དཀའ་འགྲེལ་རིགས་པའི་སྣང་བ། ག ༽

གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར་ཞེས་པའི་སྒྲུབ་བྱེད་དགག ཐམས་ཅད་གཟུང་ཞེས་པའི་བསྒྲུབ་བྱ་དགག དེ་གཅིག་ལ་ཞེས་སོགས་དེ་གྲུབ་པའི་དོན་དགག བཀག་པ་ལ་བརྩོད་པ་སྤང་བའོ། །དང་པོ་ལ། དངོས་པོ་སྟོབས་ཤུགས་ཀྱི་ཡུལ་ལ་དཔྱོད་པའི་ཚེ། ལུང་དོན་སྒྲུབ་བྱེད་དུ་ཁས་ལེན་པའི་དུས་མ་ཡིན་པར་བསྟན། ཤིན་ལྐོག་ལ་དཔྱོད་པའི་ཚེ་ལུང་སྒྲུབ་བྱེད་དུ་ཁས་ལེན་པའི་དུས་མ་ཡིན་པར་བསྟན། དེའི་ཚེ་ཡང་ལུང་དོན་ལ་གནོད་པ་ཙམ་གྱི་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ན་ཧ་ཅང་ཐལ་བའོ། །དང་པོ་ལ་ཁས་བླངས་པའི་ལུང་དོན་ལ་གནོད་པ་ཙམ་གྱི་སྐབས་ཀྱིས་བསྒྲུབ་བྱ་ལ་གནོད་ན་ཧ་ཅང་ཐལ་བ། རྟག་པ་ནམ་མཁའི་དོན་ལ་དཔག་འདོད་མེད་པའི་རྒྱུ་མཚན་གྱིས་དེ་བསྒྲུབ་བྱ་མ་ཡིན་པར་བསྟན་པ། དཔག་འདོད་མེད་ཀྱང་བསྒྲུབ་བྱ་ཡིན་ན་ཧ་ཅང་ཐལ་བ། དེ་ལ་བརྩོད་པ་སྤངས་ཏེ་དངོས་པོ་སྟོབས་ཤུགས་ཀྱི་ཡུལ་ལ་དཔྱོད་པའི་ཚེ་ལུང་ཁས་ལེན་དགོས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། སྒྲ་མི་དང༌། གཉིས་པ་ནི། ཆོས་ཅན་སོགས་རྐང་པ་གཉིས་དང༌། འབྲས་བུའི་སོགས་རྐང་པ་བཞི་པ་སྦྲེལ་བ་དང༌། གསུམ་པ་ནི་གནས་སྐབས་སོགས་རྐང་པ་བཞིའོ། །བཞི་པ་ནི། བྱེ་བྲག་པས་སྒྲ་མི་རྟག་པར་དམ་བཅས་པའི་ཞེན་དོན་ལ་གཟེགས་ཟན་གྱི་ལུང་གི་གནོད་པ་ཡིན་ཏེ། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དུ་གཟེགས་ཟན་གྱི་ལུང་གིས་གྲུབ་པ་ཡིན་པའི་ཕྱིར། ཞེ་ན་སྒྲ་རྟག་མི་རྟག་དཔྱོད་པའི་ཚེ་བྱེ་བྲག་པ་ཆོས་ཅན། ལུང་གནོད་སྒྲུབ་ཀྱི་ཡན་ལག་ཏུ་ཁས་ལེན་དགོས་པ་མ་ཡིན་ཏེ། དངོས་པོ་སྟོབས་ཤུགས་ཀྱི་ཡུལ་ལ་དཔྱོད་པའི་སྐབས་ཀྱི་རྒོལ་བ་ཡིན་པའི་ཕྱིར། འོ་ན་བརྩོད་པ་དོར་བར་འགྱུར་རོ་ཞེ་ན། རྒོལ་ཕྱིར་རྒོལ་ཆོས་ཅན། དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ་ལུང་དོན་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཁས་མ་བླངས་ན་རྩོད་པ་དོར་བར་འགྱུར་བ་མ་ཡིན་པར་ཐལ། དངོས་སྟོབས་ཡུལ་ལ་དཔྱོད་པ་དེ་ལུང་སྒྲུབ་བྱེད་དུ་ཁས་ལེན་དུས་མ་ཡིན་པའི་ཕྱིར། ཞེས་རྗེས་དཔག་དང༌། དེ་ཚེ་སོགས་སོ། །ཡང་ན། སྒྲ་མི་ནས་ཅི་ཞིག་གནོད་ཀྱི་བར་གྱི་གཏན་ཚིགས་མི་འགལ་བར་བསྟན། རྗེས་དཔག་སོགས་ཀྱི་བསྒྲུབ་བྱ་སྐྱོན་ཅན་མ་ཡིན་པར་བསྟན་ནོ། །དང་པོ་ལ། སྤྱིར་ལུང་དོན་བསྒྲུབ་བྱ་མ་ཡིན་པའི་རྒྱུ་མཚན་གྱིས་གཏན་ཚིགས་མི་འགལ་བར་བསྟན། བྱེ་བྲག་ཆོས་ཅན་གྱི་ཆོས་ཐམས་ཅད་བསྒྲུབ་བྱ་མ་ཡིན་པའི་རྒྱུ་མཚན་གྱི་གཏན་ཚིགས་མི་འགལ་བར་བསྟན། གཉིས་པ་ལ་དངོས་སྟོབས་ཡུལ་ལ་ལུང་མི་འཇུག་པའི་རྒྱུ་མཚན་གྱིས་དམ་བཅའ་ལུང་དང་མི་འགལ་བར་བསྟན། ཤིན་ལྐོག་ལ་དཔྱོད་པའི་ཚེ་ལུང་འཇུག་པའི་རྒྱུ་མཚན་གྱིས་དམ་བཅའ་ལ་ལུང་གིས་གནོད་ན་སྐྱོན་དང་བཅས་པར་བསྟན་པའོ། །འདིར་དོན་ནི། སྒྲ་མི་རྟག་པར་ལུང་ལས་བཤད་པ་ཙམ་གྱིས་སྒྲ་མི་རྟག་པར་མི་འགྲུབ་སྟེ། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་རྒོལ་བས་དེ་འདྲའི་ལུང་དོན་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པས་དེ་ལྟར་སྟོན་པའི་ལུང་དང་བརྗོད་བྱའི་དོན་གྱི་འབྲེལ་པ་མ་ངེས་པའི་ཕྱིར་རོ། །འོ་ན་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་གིས་ཀྱང་དེ་མི་འགྲུབ་པར་མཚུངས་སོ་ཞེ་ན། ཇི་སྲིད་ལུང་དེ་ནས་བཤད་པའི་གཞལ་བྱའི་གནས་དང་པོ་གཉིས་ལ། དཔྱད་པ་རྣམ་པར་མ་དག་པ་དེ་སྲིད་དུ་ནི། དེས་དེ་མི་འགྲུབ་པར་འདོད་ལ། དེ་ལ་དེས་རྣམ་པར་དག་ཅིང་ཤིན་ལྐོག་སྟོན་པའི་ཆ་ལ་ཁས་བླངས་སྔ་ཕྱི་དང༌། རང་ཚིག་དངོས་ཤུགས་འགལ་བར་གྲུབ་པ་ན། ཤིན་ལྐོག་སྟོན་པའི་ལུང་དེ་ལས་རང་གི་བརྗོད་བྱའི་དོན་སྒྲུབ་ནུས་པ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། རྟགས་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པའི་ཕྱིར་རོ། །ལུང་དེ་དང་དེ་དཔྱད་པ་གསུམ་གྱིས་རྣམ་པར་དག་ཀྱང༌། རང་གི་བརྗོད་བྱའི་དོན་མངོན་གྱུར་དང་ཅུང་ཟད་ལྐོག་ཏུ་གྱུར་པ་ནི། ལུང་གིས་བསྒྲུབ་དགོས་པ་མ་ཡིན་ཏེ། རྒོལ་བ་གང་གིས་ལུང་དེ་དང་དེ་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ཚེ་ལུང་དེ་དང་དེའི་བསྟན་དོན་དུ་གྱུར་པའི་གཞལ་བྱའི་གནས་དང་པོ་གཉིས་གྲུབ་ཟིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་ནི། འོ་ན་ལུང་གནོད་སྒྲུབ་ཏུ་འཇུག་པའི་ཡུལ་མེད་པར་འགྱུར་རོ། །ཞེ་ན། དེ་མེད་པ་མ་ཡིན་ཏེ། བསྟན་འཆོས་རིན་ཆེན་ཕྲེང་བ་ནས་བཤད་པའི་གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་རྣམ་པར་དག་ནས། དེ་ནས་བཤད་པའི་ཤིན་ལྐོག་ལ་དཔྱོད་པའི་ཚེ། བསྟན་བཅོས་རིན་ཕྲེང་བའི་ལུང་གནོད་སྒྲུབ་ཀྱི་ཡན་ལག་ཏུ་འཇུག་པའི་ཕྱིར། ཞེས་དེ་ལྟར་སོགས་སོ། །ཤིན་ལྐོག་ལ་དཔྱོད་པའི་ཚེ་ལུང་གནོད་སྒྲུབ་ཀྱི་ཡན་ལག་ཏུ་འཇུག་ཀྱང༌། སྤྱིར་ཁས་བླངས་པའི་ལུང་དོན་ལ་གནོད་པ་ཙམ་གྱིས་རྟགས་དང་དམ་བཅའ་སྐྱོན་ཅན་དུ་འགྱུར་བ་མ་ཡིན་ཏེ། དེའི་ཚེ། རྟེན་ཆོས་ཅན་གྱི་སྟེང་དུ་དཔག་འདོད་ཞུགས་པའི་དམ་བཅའི་དོན་ལ་གནོད་པ་ཁོ་ན་དེའི་དུས་ཀྱི་དམ་བཅའི་སྐྱོན་དུ་འཇོག་པའི་ཕྱིར། ཞེས་གནས་གསུམ་སོགས་སོ། །མདོར་ན་དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ་རང་གི་ཞེན་དོན་ལུང་དང་འགལ་བ་དམ་བཅའི་སྐྱོན་མ་ཡིན་ཏེ། དེའི་ཚེ་ན་ལུང་གནོད་བསྒྲུབ་ཀྱི་ཡན་ལག་ཏུ་མི་འཇུག་པའི་ཕྱིར། དེའི་ཚེ་ཡང་ལུང་གེགས་བྱེད་དུ་འཇུག་པར་འོག་ནས་འབྱུང་བས་རྒྱབ་རྟེན་ཚད་མ་ཡོད་མེད་སོ་སོར་ཕྱེད་དགོས་སོ། །ཤིན་ལྐོག་ལ་དཔྱོད་པའི་ཚེ་ལུང་དང་འགལ་བ་ཙམ་གྱིས་དམ་བཅའ་སྐྱོན་ཅན་དུ་འཇོག་ནུས་པ་མ་ཡིན་ཏེ། ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་དམ་བཅས་པ་ལ། བདག་གིས་བྱས་པའི་ལས་ཀྱི་འབྲས་བུ་བདག་གིས་མྱོང་བར་གསུངས་པའི་ལུང་གིས་མི་གནོད་པ་བཞིན་ནོ། །རང་གི་ཞེན་དོན་སྒྲུབ་བྱེད་ཀྱི་ལུང་དེའི་ལོག་ཕྱོགས་ཁས་བླངས་ན། དམ་བཅའ་སྐྱོན་ཅན་དུ་འཇོག་པ་ཡིན་ཏེ། དཔེར་ན། སྦྱིན་པས་ལོངས་སྤྱོད་ཅེས་པའི་ལུང་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་རྒོལ་བས་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་ཚེ་ན། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་གིས་རང་གི་ཞེན་དོན་ལ་གནོད་པའི་རྒྱུ་མཚན་གྱིས་དམ་བཅའ་ལྟར་སྣང་དུ་འཇོག་པ་ཡིན་གྱི། ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་སྟོན་པའི་སངས་རྒྱས་ཀྱི་ལུང་དེས་དམ་བཅའ་དེའི་ཞེན་དོན་ལ་གནོད་པ་གྲུབ་པའི་རྒྱུ་མཚན་གྱིས་དམ་བཅའ་སྐྱོན་ཅན་ནམ། ཡང་དག་གང་རུང་དུ་འཇོག་པ་མ་ཡིན་པ་བཞིན་ནོ། །གཉིས་པ་བསྒྲུབ་བྱ་དགག་པ་ནི། གོང་དུ་སྒྲ་མི་ནས། ཅི་ཞིག་གནོད་ཅེས་པའི་བར་གྱིས་ནི། གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །ཐམས་ཅད་གཟུང་ཞེས་པ་ལ་ཁྱབ་པ་མ་གྲུབ་པར་བསྟན་པ་ཡིན་ནོ། །རྗེས་དཔག་རང་གི་ནས། ཐལ་ཕྱིར་རོའི་བར་གྱིས་ནི་དེའི་གཏན་ཚིགས་མ་གྲུབ་པར་བསྟན་པ་ཡིན་ནོ། །ད་ནི། ཐམས་ཅད་གཟུང་ཞེས་པའི་བསྒྲུབ་བྱ་མ་གྲུབ་པར་སྟོན་པ་ལ། དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ། ལུང་ཁས་ལེན་མི་རིགས་པའི་སྒྲུབ་བྱེད་བསྟན། རིགས་པའི་སྒྲུབ་བྱེད་དགག དེས་ན་གཟེགས་ཟན་གྱི་ལུང་ཁས་བླངས་ཀྱང་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་ནུས་པར་བསྟན། དེ་ལ་བརྩོད་པ་སྤང་བ་དང་བཞི་ནི། དཔྱོད་པ་དང༌། གལ་ཏེ་དང༌། དེ་ནི་དང༌། གཏན་ཚིགས་རྣམས་སོ། །གསུམ་པ་གྲུབ་དོན་འགོག་པ་ནི། གལ་ཏེ་སོགས་སོ། །བཞི་པ་བརྩོད་པ་སྤང་བ་ནི། ཆོས་ཅན་ནས། མཚུངས་ཀྱི་བར་རོ། །སྐབས་འདིར། རྟག་པ་ནམ་ཡོན་དེ་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་མ་ཡིན་པར་གོང་དུ་བསྟན་ཟིན་ལ། ཁས་བླངས་པའི་ལུང་དོན་ཡིན་དུ་ཆུག་ཀྱང་བྱས་པ་ཆོས་ཅན། ཁྱོད་ཀྱིས་རྟག་པ་ནམ་ཡོན་བཀག་པའི་ཆ་ནས་ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སྐྱོན་ཅན་མ་ཡིན་ཏེ། དེ་ལ་གནོད་ཀྱང་ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པའི་སྐྱོན་མེད་པའི་ཕྱིར་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། ཁྱབ་པ་ཡོད་དེ། རྟགས་ཀུན་རང་ཞེ་འདོད་ཀྱི་བསྒྲུབ་བྱ་བསྒྲུབ་ནུས་མི་ནུས་ལ་ལྟོས་ནས། རྟགས་སྒྲུབ་བྱེད་བཀོད་མཁན་གྱིས་རྒོལ་བ་དེའི་ཞེ་འདོད་ཀྱི་ཡོན་ཏན་ཅན་དང་སྐྱོན་ཅན་དུ་འཇོག་པའི་ཕྱིར་རོ། །ཞེས་པ་ཡིན་ཏེ་ནས། དཔྱད་ཕྱིར་རོའི་བར་རོ། །སྐབས་འདི་ན་གཞུང་བཟློས་པ་མང་ཞིང༌། ཕྱོགས་སྔ་མ་གཅིག་གིས་འདོད་པ་ཡིན་པ་ལྟ་བུ་ལ་འགལ་བ་ཅན་ཞིག་སྣང་བས། ཕྱོགས་སྔ་མའི་འདོད་ཚུལ་སོ་སོར་ཕྱེད་དགོས་ཏེ། དེ་ཡང་འདི་ལྟར་དཔྱོད་པ་པ་ནི། ཁས་བླངས་པའི་ལུང་དོན་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱར་བྱེད་དགོས་པ་དང༌། ལུང་དོན་ལ་གནོད་པའི་གཏན་ཚིགས་ཐམས་ཅད་གཏན་ཚིགས་སྐྱོན་ཅན་དང༌། ལུང་དང་འགལ་བ་དམ་བཅས་པའི་དམ་བཅའ་ཐམས་ཅད་དམ་བཅའ་སྐྱོན་ཅན་ཡིན། ཞེས་ཟེར་རོ། །བྱེ་བྲག་པ་ནི། སྤྱིར་ཁས་བླངས་པའི་ལུང་དོན་ལ་གནོད་པ་དང་འགལ་བ་ཙམ་གྱིས་དེ་དང་དེར་འཇོག་པ་མ་ཡིན་གྱི། སྐབས་ཀྱི་ཤེས་འདོད་ཆོས་ཅན་དེའི་ཆོས་སུ་འབྲེལ་པ་གྲུབ་པའི་ལུང་དོན་ལ་གནོད་པ་དང་འགལ་བས་དེ་དང་དེར་འཇོག་པ་ཡིན་ནོ། །ཞེས་ཟེར་རོ། །དེ་འགོག་པ་ལ་འདོད་པ་གཉིས་ཀ་ཐུན་མོང་དུ་འགོག་པ་ནི། སྒྲ་མི་དང༌། དེ་ལ་བསྟན་བཅོས་ཞེས་སྦྲེལ་བའི་ཤླཽ་ཀ་གཅིག་གོ །དེ་ལ་བྱེ་བྲག་པས་ལན་འདེབས་པ་ནི། སྐབས་མ་ཡིན་ཕྱིར་དང༌། ཅི་སྟེ་དང༌། ཆོས་ཅན་ཆོས་སོགས་དང༌། འབྲེལ་ཡོད་དེས་ན་རྣམས་སོ། །དེ་ལ་དཔྱོད་པ་པས་ལན་འདེབས་པ་ནི། དེ་དག་གནོད་བྱ་གནོད་དེ་བཞིན། །ཞེས་སོགས་ཏེ་རྟག་པ་ནམ་ཡོན་དེ་སྒྲའི་ཆོས་སུ་འབྲེལ་པ་མེད་ཀྱང༌། དེ་བཀག་པ་ན་བསྟན་འཆོས་ཁས་བླངས་པ་དེའི་དོན་བསླད་པའི་ཕྱིར་རྟགས་དང་དམ་བཅའ་སྐྱོན་ཅན་དུ་འགྱུར། ཞེས་པའོ། །འདི་འགོག་པ་ནི། ཐམས་ཅད་ཅེས་དང༌། མེད་ན་བསྒྲུབ་བྱ་ཅེས་སོ། །གཞུང་ལྷག་མ་རྣམས་ནི་ཐུན་མོང་དུ་འགོག་པའི་གཞུང་ངོ༌། །དེ་ཡང་བྱེ་བྲག་པ་ནི། བྱས་པ་དྲི་རྟག་པ་ས་ཡོན་ལ་གནོད་ལ། དེ་ལ་གནོད་པ་ཙམ་གྱིས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དམ་བཅའ་སྐྱོན་ཅན་དུ་མི་འགྱུར་ཏེ། དྲི་རྟག་པ་ས་ཡོན་དེ་སྒྲ་དང་འབྲེལ་པ་མེད་པའི་ཕྱིར། ཟེར་ལ། དེ་འགོག་པ་ན་འོ་ན་རྟག་པ་ནམ་ཡོན་ལ་གནོད་པས་ཀྱང་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་དེ་དང་དེ་སྐྱོན་ཅན་དུ་མི་འགྱུར་བར་ཐལ། རྟག་པ་ནམ་ཡོན་དང་སྒྲ་མི་རྟག་པ་གཉིས་ལ་འབྲེལ་པ་མེད་པའི་ཕྱིར་ཞེས་གསུངས་ལ། ཡང་དཔྱོད་པ་པ་ནི། གཟེགས་ཟན་གྱི་ལུང་ཁས་ལེན་པའི་རྒོལ་བས་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། བྱས་པ་དྲི་ས་ཡོན་ལ་གནོད་ན་དེ་ལྟར་བསྒྲུབ་པའི་གཏན་ཚིགས་དང་དམ་བཅའ་སྐྱོན་ཅན་དུ་འཇོག་ནུས་ན། བྱས་པ་དེ་ལ་མི་གནོད་དོ། །ཞེས་ཟེར་རོ། །དེ་འགོག་པ་ན་བྱས་པ་དྲི་རྟག་པ་ས་ཡོན་ལ་གནོད་དེ། དེས་དྲི་མི་རྟག་པར་སྒྲུབ་ནུས་པའི་ཕྱིར། དེ་ལ་གནོད་པས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་མི་གནོད་དེ། དེ་གཉིས་ལ་འབྲེལ་པ་མེད་པའི་ཕྱིར། ཞེས་གསུངས་པ་ཡིན་ནོ། །གཉིས་པ་རང་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པ་ལ། ཀུན་ལས་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ཀྱང་གཞན་སྡེ་དང་མཐུན་པར་ཁས་བླངས་པའི་ལུང་དོན་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བ་དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ནོ། །ཞེས་ཟེར་བའི་ཕྱོགས་སྔ་ནི། གལ་ཏེ་སོགས་སོ། །དེ་སུན་འབྱིན་པ་ལ། སྡེ་པ་གཉིས་ཀ་ལ་ཐུན་མོང་དུ་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བ་རང་སྡེ་ལ་བྱེ་བྲག་ཏུ་རང་སྒྲ་སྨོས་པ་དོན་མེད་དུ་ཐལ་བ། དང་པོ་ལ་གཉིས་ལས། ཐལ་འགྱུར་དངོས་ནི། དཔེ་དང་སོགས་སོ། །གཉིས་པ་དེའི་ཉེས་སྤོང་དགག་པ་ལ། རང་སྡེའི་ཉེས་སྤོང་དགག གཞན་སྡེའི་ཉེས་སྤོང་དགག དང་པོ་ནི། གལ་ཏེ་སོགས་སོ། །གཉིས་པ་ནི། མི་འདོད་སོགས་སོ། །གཉིས་པ་ལ་ཐལ་འགྱུར་དངོས་ནི། ཕྱོགས་མཚན་སོགས་སོ། །དེའི་ཉེས་སྤོང་དགག་པ་ལ། རྒོལ་བས་སྔར་ཁས་བླངས་པའི་བསྟན་བཅོས་དོར་ནས་བསྟན་བཅོས་ཕྱི་མ་གཞན་ལ་འདོད་པ་ཙམ་གྱི་འཇུག་པའི་དོན་དུ་རང་སྒྲ་སྨོས་པ་དགག གྲགས་པ་ཆོས་ཅན་དུ་གཟུང་བའི་དོན་དུ་རང་སྒྲ་སྨོས་པ་དགག ཆོས་ཅན་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ་རང་སྒྲ་སྨོས་པ་དགག་པའོ། །དང་པོ་ལ་གསུམ་ལས། ཕྱོགས་སྔ་ནི། བསྟན་འཆོས་དང༌། ལན་ནི་དེ་ནི་དང༌། གསུམ་པ་རང་ལ་མཚུངས་པ་སྤང་བ་ནི། འོ་ན་ཁྱེད་ལ་ཡང་རང་སྒྲ་སྨོས་པ་དོན་མེད་དུ་ཐལ། ལུང་དོན་བསྒྲུབ་བྱ་ཡིན་པ་ནི་འདོད་པ་ཞེས་པའི་ཚིག་གིས་བསལ་ཟིན་པའི་ཕྱིར་ཞེ་ན། ལན་ནི། འདོད་གནོད་སོགས་སོ། །གཉིས་པ་ནི། གཞུང་ལུགས་སོགས་སོ། །གསུམ་པ་ལ། གྲུབ་ཟིན་གྱི་ཆོས་ཅན་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ་རང་སྒྲ་སྨོས་པ་དགག རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པའི་ཆོས་ཅན་རང་མཚན་ཡན་གར་བ་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ་རང་སྒྲ་སྨོས་པ་དགག་པའོ། །དང་པོ་ནི། ཅི་སྟེ་ལུང་དོན་བསྒྲུབ་བྱ་ཡིན་པ་རང་སྒྲ་སྨོས་པ་དོན་མེད་དུ་མི་འགྱུར་ཏེ། གྲུབ་ཟིན་གྱི་ཆོས་ཅན་ཡན་གར་བ་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ་སྨོས་པའི་ཕྱིར་ཞེ་ན། དེའི་དོན་དུ་དེ་སྨོས་མི་དགོས་ཏེ། དེ་མ་སྨོས་ཀྱང་དེའི་མཚན་ཉིད་འཆད་པའི་ཟུར་གྱི་ངོ་བོ་ཁོ་ན་བསྟན་བྱ་བ་ཞེས་པའི་ཚིག་འདི་ཉིད་ཀྱིས་སྐབས་ཀྱི་རྒོལ་བ་གཉིས་ཀས་གྲུབ་ཟིན་པ་དང༌། དེས་གྲུབ་མ་ཟིན་ཀྱང་དེ་སྐོར་གྱི་སྒྲུབ་བྱེད་དུ་བཀོད་བཞིན་པ་ཡིན་ན། དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་མ་ཡིན་པས་ཁྱབ་པ་དེ་རྟོགས་ནུས་པའི་ཕྱིར། ཞེས་ཅི་སྟེ་ནས། འགྱུར་གྱིས་བར་རོ། །གཉིས་པ་ནི། གལ་ཏེ་དེ་ལྟ་ན་ཡང་དེ་དོན་མེད་དུ་མི་འགྱུར་ཏེ། གྲངས་ཅན་གྱིས་སངས་རྒྱས་པའི་ངོར་གཙོ་བོ་ཆོས་ཅན། ཡོད་པ་ཡིན་ཏེ། ཁྱད་པར་རྣམས་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར། ཞེས་པ་ལྟ་བུ་བཀོད་པའི་ཚེ་ན་རྒོལ་བས་མ་གྲུབ་པའི་ཆོས་ཅན་རང་མཚན་ཡན་གར་བ་བསྒྲུབ་བྱའི་ཆོས་མ་ཡིན་པར་རྟོགས་པའི་དོན་དུ་རང་ཉིད་ཀྱི་སྒྲ་སྨོས་པའི་ཕྱིར་རོ། །ཞེ་ན། འདིར་ཁྱད་པར་རྣམས་ལ་ཞེས་སྦྱོར་བ་ནི་གྲངས་ཅན་གྱི་འདོད་པ་མི་ཤེས་པའོ། །འདིའི་ལན་ལ། དེ་ཕྱོགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་མ་ཡིན་པར་བསྟན། དེ་རྟགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་ཡིན་པར་བསྟན། བསལ་བྱ་གཉིས་པོ་འགལ་བར་བསྟན། བསལ་བྱ་སོ་སོའི་མཚན་གཞི་ངོས་གཟུང༌། དེ་ལ་བརྩོད་པ་སྤངས་ཏེ་རང་སྒྲ་སྨོས་པའི་གྲུབ་དོན་བསྟན་པའོ། །དང་པོ་ནི། མ་གྲུབ་པའི་ཆོས་ཅན་རང་མཚན་ཡན་གར་བ་བསྒྲུབ་བྱའི་ཆོས་མ་ཡིན་པ་དེ་ཆོས་ཅན། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་མ་ཡིན་ཏེ། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། ཞེས་འདིར་ནི་དེ་སྐད་ཅེས་རྐང་པ་གཉིས་སོ། །དེའི་རྒྱུ་མཚན་ཡང་བདག་ཉིད་ཆེན་པོས། རྗེས་སུ་དཔག་པ་སྤྱིའི་ནི་ཡུལ་ཅན་ཉིད་དུ་བཤད་པས་ཁྱོད་སེལ་བའི་ཕྱིར། ཞེས་རྗེས་སུ་དཔག་པ་སོགས་སོ། །འདིར་སྤྱི་ནི་ཚོགས་དོན་ལ་འཆད་ན་ཕྱོགས་སྐྱོན་མ་ཡིན་པའི་ཤེས་བྱེད་དུ་ཕྱོགས་སྐྱོན་ཡིན་པ་བཀོད་པར་སོང་བས། དེའི་ཕྱིར་སྤྱི་ནི་ཤེས་འདོད་ཆོས་ཅན་དང་མཐུན་དཔེ་གཉིས་ཀྱི་ཐུན་མོང་གི་ཆོས་ཏེ། བསྒྲུབ་བྱའི་ཆོས་ཞེས་བྱའོ། །དེ་ཡང་ཇི་སྐད་དུ། དེ་མིན་རང་བཞིན་ལས་བཟློག་པའི། །དངོས་པོ་ཙམ་ཞིག་རབ་སྒྲུབ་ཕྱིར། །རྟགས་སྤྱིའི་ཡུལ་ཅན་དུ་བཤད་དེ། །ཁྱད་པར་མེད་པར་གནས་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །གང་དུ་བཤད་ན་བདག་ཉིད་ཆེན་པོས། ཚད་མའི་མདོར། རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ཅན་ནོ། །ཞེས་བཤད་པ་ཡིན་ནོ། །དེར་མ་ཟད་རྗེས་དཔག་གི་གཞལ་བྱ་སྤྱི་མཚན་ཁོ་ནར་བཤད་པ་ན་རང་མཚན་ཡན་གར་བ་བསྒྲུབ་བྱར་དོགས་པ་སྐྱེ་བའི་གནས་མེད་དོ། །གཉིས་པ་ནི། མ་གྲུབ་པའི་ཆོས་ཅན་ཡན་གར་བ་བསྒྲུབ་བྱའི་ཆོས་སུ་བྱས་ན་སྐྱོན་ཅི་ཡོད་ཅི་སྟེ་རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་འགྲོ་མེད་པའི་སྐྱོན་ཡོད་དོ་ཞེ་ན། སྦྱོར་བ་སྐོར་གཅིག་གི་རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་སུ་མི་འགྲོ་བ་དེ་ཆོས་ཅན། དེ་སྐོར་གྱི་ཕྱོགས་སྐྱོན་མ་ཡིན་ཏེ། དེ་སྐོར་གྱི་རྟགས་སྐྱོན་ཡིན་པའི་ཕྱིར། ཞེས་གལ་ཏེ་དང༌། འདི་སྟེ་རྣམས་སོ། །འདིར་རྟགས་ཕྱོགས་ཆོས་མ་གྲུབ་པ་དང་ཆོས་དཔེ་ལ་རྗེས་འགྲོ་མེད་པ་ཞེས་ཟེར་བ་ནི་དོན་མ་ཡིན་ཏེ། སྔ་མ་ནི། གལ་ཏེ་ཆོས་ཅན་བསྒྲུབ་བྱར། ཞེས་སོགས་ཀྱི། གཞུང་ཕྱི་མ་འདིའི་དོན་ལ་མི་འགྲིག་པའི་ཕྱིར་དང༌། གཉིས་པ་ནི། རྗེས་སུ་དཔག་པ་སྤྱིའི་ཞེས་སོགས་སོ། །གཞུང་སྔ་མས་བསལ་ཟིན་པའི་ཕྱིར། དེས་ན་འདི་རྟགས་སྐྱོན་དུ་འགྲོ་ཚུལ་གཉིས་ཏེ། མ་གྲུབ་པའི་ཆོས་ཅན་ཡན་གར་བ་བསྒྲུབ་བྱའི་ཆོས་སུ་བྱས་ནས་ཆོས་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དང༌། རྟགས་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བའི་སྐྱོན་གཉིས་འབྱུང་ལ། གཉིས་ཀ་ཡང་རྗེས་འགྲོའི་མཚན་ཉིད་ཀྱི་བསམ་བྱ་ཡིན་ཚུལ་རིམ་པར་སྟོན་པ་ནི། སྤྱིའི་ཡུལ་ཅན་དང༌། འདི་དེ་རྣམས་སོ། །ཕྱོགས་ཆོས་ཀྱི་སྐྱོན་ནི། མ་གྲུབ་པའི་ཆོས་ཅན་ཡན་གར་བ་ཤེས་འདོད་ཆོས་ཅན་དུ་བྱས་པ་ལ་འབྱུང་གི བསྒྲུབ་བྱའི་ཆོས་སུ་བྱས་པ་ལ་མི་འབྱུང་ལ་དེ་ཤེས་འདོད་ཆོས་ཅན་དུ་བྱེད་ཟེར་བ་འདིར་འོང་དོན་མེད་པས། རྟགས་ཕྱོགས་ཆོས་མ་གྲུབ་པ་རྟགས་སྐྱོན་ཡིན་པའི་རྒྱུ་མཚན་གྱིས་ཕྱོགས་སྐྱོན་མ་ཡིན་པར་བསྒྲུབ་པ་སྐབས་ཀྱི་དོན་མ་ཡིན་ནོ། །འདིར་བསྒྲུབ་བྱར་བྱས་ཞེས་པ་ཡང་བསྒྲུབ་བྱའི་ཆོས་ལ་འཆད་དགོས་ཀྱི་བསྒྲུབ་བྱ་སྒྲ་ཇི་བཞིན་པ་ལ་འབྲུ་གནོན་པ་སྐབས་ཀྱི་དོན་མ་ཡིན་ཏེ། གལ་ཏེ་དེ་ལྟར་ན་ཕྱོགས་སྐྱོན་ཡིན་པ་སེལ་མི་ནུས་པའི་ཕྱིར་དང༌། རྟགས་སྐྱོན་ཡིན་པ་སྒྲུབ་མི་ནུས་པའི་ཕྱིར་ཏེ། མ་གྲུབ་པའི་ཆོས་ཅན་ཡན་གར་བ་བསྒྲུབ་བྱ་ཡིན་པ་དེ་འདོད་པ་ཞེས་པའི་ཚིག་གིས་བསལ་བའི་ཕྱིར་དང༌། ཇི་སྐད་དུ། ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར། །ཚོགས་པ་བསྒྲུབ་བྱར་མི་འགྱུར་ལ། །ཞེས་བཤད་པའི་ཕྱིར་རོ། །འདིར་བསྒྲུབ་བྱ་ཞེས་པ། བསྒྲུབ་བྱའི་ཆོས་ལ་བཤད་པ་ལྟར་ན། ཡན་གར་བ་ཞེས་མ་སྨོས་ཀྱང་ཆོག་ལ། དེ་སྐད་དུ་འདོན་པ་དེ་དག་གི་བསམ་པ་ནི། སངས་རྒྱས་པས་གྲངས་ཅན་ལ། སྒྲ་མི་རྟག་པ་ཆོས་ཅན། གཞལ་བྱ་ཡིན་ཏེ། བྱས་པའི་ཕྱིར་ཞེས་བཀོད་པ་ལྟ་བུ་ཡན་གར་བ་མ་ཡིན་པའི་ཆོས་ཅན་ཞེ་འདོད་ཀྱི་བསྒྲུབ་བྱར་འགྱུར་བ་ཡོད་པར་བསམས་པ་ཡིན་ནོ། །གཉིས་པ་ལ། རིགས་པ་ཅན་པའི་ལུགས་ལ། དེ་གཉིས་འགལ་བར་སྒྲུབ། རང་ལུགས་ལ་གཉིས་པོ་འགལ་བར་སྒྲུབ་པའོ། །དང་པོ་ནི། སྔ་མ་ལ་ཁྱབ་པ་ཡོད་དེ། ཡན་ལག་ཕྱི་མ་རྟགས་དཔེའི་སྐྱོན་ཡིན་ན། ཡན་ལག་སྔ་མ་ཕྱོགས་ཀྱི་སྐྱོན་དུ་འདོད་པ་མ་ཡིན་པའི་ཕྱིར་རོ། །འདིར་ཡན་ལག་སྔ་ཕྱིའི་རྣམ་གཞག་རང་ལུགས་ལ་ཁས་མི་ལེན་ཏེ། རྟགས་ཚིག་ལས་སྔ་བའི་སྒྲུབ་ངག་གི་ཡན་ལག་མེད་པའི་ཕྱིར་དང༌། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་མི་འདོད་པའི་ཕྱིར་རོ། །གལ་ཏེ་རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་སུ་མི་འགྲོ་བ་དེ་ཆོས་ཅན། ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར། ཞེ་ན། འོ་ན་གཏན་ཚིགས་དང་དཔེའི་ཉེས་པ་ཡང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ལྟར་ནའང་སོགས་སོ། །འདིར་རྩ་བའི་ཕྱོགས་སྔ་སྨྲ་བ་པོ་རང་སྡེ་ཡིན་ཀྱང༌། འདི་དེ་ཞེས་པ་ལ་རིགས་པ་ཅན་པས་ཁྱབ་པ་མ་གྲུབ་པའི་ལན་བཏབ་པ་ལ་འཕྲོས་ནས་མི་འདོད་པ་ཐལ་བར་འཕངས་པ་ཡིན་ནོ། །གཉིས་པ་ནི། རྣམ་འགྲེལ་མཛད་པ་ཆོས་ཅན། རང་ལུགས་ལ་ཡང་སྦྱོར་བ་སྐོར་གཅིག་གི་རྟགས་སྐྱོན་ཡིན་ན་ཕྱོགས་སྐྱོན་མ་ཡིན་དགོས་ཏེ། སྦྱོར་བ་སྐོར་གཅིག་གི་ཕྱོགས་སྐྱོན་ཡིན་ན་དེ་སྐོར་གྱི་དེའི་མཚན་ཉིད་དང༌། འབྲེལ་ཏེ། དེའི་བསལ་བྱ་ཡིན་དགོས་པའི་ཕྱིར། ཞེས་དེ་ཕྱིར་སོགས་སོ། །འདི་འགལ་བ་ལ་འབྲེལ་པར་བཤད་པ་ནི། ཇི་སྐད་དུ། སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་གསུམ། །ཞེས་དང༌། རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཞེས་མི་ལྡན་པ་ལ་ལྡན་པའི་དོན་དུ་གསུང་བ་དང་མཚུངས་པ་ཡིན་ནོ། །བཞི་པ་ལ། སྐྱོན་གཉིས་ཀྱི་མཚན་གཞི་སོ་སོར་བཟུང་སྟེ་མདོར་བསྟན། ཕྱོགས་སྐྱོན་སེལ་བྱེད་དང་སྦྱར་བས་གྲངས་ངེས་རྒྱས་པར་བཤད་པའོ། །དང་པོ་ལ་ཕྱོགས་སྐྱོན་གྱི་མཚན་གཞི་དང༌། རྟགས་སྐྱོན་གྱི་མཚན་གཞི་ངོས་བཟུང་བའོ། །དང་པོ་ནི། མངོན་གསུམ་ཞེས་པའི་རྐང་པ་གཅིག་སྟེ། འདི་ལ་སྒྲ་རང་མཚན་མཉན་བྱ་མ་ཡིན་པ་དང༌། བུམ་པ་རྟག་པ་དང༌། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མ་ཡིན་པ་དང༌། སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བ་རྣམས་ཆོས་ཅན། ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། ཞེས་པའོ། །འདིར་བུམ་པ་རྟག་པ་སོགས་གསུམ་ནི་སྤྱིར་ཕྱོགས་ཡང་དག་ཏུ་འགྲོ་བའི་སྐབས་ཡོད་ཀྱང༌། བུམ་པ་མི་རྟག་པ་སྒྲུབ་པ་ལ་སོགས་པ་གསུམ་གྱིས་ནི་ཕྱོགས་སྐྱོན་ཡིན་ཏེ། དེ་ལྟར་རྟོགས་པའི་རྗེས་དཔག་ཚད་མ་གསུམ་གྱིས་གསལ་བའི་ཕྱིར། སྒྲ་མཉན་བྱ་མ་ཡིན་པ་ནི་སྤྱིར་ཕྱོགས་སྐྱོན་གྱི་རྣམ་གསལ་གྱི་དཔེར་བརྗོད་ཡིན་ཀྱང༌། དེའི་ལོག་ཕྱོགས་བསྒྲུབ་བྱ་ཡང་དག་ཏུ་མི་རུང་སྟེ། ཉེས་པ་དང་ལྡན་པའི་རྒོལ་བ་ཡིན་ན་དེ་དེར་གྲུབ་ཟིན་པས་ཁྱབ་པའི་ཕྱིར་རོ། །ཇི་སྐད་བཤད་མ་ཐག་པའི་ལོག་ཕྱོགས་གསུམ་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པ་དང༌། སྒྲུབ་བྱེད་དུ་བཀོད་བཞིན་པ་དང༌། སྐབས་ཀྱི་རྒོལ་བ་རང་ཉིད་ཀྱི་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་རྣམས་ཀྱང༌། སྤྱིར་ཕྱོགས་སྐྱོན་ཡིན་པར་མ་ཟད། བྱེ་བྲག་ཏུ་རང་རང་དེ་སྐོར་གྱི་ཕྱོགས་སྐྱོན་ཡང་ཡིན་ཏེ། དེ་དང་དེར་སྒྲུབ་པའི་ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་གསལ་བྱ་ཡིན་པའི་ཕྱིར། ཡང་སྒྲ་མཉན་བྱ་མ་ཡིན་པ་དེ་སྒྲ་མཉན་བྱར་བསྒྲུབ་པའི་ཕྱོགས་སྐྱོན་མ་ཡིན་ཀྱང༌། སྒྲ་མཉན་བྱ་ཡིན་པ་དེ་ལྟར་སྒྲུབ་པའི་ཕྱོགས་སྐྱོན་ཡིན་ཏེ། དེ་ལྟར་སྒྲུབ་པའི་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པའི་ཕྱིར་རོ། །ཡང་སྒྲ་མཉན་བྱ་མ་ཡིན་པ་དེ། དེ་མ་ཡིན་པར་སྒྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ཏེ། དེ་ལ་མངོན་སུམ་གྱི་བསལ་བ་མ་ཞུགས་པའི་སྐབས་ཀྱི་རྒོལ་བ་མི་སྲིད་པའོ། །དེ་ཡང་སྒྲའམ་བུམ་པ་རྟག་པ་ཡིན་པ་དེ་ནི་སྤྱིར་དེ་དང་དེ་མི་རྟག་པར་སྒྲུབ་པའི་ཕྱོགས་སྐྱོན་ཡིན་ཀྱང༌། དེ་སྒྲུབ་ཀྱི་ཕྱོགས་དེ་ལ་ལྡན་པ་ནི་མ་ཡིན་ཏེ། དེ་དང་འབྲེལ་པ་མེད་པའི་ཕྱིར། གཉིས་པ་ནི། རྒྱུ་སོགས་མཚན་ཉིད་བསལ་བྱ་ཞེས་པ་སྟེ། འདི་ལ་རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་པ་ཉིད་དུ་མ་ངེས་པ་དང༌། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་མ་ངེས་པ་དང༌། རྟགས་མི་མཐུན་པའི་ཕྱོགས་ལ་མེད་པར་མ་ངེས་པ་རྣམས་ཆོས་ཅན། རྟགས་སྐྱོན་ཡིན་ཏེ། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། ཞེས་པའོ། །འདིར་བྱས་པ་སྒྲའི་སྟེང་དུ་མ་གྲུབ་པ་ལ་སོགས་པ་གསུམ་ནི་སྤྱིར་དེའི་བསལ་བྱ་ཡིན་པར་མ་ཟད། དེ་སྐོར་གྱི་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་ཏེ། དེས་དེ་སེལ་བར་ནུས་པའི་ཕྱིར་རོ། །མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་མ་གྲུབ་པ་ལ་སོགས་པ་གསུམ་ནི། རྟགས་ཀྱི་སྐྱོན་མ་ཡིན་ཏེ། རྟགས་ཡང་དག་གི་མཚན་ཉིད་གང་གིས་ཀྱང་སེལ་མི་ནུས་པའི་ཕྱིར་དང༌། ཚུལ་གསུམ་གང་རུང་གིས་སེལ་བར་མི་ནུས་པའི་རྟགས་ཀྱི་སྐྱོན་ཞིག་ཡོད་ན། རྟགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་དུ་ཚུལ་གསུམ་ལས་ལྷག་པ་དགོས་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར། མིག་ཤེས་ཀྱི་བཟུང་བྱ་སྒྲའི་སྟེང་དུ་གྲུབ་པ་དང༌། གཞལ་བྱ་མི་རྟག་པ་ཁོ་ན་ལ་ཡོད་པ་སོགས་གསུམ་ནི། སྤྱིར་རྟགས་སྐྱོན་དང༌། བྱེ་བྲག་དེ་སྐོར་གྱི་རྟགས་སྐྱོན་ཡིན་ཏེ། སྤྱིར་རྟགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་དང༌། བྱེ་བྲག་ཏུ་རང་གི་བསལ་གཞི་དེའི་སྟེང་དུ་རང་མ་བསལ་བ་དེ་སྲིད་དུ་རང་གི་བསལ་གཞི་དེ་རྟགས་སྐྱོན་ཅན་དུ་འཇོག་པའི་ཕྱིར། དེ་སྐོར་གྱི་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ནི་མ་ཡིན་ཏེ། དེ་སྐོར་གྱི་རྟགས་ཡང་དག་མེད་པའི་ཕྱིར། སྤྱིར་དེའི་བསལ་བྱ་ཇི་ལྟར་ཡིན་ཞེ་ན། ཇི་སྐད་བཤད་པ་དེ་དང་དེ། དེའི་བསལ་བྱ་ཡིན་ནམ། སྤྱིར་ཚུལ་གསུམ་སོ་སོའི་མཚན་ཉིད་ཀྱི་རྣམ་གཅད་ལ་མིག་ཤེས་ཀྱི་གཟུང་བྱ་སྒྲ་ལ་ཡོད་པ་དང༌། གཞལ་བྱ་མི་རྟག་པ་ལ་མེད་པ་རྣམས་བསལ་བའི་ཕྱིར་རོ། །ཇི་སྐད་བཤད་པ་དེ་དག་གི་བསྡུས་པའི་དོན་ནི་འདི་ཡིན་ཏེ། སྤྱིར་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་གསུམ་པོ་གང་རུང་གི་རྟགས་ཀྱི་མཚན་གཞིའི་སྟེང་དུ་བསལ་བྱ་དེ་རྟགས་སྐྱོན་གྱི་མཚན་ཉིད། དབྱེ་ན་རྟགས་ཡང་དག་གི་སྐྱོན་དང༌། ཡང་དག་དང༌། ལྟར་སྣང་གཉིས་ཀའི་སྐྱོན་ནོ། །ཚུལ་གསུམ་གང་རུང་གི་དངོས་ཀྱི་བསལ་བྱ་དེ་དང་པོའི་མཚན་ཉིད། དབྱེ་ན། རྟགས་འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པ་དང་གསུམ་མོ། །དང་པོ་ནི། བྱས་པ་མི་རྟག་པ་རྗེས་སུ་མི་འགྲོ་བར་རྒོལ་བའི་བློས་ཞེན་པ་ལྟ་བུ་བློ་སྐྱོན་དང༌། དེ་དེ་ལ་རྗེས་སུ་མི་འགྲོ་བ་ལྟ་བུ་དོན་སྐྱོན་དང༌། དེ་དེ་ལ་རྗེས་སུ་མི་འགྲོ་བར་བརྗོད་པའི་སྒྲ་ལྟ་བུ་སྒྲ་སྐྱོན་ནོ། །གཉིས་པ་ནི། བྱས་པའམ། དངོས་པོ་རྟག་མི་རྟག་གཉིས་ཀ་ལ་རྗེས་སུ་འགྲོ་བ་དང༌། དེར་ཞེན་པ་དང༌། དེར་བརྗོད་པའི་སྒྲ་རྣམས་སོ། །གསུམ་པ་ནི། བྱས་པ་སྒྲའི་སྟེང་དུ་མ་གྲུབ་པ་དང༌། དེར་ཞེན་པ་དང༌། དེར་བརྗོད་པའི་སྒྲ་རྣམས་སོ། །སྐྱོན་གསུམ་པོ་དེ་རང་གི་བསལ་གཞིར་བྱས་པའི་སྟེང་དུ་མ་བསལ་བ་དེ་སྲིད་དུ་བྱས་པའི་གཏན་ཚིགས་ལྟར་སྣང་དུ་འཇོག་ལ། བསལ་བ་ན་ཡང་དག་ཏུ་འཇོག་ཚུལ་གསུམ་གང་རུང་གི་འགལ་ཟླ་གསུམ་པོ་གང་རུང་གི་དངོས་ཀྱི་བསལ་བྱ་དང༌། ཚུལ་གསུམ་གང་རུང་གི་རྒྱུད་པའི་བསལ་བྱ་དེ་གཉིས་ཀའི་སྐྱོན་གྱི་མཚན་ཉིད། དབྱེ་ན། མ་གྲུབ་པའི་རྟགས་ཀྱི་སྟེང་དུ་བསལ་བྱ་དང༌། འགལ་བའི་རྟགས་ཀྱི་སྟེང་དུ་བསལ་བྱ་དང༌། མ་ངེས་པའི་རྟགས་ཀྱི་སྟེང་དུ་བསལ་བྱ་རྣམས་སོ། །དང་པོ་ནི། མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་གྲུབ་པ་དང༌། དེར་ཞེན་པ་དང༌། དེར་བརྗོད་པའི་སྒྲ་རྣམས་སོ། །གཉིས་པ་ནི། བྱས་པ་རྟག་པ་ལ་རྗེས་སུ་འགྲོ་བ་དང༌། དེར་ཞེན་པ་དང༌། དེར་བརྗོད་པའི་སྒྲ་རྣམས་སོ། །གསུམ་པ་ནི། གཞལ་བྱ་རྟག་མི་རྟག་གཉིས་ཀ་ལ་རྗེས་སུ་མི་འགྲོ་བ་དང༌། དེར་ཞེན་པ་དང༌། དེར་བརྗོད་པའི་སྒྲ་རྣམས་སོ། །བསལ་བྱ་དེ་དང་དེ་རང་གི་བསལ་གཞི་དེ་དང་དེའི་སྟེང་དུ་ཇི་སྲིད་མ་བསལ་བ་དེ་སྲིད་དུ། བསལ་གཞི་དེ་དང་དེ་གཏན་ཚིགས་ལྟར་སྣང་གསུམ་པོ་དེ་དང་དེར་མི་འཇོག་ལ། བསལ་བ་ན་དེར་འཇོག་པ་ཡིན་ནོ། །གཏན་ཚིགས་ལྟར་སྣང་རྐྱང་པའི་སྐྱོན་ཡང་ཡོད་མོད། དེས་འདིར་རྟགས་སྐྱོན་གྱི་གོ་མི་ཆོད། དེ་ཡིན་ན་རྟགས་ཀྱི་ཡོན་ཏན་ཡིན་དགོས་པའི་ཕྱིར། དེའི་མཚན་གཞི་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བ་ལྟ་བུའོ། །རྟགས་ཀྱི་སྐྱོན་གསུམ་པོ་གང་རུང་སེལ་བྱེད་དེ་རྟགས་ཀྱི་ཡོན་ཏན་གྱི་མཚན་ཉིད། དབྱེ་ན། རྟགས་ཡང་དག་གི་ཡོན་ཏན་དང༌། ཡང་དག་དང་ལྟར་སྣང་གཉིས་ཀའི་ཡོན་ཏན་ནོ། །རྟགས་སྐྱོན་གསུམ་པོ་གང་རུང་སེལ་བྱེད་དེ་དང་པོའི་མཚན་ཉིད། དབྱེ་ན། གསུམ་ཀ་སེལ་བ་དང༌། རེ་རེ་ནས་སེལ་བའི་དབྱེ་བས་གཉིས་སོ། །དཔེ་ནི། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཀ་ཚང་བ་དང༌། རེ་རེ་ནས་ཚང་བ་ལྟ་བུའོ། །ཡང་དག་དང་ལྟར་སྣང་གཉིས་ཀའི་བསལ་བྱ་སེལ་བྱེད་དེ་གཉིས་པའི་མཚན་ཉིད། དབྱེ་ན་མ་གྲུབ་པའི་རྟགས་ཀྱི་སྟེང་དུ་བསལ་བྱ་སེལ་བྱེད་ལ་སོགས་པ་དབྱེ་བས་གསུམ་མོ། །རྟགས་ཡོན་ཏན་ཅན་དང་གཏན་ཚིགས་ཡང་དག་དོན་གཅིག་ལ་སྐྱོན་ཅན་དང་ལྟར་སྣང་དོན་གཅིག་ཅིང༌། ཡོན་ཏན་གཅིག་དང་ལྡན་པས་ཡོན་ཏན་ཅན་དུ་འཇོག་མི་ནུས་པ་དང༌། སྐྱོན་གཅིག་དང་ལྡན་པས་སྐྱོན་ཅན་དུ་འཇོག་ནུས་པ་མཚན་ཉིད་ཀྱི་སྐྱོན་ཡོན་བཞིན་ནོ། །རང་རང་གི་ཡོན་ཏན་ཡིན་ན་རང་ལ་ལྡན་དགོས་ཀྱང༌། སྐྱོན་ཡིན་ན་ལྡན་མི་དགོས་ཏེ། དེ་ཡིན་ན་སྤྱིར་ཡོད་མི་དགོས་པའི་ཕྱིར་དང༌། དེ་ཡིན་ན་རང་གི་བསལ་གཞིའི་སྟེང་དུ་ཚད་མས་བསལ་བ་དགོས་པའི་ཕྱིར། དཔེར་ན། སྒྲ་མཉན་བྱ་ཡིན་པ་ཚད་མས་བསལ་བ་དེ་ཕྱོགས་སྐྱོན་དུ་བཤད་པ་བཞིན་ནོ། །རྟགས་ཡང་དག་གི་སྐྱོན་ཤེས་བྱ་ལ་སྲིད་པ་རྣམས་ནི་རྟགས་ལྟར་སྣང་ལ་ལྡན་པ་ཡིན་ཏེ། དངོས་པོའི་མཚན་ཉིད་ཀྱི་སྐྱོན་རྣམས་དངོས་པོ་རང་མཚན་པ་ཁོ་ན་ལ་ལྡན་པ་བཞིན་ནོ། །ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་ལྔ་པོ་གང་རུང་གི་བསལ་བྱ་དེ། ཕྱོགས་སྐྱོན་གྱི་མཚན་ཉིད། དབྱེ་ན་ཕྱོགས་ཡང་དག་གི་སྐྱོན་དང༌། ཡང་དག་དང་ལྟར་སྣང་གཉིས་ཀའི་སྐྱོན་ནོ། །རང་གི་བསལ་གཞིའི་སྟེང་དུ་ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་ལྔ་པོ་གང་རུང་གི་དངོས་ཀྱི་བསལ་བྱ་དེ་དང་པོའི་མཚན་ཉིད། དཔེ་ནི། སྒྲ་མི་རྟག་པ་སྐབས་ཀྱི་རྒོལ་བས་ཚད་མས་གྲུབ་ཟིན་པ་དང༌། རང་ཉིད་ཀྱི་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་དང༌། སྒྲུབ་བྱེད་དུ་བཀོད་བཞིན་པ་དང༌། སྒྲ་མི་རྟག་པ་ལ་སྐབས་ཀྱི་རྒོལ་བའི་ཚད་མའི་བསལ་བ་ཞུགས་པ་རྣམས་སོ། །ཕྱོགས་ལྟར་སྣང་གི་མཚན་ཉིད་ཀྱི་དངོས་ཀྱི་བསལ་བྱ་གང་ཞིག ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་རྒྱུད་ནས་བསལ་བར་བྱ་བ་སྟེ། གཉིས་པའི་མཚན་ཉིད། དཔེ་ནི། སྒྲ་རྟག་པ་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་དང༌། དེ་ལ་ཚད་མའི་བསལ་བ་ཞུགས་པའི་ཚེ་ན། སྒྲ་རྟག་པ་ལ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ་ལྟ་བུའོ། །དེ་ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་ཏེ། དེས་དེ་མ་བསལ་ན་མཚན་ཉིད་དེས་ཕྱོགས་ཡང་དག་མ་ཡིན་པ་ལ་རྨོངས་པ་མི་སེལ་བར་ཐལ་བའི་ཕྱིར་རོ། །སྐྱོན་གཉིས་ཀྱི་རྣམ་པར་བཞག་པ་དེང་སང་གྲགས་པ་དག་ནི་གཞུང་དང་མཐུན་པ་མི་སྣང་བས། འདི་ནི་གཞུང་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་ལ། ཞིབ་ཆ་ཅུང་ཟད་སྦྱོར་ཚུལ་ནི་རང་རང་གི་རྣམ་དཔྱོད་ཀྱིས་བརྟགས་ནས་སྦྱར་བ་བྱའོ། །གཉིས་པ་ལ། ཕྱོགས་སྐྱོན་གྱི་གྲངས་ངེས་སེལ་བྱེད་དང་སྦྱར་ནས་བཤད། དཔེ་རྟགས་སྐྱོན་གྱི་གྲངས་ངེས་སེལ་བྱེད་བཅས་པ་མཚོན་ཚུལ་ཁ་བཀང༌། ཕྱོགས་སྐྱོན་སེལ་ཚུལ་ལ་བརྩོད་པ་སྤང་བའོ། །དང་པོ་ནི། ཕྱོགས་ཡང་དག་གི་སྐྱོན་ཆོས་ཅན། བསྡུ་ན་གཉིས་སུ་གྲངས་ངེས་ཏེ། མ་ཁྱབ་པའི་སྐྱོན་དང་ཁྱབ་ཆེས་པའི་སྐྱོན་གཉིས་སུ་དབྱེ་དགོས་ཤིང༌། དེ་ལས་མང་མི་དགོས་པའི་ཕྱིར། དེ་ཆོས་ཅན། རྒྱས་པར་ཕྱེ་ན་ལྔར་གྲངས་ངེས་ཏེ། སེལ་བྱེད་མཚན་ཉིད་ཀྱི་ཟུར་དེ་ལ་བསྟན་བྱ་བ་ཁྱད་གཞིར་འབྲེལ་བའི་ཚེ་ལྔར་གྲངས་ངེས་པའི་རྒྱུ་མཚན་གྱིས་ཁྱོད་ལ་དེར་ངེས་པའི་ཕྱིར། འོ་ན་གང་གིས་གང་སེལ་ཞེ་ན། ཕྱོགས་ཡང་དག་གི་མཚན་ཉིད་འཆད་པའི་ཟུར་གྱི་རང་ཉིད་ལ་སོགས་པའི་ཚིག་བཞི་ཆོས་ཅན། ཕྱོགས་ཡང་དག་ལ་ཁྱབ་ཆེས་པ་སེལ་བར་བྱེད་དེ། སྐབས་ཀྱི་ཕྱིར་རྒོལ་གྱི་གྲུབ་ཟིན་ལ་སོགས་པ་བཞི། ཕྱིར་རྒོལ་དེའི་ངོར་བསྒྲུབ་བྱ་ཡང་དག་ཡིན་པ་སེལ་བའི་ཕྱིར། ཡང་དེའི་ཟུར་གྱི་འདོད་པ་ཞེས་པའི་ཚིག་དེ་ཆོས་ཅན། དེ་ལ་མ་ཁྱབ་པ་སེལ་བར་བྱེད་དེ། རྒོལ་བས་ངག་ཏུ་དངོས་སུ་མ་བརྗོད་ན་ཡང༌། ཞེས་པས་དཔག་འདོད་ཀྱི་ཡུལ་དུ་བྱས་ཤིང༌། སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན། ཆོས་དང་ཆོས་ཅན་གྱི་ཚོགས་དོན་དེ། རྒོལ་བ་དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་མ་ཡིན་པ་སེལ་བའི་ཕྱིར། ཞེས་རིམ་པར། ལྟོས་པ་མེད་པར་ནས། སེལ་བར་བྱེད་ཀྱི་བར་རོ། །གཉིས་པ་ནི། ཕྱོགས་ཀྱི་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ལྡོག་པ་དག་ནི་སྤང་བའི་ཕྱིར། །རྟགས་ཀྱི་མཚན་ཉིད་བཤད་པ་ཡིན། །ཕྱོགས་ཆོས་ལྡོག་པའི་ཚུལ་བཅས་ཀྱི། །ལྡོག་པ་སེལ་བར་བྱེད་པ་ཡིན། །རྗེས་འགྲོས་མ་ཁྱབ་སེལ་བར་བྱེད། །ཅེས་སྦྱོར་རོ། །འདིར་འདི་དཔྱད་པར་བྱ་སྟེ། སྦྱོར་བ་སྐོར་གཅིག་གི་ཤེས་འདོད་ཆོས་ཅན་ཚད་མས་བསལ་བ་དང༌། སྒྲུབ་བྱའི་ཆོས་ཚད་མས་བསལ་བ་དང༌། ཆོས་ཅན་གྱི་སྟེང་དུ་ཆོས་སྐབས་ཀྱི་རྒོལ་བས་ཚད་མས་གྲུབ་ཟིན་པ་དང༌། དེའི་སྟེང་དུ་དེ་ལ་རྒོལ་ཕྱི་རྒོལ་གྱི་དཔག་འདོད་དང་ཤེས་འདོད་མེད་པ་རྣམས་ཕྱོགས་དང་རྟགས་གཉིས་ཀའི་མཚན་ཉིད་ཀྱི་བསལ་བྱར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་བསལ་བྱ་གཉིས་པོ་འགལ་བ་ཡིན། ཞེ་ན། དེ་ནི་རྣམ་པར་དཔྱོད་པ་དང་ལྡན་པའི་དོགས་པ་ཡིན་པས་ལན་འདི་ལྟར་ཤེས་དགོས་ཏེ། སྤྱིར་སྦྱོར་བ་སྐོར་གཅིག་གི་ཚུལ་གསུམ་སོ་སོས་རང་རང་གི་བསལ་བྱ་མཐའ་དག་བསལ་ཟིན་པ་ན། དེ་སྐོར་གྱི་བསྒྲུབ་བྱ་དེ་ལ་སྐྱོན་མེད་དུ་གྲུབ་པ་ཡིན་ཏེ། དཔེར་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་གྲུབ་པ་ན། སྒྲ་མི་རྟག་པ་བསྒྲུབ་བྱ་ཡང་དག་ཏུ་འགྲུབ་པ་བཞིན་ནོ། །དོན་དེ་ཉིད་ཇི་སྐད་དུ། སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ལས། །དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས། །ཞེས་གསུངས་སོ། །དེ་ལྟར་ན་ཡང་དེ་སྐོར་གྱི་ཕྱོགས་ཀྱི་བསལ་བྱ་མཐའ་དག་སེལ་ནུས་པ་མ་ཡིན་ཏེ། དེས་ཕྱོགས་ཀྱི་ཐ་སྙད་ལ་རྨོངས་པ་མཐའ་དག་སེལ་མི་ནུས་པའི་ཕྱིར། ཇི་སྐད་དུ། སྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་རྨོངས་མེད་ཕྱིར་མཚན་ཉིད། །ཅེས་བཤད་པ་ལྟར་རོ། །དེས་ན་ཆོས་ཅན་ཚད་མས་བསལ་བ་ལ་ཚུལ་གཉིས་ཏེ། བསྒྲུབ་བྱའི་ཆོས་ཀྱི་རྟེན་མི་བྱེད་པ་དང༌། རྟགས་ཀྱི་རྟེན་མི་བྱེད་པའོ། །ཆོས་ཚད་མས་བསལ་བ་ལའང་གཉིས་ཏེ། ཆོས་ཅན་ལ་རྗེས་སུ་མི་འགྲོ་བ་དང༌། རྟགས་དཔེ་ལ་རྗེས་སུ་མི་འགྲོ་བའོ། །དེའི་སྟེང་དུ་དེ་གྲུབ་ཟིན་པ་ལའང་གཉིས་ཏེ། རྒོལ་བ་རང་ལ་དཔག་འདོད་མེད་པ་དང༌། རྒོལ་བ་གཞན་ལ་ཤེས་འདོད་མེད་པའོ། །དེ་དག་ནི་རིམ་པ་བཞིན་དུ། ཕྱོགས་རྟགས་ཡང་དག་གི་སྐྱོན་གཉིས་སུ་སོ་སོར་བཞག་དགོས་པ་ཡིན་ཏེ། དཔེར་ན་ཤེས་འདོད་ཆོས་ཅན་ཚད་མས་མ་གྲུབ་པ་དེ་གཏན་ཚིགས་དང་ཕྱོགས་གཉིས་ཀའི་སྐབས་སུ་བསལ་བྱ་ཡིན་པ་ལྟ་བུ་གཅིག་རགས་པའི་རྣམ་གཞག་ལ་བཤད་ཀྱང༌། ཕྱོགས་ཆོས་སུ་འགྱུར་བ་ལ་ཆོས་ཅན་ཚད་མས་འགྲུབ་པ་གཅིག་དགོས་པར་བཤད་པ་ཙམ་གྱི་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ་ཆོས་ཅན་གྲུབ་པ་གཅིག་དགོས་པར་རྟོགས་མི་ནུས་པ་བཞིན་ནོ། །དེ་ལྟར་ན་རི་བོང་གི་རྭ་མེད་པའི་རྒྱུ་མཚན་གྱིས། དེའི་སྟེང་དུ་བྱས་པ་གྲུབ་པ་དེ་རྟགས་སྐྱོན་དང༌། དེ་མི་རྟག་པ་མ་ཡིན་པ་དེ་ཕྱོགས་སྐྱོན་དུ་བཞག་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་ལེགས་པར་བཤད་པ་གཅིག་ཡིན་ནོ། །གཉིས་པ་ནི། འོ་ན་རིགས་སྒོར་གསུངས་པའི་ཕྱོགས་ཡང་དག་གི་མཚན་ཉིད་དེས་ཕྱོགས་ཀྱི་སྐྱོན་མཐའ་དག་སེལ་མི་ནུས་པར་ཐལ། དེ་ལ་མཚན་ཉིད་ཀྱི་ཟུར་ལྔ་པོ་མ་ཚང་བའི་ཕྱིར། ཞེ་ན། དེས་དེའི་རིགས་མི་མཐུན་མཐའ་དག་སེལ་བར་ནུས་སོ། །ཞེས་སྟོན་པ་ནི། བསྒྲུབ་བྱར་འོས་ཤིང་རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་དེ་ཆོས་ཅན། གཞན་དོན་ཕྱོགས་ཡང་དག་གི་རིགས་མི་མཐུན་མཐའ་དག་སེལ་བར་ནུས་ཏེ། ཁྱོད་དེ་ལ་འཇུག་ཅིང༌། དེའི་རིགས་མི་མཐུན་མཐའ་དག་ལ་མི་འཇུག་པའི་མཚན་ཉིད་ཡིན་པའི་ཕྱིར། ཞེས་བསྒྲུབ་བྱར་སོགས་སོ། །འདིར་མཚན་ཉིད་དེས་ལུང་དོན་བསྒྲུབ་བྱ་ཡིན་པ་དེ་སེལ་ནུས་ཀྱང་དེ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་པར་རྟོག་པ་སེལ་མི་ནུས་ལ། དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནོ་སྙམ་པའི་དོགས་པ་ནི་རིགས་སྒོར། ཕྱོགས་ཡང་དག་གི་མཚན་ཉིད་འཇོག་པའི་ཚུལ་འདི་ལ་སྐྱེ་བའི་གོ་སྐབས་མེད་དོ། །གཞུང་འདིས་ནི་རིགས་པའི་སྒོར་ཇི་སྐད་དུ། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ་ནི་ཕྱོགས་ཡིན་ནོ། །ཞེས་པའི་དོན་འཆད་པར་རྒྱན་མཛད་པ་བཞེད་པ་ལྟར་ལེགས་ལ། འདིར་ཉིད་ཅེས་པ་དངོས་པོའི་རྐྱེན་ཡིན་གྱི། ཁོ་ན་བའི་དོན་མ་ཡིན་ཏེ། དེ་ཁོ་ན་བའི་དོན་མ་ཚང་བར་རིགས་པ་མཁྱེན་པས་གསུངས་པའི་ཕྱིར། ལྔ་པ་ལ་རང་ཉིད་ཀྱི་རྣམ་བཅད་ལ་བརྩོད་པ་སྤང་བ་དང༌། རང་སྒྲ་སྨོས་པའི་ཡོངས་གཅོད་ཀྱི་གྲུབ་དོན་ནི་གལ་ཏེ་རིགས་སྒོར་གསུངས་པའི་འདོད་པ་ཞེས་པའི་ཚིག་གིས་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་སེལ་ནུས་ན། ཀུན་ལས་བཏུས་སུ་གསུངས་པའི་དེས་ཀྱང་དེ་སེལ་ནུས་པར་འགྱུར་ལ། དེ་ལྟར་ན་དེར་ངེས་བཟུང་གི་ཚིག་སྨོས་པ་དོན་མེད་པར་འགྱུར་རོ་ཞེ་ན། ཀུན་ལས་བཏུས་སུ། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་ཟུར་ཏུ་རྒོལ་བ་རང་ཉིད་ཀྱི་འདོད་པ་ཞེས་པའི་ཚིག་དེ་ཆོས་ཅན། ངེས་གཟུང་གི་དོན་རྟོགས་མི་ནུས་ཏེ། དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