ཆ་བཅས་མ་ཡིན་པ་ཆོས་ཅན། བ་གླང་གི་སྤྱི་རྟག་དངོས་རང་གི་གསལ་བ་དུ་མ་ལ་འཕྲོ་འདུས་མ་འབྲེལ་བར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡང་དག་གང་ཞིག ཡོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་གཉིས་ཀྱི། བཟློག་འབྲེལ་སྐབས་བབ་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར། ཞེས་གཞན་གྱིས་སོགས་སོ། །ངེད་ཀྱི་དེ་ཡང་དེ་ལྟར་ཁས་ལེན་ནོ་ཞེ་ན། དེ་ལྟར་ན་སེམས་ཡོད་དེ་བློ་བདེ་སྐྱེ་འཇིག་ཅན་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཏུ་གྲངས་ཅན་གྱིས་ཁས་བླངས་དགོས་པས། གྲངས་ཅན་མི་འདོད་པ་ཐོག་ཏུ་བབ་པའི་ཕྱིར་མཚུངས་རྐང་ཆག་པ་ཡིན་ནོ། །སྤྱིར་སུན་འབྱིན་ལ་དུ་མར་ཡོད་ཀྱང༌། གཞན་དོན་རྗེས་དཔག་ཡིན་པར་འགྱུར་བའི་སུན་འབྱིན་ནི། སྒྲུབ་བྱེད་འཕེན་པའི་སུན་འབྱིན་གཅིག་པུར་ངེས་པས། འདིར་དེ་ཙམ་ཞིག་བསྟན་པ་ཡིན་ནོ། །བྱེ་བྲག་པས་བ་གླང་གི་སྤྱི་རྟག་དངོས་སུ་ཁས་ལེན་ཀྱང་རྟག་རྫས་སུ་ཁས་ལེན་པ་ནི་མ་ཡིན་ཏེ། ལས་རྫས་མ་ཡིན་པའི་སྒྲ་བཞིན་ནོ། །ཞེས་སྤྱིར་རྫས་མ་ཡིན་པ་བྱེ་བྲག་པའི་འདོད་པར་བཤད་པའི་ཕྱིར་རོ། །གཉིས་པ་ལ་དགོས་པ་དངོས་དང་དེ་བསྒྲུབ་པའོ། །དང་པོ་ནི། འོ་ན་ངག་དེའི་བསྟན་བྱ་ཚུལ་གསུམ་པོ་རྒོལ་བ་དེའི་ཚད་མས་གྲུབ་ལ། གྲངས་ཅན་གྱི་སྒྲུབ་ངག་ཡང་དག་ཡིན་ནམ་ཞེ་ན། གཞན་དོན་རྗེས་དཔག་གི་མཚན་ཉིད་འཆད་པའི་ཟུར་དུ། དོན་ཞེས་སྨོས་པས་མཐོང་བ་ཞེས་པའི་ཚིག་གིས་སེལ་བར་མི་ནུས་པ་ཅི་ཞིག་སེལ་ཞེ་ན། དེའི་ཟུར་དུ་དེ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཚུལ་གསུམ་དོན་ལ་མ་གྲུབ་པར་རྒོལ་བའི་བློས་གྲུབ་པར་ཞེན་པ་ཙམ་གྱི་གཏན་ཚིགས་བརྗོད་བྱར་བྱས་པ་སྒྲུབ་ངག་རྣམས་སྒྲུབ་ངག་ཡང་དག་ཡིན་པ་གསལ་ནས། སྒྲུབ་ངག་ཡང་དག་ཡིན་ན་རང་གི་བསྟན་བྱར་གྱུར་པའི་ཚུལ་གསུམ་དོན་ལ་གྲུབ་པ་གཅིག་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་དེའི་དཔེ་ཇི་ལྟ་བུ་ཞེ་ན། སྒྲ་ཆོས་ཅན་རྟག་པའམ་མི་རྟག་པ་གང་རུང་ཡིན་ཏེ། དེར་ལུང་ལས་བཤད་པའི་ཕྱིར། ཞེས་དང༌། སྒྲ་ཆོས་ཅན་རྟག་པའམ་མི་རྟག་པ་གང་རུང་ཡིན་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ཡིན་པའི་ཕྱིར། ཞེས་པའོ། །འདིར་ཚུལ་གསུམ་དོན་ལ་མ་གྲུབ་པའི་ཚུལ་ཇི་ལྟ་བུ། རྒོལ་བས་གྲུབ་པར་ཞེན་ཚུལ་ཇི་ལྟར་ཡིན་ཞེ་ན། བཤད་པ། ལུང་ལས་དེ་ལྟར་བཤད་པ་དེ་ནི་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མ་ཡིན་ཏེ། དངོས་པོ་སྟོབས་ཤུགས་ཀྱི་ཡུལ་ལ་སྤྱོད་པའི་ཚེ་ལུང་སྒྲུབ་བྱེད་ཡང་དག་ཏུ་མི་འཇུག་པའི་ཕྱིར། དེའི་རྒྱུ་མཚན་ཡང་ལུང་གང་དང་གང་ཡིན་དེ། ཇི་སྲིད་དཔྱད་པ་གསུམ་གྱི་རྣམ་པར་དག་པ་དེ་སྲིད་དུ། སྒྲུབ་བྱེད་ཡང་དག་ཏུ་མི་འགྱུར་ལ། དེ་དེས་རྣམ་པར་དག་པའི་ཚེ་ན་ནི་ལུང་དེ་ནས་བཤད་པའི་གཞལ་བྱ་སྒྲ་མཉན་བྱ་ཡིན་པ་ལྟ་བུ་མངོན་གྱུར་དང༌། སྒྲ་མི་རྟག་པ་ལྟ་བུ་ཅུང་ཟད་ལྐོག་གྱུར་རྣམས་ཚད་མས་གྲུབ་ཟིན་པ་གཅིག་དགོས་པའི་ཕྱིར་རོ། །གཏན་ཚིགས་གཉིས་པ་དེ་ཡང་ནི་ཕྱོགས་ཆོས་མ་གྲུབ་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་ངེས་པ་ལས། འདི་ལྟར་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་མ་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །ཕྱོགས་ཆོས་གྲུབ་ཏུ་ཆུག་ཀྱང༌། ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེའི་ངོར་ཁྱབ་པ་གྲུབ་པ་མི་སྲིད་དེ། ཕྱོགས་དང་མཐུན་ཕྱོགས་གང་རུང་ལ་རྟག་པའམ་མི་རྟག་པ་གང་རུང་གིས་ཁྱབ་པ་ཚད་མས་ངེས་ན། སྒྲ་ཙམ་དེ་ཀ་རྟག་པར་ཚད་མས་ངེས་དགོས་པའི་ཕྱིར། འདིར་རྟགས་སུ་བཟུང་བྱ་ནི། སྤྱིར་ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པ་ཙམ་ལ་བྱའི། སྒྲ་རྟག་པའམ་མི་རྟག་པར་སྒྲུབ་པའི་ཞེས་སྦྱོར་བ་དང༌། སྒྲ་རྟག་པར་སྒྲུབ་པ་རྐྱང་པ་ལ་སྦྱོར་བ་ནི་སྐབས་ཀྱི་དོན་མ་ཡིན་ཏེ། འདིར། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས། །གང་རུང་ཉིད་སོགས་གསལ་ཡིན་ཏེ། །ཅི་ཡང་རུང་ལ་སྲིད་ཕྱིར་རོ། །ཞེས་དང༌། དངོས་ལས་གཞན་དུ་སྲིད་ཕྱིར་ཞེས་དང༌། རྣམ་པར་ངེས་པ་ལས་ཀྱང༌། སྒྲ་མི་རྟག་སྒྲུབ་ལ་ཕྱོགས་ཆོས་དང་མཐུན་ཕྱོགས་གང་རུང་རྟགས་སུ་བཀོད་པའི་ཚེ། རྟགས་དེ་མི་མཐུན་ཕྱོགས་རྟག་པ་ལ་ཞུགས་པར་བཤད་པའི་ཕྱིར་དང༌། དེའི་ཤེས་བྱེད་དུ་མཐུན་ཕྱོགས་དེ་ཡང་སྐྱེས་བུའི་འདོད་པ་ཙམ་གྱིས་བཞག་པ་ཡིན་གྱིས། དངོས་པོ་ལ་མཐའ་གཅིག་ཏུ་ངེས་པར་བཤད་པས་སོ། །རྒོལ་བ་དེར་ཞེན་པའི་ཤེས་བྱེད་ནི། ཕྱོགས་ཆོས་ནི་གང་ཡང་རུང་བ་གཅིག་ཡིན་པས། གང་རུང་དུ་འགྲུབ་ལ། ཁྱབ་པ་ནི། སྒྲ་དང་རྟག་པ་གང་རུང་ཡིན་ན་རྟག་པ་ཡིན་པར་ཁྱབ་པའི་རྒྱུ་མཚན་གྱི་ཚུལ་གསུམ་གྲུབ་སྙམ་དུ་བསམས་པ་ཡིན་ནོ། །གཉིས་པ་ནི། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མ་ཡིན་ཏེ། གཏན་ཚིགས་དེ་དང་དེ་དག་གི་དེ་དང་དེར་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་ཕྱིར། ཇི་ལྟར་འཁྲུལ་ཞེ་ན། རྟག་པའམ་མི་རྟག་པར་ལུང་ལས་བཤད་ན། དེ་དང་དེ་ཡིན་མི་དགོས་ཏེ། ལུང་ནི་ཡུལ་ལ་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་དང༌། ལུང་དེ་ནས་བཤད་པའི་གཞལ་བྱའི་གནས་གཉིས་པའི་སྒྲུབ་བྱེད་ཚོལ་བའི་རྒོལ་བ་དེས། དུས་དེར། ལུང་དེ་དང་དེར་བརྗོད་བྱའི་དོན་གྱི་འབྲེལ་པ་མ་ངེས་པའི་ཕྱིར། གཏན་ཚིགས་གཉིས་པ་ཡང་འཁྲུལ་བ་ཡིན་ཏེ། ཕྱོགས་དང་མཐུན་ཕྱོགས་གང་རུང་དེ་རྟག་པའམ་མི་རྟག་པའི་དངོས་པོ་ལས་གཞན་དུ་འཇུག་སྲིད་པའི་ཕྱིར། ཞེས་རྟོག་དང༌། སོགས་སོ། །ཡང་ན་ཉེ་འཕྲོས་ན། སྐྱེས་བུའི་བསམ་པ་ཞེས་དང༌། དོན་ཡོད་ཅེས་སོགས་སུ་བསྟན་པའི་ཚུལ་གསུམ་དོན་ལ་མེད་པར་སྐྱེས་བུའི་བསམ་པ་ཙམ་གྱི་གཏན་ཚིགས་ཡང་དག་ཏུ་བཞག་པ་དེ་གང་ཞེ་ན། དོན་སྨོས་སོགས་སོ། །འདིར་མཐོང་དོན་གྱི་ཁྱད་པར་ནི། མཐོང་བ་ཞེས་པས་ཚུལ་གསུམ་སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བས་ཚད་མས་ངེས་དགོས་པ་གཅིག་བསྟན། དོན་ཞེས་པ་ནི། ཚུལ་གསུམ་ཡུལ་གྱི་རྒོལ་བས་ཚད་མས་གྲུབ་པ་གཅིག་དགོས་པར་བསྟན་ནོ། །འདི་ནི་ཚུལ་གསུམ་དོན་ལ་གྲུབ་པ་དང་གནད་གཅིག་པ་ཡིན་ཏེ། ཚུལ་གསུམ་རྒོལ་བ་གཞན་གྱིས་མ་གྲུབ་པར་མི་འབྱུང་བའི་ཕྱིར་རོ། །གཉིས་པ་མཚོན་བྱའི་མཚན་གཞི་ངོས་བཟུང་བ་ལ། སྒྲུབ་པའི་ངག་འགོད་ཚུལ་ལ་ལོག་པར་རྟོག་པ་འགོག་བྱེད་ཀྱི་རང་ལུགས་ཀྱི་རིགས་པ་རྒྱས་པར་བཤད། གཞན་གྱི་རྩོད་ལན་འབྲེལ་མེད་དུ་བསྟན་པའོ། །དང་པོ་ལ་སྒྲུབ་པའི་ངག་འགོད་པའི་ཚུལ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། རིགས་པ་ཅན་པ་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར། བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་ན་སྒྲ་མི་རྟག་གོ །ཞེས་དམ་བཅའ་དང༌། རྟགས་དང༌། དཔེ་དང༌། ཉེར་སྤྱོད་དང་འཇུག་བསྡུད་དེ་ཡན་ལག་ལྔ་ལྡན་དུ་འདོད་ཅིང༌། ཡན་ལག་སྔ་ཕྱིའི་ཐ་སྙད་ཀྱང་ལུགས་འདི་ལས་འབྱུང་བ་ཡིན་ནོ། །སློབ་དཔོན་འཕགས་པ་དང་ལེགས་ལྡན་འབྱེད་སོགས་རང་སྡེ་སྔ་རབ་པ་ནི། གང་བྱས་པ་དེ་ཐམས་ཅད་མི་རྟག དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་པའི་ཕྱིར། མི་རྟག་གོ་ཞེས་བསྒྲུབ་བྱ་དང༌། སྒྲུབ་བྱེད་ཀྱི་ཡན་ལག་གཉིས་དང་ལྡན་པར་འདོད། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་དེ་ལྟར་བཞེད་དམ་ཞེ་ན། འདིའི་ལན་ལ་བསྒྲུབ་བྱ་བརྗོད་པ་སྒྲུབ་ངག་གི་ཡན་ལག་ཏུ་མི་དགོས་པར་བསྟན། ཚུལ་གསུམ་གང་རུང་བརྗོད་པ་སྒྲུབ་ངག་གི་ཡན་ལག་ཏུ་དགོས་པར་བསྟན། དེ་གཉིས་ཀའི་གྲུབ་དོན་བསྟན་པའོ། །དང་པོ་ལ་དེ་དེའི་ཡན་ལག་མ་ཡིན་པའི་སྒྲུབ་བྱེད་བཤད། དེ་དེའི་ཡན་ལག་ཡིན་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་སྒྲུབ་པའི་ངག་གི་ཡན་ལག་ཏུ་ཕྱོགས་ཚིག་དང་རྟགས་ཚིག་དགོས་མི་དགོས་ཀྱི་ཁྱད་པར་བཤད། ཁྱད་མེད་དུ་མཚུངས་པའི་བརྩོད་པ་སྤངས་པའོ། །དང་པོ་ལ། གཉིས་ཀ་དངོས་སུ་སྒྲུབ་བྱེད་མ་ཡིན་པར་མཚུངས་པ། དེ་ལ་སློབ་དཔོན་གྱིས་ལུང་འགལ་སྤང་བ། དེ་རྒྱུད་ནས་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཚུལ། དེ་ཉིད་སློབ་དཔོན་གྱི་ལུང་གིས་གྲུབ་པའོ། །དང་པོ་ལ། མདོར། དེ་ལ་དཔག་བྱ་བསྟན་པ་ནི། གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །ཅེས་པའི་དོན་འཆད་དེ། འོ་ན་རང་གིས་མཐོང་དོན་རབ་གསལ་བྱེད། ཅེས་འཆད་ན། ཕྱོགས་ཀྱང་རང་གི་མཐོང་བའི་དོན་ཡིན་པས། དེ་གསལ་བར་བྱེད་པ་ཡང་གཞན་དོན་རྗེས་དཔག་གི་ཡན་ལག་ཏུ་དགོས་སམ་ཞེས་པའི་དྲི་བ་དང༌། དོན་ལ་དོན་ནི་གྲུབ་ཕྱིར་རོ། །ཞེས་སྨྲས་པ་ལ། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ལས་སྒྲུབ་བྱའི་དོན་འགྲུབ་པ་བཞིན་དུ་དེ་བརྗོད་བྱར་སྟོན་པའི་རྟགས་ཚིག་གིས་ཀྱང་བསྒྲུབ་བྱ་སྒྲུབ་པར་ནུས་སམ། ཅི་སྟེ་མི་ནུས་ན་ནི་གཞན་གྱི་དོན་གྱིས་རྗེས་སུ་དཔག་པ་དོན་མེད་པར་འགྱུར་ལ། འོན་ཏེ་ནུས་ན་ནི། དེ་ཇི་ལྟར་ནུས་པའི་ཚུལ་ལ་བརྟགས་པ་ན་ཕྱོགས་ཚིག་ཀྱང་དེ་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཁས་ལེན་དགོས་པར་འགྱུར་ཏེ། གང་བྱས་པ་དེ་ཐམས་ཅད་མི་རྟག་གོ་ཞེས་པའི་ཚིག་ལ་རྟེན་ནས་སྒྲ་མི་རྟག་པར་སྒྲུབ་ནུས་པར་ཁས་བླངས་པའི་ཕྱིར་རོ། །ཞེས་པའི་དྲི་བ་གཉིས་བཀོད་ནས། ལན་དུ། དེ་དེའི་ཡན་ལག་མ་ཡིན་པ་སློབ་དཔོན་གྱི་དགོངས་པ་ཡིན་པའི་ཚུལ་དང༌། བསྒྲུབ་བྱ་རྟགས་ཚིག་རྣམ་དག་བསྒྲུབ་བྱ་སྒྲུབ་བྱེད་དངོས་མ་ཡིན་ཀྱང་ངག་དེ་བཀོད་པ་དོན་དང་བཅས་པའི་ཚུལ་འཆད་དོ། །དེ་ཡང་ཇི་ལྟར་ཞེ་ན། གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ། ཅེས་སོགས་ཀྱི་རྟགས་ཚིག་རྣམ་དག་དང༌། སྒྲ་མི་རྟག་ཅེས་པའི་ཕྱོགས་ཚིག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་མི་ནུས་ཏེ། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མ་ཚང་བའི་ཕྱིར། ཁྱབ་སྟེ། ཚུལ་གསུམ་ཚང་བའི་དོན་གྱིས་སྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། སློབ་དཔོན་གྱིས། སྒྲ་ལས་བྱུང་བ་རྗེས་དཔག་ལས། །ཚད་མ་གཞན་མིན་འདི་ལྟར་ཏེ། །རང་གི་དོན་ལ་བྱས་སོགས་བཞིན། །གཞན་སེལ་སྒོ་ནས་སྟོན་པར་བྱེད། །ཅེས་སྒྲ་བྱུང་གི་ཚད་མ་བཞེད་པ་དང་འགལ་ལོ་ཞེ་ན། ལྷས་སྦྱིན་གྱིས་སྨྲས་པའི་བུམ་པ་མི་རྟག་ཅེས་པའི་ཕྱོགས་ཚིག་རང་ཀུན་སློང་གི་བསམ་པ་སྔོན་སོང་དུ་སྒྲུབ་པ་ལ་ཕྱོགས་ཚིག་ཡིན་པ་རྟགས་སུ་བཀོད་པའི་ཚེ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་བཞེད་པ་སློབ་དཔོན་གྱིས་དགོངས་པ་ཡིན་ནོ་ཞེས་དང༌། དུ་ལྡན་གྱི་ལ་ལ་མེ་ཡོད་དོ་ཞེས་པའི་ཚིག་ལས། དེ་ལ་དེ་ཡོད་པར་སྒྲུབ་ནུས་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། སློབ་དཔོན་དེ་གཉིས་ལ་འབྲེལ་པ་མི་བཞེད་པའི་ཕྱིར། ཞེས་དོན་གྱི་དང༌། ཕྱོགས་ཀྱི་དང༌། དེ་ལས་རྣམས་སོ། །གསུམ་པ་ནི། སྐབས་ཀྱི་རྒོལ་བ་ལ་བསྒྲུབ་བྱ་རྟོགས་པའི་ཡན་ལག་ཏུ་ཕྱོགས་ཀྱི་ཚིགས་གང་བརྗོད་ཀྱང་དོན་མེད་པར་འགྱུར་ཏེ། གཉིས་ཀ་སྒྲུབ་བྱེད་མ་ཡིན་པར་མཚུངས་པའི་ཕྱིར། ཞེ་ན། སྒྲ་མི་རྟག་ཅེས་པའི་ཕྱོགས་ཚིགས་ཆོས་ཅན། སྐབས་བབ་ཀྱི་རྒོལ་བ་ལ་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་བརྗོད་པ་དོན་མེད་དེ། དངོས་རྒྱུད་གང་རུང་གི་སྒོ་ནས་རྟགས་ཅན་རྗེས་དཔག་སྐྱེད་ནུས་ཀྱི་ཡན་ལག་མ་ཡིན་པའི་ཕྱིར་ཏེ། བསྒྲུབ་བྱ་ཙམ་ཚིག་ཟིན་ལ་བརྗོད་ཀྱི་སྐབས་ཀྱི་ཚུལ་གསུམ་གང་རུང་མ་བརྗོད་པའི་ཕྱིར། སྒྲུབ་བྱེད་ཀྱི་ཡན་ལག་ཏུ་མི་བརྗོད་པ་ཡིན་གྱི། སྤྱིར་མི་བརྗོད་པ་མ་ཡིན་ཏེ། ཇི་སྐད་དུ། ཕྱོགས་ཆོས་དང་ནི་འབྲེལ་བ་དང༌། །བསྒྲུབ་བྱ་རྗོད་བྱ་གཞན་རྣམས་སྤང༌། །ཞེས་གསུངས་པས་སོ། །འདིར་གཞན་ཞེས་པ་ཉེར་སྦྱོར་དང༌། འཇུག་བསྡུད་ལ་བྱའོ། །གང་བྱས་ཞེས་སོགས་ཀྱི་ཚིག་རྣམ་དག་ཆོས་ཅན། ཁྱོད་བསྒྲུབ་བྱ་སྒྲ་མི་རྟག་པའི་སྒྲུབ་བྱེད་དངོས་མ་ཡིན་ཡང༌། སྐབས་བབ་ཀྱི་རྒོལ་བ་ལ། ཁྱོད་རྗོད་པ་དོན་དང་བཅས་པ་ཡིན་ཏེ། ཁྱོད་དེ་ལྟར་སྒྲུབ་ནུས་ཀྱི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་སྐབས་བབ་ཀྱི་རྒོལ་བའི་དྲན་ལམ་དུ་སྟོན་པར་བྱེད་པའི་ངག་རྣམ་དག་ཡིན་པའི་ཕྱིར། བཞི་པ་ནི། ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་པ་དེ། སློབ་དཔོན་བདག་ཉིད་ཆེན་པོའི་དགོངས་པ་ཡིན་ཏེ། ཕྱོགས་དེ་རྟགས་ཀྱི་ནུས་པ་འཇུག་པའི་ཡུལ་ཡིན་པར་བདག་ཉིད་ཆེན་པོས་བཤད་པའི་ཕྱིར། ཞེས་སྒྲུབ་པར་དང༌། གཏན་ཚིགས་བརྗོད་པ་དང༌། གཏན་ཚིགས་དོན་རྣམས་སོ། །འདིར་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དང༌། དེ་སྟོན་པའི་སྒྲུབ་པའི་ངག་རྣམས་ལ་སྒྲུབ་བྱེད་དངོས་དང་སྒྲུབ་བྱེད་རྒྱུད་ནས་སྟོན་པ་ཞེས་པའི་ཐ་སྙད་རིགས་ཀྱི། དངོས་ཀྱི་སྒྲུབ་བྱེད་དང་རྒྱུད་པའི་སྒྲུབ་བྱེད་ཅེས་པའི་ཐ་སྙད་ནི་ལོག་པར་བཤད་པ་ཁོ་ན་ཡིན་ཏེ། རྒྱུད་པའི་སྒྲུབ་བྱེད་ཡིན་ན་སྒྲུབ་བྱེད་ཡིན་དགོས་མི་དགོས་ལ་བརྟགས་ན་འཇིག་པའི་ཕྱིར་དང༌། རྣམ་པར་ངེས་པ་ལས་གཏན་ཚིགས་ཀྱི་ཚིག་ནི་རང་ཉིད་ལ་ནུས་པ་མེད་ཀྱང་ནུས་པ་རྗོད་པར་བྱེད་པ་ཡིན་པའི་ཕྱིར་ཉེ་བར་བརྟགས་ནས་སྒྲུབ་པར་བྱེད་པ་ཡིན་པར་འདོད་དོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་ཕྱོགས་ཚིག་དང་རྟགས་ཚིག་ལ་སྒྲུབ་བྱེད་ཡིན་མིན་གྱི་ཁྱད་པར་མེད་ཀྱང༌། སྒྲུབ་ངག་གི་ཡན་ལག་ཏུ་དགོས་མི་དགོས་ཀྱི་ཁྱད་པར་ཕྱེ་བ་ནི་འདིར་སྐབས་ཀྱི་དོན་ནོ། །གཉིས་པ་ནི། གལ་ཏེ་ཕྱོགས་ཚིག་ཆོས་ཅན། ཁྱོད་ཀྱང་རྒྱུད་ནས་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ཏེ། ཁྱོད་ལ་རྟེན་ནས་རྟགས་ཚིག་རྣམ་དག་འཇུག་པའི་ཕྱིར་ཞེ་ན། དེ་ལ་ཧ་ཅང་ཐལ་བ་འཕེན་པ་ནི། གལ་ཏེ་སོགས་སོ། །ཉེས་པ་དེ་རྟགས་ཚིག་རྣམ་དག་ལ་མི་མཚུངས་པར་སྟོན་པ་ནི། ནང་གི་སོགས་སོ། །གཉིས་པ་ནི། དེ་དེའི་ཡན་ལག་ཡིན་ཏེ། རྟགས་ཀྱི་ནུས་ཡུལ་མ་བསྟན་པར་གཏན་ཚིགས་མི་འཇུག་པའི་ཕྱིར། ཞེ་ན། བྱས་རྟགས་ཀྱི་དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཆོས་ཅན། ཁྱོད་ཀྱི་ངོར་རྟགས་ཀྱི་ནུས་ཡུལ་དངོས་སུ་མ་བསྟན་ཀྱང་གང་བྱས་ན་ཞེས་སོགས་ཀྱི་ངག་ལ་བརྟེན་ནས་རྟགས་ཅན་རྗེས་དཔག་རང་སྟོབས་ཀྱི་འདྲེན་ནུས་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་ཁྱབ་འབྲེལ་ཚད་མས་ཤེས་པ་སྔོན་དུ་སོང་བའི་སྒོ་ནས་དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཡིན་པའི་ཕྱིར། ཞེས་གལ་ཏེ་དང༌། ཁྱབ་སྔོན་རྣམས་སོ། །འདིར་ཁྱབ་སྔོན་ཅན་ཞེས་པ་རྒྱན་གྱིས་འགྲེལ་ཚིག་ཡིན་ཀྱང༌། དོན་བཤད་མ་ཐག་པ་དེ་ཁོ་ན་ཡིན་གྱི་དེ་ལས་གཞན་དུ་ཁྱབ་པ་སྔོན་ལ་རྗོད་པའི་ངག་གི་དོན་དུ་འཆད་ན། ཕྱོགས་ཆོས་སྔར་བརྗོད་པའི་ངག་ལ་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་འདོད་དགོས་པར་དོན་གྱིས་འཕངས་པའི་ཕྱིར། མི་རིགས་སོ། །གཉིས་པ་ནི། དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་ཚུལ་གསུམ་ལས་གང་ཡང་རུང་བ་གཅིག་བརྗོད་བྱར་སྟོན་དགོས་ཏེ། དེ་མ་བསྟན་ན་སྒྲུབ་པའི་ངག་མ་ཚང་བར་བདག་ཉིད་ཆེན་པོས་བརྗོད་པའི་ཕྱིར། ཞེས་གསུམ་ལས་སོགས་སོ། །འདིར་གསུམ་ཀ་རྗོད་དགོས་པར་བསྟན་པ་མ་ཡིན་ཏེ། སྒྲུབ་པའི་ཐལ་འགྱུར་ལ་མ་ཁྱབ་པའི་ཕྱིར་དང༌། གཏན་ཚིགས་འབའ་ཞིག་རྗོད་པར་ཟད། །ཅེས་པའི་དོན་ཁོང་དུ་མ་ཆུད་པར་ཟད་པའི་ཕྱིར་དང༌། ཡན་ལག་གཉིས་ལྡན་གྱི་ཆ་ཤས་སུ་ཕྱོགས་ཆོས་དང་ཁྱབ་པ་རྗོད་པའི་ངག་ཀྱང་སྒྲུབ་ངག་ལྟར་སྣང་དུ་ཧ་ཅང་ཐལ་བའི་ཕྱིར་རོ། །གསུམ་པ་གྲུབ་དོན་ལ། སྒྲུབ་ངག་གི་ཡན་ལག་ཏུ་རྟགས་རྗོད་དགོས་ཤིང་ཕྱོགས་རྗོད་མི་དགོས་པར་གྲུབ་པ་ན་རང་ལུགས་ཀྱི་དམ་བཅའི་མཚན་ཉིད་སྐྱོན་མེད་དུ་གྲུབ་པ། གཞན་ལུགས་ཀྱི་དམ་བཅའི་མཚན་ཉིད་སྐྱོན་ཅན་དུ་གྲུབ་པ། དེས་ན་ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་པར་གྲུབ་པའོ། །དང་པོ་ནི། རྣམ་འགྲེལ་མཛད་པ་ཆོས་ཅན། དཔེར་རྟགས་མ་གྲུབ་པ་བརྗོད་པ་དེ་བསྒྲུབ་བྱ་རྗོད་པ་ཡིན་པའི་རྒྱུ་མཚན་གྱིས་དམ་བཅའ་བར་ཐལ་བའི་ཉེས་པས་ཁྱོད་ལ་མི་གནོད་དེ། ཁྱོད་ཀྱི་ལུགས་ལ་དེ་འདྲ་དེ་སྒྲུབ་བྱེད་བརྗོད་པ་ཡིན་པའི་རྒྱུ་མཚན་གྱིས་བསྒྲུབ་བྱ་བརྗོད་པར་འགལ་བའི་ཕྱིར། གལ་ཏེ་ཉེས་པ་དེ་མི་འཇུག་པ་ལ་དམ་བཅའི་མཚན་ཉིད་ཀྱི་ཟུར་དུ་ཁོ་ན་ཞེས་པའི་ངེས་གཟུང་གི་ཁྱད་པར་སྦྱོར་དགོས་སོ་ཞེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། དེ་ལ་དེ་མ་སྦྱར་ཀྱང་དེ་དེར་ཐལ་བའི་ཉེས་པས་ཁྱོད་ལ་མི་གནོད་དེ། ཁྱོད་ཀྱི་ལུགས་ལ་དེ་དེ་དང་རིགས་ཙམ་ཡང་མི་གཅིག་པའི་ཕྱིར། ཞེས་བསྒྲུབ་བྱ་དང༌། ཁྱད་པར་རྣམས་སོ། །གཉིས་པ་ནི། སྒྲ་མི་རྟག་སྒྲུབ་ལ་མིག་ཤེས་ཀྱི་གཟུང་བྱ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་དང༌། བློ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་དེ་ཆོས་ཅན། བསྒྲུབ་བྱར་ཐལ། བསྒྲུབ་བྱར་བསྟན་བྱ་བ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་ཤེས་བྱེད་སྐབས་ཀྱི་རྒོལ་བས་ཚད་མས་མ་གྲུབ་པའི་ཕྱིར། འདོད་ན། དེ་དང་དེ་བརྗོད་པའི་ངག་ཆོས་ཅན། དེ་སྐོར་གྱི་དམ་བཅའ་བར་ཐལ། དེ་སྐོར་གྱི་བསྒྲུབ་བྱ་བརྗོད་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི་གཞན་དུ་ཞེས་སོགས་སོ། །འདི་དག་གི་རྟགས་དང་ཁྱབ་པ་རྣམས་རིགས་པ་ཅན་པས་ཇི་ལྟར་ཁས་བླངས་པའི་ཚུལ་ནི། བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །ཞེས་པའི་སྐབས་ནས་འཆད་པར་འགྱུར་རོ། །གསུམ་པ་ནི་རིགས་པ་ཅན་པ་ན་རེ། ངེད་ལ་ཡང་དེ་དེར་ཐལ་བའི་སྐྱོན་མེད་དེ། སྒྲུབ་བྱེད་བརྗོད་པ་ཡིན་ན་བསྒྲུབ་