་སེལ་ནུས་པའི་ཕྱིར། དེ་ལྟ་ན་ཡང་ཀུན་ལས་བཏུས་པར་དེའི་ཟུར་དུ་ཁོ་ན་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དཔེར་ན་ལུང་དོན་བསྒྲུབ་བྱ་ཡིན་པ་དེ་འདོད་པ་ཞེས་པའི་ཚིག་གིས་སེལ་ནུས་ཀྱང༌། དེ་དེ་ཡིན་ནམ་སྙམ་པའི་དོགས་པ་བཟློག་པར་བྱ་བའི་ཕྱིར་དུ་རང་སྒྲ་སྨོས་དགོས་པ་བཞིན་ནོ། །ཚད་མ་ཀུན་ལས་བཏུས་སུ། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་སྐབས་འདིར་ཆོས་ཅན། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་གནས་ཡོད་དེ། བསྟན་བྱ་བ་དང༌། འདོད་པ་ཞེས་པའི་ཚིག་གཉིས་པོ་ཁྱད་གཞི་དང་ཁྱད་ཆོས་སུ་འབྲེལ་བའི་ཕྱིར། ཞེས་རིམ་པར། རང་ཉིད་ཅེས་སོགས་རྐང་པ་གཉིས་དང༌། དུས་གཞན་སོགས་རྐང་པ་གཅིག་དང༌། བྱེད་པའི་སོགས་རྐང་པ་གཅིག་རྣམས་སོ། །བསྟན་བྱ་བ་ཞེས་པའི་ཚིག་གིས་མཚོན་བྱ་བསྟན་པར་རྔོག་ལོ་ཆེན་པོ་བཞེད་དོ། །སྔ་རབས་པ་དག་ཕྱོགས་ཚིག་སྒྲུབ་བྱེད་དུ་འདོད་པ་དག་ཁ་དྲང་བའི་ཕྱིར་དུ་ཕྱོགས་ཚིག་སྒྲུབ་པའི་ཡན་ལག་ཏུ་བརྟན་པའོ། །ཞེས་ཟེར་རོ། །འོ་ན་བྱེད་པའི་ནས་བཤད་པ་ཡིན། ཞེས་པའི་ཁྱབ་འབྲེལ་དེ་གང་ཞེ་ན། ཚད་མ་ཀུན་ལས་བཏུས་པར། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་སྐབས་འདིར་ནི་ཆོས་ཅན། འདོད་པ་ཞེས་པའི་སྐད་ཀྱི་བྱིང་ཨི་ཥུ་ཞེས་པ་ལ་མིང་དུ་སྒྲུབ་པའི་རྐྱེན་དུ་བྱིན་པའི་རྐྱེན་ནིཥྛའི་མིང་ཅན་ལ་གཉིས་ཡོད་པའི་ནང་ནས་སྐབས་སུ་བབ་པ་ཀྭ་ཏྭ་དེ་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་ཀྱི་ཡན་ལག་མ་ཡིན་ཏེ། སྡེབ་སྦྱོར་གྱི་དབང་གིས་དེ་ལྟ་བུའི་རྐྱེན་དེ་ཕྱིས་ནས་མི་མངོན་པར་བྱ་བའི་ཕྱིར་ཆོས་ཅན། དེ་ལྟར་དུ་བྱེད་དགོས་པ་ཡིན་ཏེ། དེ་མ་བྱས་ན་འདོད་ཚིག་དང་བསྟན་བྱ་བ་ཁྱད་གཞི་དང་ཁྱད་ཆོས་སུ་འབྲེལ་བའི་རྒྱུ་མཚན་གྱི་བརྒྱད་པ་རྗེས་སུ་བསྔགས་པའི་སྡེབ་སྦྱོར་མི་འགྲིག་པའི་ཕྱིར། ཚད་མ་རིགས་པའི་སྒོར། ཕྱོགས་ཡང་དག་གི་མཚན་ཉིད་འཆད་པའི་ཚིག་དེ་ཡིས་ནི་ཆོས་ཅན། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡང་དག་ཡིན་པ་འགོག་ནུས་ཏེ། འདོད་པ་ཞེས་པའི་སྐད་ཀྱི་བྱིངས་ཨི་ཥུ་ལ་རྐྱེན་དུ་བྱིན་པའི་ཀཱ་ཏྭ་དེ་མ་ཕྱིས་པར་མངོན་གྱུར་དུ་བཞག་པས་དེ་འགོག་ནུས་ཀྱི་ཡན་ལག་ཡིན་པའི་ཕྱིར། དེར་དེ་མ་ཕྱིས་པར་བཞག་པས་ཆོག་པ་ཡིན་ཏེ། འདོད་ཚིག་དང༌། བསྟན་བྱ་བ་གཉིས་ཁྱད་གཞི་དང་ཁྱད་ཆོས་སུ་མ་འབྲེལ་བའི་རྒྱུ་མཚན་གྱིས་རྐྱེན་མ་ཕྱིས་པར་བཞག་ཀྱང་སྡེབ་སྦྱོར་མི་འགྲིག་པའི་སྐྱོན་མེད་པའི་ཕྱིར། ཞེས་རིམ་པར། འདོད་རྐྱེན་དང༌། འདོད་འགྱུར་རྣམས་སོ། །འདིར་དོན་ནི། ཀུན་ལས་བཏུས་དང་རིགས་སྒོ་གཉིས་ཀར་དུ། འདོད་པ་ཞེས་པའི་སྐད་ཀྱི་བྱིངས་ལ་རྐྱེན་བྱིན་ནས་མིང་དུ་བསྒྲུབས་ཟིན་པས། རིགས་མི་མཐུན་སེལ་ནུས་པ་ལ་ཁྱད་པར་མེད་ཀྱང༌། རིགས་སྒོར་རྐྱེན་མ་ཕྱིས་ལ། ཀུན་ལས་བཏུས་པར་ཕྱིས་པས་ལོག་རྟོག་སེལ་ནུས་མི་ནུས་ཀྱི་ཁྱད་པར་དང༌། བསྟན་བྱ་བ་དང་འབྲེལ་མ་འབྲེལ་གྱི་ལོག་རྟོག་སྐྱེ་བའི་གནས་ཡོད་མེད་ཀྱི་ཁྱད་པར་བཤད་པ་ཡིན་ཅིང༌། དོགས་པ་སྐྱེ་བའི་གནས་མེད་པར་བྱས་པ་དང༌། དོགས་པ་སེལ་ནུས་པ་དོན་གཅིག་པ་ཡིན་ནོ། །དེ་ཕྱིར་ཀུན་ལས་བཏུས་ཀྱི་གཞུང་ཁ་ཅིག་ཏུ་འདོད་འགྱུར་ཞེས་འབྱུང་བ་ནི་འགྱུར་ཉེས་པ་ཡིན་ཏེ། རྣམ་འགྲེལ་མཛད་པས་བཀག་ཟིན་པ་དེ་ཉིད་སླར་ཡང་འོངས་པའི་ཕྱིར་རོ། །དཔེར་ན། ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་དོན་ལ་འོང་ཏུ་སྡེབ་སྦྱོར་གྱིས་དབང་གིས། རྐྱེན་ཏ་མི་མངོན་པར་བྱས་པ་བཞིན་དུ། སྐབས་འདི་སློབ་དཔོན་ཆོས་མཆོག་གི་ཅུང་ཟད་ལེགས་པར་བཤད་པ་ནི་འདི་ཡིན་ཏེ། བསྟན་བྱ་བ་དང་འབྲེལ་བ་ན་འདོད་འགྱུར་གྱི་ནུས་པ་བཅོམ་པས་འདོད་འགྱུར་དུ་སོང༌། དེར་སོང་བ་ན་དཔེ་རྟགས་མ་གྲུབ་པ་ཡང་བསྒྲུབ་བྱར་ཐལ་བས། དེ་བསལ་བའི་ཕྱིར་དུ་ཁོ་ནའི་ཚིག་སྨོས་པ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་རྔོག་ལོ་ཆེན་པོས་ཉེས་པ་གསུམ་བརྗོད་པ་ནི་འདི་ལྟ་སྟེ། འདོད་འགྱུར་དགག་པའི་དོན་དུ་ཁོ་ནའི་སྒྲ་སྨོས་མི་དགོས་པ་དང༌། མི་ནུས་པ་དང་ནུས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། བསྟན་བྱ་བ་ཞེས་པའི་སྒྲས་འདོད་འགྱུར་གྱི་ནུས་པ་བཅོམ་མི་ནུས་ཏེ། དེ་གཉིས་བརྗོད་བྱའི་དོན་ཐ་དད་པའི་ཕྱིར། དཔེར་ན་ད་ལྟ་ཡོད་པ་ཕྱིས་ཤེས་པར་འགྱུར་རོ། །ཞེས་བརྗོད་པ་བཞིན་ནོ། །དེའི་ཕྱིར་འདོད་འགྱུར་གྱི་ནུས་པ་བསལ་བར་བྱ་བའི་དོན་དུ་ཁོ་ནའི་ཚིག་མི་དགོས། གཉིས་པ་ནི། ཁོ་ན་བ་ཞེས་པའི་སྒྲས་འདོད་འགྱུར་དགག་མི་ནུས་པར་འགྱུར་ཏེ། འདིར་ཡང་སྡེབ་སྦྱོར་གྱིས་དབང་གིས་གྱུར་པའི་སྐད་དོ་ཀཱ་ཏྭ་བ་ཞེས་པའི་མི་མངོན་པར་བྱས་པ་ཡིན་ནོ། །གལ་ཏེ་ནས་ནས། བསྟན་བྱ་བ་ཞེས་པའི་སྒྲས་འདོད་ཚིག་གི་ནུས་པ་བཅོམ་པ་བཞིན་དུ། ཁོ་ན་བའི་ཚིག་གི་ནུས་པ་ཡང་འཇོག་པར་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། ཁོ་ན་བའི་ཚིག་གི་དུས་གསུམ་ཆར་དུ་བསྒྲུབ་བྱ་ཁོ་ནར་བསྟན་བྱ་བ་ཡིན་པ་ཞིག་དགོས་པར་བསྟན་ན། འོ་ན་རྒྱུ་རྐྱེན་ལ་སྐྱེས་པའི་རྟགས་ཀྱི་སྒྲ་བྱས་པ་ཡིན་པ་སྔར་བསྒྲུབས་ནས་ཕྱིས་སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་འགོད་པར་བསམ་པ་དེའི་ཚེ་ན། སྒྲ་དང་བྱས་པའི་ཚོགས་དོན་དེ་བསྒྲུབ་བྱ་མ་ཡིན་པར་འགྱུར་ཏེ། བསྒྲུབ་བྱ་ཁོ་ནར་བསྟན་བྱ་བ་མ་ཡིན་པའི་ཕྱིར་ཏེ། སྒྲུབ་བྱེད་དུ་སྟོན་པའི་ཕྱིར། ཞེས་པའི་སྐྱོན་བརྗོད་ནས་རང་གི་ལུགས་རྣམ་པར་དག་པ་ནི། འདོད་པ་ཞེས་པའི་ཚིག་གིས་ནི། བསམ་པས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་དེ་བཟུང༌། བསྟན་བྱ་བ་ཞེས་པའི་ཚིག་གི་ད་ལྟ་ལུས་ངག་གི་བསྒྲུབ་བྱར་མ་བཟུང་ཀྱང་ཕྱིས་ལུས་ངག་གི་བསྒྲུབ་བྱ་བསྟན་བྱ་བ་ཞིག་ཀྱང་བསྒྲུབ་བྱར་འཕངས་པ་ཡིན་ནོ། །དེ་ལྟར་ན་དཔྱོད་པ་པའི་ངོར། ཐོག་མར་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་ནས། རྟགས་མ་གྲུབ་ཟེར་ན་རྒྱུ་རྐྱེན་ལས་སྐྱེས་པའི་རྟགས་ཀྱིས་དེ་སྒྲུབ་པར་བྱའོ་སྙམ་དུ་སངས་རྒྱས་པས་བསམས་པ་དེའི་ཚེ་ན་སྒྲུབ་བྱེད་དུ་བཀོད་པའི་སྒྲ་བྱས་པ་ཡིན་པ་དེ་ཆོས་ཅན། བསྒྲུབ་བྱར་ཐལ། རྒོལ་བའི་བསམ་པས་དཔག་འདོད་ཀྱི་ཡུལ་དུ་བཟུང་ཞིང༌། ལུང་གིས་བསྒྲུབ་བྱར་བསྟན་བྱ་བ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་ཡོད་པས་དེ་བསལ་བར་བྱ་བའི་ཕྱིར་དུ་ཁོ་ནའི་སྒྲ་སྨོས་ཞེས་གསུངས་ཏེ། ལེགས་པར་བཤད་པའོ། །དེ་བས་ཀྱང་ལེགས་པར་བཤད་པ་དེ་ཉིད་གཞུང་དོན་དུ་བཤད་ཟིན་པ་དེ་ཡིན་ནོ། །འདིར་དཔེ་རྟགས་མ་གྲུབ་པའི་མཚན་གཞི་ནི། དཔྱོད་པ་དང་གྲངས་ཅན་གྱི་ངོར་སྒྲ་མི་རྟག་སྒྲུབ་ལ་བྱས་པ་དང༌། བུམ་པ་དཔེ་རྟགས་སུ་བཀོད་པ་དེའི་ཚེ་ན། དཔྱོད་པ་ལ་རྟགས་མ་གྲུབ། གྲངས་ཅན་ལ་དཔེ་མ་གྲུབ་པ་ལྟ་བུ་ལ་བྱེད་པར་སློབ་དཔོན་ཆོས་མཆོག་གི་བཤད་པ་ལྟར་ལེགས་སོ། །གཉིས་པ་ལ། ཕྱོགས་མཚན་ཞེས་པ་མན་གྱིས་དོན་བསྡུ་བ་ནི། རྗོད་བྱེད་སོགས་སོ། །ཆོས་ཅན་གཅིག་ལ་ཞེས་པ་མན་གྱིས་དོན་བསྡུ་བ་ནི། བསྟན་བཅོས་ནས། སྐྱོན་མེད་ཉིད་ཀྱི་བར་རོ། །སྐབས་འདིར་རང་ཉིད་ཀྱི་རྣམ་གཅད་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་པ་སེལ་ཞེས་པ་དང༌། སྔར་འདིས་ནི། ཆོས་ཅན་ཆོས་དག་གིས། ཞེས་པར་འདོད་པ་ཞེས་པའི་ཚིག་གིས་ཡོངས་གཅོད་ལས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་བསལ་ཞེས་བཤད་པས་དེ་དག་དང༌། འདིར་ནི་དེ་སྐད་མ་བསྟན་ཀྱང་ཕྱོགས་ལ་འགལ་བ་ཅུང་ཟད་མེད་ཅེས་དང༌། རྟགས་ཕྱོགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་གཉིས་འགལ་བར་བཤད་པའི་དོན་ལ་རྟོག་ཅིང་དཔྱོད་དགོས་པར་སྣང་ངོ༌། །དེ་ལྟར་དཔྱད་པའི་ཚེ་དེས་སྐྱོན་སེལ་ཞེས་པ་མ་ཡིན་གྱི་དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་མ་ཡིན་པར་གྲུབ་པ་ན་བྱས་པ་དེ་ཞེ་འདོད་ཀྱི་བསྒྲུབ་བྱ་དང་འགལ་བའི་སྐྱོན་མེད་པར་གྲུབ་ཅེས་པའོ། །གཞན་དག་རྣམས་ཀྱིས་རང་ཉིད་ཀྱིས། །མདོར་བསྟན་མ་གཏོགས་རྒྱས་བཤད་ལ། །ཉེས་བཤད་མ་གཏོགས་ལེགས་བཤད་ནི། །གཅིག་མེད་གཉིས་པ་ག་ལ་ཡོད། །འོན་ཀྱང་བླུན་ལས་བླུན་པོའི་ངོར། །མཁས་ལས་མཁས་པར་ཆོས་དེ་དག །ངོ་ཚ་ལས་ཀྱང་ངོ་ཚ་བའི། །གནས་དེར་གནས་པར་མ་གྱུར་ཅིག །དོན་སྟོན་མེད་པའི་ཚིག་ཕྲེང་གི །ཁུར་པོས་སློབ་མའི་བློ་གྲོས་ཀྱི། །ལུས་སྟོབས་ངལ་བར་བྱེད་དེ་དག །སྡུག་བསྔལ་ཁུར་གྱིས་ནོན་མིན་ནམ། །ཀྱེ་མ་བསྐལ་བཟང་གྲོགས་པོ་དག །རྨོངས་པའི་ཚིག་ལ་མ་བརྟེན་པར། །མཁས་པའི་གསུང་གི་རྗེས་འབྲངས་ནས། །མཐོན་པོའི་གོ་འཕངས་དེ་ཐོབ་འགྱུར། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་མ་བསལ་བཤད་པ་ལ། འོ་ན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ་སྔར་བཤད་པའི་ཁྱད་པར་གྱི་ཆོས་བཞི་པོ་དེ་ཙམ་གྱི་ཆོག་གམ་ཞེ་ན། ཚད་མ་མདོར། མངོན་གསུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་པའི་དོན་འཆད་པ་ལ། མ་བསལ་བ་ཞེས་སྨོས་པའི་དགོས་པ་དངོས། དགོས་པ་དེ་སྒྲུབ་པ། ལོག་ཕྱོགས་ཚད་མའི་བསལ་བ་ངོས་བཟུང་བའོ། །དང་པོ་ནི། ཚད་མ་ཀུན་ལས་བཏུས་སུ། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་ཟུར་དུ། མ་བསལ་བ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བསྒྲུབ་བྱ་ཡང་དག་ཡིན་ན་རྒོལ་བས་ཚད་མས་མ་བསལ་བ་གཅིག་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་ན་བསྒྲུབ་བྱ་ཡང་དག་མ་ཡིན་དགོས་ཏེ། གཏན་ཚིགས་ཡང་དག་ཡིན་ན་རྒོལ་བ་གང་ལ་ཐེ་ཚོམ་ཞུགས་པའི་དོན་དེ་སྒྲུབ་བྱེད་ཡིན་དགོས་པའི་ཕྱིར། ཞེས་ཁས་བླངས་སོ། །འདིར་ཐེ་ཚོམ་ནི། གྲུབ་བསལ་མེད་ཅིང་ཡུལ་དེ་འཛིན་པའི་རྟོག་པ་ཐམས་ཅད་དོ། །འོ་ན་བདག་ཉིད་ཆེན་པོས་སེལ་བྱེད་ཀྱི་ཚད་མ་ལ་བཞིར་བཤད་པ་དང༌། སྔར་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་བཤད་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། རྗེས་དཔག་ལ་གསུམ་དུ་དབྱེ་བའི་སྒོ་ནས་དང༌། དེ་ལ་བཞིར་བཤད་པ་ནི། ཞེས་རྗེས་སུ་སོགས་སོ། །འོ་ན་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཏུ་མ་འདུས་པའི་རྗེས་སུ་དཔག་པའི་ཚད་མ་གཉིས་ཡོད་ན། དེ་གཉིས་ཀྱི་རྟེན་གཏན་ཚིགས་ཡང་དག་ཀྱང་རེ་རེ་ཡོད་དགོས་པས་དེ་ལྟར་ན། སྔར་གཏན་ཚིགས་ཡང་དག་ལ་གསུམ་དུ་གྲངས་ངེས་པར་བཤད་པ་དང་འགལ་ལོ་ཞེ་ན། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་རྟོགས་པའི་རྗེས་དཔག་གི་རྟེན་གཏན་ཚིགས་ཡང་དག་གཅིག་ཡོད་ན། གཏན་ཚིགས་ཡང་དག་ལ་གསུམ་དུ་གྲངས་ངེས་མི་དགོས་ཏེ། སྤྱད་པ་ལས་བདེ་བ་འབྱུང་བར་བསྟན་འཆོས་རིན་ཆེན་ཕྲེང་བ་ལས་གསུངས་པ་དེ་སྐབས་ཀྱི་རྒོལ་བའི་ངོར་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་བསྒྲུབ་པའི་འབྲས་བུའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེ་ཆོས་ཅན་ཁྱོད་དེ་སྒྲུབ་ཀྱི་འབྲས་བུའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱོད་རང་རྒྱུ་སྤྱད་པ་ལས་བདེ་བ་འབྱུང་བ་དེའི་འབྲས་བུ་ཡིན་པར་རྒོལ་བ་རང་གིས་ཁས་བླངས་པའི་ལུང་ལ་བརྟེན་པའི་ཚད་མས་འགྲུབ་པའི་ཕྱིར། ཞེས་དེ་ལ་ཞེས་སོ། །དེ་འགྲུབ་ཚུལ་ཇི་ལྟ་བུ་ཞེ་ན། སྦྱིན་པས་ལོངས་སྤྱོད་ཅེས་པའི་རིན་ཆེན་ཕྲེང་བའི་ལུང་དེ་ཆོས་ཅན། རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། དཔེར་ན་སྒྲ་མཉན་བྱ་དང་མི་རྟག་པར་སྟོན་པའི་རིན་ཆེན་ཕྲེང་བའི་ལུང་བཞིན་ནོ། །ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་གྲུབ་པ་ཡིན་ལ། འདི་དང་རྩ་བའི་ཕྱོགས་ཆོས་ནི་མངོན་སུམ་གྱིས་སོ། །འདི་ལྟ་བུའི་ཡིད་ཆེས་པའི་གཏན་ཚིགས་ཡང་དག་འགོད་པའི་དུས་ནི། བསྟན་འཆོས་རིན་ཆེན་ཕྲེང་བ་ནས་གསུངས་པའི་གཞལ་བྱའི་གནས་དང་པོ་གཉིས་ལས་དཔྱད་པ་རྣམ་པར་དག་ནས། དེ་ནས་གསུངས་པའི་ཤིན་ལྐོག་ལ་རྟོག་དཔྱོད་འཕོ་བ་དེའི་ཚེའོ། །ཡུལ་ནི་བསྟན་འཆོས་དེ་ནས་གསུངས་པའི་མངོན་གྱུར་གྱི་ཆ་རྣམས་མངོན་སུམ་གྱིས་གྲུབ། ཅུང་ཟད་ལྐོག་ཏུ་གྱུར་པ་རྣམས་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་ཚད་མས་གྲུབ། ཤིན་ལྐོག་སྟོན་པའི་ཆ་ལ་མགོན་པོ་ཀླུ་སྒྲུབ་ཉིད་ཀྱི་རང་ཚིག་དངོས་ཤུགས་འགལ་བ་མེད་ཅིང༌། དེས་སྔར་ཞལ་གྱིས་བཞེས་པའི་སངས་རྒྱས་ཀྱི་ལུང་དང༌། ཕྱིས་བསྟན་འཆོས་སུ་དམ་བཅས་པ་གཉིས་མི་འགལ་བར་གྲུབ་པའི་རྒོལ་བ། དེ་ནས་གསུངས་པའི་ཤིན་ལྐོག་ལ་ཤེས་འདོད་ཞུགས་པ་དེ་ལའོ། །འོ་ན་ཅི་སྟེ་མི་རྟག་པར་རིན་ཆེན་ཕྲེང་བ་ལས་གསུངས་པ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་ཡིད་ཆེས་པའི་གཏན་ཚིགས་ཡང་དག་ཏུ་མཚུངས་སོ། །ཞེ་ན། མི་མཚུངས་ཏེ། ཇི་སྲིད་བསྟན་འཆོས་རིན་ཆེན་ཕྲེང་བ་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པ་དེ་སྲིད་དུ་ནི། དེས་དེ་ལྟར་བསྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་པ་མི་ཤེས་པ་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ལ། དེ་དེས་རྣམ་པར་དག་པའི་ཚེ་ན་ནི། དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་མི་འགྱུར་བས། མཚུངས་པའི་གོ་སྐབས་མེད་པའི་ཕྱིར་རོ། །ཡང་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་རྟོགས་པའི་གྲགས་པའི་རྗེས་དཔག་གི་རྟེན་གཏན་ཚིགས་ཡང་དག་གཅིག་ཡོད་ན་གཏན་ཚིགས་ཡང་དག་ལ་གསུམ་དུ་གྲངས་ངེས་པས་མ་ཁྱབ་སྟེ། རྟོག་ཡུལ་ན་ཡོད་པ་དེ། དེ་ལྟར་བསྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱོད་དང་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་གཉིས་ཀྱིས་བདག་གཅིག་འབྲེལ་བ་དེ་འགྲོ་བ་ཐམས་ཅད་ཀྱི་དྲེགས་པས་འགྲུབ་པའི་ཕྱིར། ཞེས་འགྲོ་ལ་ཞེས་པའོ། །ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་སྟེ། བརྗོད་འདོད་ཐམས་ཅད་ཀྱིས་འཇུག་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་ཁྱབ་འབྲེལ་ངེས་པར་བྱེད་དོ། །དེ་ལྟར་ན་འབྲས་རང་གི་གཏན་ཚིགས་ཡང་དག་གང་རུང་ཡིན་ན། དངོས་པོ་སྟོབས་ཤུགས་ཀྱི་གཏན་ཚིགས་ཡང་དག་ཡིན་པས་མ་ཁྱབ་སྟེ། དེ་བྱུང་འབྲེལ་པ་ངེས་བྱེད་ལ་དངོས་པོ་སྟོབས་ཤུགས་དང༌། ཁས་བླངས་པའི་ལུང་ལ་རྟེན་པ་གཉིས་མཐོང་བའི་ཕྱིར་དང༌། བདག་གཅིག་འབྲེལ་པ་ངེས་བྱེད་ལ་དངོས་པོ་སྟོབས་ཤུགས་དང་གྲགས་པ་ལ་བརྟེན་པ་གཉིས་ཡོད་པའི་ཕྱིར། འདིར་གྲགས་ཡིད་གཉིས་འབྲས་རང་གི་གཏན་ཚིགས་སུ་བཤད་པ་འདི་ཡང༌། བདག་ཉིད་ཆེན་པོས་གྲགས་ཡིད་ཀྱི་བསལ་བར་དངོས་སུ་གསུངས་པ་དེ་དང་དེའི་འགལ་ཟླ་སྒྲུབ་པའི་གཏན་ཚིགས་ཀྱི་དབང་དུ་བྱས་པ་ཡིན་གྱི། སྤྱིར་དེ་དང་དེའི་གཏན་ཚིགས་ཡང་དག་ལ་དེ་དག་གང་རུང་གིས་ཁྱབ་པ་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་རྟག་པ་དང་བདག་མེད་དུ་སྒྲུབ་པ་ལ། བྱས་པ་དང་བདག་སྣང་རུང་མ་དམིགས་པ་གཏན་ཚིགས་ཡང་དག་ཏུ་སོང་བ་དེའི་ཚེ་ན། དེ་དག་གི་རྟེན་ཤེས་འདོད་ཆོས་ཅན་ཤིན་ཏུ་ལྐོག་གྱུར་ཡིན་པས་ཡིད་ཆེས་པའི་གཏན་ཚིགས་ཡང་དག་ཏུ་ཁས་ལེན་དགོས་པའི་ཕྱིར་དང༌། ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་གཏན་ཚིགས་ཡང་དག་ཐམས་ཅད་ཀྱང་གྲགས་པའི་གཏན་ཚིགས་ཡང་དག་ཏུ་ཁས་ལེན་དགོས་པས། དེ་ཡིན་པར་གྱུར་པའི་དགག་པའི་གཏན་ཚིགས་ཡང་དག་ཀྱང་མཐོང་བའི་ཕྱིར་རོ། །འདིར་ཡང་རང་བཞིན་རྟགས་དང་སྣང་རུང་མ་དམིགས་པའི་རྟགས་མི་འགལ་ཏེ་དགག་པའི་གཏན་ཚིགས་འགལ་བ་དེའི་ཚེ་བདག་མེད་བསྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་དང༌། བདག་ཡོད་པ་འགོག་པའི་དགག་པའི་གཏན་ཚིགས་སུ་འཇོག་པ་ནི་གཞུང་དོན་ནོ། །གསུམ་པ་ལ། ཇི་སྐད་དུ། མདོར་གཞན་དུ་ན་བུམ་པ་རྟག་གོ །སྒྲ་ནི་མཉན་པར་བྱ་བ་མ་ཡིན་ནོ། །ཞེས་དམ་བཅས་པ་ལྟ་བུའོ། །རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ་ཡོད་པའི་ཕྱིར། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ། །ཞེས་བྱ་བ་ནི་དམ་བཅས་པ་ཙམ་གྱིས་དེར་སྣང་བ་ཡིན་ནོ། །འདི་ཡང་ཆོས་ཀྱི་རང་གི་ངོ་བོ་དང༌། འགལ་བ་སེལ་བའི་སྒོ་ཙམ་ཞིག་བསྟན་པ་ཡིན་ལ། ཞེས་པའི་མདོ་དོན་བཤད་པའི་སྒོ་ནས་ཆོས་ཀྱི་ངོ་བོ་ལ་གནོད་པ་དམ་བཅའ་ལྟར་སྣང་དང༌། དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། ཡང་ཇི་སྐད་དུ། ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དང་ཆོས་ཅན་རང་གི་ངོ་བོ་དང་འགལ་བ་སེལ་བ་ཡང་རིག་པར་བྱ་སྟེ། ཞེས་སོགས་ཀྱི་མདོ་དོན་བཤད་པའི་སྒོ་ནས་དེས་དམ་བཅའ་ཕྱི་མ་གསུམ་གྱི་ཞེན་དོན་ལ། སེལ་བྱེད་ཀྱི་ཚད་མ་བཞིས་གནོད་ཚུལ་མཚོན་པར་གསུངས་པའི་དགོངས་དོན་གཏན་ལ་དབབ་པའོ། །དང་པོ་ལ་སེལ་བྱེད་གང་གིས་བསལ་བ་རྒྱས་པར་བཤད། ཆོས་ཅན་གང་ལ་བསལ་བ་རྒྱས་པར་བཤད། ཁྱད་པར་མ་གྲུབ་པ་སོགས་ཕྱོགས་སྐྱོན་དུ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ། ཡིད་ཆེས་ཀྱི་དང༌། གྲགས་པའི་དང༌། མངོན་སུམ་གྱི་བསལ་བ་ངོས་གཟུང་བའོ། །དང་པོ་ལ་ཚད་མ་ཀུན་ལས་བཏུས་པར། རང་ཚིག་དང༌། ལུང་ཚིག་དང་འགལ་བའི་དཔེ་བརྗོད་ཐུན་མོང་དུ་གསུངས་པའི་རྒྱུ་མཚན་དང་དགོས་པ་རྒྱས་པར་བཤད་པའི་སྒོ་ནས་ཡིད་ཆེས་ཀྱི་བསལ་བ་ངོས་གཟུང༌། རིགས་སྒོར་རང་ཚིག་དང་བསྟན་འཆོས་དང་འགལ་བའི་དཔེར་བརྗོད་ཐ་དད་དུ་གསུངས་པའི་དགོས་པ་བཤད་པའི་སྒོ་ནས་རང་ཚིག་དང་འགལ་བ་ཙམ་ཡིད་ཆེས་ཀྱི་བསལ་བ་མ་ཡིན་པར་བསྟན། དེ་དག་ལ་བརྩོད་པ་སྤངས་པའི་སྒོ་ནས་གྲུབ་དོན་བསྟན་པའོ། །དང་པོ་ལ་རེ་ཤིག་ཐོག་མར་སྤྱིའི་དོན་ནི། འདིར་སེལ་བྱེད་བསལ་བྱ་སེལ་ནུས་པའི་རྒྱུ་མཚན་དང་གསུམ་མོ། །དང་པོ་ལ་སེལ་བྱེད་བཏགས་པ་བ་ཡུལ་ཅན་གྱི་ཤེས་བྱེད་དང༌། མཚན་ཉིད་པ་ཡུལ་གྱི་སེལ་བྱེད་དོ། །དང་པོ་ལ་གཉིས་ཏེ། ཡིད་ཆེས་པའི་རང་ཚིག་དང་ལུང་ཚིག་གོ །དང་པོ་ནི། གཞལ་བྱ་ཤིན་ཏུ་ལྐོག་གྱུར་སྟོན་ཚུལ་ལ་མི་སླུ་བའི་རྒོལ་བ་རང་གི་ཚིག་སྟེ། དཔེར་ན། སྦྱིན་པས་ལོངས་སྤྱོད་ཅེས་པ་ལྟ་བུ་མགོན་པོ་ཀླུ་སྒྲུབ་ཞབས་ལ་ལྟོས་པའི་རང་ཚིག་གོ །གཉིས་པ་ནི། རྒོལ་བ་རང་གི་ལུང་ཚད་མར་ཁས་བླངས་པའི་ཤིན་ལྐོག་གི་ཆ་སྟོན་པའི་སངས་རྒྱས་ཀྱི་མདོ་ལྟ་བུ། སློབ་དཔོན་དེ་ལ་ལྟོས་པའི་ཡིད་ཆེས་པའི་ལུང་ཚིག་གོ །སྤྱིར་རྒོལ་བ་རང་གི་ཁས་བླངས་པའི་ལུང་ཚད་མ་མ་ཡིན་ཀྱང༌། མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་སྟོན་པའི་ཆ་ནི་འདིར་ཡིད་ཆེས་པའི་ཚིག་ཏུ་མི་འཇོག་སྟེ། དེའི་འགལ་ཟླ་གང་ཡིན་པ་དེ་མངོན་སུམ་དང༌། དངོས་པོ་སྟོབས་ཤུགས་ཀྱི་བསལ་བའི་ཕྱོགས་སུ་ཀླན་པའི་ཕྱིར། གཉིས་པ་སེལ་བྱེད་དངོས་ནི། ཡིད་ཆེས་པའི་ཚིག་གང་དང་གང་ཡིན་པ་དེའི་བསྟན་བྱའི་དོན་དེ་དང་དེ་ངེས་པའི་ཚད་མའོ། །གཉིས་པ་བསལ་བྱ་ནི། ཡིད་ཆེས་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་ཏེ། དབྱེ་ན། སྦྱིན་སོགས་དཀར་པོའི་ཆོས་སུ་ཚད་མས་ངེས་པའི་རྒོལ་བས་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་ཞེན་དོན་ལྟ་བུ་ཡིད་ཆེས་པའི་རང་ཚིག་གི་བསལ་བ་དང༌། སྦྱིན་པས་ལོངས་སྤྱོད་ཅེས་པའི་ལུང་དཔྱད་པ་གསུམ་གྱིས་དག་པའི་ལུང་དུ་སྔར་ཁས་བླངས་ནས། ཕྱིས་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་ཞེན་དོན་ལྟ་བུ་ཡིད་ཆེས་པའི་ལུང་ཚིག་གི་བསལ་བ་གཉིས་སོ། །གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་པ་དང༌། ངའི་མ་མོ་གཤམ་ཞེས་པ་ཡང༌། སྤྱིར་རང་ཚིག་དངོས་ཤུགས་འགལ་བའི་རྣམ་བསལ་གྱི་དཔེ་ཡིན་གྱི། འདིར་བཤད་པའི་རང་ཚིག་བསལ་བར་མི་རུང་སྟེ། དེའི་ལོག་ཕྱོགས་ཚུ་རོལ་མཐོང་བའི་དངོས་པོ་སྟོབས་ཤུགས་ཀྱི་ཚད་མས་གྲུབ་པའི་ཕྱིར་རོ། །གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་ལུང་ནི་རང་གི་བསྟན་བྱའི་དོན་ཚད་མས་རྟོགས་ཟིན་པའི་འོག་ཏུ་ལུང་ཚད་མར་ཁས་ལེན་པ་ཡིན་ཏེ། དེའི་དོན་དངོས་པོ་སྟོབས་ཤུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། ཤིན་ལྐོག་སྟོན་པའི་ལུང་ནི་ལུང་དོན་མ་ངེས་ཅིང་སྔར་ཁས་ལེན་པ་ཡིན་ཏེ། ལུང་ཁོ་རང་མ་གཏོགས་པའི་ལུང་དེའི་དོན་རྟོགས་པའི་ཐབས་ཀྱི་སྒྲུབ་བྱེད་མེད་པའི་ཕྱིར། དེས་ན་གནས་གསུམ་པོ་སྟོན་པའི་ལུང་གསུམ་ཀ་ཤིན་ལྐོག་ཁོ་ན་སྟོན་པའི་ཐབས་སུ་ཁས་ལེན་ནོ། །གསུམ་པ་ནི། སེལ་བྱེད་དངོས་བརྟགས་ཅི་རིགས་སུ་བཤད་པ་དེ་དང་དེས། བསལ་བྱ་དེ་དག་དངོས་སམ་རྒྱུད་པ་གང་རུང་གིས་སེལ་བར་ནུས་པ་ཡིན་ཏེ། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་བརྩོམ་པ་པོ་ཚད་ལྡན་གྱི་ལུང་དེ། རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་པའི་ཕྱིར། གཉིས་པ་གཞུང་གི་དོན་ལ། སེལ་བྱེད་གཉིས་པོ་བྱེད་ལས་མཚུངས་པར་བསྟན། བསལ་བྱ་དངོས་བརྟགས་ཀྱི་དབྱེ་བ་སོ་སོར་བཤད། ཚུལ་རོལ་མཐོང་བའི་དངོས་པོ་སྟོབས་ཤུགས་ཀྱི་གྲུབ་པའི་དོན་ལ་ལུང་སྒྲུབ་བྱེད་དུ་མི་འཇུག་པར་བཤད་པའི་སྒོ་ནས་གྲུབ་དོན་གཞན་བསྟན་པའོ། །དང་པོ་ལ། སེལ་བྱེད་གཉིས་ལྷན་ཅིག་ཏུ་བཟུང་བའི་རྒྱུ་མཚན། དགོས་པ་དེས་ཕྱོགས་གླང་ཞབས་ཀྱི་དགོངས་པ་གྲུབ་པ་བསྟན་པའོ། །དང་པོ་ནི་ཚད་མ་ཀུན་ལས་བཏུས་སུ་ཕྱོགས་སྐྱོན་སེལ་བྱེད་ཡིད་ཆེས་པའི་སྐབས་སུ། ཡིད་ཆེས་པའི་རང་ཚིག་དང༌། ལུང་ཚིག་གཉིས་ལ་ཡིད་ཆེས་གཅིག་ཏུ་བསྡུས་པ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཇི་ལྟར་རྣམས་སོ། །གཉིས་པ་ནི། དེ་དེར་སྟོན་པ་ཆོས་ཅན། དགོས་པ་ཡོད་དེ། ཡིད་ཆེས་པའི་རང་ཚིག་དང༌། ལུང་ཚིག་གཉིས་ཡིད་ཆེས་སུ་མཚུངས་པར་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་དེར་བསྟན་པ་ཡང་ཆོས་ཅན། དགོས་པ་ཡོད་དེ། ཡིད་ཆེས་པའི་ལུང་ཚིག་གཉིས་ཀ་དེ་རང་གི་སྐབས་ནས་འབྱུང་བའི་ཆོས་ཅན་ཤིན་ཏུ་ལྐོག་གྱུར་གྱི་སྟེང་དུ། རང་གི་དམ་བཅའི་དོན་ལ་ཡིད་ཆེས་པའི་སྟོབས་ཀྱི་གནོད་བྱེད་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་མཚུངས་པ་སོགས་སོ། །མདོར་ན། རང་གི་ཁས་བླངས་པའི་བསྟན་བཅོས་རྣམ་དག་དེ་ཡང་རང་གི་སྨྲས་པའི་ཚིག་ཚད་མ་དང་ཡིད་ཆེས་ཀྱི་གནས་སུ་མཚུངས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། དེ་གཉིས་སུ་ལྷན་ཅིག་ཏུ་བཤད་ཅེས་པ་སྐབས་ཀྱི་དོན་ནོ། །དེའི་ཕྱིར་འདིར་གང་མཚུངས་རྒྱུའི་རང་ཚིག་ནི་ཡིད་ཆེས་པའི་རང་ཚིག་ཡིན་ལ། གང་དང་མཚུངས་པའི་རང་ཚིག་ནི་མངོན་ལྐོག་སྟོན་པའི་རང་གི་ཚིག་ཚད་མ་རྣམས་ཀྱང་ཡིན་ནོ། །འདིར་ཡིད་ཆེས་པའི་ཚིག་ལ་གཉིས་ཏེ། རང་ཚིག་དང༌། ལུང་ཚིག་གོ །དང་པོ་ལ་གཉིས་ཏེ། མངོན་ལྐོག་སྟོན་པའི་རང་ཚིག་དང༌། ཤིན་ལྐོག་སྟོན་པའི་འོ། །དང་པོ་ནི། རང་དང་མཚུངས་རྒྱུའི་རང་ཚིག་ཡིན་ལ། གཉིས་པ་ནི། གང་མཚུངས་པའི་རང་ཚིག་དེའོ། །འདིར་ཡིད་ཆེས་པའི་རང་ཚིག་བཞག་ཏུ་ཡང་དེ་ཁོ་ནའོ། །འོ་ན་ལུང་ཚིག་དང་ཁྱད་པར་ཅི་ཡོད། ཅེ་ན། རང་སྨྲ་བ་པོས་ཡིད་ཆེས་པའི་ལུང་དོན་རང་ཚིག་གི་སྒོ་ནས་སྨྲས་པ་དང༌། ཡིད་ཆེས་པའི་ལུང་གི་ཚིག་ཐད་སོར་བཞག་པའི་ཁྱད་པར་རོ། །དེས་ན། འདི་ལྟར་ཡིད་ཆེས་སོ། །གང་ན་ཤིན་ལྐོག་སྟོན་པའི་ལུང་དང་རང་ཚིག་གོ །གང་ལ་ན་ཤིན་ལྐོག་དེ་ལའོ། །གང་གིས་ཡིད་ཆེས་ན་མངོན་ལྐོག་གཉིས་སྟོན་པའི་ཆ་ལ་མི་སླུ་བའི་རྒྱུ་མཚན་གྱིས་ཡིད་ཆེས་པ་ནི་ཡིད་ཆེས་སུ་འཇོག་བྱེད་དང་པོ་ཡིན་ལ། གཉིས་པ་ནི། ཡིད་ཆེས་པའི་རང་ཚིག་ལ་སྔ་ཕྱི་མི་འགལ་ཞིང་སྔར་གསུངས་པའི་ལུང་རྣམ་དག་གིས་ཀྱང་མི་གནོད་པའོ། །ཡིད་ཆེས་པའི་ལུང་ལ་ནི་ལུང་དེ་ཉིད་ལ་དངོས་ཤུགས་འགལ་བ་མེད་ཀྱི་སྟེང་དུ་ཡིད་ཆེས་པའི་ལུང་གཞན་གྱིས་གྲུབ་པའོ། །ཞེས་བྱ་བ་འདི་ཤེས་དགོས་པ་ཡིན་ནོ། །གསུམ་པ་ནི། ཀུན་ལས་བཏུས་སུ། རང་ཚིག་དང་འགལ་བ་དང༌། བསྟན་འཆོས་དང་འགལ་བ་གཉིས་ཀ་ལ། དཔེར་བརྗོད་གཅིག་ཏུ་བསྡུས་ཏེ་བསྟན་པ་ཆོས་ཅན། རྒྱུ་མཚན་དང་དགོས་པ་ཡོད་དེ། སེལ་བྱེད་གཉིས་པོ་ལྷན་ཅིག་ཏུ་བསྡུད་པའི་རྒྱུ་མཚན་དང་དགོས་པ་བཤད་པས། ཁྱོད་ཀྱི་ཡང་དེ་དང་དེ་བདེ་བླག་ཏུ་རྟོགས་ནུས་པའི་ཕྱིར། འོ་ན་ཐུན་མོང་དུ་བཤད་པ་དེ་བསྟན་འཆོས་དང་འགལ་བའི་དཔེ་ཇི་ལྟར་ཡིན་ཞེ་ན། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པའི་དམ་བཅའ་ཆོས་ཅན། ལུང་དང་འགལ་བའི་དཔེར་རུང་སྟེ། ཁྱོད་ཀྱིས་ཞེན་དོན་ཚད་མས་གྲུབ་ན་ཡིད་ཆེས་པའི་བསྟན་འཆོས་ཀྱི་ཚིག་ལུང་ཚད་མར་མི་རུང་བའི་ཕྱིར། གཉིས་པ་ལ། བསལ་བྱ་བཏགས་པ་བ་དང་མཚན་ཉིད་པའོ། །དང་པོ་ནི། དམ་བཅའ་དེ་ཆོས་ཅན། རང་ཚིག་དང་འགལ་བའི་རྣམ་གསལ་གྱི་དཔེ་ཡིན་ཏེ། ཁྱོད་ཀྱི་སྒྲས་ཟིན་གྱི་ཞེན་དོན་དེ་ལ་ཤུགས་བསྟན་གྱི་ཞེན་དོན་གྱི་གནོད་པ་སྲིད་པའི་ཕྱིར། དེ་ཆོས་ཅན། ལུང་དང་འགལ་བའི་ཕྱོགས་ཙམ་མཚོན་པའི་དཔེར་བརྗོད་ཡིན་ཏེ། ཁྱོད་ཀྱི་ཞེན་དོན་གྱི་ལོག་ཕྱོགས་དེའི་ཕྱོགས་གཅིག་ཡིད་ཆེས་པའི་ལུང་ཁོ་ནས་གྲུབ་པ་ཡོད། ཕྱོགས་གཅིག་ཚུ་རོལ་མཐོང་བའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པ་ཡང་ཡོད་པའི་ཕྱིར། ཞེས་རང་ཚིག་དང་ལུང་ལ་རྣམས་སོ། །གཉིས་པ་ནི། སྦྱིན་སོགས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པའི་དམ་བཅའ་དེ་ཆོས་ཅན། ལུང་དང་འགལ་བའི་རྣམ་གསལ་གྱི་དཔེ་བརྗོད་ཡིན་ཏེ། ཁྱོད་རང་གི་ཞེན་དོན་གྱི་ལོག་ཕྱོགས་དེ་ཤིན་ལྐོག་སྟོན་པའི་ལུང་ཁོ་ནས་གྲུབ་པའི་དམ་བཅའ་ཡིན་པའི་ཕྱིར། ཞེས། དེ་ལ་སོགས་སོ། །གསུམ་པ་ལ། གལ་ཏེ་འོ་ན་སྔར་སྒྲ་རྟག་སྟོན་གྱི་བསྟན་འཆོས་ཁས་བླངས་ནས་ཕྱིས་སྒྲ་མི་རྟག་པར་དམ་བཅས་པ་དང༌། ཡང་སྔར་སྒྲ་མི་རྟག་པར་སྟོན་པའི་སངས་རྒྱས་པའི་ལུང་ཁས་བླངས་ནས། ཕྱིས་སྒྲ་རྟག་པར་དམ་བཅས་ན། དེའི་ཞེན་དོན་ཡིད་ཆེས་ཀྱི་བསལ་བར་འགྱུར་ཏེ། དམ་བཅའ་དེ་ལུང་དང་འགལ་བའི་དམ་བཅའ་ཡིན་པའི་ཕྱིར། ཞེ་ན། འདི་ལ་དངོས་སྟོབས་ཡུལ་ལ་ལུང་གནོད་སྒྲུབ་ཏུ་མི་འཇུག་པར་བསྟན། ཤིན་ལྐོག་ལ་འཇུག་པར་བསྟན། དེ་ཡིད་ཆེས་རྗེས་དཔག་ལས་ལོགས་སུ་གསུངས་པའི་དགོངས་པ་གྲུབ་པའོ། །དང་པོ་ནི། སྒྲ་རྟག་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ལ། སྒྲ་མི་རྟག་པར་སྟོན་པའི་ལུང་གི་མི་གནོད་དེ། ལུང་དེ་དང་དམ་བཅའ་དེ་གཉིས་འགལ་བར་ནུས་མཚུངས་ཡིན་པས་ཕན་ཚུན་གེགས་བྱེད་ཙམ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མི་རྟག་པར་སྟོན་པའི་ལུང་གིས་སྒྲ་རྟག་པར་མི་འགྲུབ་པའི་ཕྱིར། དཔེར་ན་ཁོ་བོའི་མ་མོ་གཤམ་མོ་ཞེས་པའི་རང་ཚིག་འགལ་བ་བཞིན་ནོ། །འོ་ན་ལུང་རང་ཚིག་ཏུ་ཐལ། དེའི་ཚེ་ན་དེ་རང་ཚིག་འགལ་བ་ཡིན་པའི་ཕྱིར། ཞེ་ན། དེ་དེ་མ་ཡིན་ཡང་དམ་བཅའ་དེ་རང་ཚིག་འགལ་བ་ཡིན་ཏེ། རྒོལ་བ་སྒྲ་མི་རྟག་པར་སྟོན་པའི་ལུང་དོན་ཁས་ལེན་པའི་དུས་སུ། དེ་འདྲའི་ཁས་ལེན་དེ་རང་ཚིག་གི་བདག་ཉིད་དུ་ཡོད་པའི་ཕྱིར། དེ་འདྲའི་ལུང་དོན་རང་ཉིད་ཀྱི་དངོས་སྟོབས་ཚད་མས་གྲུབ་ནས་ཁས་བླངས་པའི་ཕྱིར་ཞེས་པ་རིམ་པར། དེ་ལ་དང༌། དཔེར་ན་དང༌། དེ་ཡང་རྣམས་སོ། །གཞུང་འདིའི་དངོས་བསྟན་སྒྲ་རྟག་སྟོན་གྱི་བསྟན་བཅོས་དང་འགལ་བ་ལ་སྦྱོར་ཞིང༌། ཕྱོགས་སྔ་སྨྲ་བ་པོ་རང་ཉིད་ཀྱི་སྐབས་བཞིན་ནོ། །འདིར་ཁྱད་པར་འདི་ཤེས་དགོས་སོ། །ཇི་ལྟར་ཞེ་ན། སྔར་སྒྲ་མི་རྟག་པར་སྟོན་པའི་ལུང་ཁས་བླངས་ནས་ཕྱིས་སྒྲ་རྟག་པར་ཁས་བླངས་ན་མཐའ་གཅིག་ཏུ་རང་ཚིག་འགལ་བ་ཡིན་ནོ། །དེ་ཡང་སྔར་ཚད་མས་གྲུབ། ཕྱིས་དངོས་འགལ་ཡིན་ལ། མ་གྲུབ་ན་གེགས་བྱེད་དོ། །ཡང་སྔར་སྒྲ་རྟག་དོན་གྱི་ལུང་ཁས་བླངས་ནས་ཕྱིས་སྒྲ་མི་རྟག་པར་ཚད་མས་གྲུབ་སྟེ་ཁས་བླངས་ན་ནི་རང་ཚིག་འགལ་བ་ཡོད་པ་མ་ཡིན་ནོ། །མ་ཁྱབ་པར་ཁས་བླངས་ན་ནི་གེགས་བྱེད་ཐམས་ཅད་ཀྱི་རང་ཚིག་འགལ་བ་ཡོད་དོ། །འོ་ན་དེ་ལུང་དང་འགལ་བ་མ་ཡིན་ན། སྒྲ་མི་རྟག་པར་སྟོན་པའི་ལུང་དོན་དེས་སྒྲ་རྟག་སྟོན་གྱི་ལུང་དོན་ལ་མི་གནོད་དམ་ཞེ་ན། དེ་འདྲ་དེ་ལུང་དང་འགལ་བའི་དམ་བཅའ་མ་ཡིན་ཡང༌། སྒྲ་མི་རྟག་པར་སྟོན་པའི་དམ་བཅའ་ཆོས་ཅན། ཁྱོད་ཀྱི་ཞེན་དོན་དེས་སྒྲ་རྟག་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ལ་གནོད་པ་ཡིན་ཏེ། དེའི་འགལ་ཟླ་དམ་བཅས་པའི་དམ་བཅའ་གང་ཞིག