བྱ་བརྗོད་པ་མ་ཡིན་དགོས་པའི་ཕྱིར། ཞེ་ན། འོ་ན་སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་པར་ཐལ། བསྒྲུབ་བྱ་བརྗོད་པ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་ལོ། །ཞེས་གལ་ཏེ་སོགས་སོ། །གཉིས་པ་ནི། མང་པོས་ལེན་གྱི་བུ་ལ་སོགས་པ་རིགས་སྒོའི་ཊཱི་ཀ་བྱེད་པ་དག་གིས། རིགས་པ་ཅན་པའི་འདོད་པ་འདི་ལྟར་སླངས་ནས་འགོག་པར་བྱེད་དེ། ཕྱོགས་ཚིག་ཆོས་ཅན། སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ཏེ། ལྟར་སྣང་བ་དང་བཅས་ཏེ། སྒྲུབ་པར་བྱེད་པའི་དུས་སུ་རྗོད་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་ནི་མངོན་སུམ་གྱི་མ་ངེས་སོ། །ཚིག་གང་ཞིག་ཅེས་པའི་ཁྱད་པར་མནོན་ནོ་ཞེ་ན། དེ་ལ་ནི་སུན་འབྱིན་གྱི་མ་ངེས་སོ། །ཞེས་པའི་རྩོད་ལན་རྒྱས་པར་བཀོད་ནས། རིགས་པ་ཅན་པའི་ལུགས་སུན་འབྱིན་པ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ལུགས་སྒྲུབ་པར་སེམས་སོ། །ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པའི་རྩ་བའི་སྒྲུབ་བྱེད་དུ་བཀོད་པའི་ལྟར་སྣང་བཅས་སོགས་དང༌། ཚིག་གང་ཞིག་ཅེས་ཚེར་མ་འབྱིན་པའི་ལན་གཉིས་ཆོས་ཅན། གཞད་གད་ཀྱི་གནས་ཡིན་ཏེ། རིགས་པ་ཅན་པའི་འདོད་པར་བཀོད་པ་གང་ཞིག རིགས་པ་ཅན་པ་དང་འབྲེལ་པ་མེད་པའི་ཕྱིར། མངོན་སུམ་གྱིས་མ་ངེས་སོ་ཞེས་རྩ་བའི་སུན་འབྱིན་དང༌། སུན་འབྱིན་གྱི་མ་ངེས་སོ་ཞེས་ལན་གྱི་སུན་འབྱིན་ནི་ཆོས་ཅན། གཞད་གད་ཀྱི་གནས་ཡིན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་བཞེད་པར་བཀོད་པ་གང་ཞིག དེ་དང་འབྲེལ་པ་མེད་པའི་ཕྱིར། དེ་གཉིས་ཀའི་རྒྱུ་མཚན་འདི་ལྟར་རིགས་པ་ཅན་པའི་འདོད་པ་ནི། ཕྱོགས་ཚིག་ཆོས་ཅན། སྒྲུབ་ངག་གི་ཡན་ལག་ཡིན་ཏེ། རྟགས་ཀྱི་ནུས་ཡུལ་སྟོན་པའི་ཚིག་ཡིན་པའི་ཕྱིར། ཞེས་པ་ཡིན་ལ། དེ་ལ་ནི་བསྒྲུབ་བྱ་བརྗོད་པའི་ཚིག་ཡིན་པའི་ཕྱིར། སྒྲུབ་བྱེད་ཡང་དག་ཏུ་རིགས་པ་ཉིད་མ་ཡིན་ནོ། །ཞེས་བཤད་ཟིན་པ་དང༌། མངོན་སུམ་གྱིས་རྗོད་པ་དང་རྗེས་སུ་འབྲེལ་བར་རིགས་པ་ཉིད་མ་ཡིན་ནོ། །ཞེས་བཤད་ཟིན་པ་དང༌། སྒྲུབ་བྱེད་འགོད་པའི་དུས་སུ་རྗོད་པའི་སུན་འབྱིན་ཡང་དག་ནི་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པའི་ཕྱིར། གཞན་གྱིས་རྟགས་པ་ཡི་ཞེས་སོགས་སུ་བཤད་ཟིན་པའི་ཕྱིར། ཡང་བཤད་ཟིན་ཏོ་ཞེས་པ་རིག་བྱེད་མ་བྱས་པར་འདོད་པ་འགོག་པའི་གཞུང་ལ་ཉེ་བར་ལྷ་ཤཱཀ་གིས་བཤད་པ་ལྟར་ན་སྒྲ་མི་རྟག་ཅེས་པའི་ཕྱོགས་ཚིག་དེས་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་སྒྲ་མི་རྟག་པར་སྒྲུབ་ནུས་པ་མ་ཡིན་ཏེ། ཚིག་དོན་ལ་འབྲེལ་པ་གྲུབ་པ་དེ་ནི། རིག་པ་ཉིད་མ་ཡིན་ནོ་ཞེས་རིག་བྱེད་འགོག་པར་བཤད་ཟིན་པའི་ཕྱིར། ཞེས་འཆད་དགོས་ཀྱི་དེ་ལས་གཞན་དུ་འཆད་པ་ནི་འབྲེལ་པ་གང་ཡང་མེད་དོ། །གཉིས་པ་ལ་དོན་གྱི་གོ་བྱ་བཤད་པ་དང༌། སྒྲའི་རྗོད་བྱ་བཤད་པའོ། །དང་པོ་ལ་རང་ལུགས་ཀྱི་ཕྱོགས་ཡང་དག་གི་མཚན་ཉིད་དང་མཚན་གཞི། ཕྱོགས་ལྟར་སྣང་གི་དཔེ་རྗོད་དང་བཅས་ཏེ་བཤད། གཞན་ལུགས་ཀྱི་ཕྱོགས་ཡང་དག་གི་མཚན་ཉིད་དང་མཚན་གཞི་ཕྱོགས་ལྟར་སྣང་གི་དཔེ་རྗོད་དང་བཅས་ཏེ་དགག་པའོ། །དང་པོ་ཚད་མ་ཀུན་ལས་བཏུས་སུ་གཞན་དོན་ཕྱོགས་ཡང་དག་གི་མཚན་ཉིད་གསུངས་པའི་དགོས་པ་བཤད། དགོས་པ་དེ་ལྡན་གྱི་མཚན་ཉིད་བཤད་པའོ། །དང་པོ་ནི། གཞན་དོན་རྗེས་སུ་དཔག་པའི་ལེའུ་འདིར་བསྒྲུབ་བྱ་ངག་གི་མཚན་ཉིད་ལས་ལོགས་སུ་བསྒྲུབ་བྱའི་མཚན་ཉིད་བཤད་མི་དགོས་ཏེ། གཞན་དོན་རྗེས་དཔག་གི་མཚན་ཉིད་བཤད་པས་བསྒྲུབ་བྱ་རྟོགས་ནུས་པའི་ཕྱིར་ཏེ། དོན་གྱི་དོན་རྟོགས་ཞེས་དང༌། ནང་གི་ཡན་ལག་ནུས་པ་ནི། །ཞེས་སོགས་སུ་ཁས་བླངས་པ་ལྟར་གཞན་དོན་རྗེས་དཔག་གི་ཚུལ་གསུམ་དྲན་ལམ་དུ་འཕེན་ནུས་ལ། དེ་ལས་བསྒྲུབ་བྱ་རྟོགས་པའི་རྟགས་ཅན་རྗེས་དཔག་སྐྱེ་བའི་ཕྱིར། ཞེ་ན། གཞན་དོན་རྗེས་དཔག་གི་མཚན་ཉིད་བཤད་པས། བསྒྲུབ་བྱ་ཡང་དག་གི་མཚན་གཞི་སྒྲ་མི་རྟག་པ་ལྟ་བུའི་དོན་གྲུབ་ཀྱང་སློབ་དཔོན་ཕྱོགས་ཀྱི་གླང་པོས་དེའི་མཚན་ཉིད་ལས་ལོགས་སུ་དེའི་མཚན་ཉིད་རྒྱས་པར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཚན་གཞི་སྒྲ་མི་རྟག་པ་ལྟ་བུའི་སྟེང་དུ་བསྒྲུབ་བྱ་ཡང་དག་གི་ཐ་སྙད་ལ་རྨོངས་པ་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་སྒྲུབ་རྗོད་སོགས་སོ། །ཡང་ན་གཞུང་འདི་གོང་མ་རྣམས་ཀྱིས་རྩོད་སྤོང་དུ་སྦྱར་བར་བྱ་སྟེ། འདི་ལྟར་སྦྱོར་ཞེ་ན། གལ་ཏེ་ཕྱོགས་ཚིག་གཞན་དོན་རྗེས་དཔག་གི་ཡན་ལག་མ་ཡིན་ན། གཞན་དོན་རྗེས་སུ་དཔག་པའི་ལེའུར་ཕྱོགས་ཡང་དག་གི་མཚན་ཉིད་བཤད་པ་ལ་དགོས་པ་མེད་པར་འགྱུར་རོ། །ཞེ་ན། བསྒྲུབ་བྱ་བརྗོད་པ་དེ་གང་རྟོགས་པའི་ཡུལ་གྱིས་དོན་བརྗོད་པ་ཅན་ཉིད་ཡིན་པས་གཞན་དོན་རྗེས་དཔག་གི་ཡན་ལག་མ་ཡིན་ཡང༌། དེར་དེའི་མཚན་ཉིད་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། བསྒྲུབ་བྱ་ཡིན་པ་ལ་མ་ཡིན་པ་དང༌། མ་ཡིན་པ་ལ་ཡིན་པར་རྨོངས་པ་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་པའོ། །འདི་ནི་རྣམ་པར་ངེས་པ་ལས་གསུངས་དེ་ཉིད་དོ། །འདི་ན་གང་དག་ཤུགས་ཀྱི་བརྗོད་བྱ་ཞེས་འཆད་པ་དེ་དག་གི་ལྟར་ན། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་མི་འདོད་བཞིན་དུ་ཁས་ལེན་དགོས་ཏེ། ཕྱོགས་ངག་དེའི་བརྗོད་བྱ་ཡིན་ན། ངག་དེ་ཕྱོགས་བརྗོད་པའི་ཚིག་ཏུ་གདོན་མི་ཟ་བར་ཁས་ལེན་དགོས་པའི་ཕྱིར་དང༌། དེས་དེ་ཤུགས་ལ་བརྗོད་པར་ཁས་ལེན་ན་ཚུལ་གསུམ་དྲན་པའི་དྲན་ཤེས་ཀྱི་བསྒྲུབ་བྱ་ཤུགས་ལ་རྟོགས་པ་ཧ་ཅང་ཐལ་བའི་ཕྱིར་དང༌། རྗོད་བྱེད་ཀྱི་སྒྲས་ཤུགས་ལ་བསྟན་པ་དང༌། དེ་ལ་རྟེན་ནས་དོན་གྱིས་གོ་བ་ཞེས་པའི་ཐ་སྙད་དངོས་ཀྱི་བརྗོད་བྱ་དང༌། ཞེན་པའི་བརྗོད་བྱ་ཞེས་པའི་རྣམ་གཞག་གཞུང་འགྲེལ་ལས་འབྱུང་གི ཤུགས་ཀྱི་བརྗོད་བྱ་ཞེས་པའི་ཐ་སྙད་མི་འབྱུང་བའི་ཕྱིར་རོ། །དེ་ཡང་ཤུགས་ལ་བསྟན་པ་ནི་ཆོས་མཐུན་སྦྱོར་གྱི་ལྡོག་ཁྱབ་ལྟ་བུའོ། །དོན་གྱི་གོ་བ་ནི། དེ་ལས་བསྒྲུབ་བྱ་ལྟ་བུའོ། །ཅི་སྟེ་དེའི་ཤུགས་བསྟན་དུ་ཁས་བླངས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟར་ན་ཉེས་པ་ཤིན་ཏུ་ཆེ་སྟེ། རྒོལ་བ་འགའ་ཞིག་གིས་སྒྲུབ་ངག་གི་བསྟན་བྱའི་དོན་རྟོགས་པ་ན་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །སྒྲ་དེའི་ཤུགས་ཀྱི་བརྗོད་བྱ་གང་ཡིན་པ་དེ་ཐམས་ཅད་དེ་ལས་བྱུང་བའི་རྟོག་པ་དོན་མཐུན་དེའི་ཤུགས་ཀྱི་རྟོགས་བྱར་ཁས་ལེན་དགོས་པ་དེ་ནི། དེ་ཉིད་ཕྱིར་ན་དོན་གོ་བས། ཞེས་སོགས་ཀྱི་དགོངས་པ་བླ་ན་མེད་པའོ། །སྒྲ་དེའི་ཤུགས་ཀྱི་བརྗོད་བྱ་ཡིན་པའི་རྒྱུ་མཚན་ཡང་རྟོག་པ་དེས་ཤུགས་ལ་གོ་བ་ལ་བྱེད་དགོས་པ་ཡིན་གྱི་གཞན་རྒྱུ་མཚན་མེད་པ་ཡིན་ནོ། །གཉིས་པ་ལ། རེ་ཤིག་ཐོག་མར་སྤྱིའི་དོན་ནི། འོ་ན་མཚན་ཉིད་བསྟན་པས་རྨོངས་པ་ཇི་ལྟར་དུ་སེལ་ཞེ་ན། འདི་ལ་མཚན་ཉིད་ལ་རྨོངས་པ་སེལ་བའི་ཚུལ། མཚོན་བྱ་ལ་རྨོངས་པ་སེལ་བའི་ཚུལ་ལ། ཡང་ན་དོན་ལ་རྨོངས་པ་སེལ་བ་དང༌། ཐ་སྙད་ལ་རྨོངས་པ་སེལ་བའོ། །དང་པོ་ལ། ཟུར་རྣམ་པ་ལྔ་པོ་དེས་རྨོངས་པ་ལྔ་སེལ་བར་བྱེད་ལ། དེ་ཡང་བསྡུ་ན་རིགས་མི་མཐུན་སེལ་བ་དང༌། ལོག་པར་རྟོག་པ་སེལ་བའོ། །དེ་ལ་ཕྱོགས་ཡང་དག་གི་རིགས་མི་མཐུན་ནི་གཉིས་ཏེ། ཕྱོགས་སུ་མ་བཟུང་བ་དང༌། བཟུང་ཡང་ཉེས་པ་དང་འབྲེལ་བའོ། །དང་པོ་ནི། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་དེ། དེ་ནི་འདོད་པ་ཞེས་པའི་ཚིག་གི་དོན་གྱིས་སེལ་བར་བྱེད་དོ། །གཉིས་པ་ལ་ཡང་གཉིས་ཏེ། སྒྲུབ་མི་དགོས་པ་དང༌། མི་ནུས་པའོ། །དང་པོ་ནི་སྐབས་ཀྱི་རྒོལ་བས་གྲུབ་ཟིན་པ་སྟེ། ངོ་བོ་ཞེས་པའི་དོན་གྱིས་སེལ་བར་བྱེད་དོ། །གཉིས་པ་ནི། སྐབས་ཀྱི་རྒོལ་ཕྱི་རྒོལ་གྱི་ཚད་མའི་བསལ་བ་ཞུགས་པ་སྟེ། དེ་ནི་མ་གསལ་བ་ཞེས་པའི་དོན་གྱིས་སེལ་བར་བྱེད་དོ། །ཅི་རིགས་མི་མཐུན་སེལ་ཚུལ་གསུམ་པོ་འདིར་ངེས་ན། སྤྱིར་ཁས་བླངས་པའི་ལུང་དོན་ཐམས་ཅད་བསྒྲུབ་བྱ་ཡིན་པ་དང༌། མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་དེ་གང་གིས་སེལ་ཞེ་ན། དེ་ནི་གཉིས་ཀ་ཡང་འདོད་པ་གཅིག་པུས་སེལ་ནུས་པ་ཡིན་ཏེ། ཇི་སྐད་དུ། གཞན་འདོད་ཐམས་ཅད་བཟློག་ན་ཡང༌། །ཞེས་པ་དང༌། ངེས་བཟུང་དོན་ནི་རྟོགས་ན་ཡང༌། །ཞེས་བཤད་པའི་ཕྱིར། འོ་ན་རང་ཉིད་དང་ཁོ་ན་བ་གཉིས་སྨོས་པ་དོན་མེད་པར་འགྱུར་རོ་ཞེ་ན། གཉིས་པ་ལོག་པར་རྟོག་པ་སེལ་བའི་ཚུལ་ལ། གང་ལ་ལོག་པར་རྟོག་ན། འདོད་པ་ཞེས་པའི་ཚིག་གི་དོན་ལ་ལོག་པར་རྟོག ཇི་ལྟར་ལོག་པར་རྟོག་ན། ངག་ཏུ་མ་བརྗོད་ཀྱང་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཙམ་བསྒྲུབ་བྱ་ཡིན་ན། སྤྱིར་ལུང་ཚད་མར་ཁས་བླངས་པའི་བསྟན་བཅོས་མཁན་པོའི་འདོད་པ་ཡང་རྒོལ་བས་ཁས་བླངས་པའི་ཕྱིར། དེ་སྐོར་གྱི་བསྒྲུབ་བྱར་འགྱུར་རོ་སྙམ་པ་དང༌། ད་ལྟ་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་དཔེར་རྟགས་མ་གྲུབ་པ་འགའ་ཞིག་ཀྱང་སྐབས་ཀྱི་བསྒྲུབ་བྱར་འགྱུར་ཏེ། ངག་ཏུ་བསྒྲུབ་བྱར་མ་བརྗོད་ཅིང་སྒྲུབ་བྱེད་དུ་བཀོད་ཀྱང་ཞི་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཕྱིར་སྙམ་པའོ། །དེ་ལ་ལོག་པར་རྟོག་པ་དང་པོ་ནི་རང་ཉིད་ཅེས་པའི་ཚིག་གིས་སེལ་བར་བྱེད་དེ། བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ། རྒོལ་བ་རང་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཞིག་དགོས་པར་བསྟན་པའི་ཕྱིར་ཏེ། རང་ཉིད་ཀྱིས་འདོད་པ་ཞེས་རང་ཉིད་འདོད་པའི་ཁྱད་ཆོས་སུ་སྦྱར་དགོས་པའི་ཕྱིར། ལོག་པར་རྟོག་པ་གཉིས་པ་ནི། ཁོ་ན་ཞེས་པའི་ཚིག་གིས་སེལ་བར་བྱེད་དེ། དེས་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པ་ཞིག་དགོས་པར་བསྟན་པའི་ཕྱིར་ཏེ། ངོ་བོ་ཁོ་ན་ཞེས་སམ། བསྒྲུབ་བྱ་ཉིད་དུ་ཞེས་ཁོ་ན་བ་ངོ་བོའི་ཁྱད་གཞིར་སྦྱར་ནས་འཆད་དགོས་པའི་ཕྱིར། དེ་ཡང་ལོག་རྟོག་དང་པོ་སྐྱེ་བའི་གཞི་ནི། འདོད་པ་ཞེས་པའི་ཚིག་གི་དོན་ཙམ་ཡིན་ལ། ལོག་རྟོག་གཉིས་པ་སྐྱེ་བའི་གཞི་ནི། འདོད་པ་དང་ལྡན་བྱ་བ་ཁྱད་གཞི་དང་ཁྱད་ཆོས་སུ་སྦྲེལ་ནས་བཤད་པ་ལས་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། བྱེད་པའི་མཐའ་དང་འབྲེལ་བའི་ཕྱིར། །དུས་གཞན་གཅད་ཕྱིར་བཤད་པ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་མིན་པ་དེའི་ཕྱིར་རིགས་སྒོ་ནས་འབྱུང་བའི་མཚན་ཉིད་འཆད་ཚུལ་ལྟར་ན་ལོག་པར་རྟོག་པ་གཉིས་པ་སྐྱེ་བའི་གཞི་མེད་པས་དེ་སེལ་མི་དགོས་ལ། ལོག་པར་རྟོག་པ་དང་པོ་སྐྱེ་བའི་གཞི་ཡོད་ཀྱང༌། རིགས་མི་མཐུན་མཐའ་དག་གསལ་ཙམ་གྱིས་མཚན་ཉིད་སྐྱོན་མེད་དུ་གྲུབ་པའི་ཕྱིར། ལོག་རྟོག་གསལ་བ་བཏང་སྙོམས་བྱས་པའོ། །འོ་ན་རིགས་པའི་སྒོར་ཡང་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་ཞེས་ཁོ་ནའི་དོན་བཤད་པ་མ་ཡིན་ཞེ་ན། དེར་ཉིད་ཅེས་པ་དངོས་པོའི་རྐྱེན་ཡིན་གྱི་གཞན་ལྡན་རྣམ་གཅོད་ཀྱི་དོན་མ་ཡིན་ཏེ། དཔེར་ན། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་དང༌། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་པ་ཡང་ཉིད་དང་ངོ་བོ་ཉིད་དང༌། །བ་ལང་ཉིད་ལ་སོགས་དེ་ལྡན་ཐོབ། །ཅེས་འབྱུང་བ་ལྟར་རོ། །དེ་ལྟར་གྲུབ་པ་ན། མཚན་ཉིད་ཀྱི་ཟུར་ལྔ་ལྡན་དུ་བཤད་པ་ཀུན་ལས་བཏུས་ཀྱི་ལུགས་ལྟར་ན། རང་ཉིད་དང༌། ཚིག་ཕྲད་དང༌། ངོ་བོ་དང༌། མ་གསལ་བ་དང༌། འདོད་པའི་ཕྱོགས་གཅིག་སྟེ་ཕྱེད་དང་ལྔས་ཁྱབ་ཆེས་པའི་སྐྱོན་སེལ་བར་བྱེད་དེ། རང་གི་འདོད་པ་ལ་སྦྱར་བས་ལུང་དོན་དང༌། ངོ་བོས་གྲུབ་ཟིན་པ་དང༌། ཁོ་ནས་སྒྲུབ་བྱེད་དུ་བཀོད་བཞིན་པ་དང༌། མ་བསལ་བས་བསལ་བ་ཞུགས་པ་རྣམས་སེལ་བའི་ཕྱིར་རོ། །ཁོ་ན་བའི་ཕྱོགས་གཅིག་པ་དང༌། འདོད་པ་ཞེས་པའི་ཚིག་གིས་ནི་མ་ཁྱབ་པ་སེལ་བར་བྱེད་དེ། རྒོལ་བས་ངག་ཏུ་དངོས་སུ་མ་བརྗོད་ན་ཡང་ཞེ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པ་འགའ་ཞིག་བསྒྲུབ་བྱ་མ་ཡིན་པ་སེལ་བའི་ཕྱིར་རོ། །མཚན་ཉིད་ཀྱི་ཟུར་གསུམ་ལྡན་དུ་བཤད་པ་རིགས་པའི་སྒོ་ལྟར་ན་ཡང༌། ངོ་བོ་དང་མ་གསལ་བས་ནི་ཁྱབ་ཆེས་པ་ཁོ་ན་བསལ་ཞིང༌། འདོད་སྒྲས་ནི་མ་ཁྱབ་པ་དང་ཁྱབ་ཆེས་པ་གཉིས་ཀ་བསལ་དགོས་ཏེ། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་རྣམས་བསྒྲུབ་བྱ་ཡིན་པ་གསལ་བའི་ཕྱིར་དང༌། དཔག་འདོད་ཀྱི་ཡུལ་དུ་བྱས་ཤིང་ངག་ཏུ་མ་བརྗོད་པའི་དོན་འགའ་ཞིག་བསྒྲུབ་བྱ་མ་ཡིན་པ་སེལ་བའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་རང་ཉིད་དང་འདོད་པའི་ཁྱད་པར་ཡང་གྲུབ་སྟེ། འདོད་སྒྲ་དང་མ་སྦྲེལ་བའི་རང་སྒྲ་རྐྱང་པ་བརྗོད་བྱའི་དོན་གང་ཡང་མི་སྟོན་ཅིང་འདོད་སྒྲ་དང་སྦྲེལ་བའི་ཚེ་ན། ཁྱབ་ཆེས་པ་ཁོ་ན་སེལ་ཞིང༌། རང་སྒྲ་དང་འབྲེལ་ལམ་མ་འབྲེལ་ཀྱང་འདོད་སྒྲས་མ་ཁྱབ་པ་བསལ་བར་གསུངས་པའི་ཕྱིར། ཡང་ན་ནི། རང་སྒྲ་དང་འབྲེལ་བའི་འདོད་སྒྲས་མ་ཁྱབ་པ་སེལ། འདོད་སྒྲ་དང་འབྲེལ་བའི་རང་སྒྲས་ཁྱབ་ཆེས་པ་སེལ། ཞེས་བཤད་པར་བྱའོ། །སྐབས་འདི་དག་ཏུ་ཉེ་བར་འཁོ་བ་དཔེ་རྟགས་མ་གྲུབ་པའི་མཚན་གཞི་ནི་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་ཤིང་སྒྲ་བུམ་གཉིས་ཀ་བྱས་པར་ཚད་མས་མི་ཤེས་པའི་རྒོལ་བའི་ངོར། དེ་གཉིས་བྱས་པ་ཡིན་པ་ཕྱིས་བསྒྲུབ་པར་བྱའོ་སྙམ་དུ་བསམས་ནས། ཐོག་མར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པའི་ཚེ་ན། སྒྲ་བྱས་པ་ཡིན་པ་དང་བུམ་པ་བྱས་པ་ཡིན་པ་དེ་རིག་བྱེད་པ་དང་གྲངས་ཅན་གྱི་ངོར་དཔེ་རྟགས་མ་གྲུབ་པའི་མཚན་གཞིར། རྒྱལ་རྔ་བདུན་པ་ཆོས་མཆོག་གིས་བཤད་པ་ལྟར་རོ། །འདི་ལ་ནི་ཁོ་ན་བ་མ་གཏོགས་གཞན་མཚན་ཉིད་ཀྱི་ཟུར་བཞི་ཀ་ཚང་བས་དེ་བཅད་པའི་ཕྱིར་དུ་ཁོ་ན་སྨྲོས་སོ། །སྤྱིར་འདི་མཚན་ཉིད་ཀྱི་རིགས་མི་མཐུན་ཡིན་པས་འདོད་པ་ཞེས་པའི་ཚིག་གི་སེལ་ནུས་པ་མིན་ནམ། ཞེ་ན། དེ་ནི་བདེན་མོད་ཀྱི། འོན་ཀྱང་བསྟན་བྱ་བ་ཞེས་པའི་ཚིག་དང་མ་འབྲེལ་བའི་ཚེ། དེས་དེ་སེལ་ནུས་པ་ཡིན་ཏེ། དེ་དང་མ་འབྲེལ་བའི་ཚེ་ན་འདོད་པ་ཞེས་པའི་ཚིག་དེ་བསམ་པས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་དང༌། སྦྱོར་བ་ལུས་ངག་གིས་ཀྱང་དཔག་བྱར་གཟུང་བ་གཉིས་ཀ་ལ་འཇུག་པའི་ཕྱིར་ཏེ། ཇི་སྲིད་དོན་གང་ལ་སྒྲུབ་བྱེད་མ་བཀོད་ཅིང་ངག་ཏུ་དཔག་བྱར་མ་བཟུང་བ་དེ་སྲིད་དུ། དོན་དེ་ལ་དཔག་འདོད་ཡོད་པར་རྟོགས་མི་ནུས་པའི་ཕྱིར། བསྟན་བྱ་བ་ཞེས་པའི་ཚིག་དང་འབྲེལ་བའི་ཚེ་དེས་དེ་སེལ་མི་ནུས་ཏེ། དེའི་ཚེ་ན་དཔག་འདོད་ཀྱི་ཡུལ་དུ་བྱས་ཟིན་པ་དང༌། བསྒྲུབ་བྱར་འགྱུར་རུང་གི་ཚིག་གཉིས་ཚོགས་བྱུང་བས་བསམ་པས་དཔག་འདོད་ཀྱི་ཡུལ་དུ་བྱས་ཟིན་ཅིང༌། སྦྱོར་བས་དཔག་བྱར་བྱེད་འགྱུར་གྱི་དཔེ་རྟགས་མ་གྲུབ་པ་དེ་ལྟ་བུ་དེ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་ངེས་ཀྱི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་རོ། །དེ་ཡང་སྒྲུབ་བྱེད་བཀོད་པའི་དུས་དེ་ཉིད་དུ་བསྒྲུབ་བྱ་ཡིན་པ་སེལ་བ་ཡིན་གྱི། དུས་གཞན་དུ་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ་ནི་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །འདི་དག་ནི་འཇིག་རྟེན་གྱི་མིག་ཅིག་རྔོག་ལོ་ཆེན་པོའི་བཞེད་པ་སྟེ་ཤིན་ཏུ་གཅེས་པའི་སྤྲོས་པ་ལྷག་མ་ནི་འདོད་རྐྱེན་གྱི་སྐབས་སུ་འཆད་པར་འགྱུར་རོ། །རྣམ་དཔྱོད་ཤིང་རྟའི་ཁྲི་ལ་ལེགས་བཤད་ཀྱི། །ཕུན་ཚོགས་འཆར་ཀའི་མདངས་ཀྱི་རོལ་རྩེད་ལས། །དྲེགས་ལྡན་སྐར་མས་ཁེངས་པའི་ཟས་སྐྱུགས་ཏེ། །མངོན་པར་རློམ་པའི་མདངས་ཀྱང་མ་ཤོར་རམ། །གཉིས་པ་ཐ་སྙད་ལ་ལོག་པར་རྟོག་པ་ནི་གཉིས་ཏེ། བསྒྲུབ་བྱ་ཡིན་པ་ལ་མ་ཡིན་པའི་ལོག་པར་རྟོག་པ་དང༌། མ་ཡིན་པ་ལ་ཡིན་པའི་ལོག་པར་རྟོག་པའོ། །དང་པོ་ནི་རྒོལ་བས་ངག་ཏུ་དངོས་སུ་མ་བརྗོད་ན་དཔག་འདོད་ཀྱི་ཡུལ་དུ་བྱས་ཀྱང་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་ནམ་སྙམ་པ་སྟེ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའི་རྟགས་ཀྱི་དེ་ལྟ་བུའི་དོན་འགའ་ཞིག་བསྒྲུབ་བྱ་ཡང་དག་གི་ཐ་སྙད་བྱ་རུང་དུ་བསྒྲུབ་པར་བྱེད་དོ། །དེ་ཡང་དཔེར་ན། ཞེ་འདོད་ལ་སྒྲ་མི་རྟག་པར་བསྒྲུབ་པར་འདོད་ནས། ངག་ཏུ་སྒྲ་རྟག་པ་མ་ཡིན་པ་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་སྒྲ་དང་མི་རྟག་པའི་ཚོགས་དོན་ཆོས་ཅན། དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་ཡིན་ཏེ། དེ་སྐོར་གྱི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའི་ཕྱིར། ཞེས་སྒྲུབ་པར་བྱེད་དོ། །གཉིས་པ་ནི། འདིས་ནི་ཆོས་ཅན་ཆོས་དག་གི །ཞེས་སོགས་ཀྱི་སྐབས་ནས་འབྱུང་བ་ལྟར་སངས་རྒྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། ཕྱིར་རྒོལ་གཞན་དག་ན་རེ། དེའི་ཚེ་ན་ཆོས་ཆོས་ཅན་གྱི་ཚོགས་སྤྱི་དོན་གཞན་དག་བསྒྲུབ་བྱར་འདོད་དགོས་སོ། །ཞེས་ཟེར་བ་ལྟ་བུ་སྟེ། དེ་ལ་ནི་དེ་ཆོས་ཅན། དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་མ་ཡིན་པའི་ཐ་སྙད་བྱར་རུང་སྟེ། དེ་སྐོར་གྱི་ངོ་བོའི་དོན་སོགས་ཆོས་ལྔ་མ་ཚང་བའི་ཕྱིར། ཞེས་པའི་རྟགས་ཀྱིས་རྨོངས་པ་སེལ་བར་བྱེད་དོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་དང་པོ་བཞི་བཤད། མ་བསལ་བ་ལོགས་སུ་བཤད་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཚད་མ་མདོར། ངོ་བོ་ཁོ་ན་རང་ཉིད་དང༌། །འདོད་གྱུར་མ་བསལ་བསྟན་པར་བྱ། །ཅེས་མཚན་ཉིད་ཀྱི་ཟུར་ལྔ་དང་བསྟན་བྱ་བ་ཞེས་པས་མཚོན་བྱ་ངོས་བཟུང་སྟེ། མཚན་མཚོན་ཟུང་འབྲེལ་དུ་བཤད་པ་དེའི་དོན་འཆད་པར་བྱེད་དོ། །ཚད་མ་མདོར། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་ཚིག་ཟུར་དུ། ངོ་བོ་ལ་སོགས་པའི་ཚིག་དང་པོ་བཞི་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། བསྒྲུབ་བྱ་ཡང་དག་ཡིན་ན། གང་ལ་སྒྲུབ་བྱེད་འགོད་པའི་ཡུལ་གྱི་རྒོལ་བ་དེའི་ཚད་མས་གྲུབ་ཟིན་མིན་པ་ལ་སོགས་པ་ཁྱད་ཆོས་བཞི་དང་ལྡན་པ་གཅིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འདིར་མ་བསལ་བ་མི་སྟོན་པ་ནི་བདེ་སྦྱོར་གྱི་དབང་གིས་ཡིན་ལ་དེ་ལྟར་ན་ཡང་མི་རྟོགས་པའི་སྐྱོན་མེད་པ་ནི་འོག་ནས་བསྟན་བཤད་གཉིས་ཀྱི་སྒོ་ནས་འཆད་པ་ལ་དགོངས་པ་ཡིན་ནོ། །དར་ཊཱིཀ་པ་གང་དག་ལོག་ཕྱོགས་བསལ་བ་གཞི་མ་གྲུབ་པའི་རྒྱུ་མཚན་གྱིས་མདོར་བསྟན་དུ་མི་འཆད་པ་ཡིན་ནོ། །ཞེས་ཟེར་བ་དེའི་ལྟར་མདོ་དང་རྣམ་ངེས་གཉིས་ལའང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་མ་ཤེས་པ་ཡིན་ནོ། །གཉིས་པ་ལ་མདོར་བསྟན། རྒྱས་བཤད། རང་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་དགོས་པ་དངོས། དགོས་པ་དེ་བསྒྲུབ་པ། དེ་ལ་བརྩོད་པ་སྤང་བ། དེས་གྲུབ་པའི་དོན་ནོ། །དང་པོ་ནི། ཚད་མ་ཀུན་ལས་བཏུས་སུ་དེའི་ཟུར་དུ་འདོད་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བས་ངག་ཏུ་མ་བརྗོད་ན་ཡང་ཞེ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་ཤིང༌། སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པའི་དོན་དེ་ཡིན་ན། བསྒྲུབ་བྱ་ཡང་དག་ཡིན་པས་ཁྱབ་བོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དཔེར་ན། སངས་རྒྱས་པས་གྲངས་ཅན་ལ་བདག་ཡོད་པའི་ཤེས་བྱེད་དྲིས་པ་ན། མིག་སོགས་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་བཞིན་ནོ། །ཞེས་བཀོད་པའི་ཚེ། མིག་སོགས་གཞན་དོན་བྱེད་པ་ཁོ་ན་བསྒྲུབ་བྱར་འདོད་དགོས་པ་བཞིན་ནོ། །ཞེས་མ་བརྗོད་སོགས་སོ། །གཉིས་པ་ནི། འོ་ན་དེར་རང་སྒྲ་སྨོས་པ་དོན་མེད་པར་ཐལ། རང་ཉིད་ཀྱི་སྒྲའི་བསལ་བྱ་ཐམས་ཅད་འདོད་པ་ཞེས་པའི་ཚིག་གིས་སེལ་ནུས་པའི་ཕྱིར། ཞེ་ན། དེའི་ཟུར་གྱི་འདོད་ཚིག་དེས་རང་ཉིད་ཀྱིས་རིགས་མི་མཐུན་ཐམས་ཅད་སེལ་ནུས་ཀྱང༌། ཀུན་ལས་བཏུས་ཀྱི་རྩ་བར་དེའི་ཟུར་དུ་རང་སྒྲ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ལུང་དོན་རྣམས་ཀྱང་རྒོལ་བས་བསྒྲུབ་བྱར་འདོད་དགོས་སམ་སྙམ་པའི་དོགས་པའི་གནས་སམ་གཞི་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཉིད་བདག་ཉིད་ཆེན་པོའི་དགོངས་པ་ཡིན་ཏེ། ཀུན་ལས་བཏུས་ཀྱི་འགྲེལ་པར། རང་ཉིད་ཅེས་པའི་སྒྲས་ནི་བསྟན་བཅོས་ལ་མི་ལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། ཞེས་སྟོན་པ་ནི། གཞན་འདོད་ཐམས་ཅད་བཟློག་ན་ཡང༌། །བདག་ཉིད་ཀྱིས་ནི་སྒྲ་བཤད་པ། །དོགས་པའི་གནས་རྣམས་བཟློག་དོན་དུ། །ཞེས་ཀུན་ལས་བཏུས་ཀྱི་འགྲེལ་པར་བཤད། ཅེས་སྦྱོར་རོ། །གསུམ་པ་ནི། དེའི་ཚེ་ན་མིག་སོགས་བདག་དོན་བྱེད་པ་གཅིག་པུ་གྲངས་ཅན་གྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ན། སློབ་དཔོན་བདག་ཉིད་ཆེན་པོས། ཆོས་ཀྱི་ཁྱད་པར་བསྒྲུབ་པའི་འགལ་རྟགས་དང༌། ཆོས་ཅན་གྱི་ཁྱད་པར་བསྒྲུབ་པའི་འགལ་རྟགས་ཀྱི་དབྱེ་བ་གསུངས་པ་མི་འཐད་པར་འགྱུར་རོ། །ཞེ་ན། དེ་མི་འཐད་མི་དགོས་ཏེ། བདག་དོན་བྱེད་པ་ནི་གྲངས་ཅན་གྱིས་སྦྱོར་བ་འགོད་ཚུལ་ལྟོས་ནས། རེས་འགའ་ཆོས་ཀྱི་ཁྱད་པར་དང༌། རེས་འགའ་ཆོས་ཅན་གྱི་ཁྱད་པར་དུ་བརྗོད་པའི་ཕྱིར། ཞེས་དེ་ནི་སོགས་སོ། །གཉིས་པོའི་དཔེ་ནི། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ། ཞེས་དང༌། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་བསགས་པའི་ཕྱིར་ཞེས་པའོ། །འདིར་སོགས་ཁོང་ནས་དབང་པོ་ལྷག་མ་བཅུ་འདོན་པ་དང༌། བསགས་པ་ནི་རྡུལ་ཕྲ་རབ་བསགས་པ་ལ་བྱ་བར་ཆོས་མཆོག་ཆུང་བར་བཤད་པ་ལྟར་ལེགས་ལ། མིག་སོགས་ཉེར་གསུམ་མམ་རྐྱེན་གསུམ་ཆོས་ཅན་དུ་འཛིན་པ་ལྟར་ན། འགལ་རྟགས་སུ་སོང་བའི་དུས་ཀྱི་ཕྱོགས་ཆོས་མི་འགྲུབ་ཅིང༌། འབྲེལ་མེད་འགྱུར་ཞེས་པའི་གཞུང་དོན་དང་འགལ་བའི་ཕྱིར། དེས་དེ་ལ་དཔག་འདོད་ཡོད་པ་ག་ལས་རྟོགས་ཞེ་ན། མ་བརྗོད་སོགས་སོ། །དེ་སྒྲུབ་ཀྱི་ཁྱབ་པ་འགལ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་དཔེར་སོགས་སོ། །དེ་དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། གལ་ཏེ་སོགས་སོ། །བཞི་པ་ལ་རྒྱང་འཕན་གྱི་གཉིས་བཅས་ཀྱི་སྦྱོར་བ་ལ། ཞེ་འདོད་དང་སྨྲས་ཙམ་གྱི་བསྒྲུབ་བྱ་སོ་སོ་བ་ཡོད་པའི་རྒྱུ་མཚན་གྱིས་གཏན་ཚིགས་འགལ་བར་བསྟན། སངས་རྒྱས་པས་སྒྲ་མི་རྟག་པར་སྒྲུབ་པ་དེ་འདྲ་སོ་སོ་བ་མེད་པའི་རྒྱུ་མཚན་གྱིས་གཏན་ཚིགས་མི་འགལ་བར་བསྟན། དང་པོ་ནི། མ་བརྗོད་ན་ཡང་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རིགས་པ་འདིས་ནི་ཆོས་ཅན། དོན་གཞན་ཡང་བསྟན་པ་ཡིན་ཏེ། རྒྱང་འཕན་གྱི་གཉིས་བཅས་ཀྱི་སྦྱོར་བ་ལ་ཆོས་དཔེ་ལ་རྗེས་འགྲོ་མེད་པ་དང༌། རྟགས་འདོད་ཡུལ་གྱི་བསྒྲུབ་བྱའི་ཆོས་དང་འགལ་བར་བསྟན་པའི་ཕྱིར། དཔེ་ནི། རྒྱང་འཕན་གྱིས་སྐྱེ་བ་སྔ་ཕྱི་མེད་པར་བསྒྲུབ་པར་འདོད་ནས། བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་གི་སྐྱེས་བུའི་ལུས་དང༌། བུམ་པ་གང་རུང་གི་ཟླ་བོ་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར། དཔེར་ན་བུམ་ལྡན་གྱི་བརྩིག་པ་བཞིན་ནོ། །ཞེས་བཀོད་པའི་ཚེ་ན་ལུས་སེམས་རྫས་གཅིག་པ་དེ་ཞེ་འདོད་ཀྱི་བསྒྲུབ་བྱར་འདོད་དགོས་པའོ། །ཞེས་འདིས་ནི་སོགས་སོ། །ཅི་སྟེ་དེ་དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་མ་ཡིན་གྱི། དེ་གང་རུང་གི་ཟླ་བོ་དང་བཅས་པ་ཉིད་ཅེས་བྱ་བའི་སྤྱི་དོན་གཞན་དེ་དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ནོ་ཞེ་ན། དེ་འདྲ་དེ་རྒྱང་འཕན་གྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ནོ་ཞེས་པའི་ཚིག་འདི་ཆོས་ཅན། མི་ཤེས་པས་ཀུན་ནས་སླང་བ་ཡིན་ཏེ། ཞེན་པའི་བརྗོད་བྱས་སྟོང་པའི་ཚིག་ཡིན་པའི་ཕྱིར། ཇི་ལྟར་སྟོང་ཞེ་ན། བུམ་པ་དེ་སེམས་དང་རྫས་གཅིག་པའི་ལུས་ཀྱི་ཟླ་བཅས་ཀྱང་མ་ཡིན། བུམ་པའི་ཟླ་བཅས་ཀྱང་མ་ཡིན་པའི་ཕྱིར། ཞེས་ཅི་སྟེ་སོགས་སོ། །འདིར་གང་ཡང་རུང་བ་ཡིན་ན། གཉིས་ཀར་ཡང་སྲིད་པ་མི་འགལ་བ་ཞིག་དགོས་པ། རྣམ་པར་ངེས་པའི་དགོངས་པ་ལས་འབྱུང་ལ། འོན་ཀྱང་གང་རུང་ཡིན་ན་གཉིས་ཀ་ཡིན་དགོས་པ་ནི་མ་ཡིན་ནོ། །འོ་ན་སངས་རྒྱས་པ་ལ་ཡང་སྒྲའི་སྟེང་དུ་མི་རྟག་པ་བསྒྲུབ་བྱ་ཡང་དག་མ་ཡིན་པར་ཐལ། དེའི་སྟེང་དུ་བུམ་པའི་མི་རྟག་པ་བསྒྲུབ་མི་ནུས། སྒྲའི་མི་རྟག་པ་དེ་ལ་རྗེས་སུ་མི་འགྲོ། དེ་གཉིས་ལས་དོན་གཞན་དུ་གྱུར་པའི་མི་རྟག་པ་ཙམ་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། དེ་གཉིས་ལས་དོན་གཞན་པའི་མི་རྟག་པ་མེད་ཀྱང༌། སྒྲ་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བའི་མི་རྟག་པ་ཙམ་གྲུབ་པའི་ཕྱིར། རྒྱང་འཕན་གྱི་ཉེས་པ་དེ་སྤོང་མི་ནུས་ཏེ། བུམ་པ་དང་རྩིག་པ་གཉིས་ཀ་ལ་རྗེས་སུ་འགྲོ་བའི་དེ་འདྲའི་སྤྱི་དོན་གཞན་ཡོད་པ་མ་ཡིན་པའི་ཕྱིར། ཞེས་སྒྲ་དང༌། དེ་བཞིན་རྣམས་སོ། །འདི་ལ་རིགས་པ་ཅན་པ་ན་རེ། འོ་ན་མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། ཁྱད་པར་སྒྲའི་ཆོས་ཡིན་པའི་ཕྱིར། ཞེ་ན། མ་ཁྱབ་སྟེ། སྒྲ་དེ་མི་རྟག་པས་མི་ལྡན་རྣམས་གཅོད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར། ཞེས་མི་རྟག་སོགས་སོ། །གཉིས་པ་ནི། མ་བརྗོད་ན་ཡང་ཞེས་སོགས་ཀྱི་རིགས་པ་འདི་ཆོས་ཅན། དོན་གཞན་ཡང་མཚོན་པར་ནུས་ཏེ། སངས་རྒྱས་པས་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མི་རྟག་པ་ཁོ་ན་འདོད་ཡུལ་གྱི་བསྒྲུབ་བྱ་ཡིན་པའི་རྒྱུ་མཚན་གྱིས་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་གྲུབ་པའི་ཕྱིར། ཞེས་འདིས་ནི་སོགས་སོ། །འདིར་དོན་ནི་འདི་ཡིན་ཏེ། སངས་རྒྱས་པས་དེ་ལྟར་རྟགས་སུ་བཀོད་པའི་ཚེ་རིགས་པ་ཅན་པ་དག་འདི་ལྟར་རྒོལ་ཏེ། ཁྱོད་སངས་རྒྱས་པ་ལྟར་ན་རྟགས་དེ་དེའི་ཚེ་འགལ་བའི་གཏན་ཚིགས་སུ་འགྱུར་རོ། །ཇི་ལྟར་འགྱུར་ན་དེ་ལྟར་རྟགས་སུ་བཀོད་པ་དེའི་ཚེ་བྱས་པའི་རྟགས་ཀྱིས་ཁྱད་པར་སྒྲས་ཆོས་ཅན་དུ་བྱས་པའི་མི་རྟག་པ་ཉིད་ཅེས་བྱ་བའི་སྤྱི་དོན་གཞན་དང༌། ཆོས་མི་རྟག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་སྒྲ་དོན་གཞན་དག་ཞེ་འདོད་ཀྱི་བསྒྲུབ་བྱར་བྱེད་དགོས་ལ། ཁྱེད་སངས་རྒྱས་པ་ལྟར་ན་རྟགས་བྱས་པ་དེས་ཞེ་འདོད་ཀྱི་བསྒྲུབ་བྱ་དེ་མི་སྒྲུབ་པར་མ་ཟད། དེ་འགོག་པའི་ཕྱིར་རོ། །ངེད་རིགས་པ་ཅན་པ་ལྟར་ན། གཏན་ཚིགས་དེས་ཞེ་འདོད་ཀྱི་བསྒྲུབ་བྱ་དེ་སྒྲུབ་པའི་ཕྱིར་ན་བྱས་པ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་ནོ། །ཞེས་ཟེར་བ་དེ་འགོག་པའི་ཆེད་དུ་གཞུང་འདི་གསུངས་པ་ཡིན་ནོ། །དེ་ལྟར་ཤེས་ན་ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང༌། ཞེས་སོགས་ཀྱི་གཞུང་གི་དོན་ཀྱང་ལེགས་པར་འཆད་ཤེས་པར་འགྱུར་རོ། །འདིར་སྨྲས་པ། གཞན་དག་འདོད་པའི་རྣམ་བཤད་ཀྱིས། །འདི་ཡན་ཆད་དུ་བསྒྲུབ་བྱ་ཡིས། །མདོར་བསྟན་མ་གཏོགས་གཞུང་གི་ཚིག །ལེགས་པར་བཤད་པ་ཅིག་མི་སྣང༌། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་རང་ཉིད་རྒྱས་པར་བཤད་པ་ལ། དགོས་པ་དངོས། དགོས་པ་དེ་བསྒྲུབ་པའོ། །དང་པོ་ནི། ཚད་མ་ཀུན་ལས་བཏུས་པར། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་སྐབས་སུ་བདག་ཉིད་ཀྱི་སྒྲ་སྨོས་པ་ཆོས་ཅན། རྣམ་གཅད་ཡོངས་གཅོད་ཀྱི་དགོས་པ་ཡོད་དེ། རྒོལ་བས་ཆོས་ཅན་དེའི་ཆོས་སུ་ཁས་བླངས་པའི་ལུང་དོན་མཐའ་དག་སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱ་ཡང་དག་ཡིན་པ་བསལ་ནས། སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱ་ཡང་དག་ཡིན་ན། སྦྱོར་བ་སྐོར་གཅིག་པོ་དེའི་རྒོལ་བ་བདག་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་གཅིག་དགོས་ཞེས་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་ཆོས་ཅན་སོགས་སོ། །སྐབས་འདིར། འདོད་པ་ཞེས་འབྱུང་བ་ནི་འདོད་པ་ཁྱད་གཞིར་བཞག་ན་རང་ཉིད་ཁྱད་ཆོས་སུ་སྦྱར་བའི་ཚུལ་སྟོན་པའོ། །གཉིས་པ་ལ། གཞན་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག རང་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པའོ། །དང་པོ་ལ་ཕྱོགས་སྔ་མ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི་བྱེ་བྲག་པས་དཔྱོད་པ་པའི་ངོར། སྒྲ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། སྤྱོད་པ་པ་ན་རེ། གཟིགས་ཟན་གྱི་བསྟན་འཆོས་ལས་བཤད་པའི་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དང༌། དྲི་རྟག་པ་སའི་ཡོན་ཏན་དང༌། རོ་རྟག་པ་ས་དང་ཆུའི་ཡོན་ཏན་དང༌། རེག་བྱ་རྟག་པ་ས་ཆུ་མེ་རླུང་གི་ཡོན་ཏན། གཟུགས་རྟག་པ་ས་ཆུ་མེའི་ཡོན་ཏན་ལ་སོགས་པ་ཐམས་ཅད་བྱེ་བྲག་པས་བསྒྲུབ་བྱར་གཟུང་དགོས་ཏེ། བྱེ་བྲག་པས་གཟེགས་ཟན་གྱི་བསྟན་འཆོས་ཚད་མར་ཁས་བླངས་པའི་ཕྱིར། ཞེས་ཁྱབ་པ་བསྒྲུབས་ནས་དེ་ལྟར་གྲུབ་པ་ན་བསྒྲུབ་བྱ་དེ་སྐྱོན་ཅན་ཡིན་ཏེ་ལུང་དོན་དང་འགལ་བས། དེའི་ཚེ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་སྐྱོན་ཅན་ཡིན་ཏེ། དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པའི་ཕྱིར། དེའི་ཚེ། སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། དམ་བཅའ་སྐྱོན་ཅན་ཡིན་ཏེ། ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ཡིན་པའི་ཕྱིར། ཞེས་ཟེར་ཞིང་བྱེ་བྲག་པ་རང་ཉིད་ཀྱང་གཟེགས་ཟན་གྱི་ལུང་དོན་བསྒྲུབ་བྱར་ཁས་ལེན་ནོ། །གཉིས་པ་ལ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*