རང་གི་ཞེན་དོན་ཚད་མས་གྲུབ་པའི་ཕྱིར། ཞེས་དེ་དག་སོགས་སོ། །འོ་ན་སྒྲ་རྟག་པར་དམ་བཅས་པའི་ཞེན་དོན་གྱིས་ཀྱང་ཅིག་ཤོས་ལ་གནོད་དམ་ཞེ་ན། དེ་ཆོས་ཅན་དེ་ལ་མི་གནོད་དེ། རྒྱབ་རྟེན་ཚད་མ་མེད་པའི་དམ་བཅའ་ཡིན་པའི་ཕྱིར། ཞེས་དེ་ལྟ་སོགས་སོ། །གཉིས་པ་ནི། འོ་ན་སྒྲ་མི་རྟག་པ་དང་སྒྲ་རྟག་པ་ལ་ལུང་གནོད་སྒྲུབ་ཀྱི་ཡན་ལག་མ་ཡིན་ན། དེ་དེར་འཇུག་པའི་ཡུལ་མེད་པར་འགྱུར་རོ། །ཞེ་ན། དེ་མེད་པ་མ་ཡིན་ཏེ། བསྟན་བཅོས་རིན་ཆེན་ཕྲེང་བ་དཔྱད་གསུམ་གྱིས་དག་པའི་རྒོལ་བའི་ངོར། བསྟན་བཅོས་དེ་རང་གི་བསྟན་དོན་དུ་གྱུར་པའི་ཤིན་ཏུ་ལྐོག་གྱུར་གྱི་སྟེང་དུ། གནོད་སྒྲུབ་ཀྱི་ཡན་ལག་ཏུ་འཇུག་པའི་ཕྱིར། ཞེས་ལུང་རྣམས་སོ། །གསུམ་པ་གྲུབ་དོན་ནི། འདིར་ཡིད་ཆེས་པའི་སྟོབས་ཀྱི་གནོད་པ་དང་དངོས་པོ་སྟོབས་ཤུགས་ཀྱི་གནོད་པ་སོ་སོར་ཕྱེད་དགོས་སོ། །དེ་སོ་སོར་འབྱེད་པའི་ཚུལ་ནི་ཇི་སྲིད་སྒྲ་མི་རྟག་པར་དངོས་པོ་སྟོབས་ཤུགས་ཀྱི་ཚད་མས་མ་གྲུབ་དེ་སྲིད་དུ་ནི། སྒྲ་མི་རྟག་པའི་ལུང་དེ་སྤྱིར་ལུང་ཚད་མར་མི་རུང་བས་གནོད་སྒྲུབ་ཀྱི་ཡན་ལག་ཏུ་ལྟ་ཞོག དེ་དེས་གྲུབ་པའི་ཚེ་ན་ནི་ལུང་དེ་དེའི་སྒྲུབ་བྱེད་དུ་མི་འགྱུར་ཏེ། གྲུབ་ཟིན་པའི་དོན་ལ་སྒྲུབ་བྱེད་གྱི་དགོས་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་གྱི་ལུང་དེ་སྒྲ་རྟག་པ་ལ་གནོད་བྱེད་དུའང་འཇུག་པ་མ་ཡིན་ཏེ། དངོས་སྟོབས་ཀྱི་ཚད་མ་སྔ་མས་བསལ་ཟིན་པའི་ཆ་ལ་སེལ་བྱེད་ཀྱི་ཚད་མ་ཡིད་ཆེས་པའི་ཚད་མ་གཉིས་པ་དགོས་པ་མེད་པའི་ཕྱིར། སྒྲ་མི་རྟག་པར་སྟོན་པའི་ལུང་དོན་གྱི་སྒྲ་རྟག་པ་ལ་གནོད་པ་དེ་ནི་དངོས་པོ་སྟོབས་ཤུགས་ཀྱི་གནོད་ཚུལ་ཡིན་ཏེ། ལུང་དེའི་དོན་དངོས་པོ་སྟོབས་ཤུགས་ཀྱི་ཚད་མས་གྲུབ་པའི་རྒྱུ་མཚན་གྱིས་དེ་ལ་གནོད་པ་ཡིན་པའི་ཕྱིར། དངོས་སྟོབས་ཀྱི་ཡུལ་ལ་ལུང་གནོད་སྒྲུབ་ཏུ་མི་འཇུག ཤིན་ལྐོག་ལ་དཔྱོད་པའི་ཚེ་འཇུག་པ་དེས་ན། བདག་ཉིད་ཆེན་པོས་སེལ་བྱེད་འཆད་པའི་སྐབས་སུ། ཡིད་ཆེས་རྗེས་དཔག་དངོས་སྟོབས་རྗེས་དཔག་ལས་ལོགས་ཤིག་ཏུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཡིད་ཆེས་རྗེས་དཔག་དང་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་གཉིས་ཀྱི་གནོད་ཡུལ་དང་འཇུག་ཡུལ་གྱི་ཁྱད་པར་མི་འདྲ་བ་དེ་བསྟན་པའི་ཆེད་ཡིན་པའི་ཕྱིར། དེ་ཉིད་བདག་ཉིད་ཆེན་པོས་དགོངས་པ་ཡིན་ནོ། །དེ་ལྟར་མ་ཡིན་པ་དབྱེ་བ་ཙམ་བསྟན་པར་བྱ་བའི་ཆེད་ཡིན་ན་ཧ་ཅང་ཐལ་ཆེ་པའམ། དེ་ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་བའི་ཕྱིར། ཞེས་དེས་ན་དང༌། དེ་ལྟ་རྣམས་སོ། །གཉིས་པ་ནི། ཚད་མ་རིགས་པའི་སྒོར། རང་གི་ཚིག་ཀྱང་བསྟན་འཆོས་ལས་ཐ་དད་དུ་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱབ་རྟེན་ཚད་མ་མེད་པའི་རང་ཚིག་འགལ་བ་ཙམ་བརྗོད་པ་དེ་ཕན་ཆད་གེགས་བྱེད་ཙམ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་རང་གི་སོགས་སོ། །དེ་ལྟར་ཤེས་པ་ན་རང་ཚིག་དང་འགལ་བ་དང༌། ཡིད་ཆེས་དང་འགལ་བའི་ཁྱབ་ཆེ་ཆུང་གི་ཁྱད་པར་ཁོང་དུ་ཆུད་པར་འགྱུར་རོ། །རང་ཚིག་ཙམ་དང་ཡིད་ཆེས་པའི་རང་ཚིག་གི་ཁྱད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །གསུམ་པ་ལ། བརྩོད་པ་སྤང་བ་དང༌། གྲུབ་དོན་ནོ། །དང་པོ་ནི། གལ་ཏེ། སྒྲ་མི་རྟག་པར་སྟོན་པའི་ལུང་ཁས་བླངས་པས། སྒྲ་རྟག་པར་དམ་བཅས་ན་ལུང་དེས་དམ་བཅའ་དེའི་ཞེན་དོན་ལ་གནོད་པ་ཡིན་ཏེ། དེས་ལུང་དེ་ཁས་བླངས་པ་དོན་ཡོད་པའི་ཕྱིར། ཞེ་ན་སྔར་དེ་ལྟར་ཁས་བླངས་ནས་ཕྱིས་དེ་ལྟར་དམ་བཅས་པ་ཆོས་ཅན། ཁྱོད་ཀྱིས་དེ་ལྟར་དམ་བཅས་པ་ལ་ལུང་དེས་གནོད་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་དམ་བཅའ་ཕྱི་མ་དམ་བཅའ་བའི་དུས་སུ་ལུང་སྔ་མ་མི་འདོད་པའི་ཕྱིར། གལ་ཏེ་དེའི་དུས་སུ་དེ་མི་འདོད་ཀྱང་དེས་དེ་ལ་གནོད་དེ། དེའི་ཚེ་ན་ཡང་རང་ཚིག་འགལ་བར་འགྱུར་བའི་ཕྱིར། ཞེ་ན། འོ་ན་སྔར་སྒྲ་མི་རྟག་པར་སྟོན་པའི་བསྟན་འཆོས་ཚད་མར་ཁས་བླངས་ནས། ཕྱིས་སྒྲ་རྟག་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། ཁྱོད་དང་སྔར་ཁས་བླངས་པའི་བསྟན་འཆོས་གཉིས་པོ་ཕན་ཚུན་གེགས་བྱེད་ཙམ་ཡིན་པར་ཐལ། ཁྱོད་དང་དེ་གཉིས་རྒྱབ་རྟེན་ཚད་མ་མེད་པའི་རང་ཚིག་སྔ་ཕྱི་འགལ་བའི་དམ་བཅའ་ཡིན་པའི་ཕྱིར། རྒྱབ་རྟེན་ཚད་མ་ཡོད་ནའང་དངོས་སྟོབས་ཀྱི་གནོད་པ་ཡིན་གྱི་ལུང་གིས་གནོད་པ་མ་ཡིན་ནོ། །འདོད་ན། དེ་ཁྱོད་ཀྱི་ཞེན་དོན་ལ་གནོད་བྱེད་དུ་མི་འཇུག་པར་ཐལ་ལོ། །ཞེས་རིམ་པར། དེ་ཡིས་དང༌། གལ་ཏེ་དང༌། རང་ཚིག་རྣམས་སོ། །དངོས་སྟོབས་ཡུལ་ལ་ལུང་གནོད་སྒྲུབ་ཏུ་འཇུག་ན་འཇུག་ཚུལ་གཉིས་ལས་མི་འདའོ། །ཇི་ལྟར་ཞེ་ན། སྔར་སྒྲ་རྟག་སྟོན་གྱི་ལུང་ཁས་བླངས་ནས། དེ་རྗེས་སྒྲ་མི་རྟག་པར་ཁས་ལེན་པ་དང༌། སྔར་སྒྲ་མི་རྟག་པར་སྟོན་པའི་ལུང་ཁས་བླངས་ནས་ཕྱིས་སྒྲ་རྟག་པར་ཁས་ལེན་པའོ། །དང་པོ་ལ་གཉིས་ཏེ། སྒྲ་རྟག་པར་ཚད་མས་མ་གྲུབ་བཞིན་དུ་ཁས་ལེན་པ་དང༌། དེར་གྲུབ་ནས་ཁས་ལེན་པའོ། །དང་པོ་ལྟར་ན་ནི་གེགས་བྱེད་ཙམ་ཡིན་གྱི་གནོད་བྱེད་མ་ཡིན་ནོ། །གཉིས་པ་ལྟར་ན་ནི། དུས་དེར་ལུང་སྔ་མ་མི་འདོད་པའི་ཕྱིར་ན་གནོད་བྱེད་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ལུང་དོན་ཚད་མས་གྲུབ་ནས་ཁས་བླངས་པ་དང༌། མ་གྲུབ་བཞིན་དུ་ཁས་བླངས་པའོ། །དང་པོ་ལྟར་ན་ནི་སྔ་མས་ཕྱི་མ་ལ་གནོད་མོད། དེ་ནི་ལུང་གི་གནོད་ཚུལ་མ་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་དོན་གྱི་གནོད་པ་ལས་མ་འདས་པའི་ཕྱིར། སྒྲ་མི་རྟག་པར་འགྲུབ་བྱེད་ཀྱི་ཚད་མ་དེ་དངོས་པོ་སྟོབས་ཤུགས་ཀྱི་ཚད་མ་ལས་གཞན་མེད་པའི་ཕྱིར། གཉིས་པ་ལྟར་ན་ནི། གེགས་བྱེད་ཙམ་ཡིན་གྱི་གནོད་བྱེད་ཀྱིས་དོན་མེད་དོ། །ཞེས་པ་གཞུང་གི་དོན་ནོ། །ཁས་བླངས་ཕྱིར་ན་ལ་འཕྲོས་ནས། བསྟན་བཅོས་འདི་ཆོས་ཅན། གཞལ་བྱའི་གནས་གསུམ་པོ་ཐམས་ཅད་ལ་ཡོངས་སུ་རྫོགས་པའི་ཚད་མ་ཉིད་ཡིན་པར་ཐལ། ཁྱོད་སྐྱེས་བུས་ཁས་བླངས་པ་ཙམ་གྱི་ཡུལ་ཀུན་ལ་སྒྲུབ་བྱེད་དང༌། ལོག་ཕྱོགས་ལ་གནོད་བྱེད་དུ་འགྱུར་བའི་ཕྱིར། འདོད་ན་ཚད་མ་མངོན་རྗེས་གཉིས་མི་འགལ་ལོ། །ཞེས་སྐྱེས་བུས་སོགས་སོ། །གཉིས་པ་གྲུབ་དོན་ལ། ལུང་ཁས་ལེན་དགོས་པ་དང་མི་དགོས་པའི་ཡུལ་གྱིས་དབྱེ་བ་བཤད། ཤིན་ལྐོག་གི་སྒྲུབ་བྱེད་དུ་ཁས་ལེན་རྒྱུའི་ལུང་ངོས་བཟུང་བའོ། །དང་པོ་ནི། དེས་ན་སོགས་སོ། །གཉིས་པ་ལ་ནང་འགལ་ཅན་གྱི་ལུང་ཤིན་ལྐོག་གི་སྒྲུབ་བྱེད་མ་ཡིན་པར་བསྟན། དཔྱད་གསུམ་གྱི་དག་པའི་ལུང་ཤིན་ལྐོག་གི་སྒྲུབ་བྱེད་དུ་ཁས་ལེན་དགོས་པར་བསྟན་པའོ། །དང་པོ་ནི། འདི་ལ་སོགས་སོ། །གཉིས་པ་ནི། རྒོལ་བ་རྟོགས་ལྡན་བསྟན་བཅོས་རིན་ཆེན་ཕྲེང་བ་ནས་བཤད་པའི་གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱོད་པ་འཇུག་པ་ཆོས་ཅན། དགོས་པ་ཡོད་དེ། རིན་ཆེན་ཕྲེང་བའི་ནང་ཚན་དུ་གྱུར་པའི་ཤིན་ལྐོག་སྟོན་པའི་ལུང་གི་ཆ་རྣམས། ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་དུ་གཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། སྦྱིན་པས་ལོངས་སྤྱོད་ཅེས་པའི་རིན་ཆེན་ཕྲེང་བའི་ལུང་ཡིད་ཆེས་པའི་གཏན་ཚིགས་ཡང་དག་ཏུ་འགོད་པར་སྐབས་སུ་བབ་པའི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་རིན་ཆེན་ཕྲེང་བ་དཔྱད་པ་གསུམ་གྱིས་རྣམ་པར་དག་པ་ཡིན་ཏེ། ཁྱོད་ཀྱི་བསྟན་བཅོས་རིན་ཆེན་ཕྲེང་བ་ནས་བཤད་པའི་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་གྱི་གནོད་པ་མེད་ཅིང་གྲུབ། དེ་ནས་ཅུང་ཟད་ལྐོག་གྱུར་སྟོན་པའི་ཆ་ལ་རྗེས་སུ་དཔག་པས་གནོད་པ་མེད་ཅིང་གྲུབ། དེས་ཤིན་ལྐོག་སྟོན་པའི་ཆ་ལ་ཀླུ་སྒྲུབ་རང་གི་ཚིག་དངོས་ཤུགས་འགལ་བ་དང༌། སློབ་དཔོན་དེས་ཞལ་གྱི་བཞེས་པའི་སངས་རྒྱས་ཀྱི་ལུང་གི་གནོད་པ་མེད་པར་མཐོང་བའི་རྒོལ་བ་ཡིན་པའི་ཕྱིར། ཞེས་མཐོང་དང་སོགས་སོ། །འདིར་དཔྱད་པ་གསུམ་གྱིས་དག་ཚུལ་ཡང༌། བསྟན་བཅོས་དེ་དང་དེའི་སྤྱི་ལྡོག་ནས་བརྩི་བ་ཡིན་གྱི་གཞུང་གི་ཆ་ཤས་རེ་རེ་ནས་བརྩི་བ་མ་ཡིན་ནོ། །འདིར་རྟོགས་དཀའ་བ་འདི་བཤད་དེ། སློབ་དཔོན་གྱིས་ཀུན་ལས་བཏུས་ཀྱི་དགོངས་པ་འཆད་པ་ན་སེལ་བྱེད་རང་ཚིག་དང་ཡིད་ཆེས་གཉིས་སུ་ཕྱེ་ནས་གཉིས་ཀ་ཡང་ཤིན་ལྐོག་སྟོན་པ་ལ་ཡིད་ཆེས་སུ་མཚུངས་པའི་ཕྱིར་དང༌། ལོགས་ཕྱོགས་ལ་གནོད་པ་མཚུངས་པའི་ཕྱིར། གཅིག་ཏུ་བསྡུས་ནས་དཔེ་གཅིག་གིས་བསྟན་ལ། དེའི་བསལ་བ་ལ་ཡང་ཡིད་ཆེས་ཀྱི་བསལ་བ་ཡིན་མིན་གྱི་དབྱེ་བ་མེད་དོ། །རིགས་སྒོའི་དགོངས་པ་འཆད་པ་ན། རང་ཚིག་ལ་གཉིས་ཏེ། ཡིད་ཆེས་པའི་རང་ཚིག་དང༌། རང་ཚིག་ཙམ་པོའོ། །དང་པོ་ཡིད་ཆེས་པའི་རང་ཚིག་ཐམས་ཅད་ལུང་ཚིག་ཏུ་བསྡུས་ནས་རང་གི་ཞེན་དོན་གྱི་ལོགས་ཕྱོགས་ལ་གནོད་བྱེད་དང༌། དེ་ལས་གཞན་པའི་རྒྱབ་རྟེན་ཚད་མ་མེད་པའི་རང་ཚིག་ཐམས་ཅད་གེགས་བྱེད་ཡིན་པར་བཤད་ཅིང༌། ལོགས་ཕྱོགས་གཉིས་པོ་ལ་བསལ་བ་ཡིན་མིན་གྱི་དབྱེ་བ་གསུངས་སོ། །དེའི་ཁས་བླངས་ཡིད་ཆེས་པའི་རང་ཚིག་ལ་གཞུང་བཞིན་ཡོད་པས་ཀུན་ལས་བཏུས་སུ་དཔེ་གཅིག་གིས་བསྟན་ལ། ལུང་དང་རང་ཚིག་གཉིས་ལ་གཞུང་བཞིན་མེད་པས། རིགས་སྒོར་དེ་གཉིས་ལ་དཔེར་བརྗོད་སོ་སོར་གསུངས་སོ། །དེ་གཉིས་ཀྱི་ནང་ནས་ལུང་ནི་གནོད་བྱེད་དང༌། རང་ཚིག་ནི་གེགས་བྱེད་ཡིན་ལ། གེགས་བྱས་པའི་བསལ་བ་དང་གང་ཡིན་ཐམས་ཅད་འདིའི་སྐབས་ཀྱིས་བསལ་བར་མི་བཞེད་པ་ཡིན་ནོ། །རིགས་པའི་གཏེར་ལས་ཁས་བླངས་དང་རང་ཚིག་གི་ཁྱད་པར་ངག་གི་དབྱེ་བར་བཞེད་པ་ཡིན་ནོ། །ངག་ལའང་གཉིས་ཏེ། རང་གི་ངག་དང༌། ལུང་གི་ངག་གོ །དང་པོའི་དབང་དུ་བྱས་པའི་ཁས་བླངས་སྔ་ཕྱི་འགལ་བ་ནི། སྔ་མར་དམ་བཅས་ནས་ཕྱིས་མོ་གཤམ་དུ་དམ་བཅས་པ་ལྟ་བུའོ། །རང་ཚིག་དངོས་ཤུགས་འགལ་བ་ནི་རྗེས་དཔག་ཚད་མ་མེད་པར་དམ་བཅས་པ་ལྟ་བུའོ། །གཉིས་པའི་དབང་དུ་བྱས་པའི་ཁས་བླངས་འགལ་བ་ནི། སྦྱིན་པས་ལོངས་སྤྱོད་ཅེས་པའི་ལུང་དཔྱད་པ་གསུམ་གྱིས་དག་ནས་ཁས་བླངས་ཤིང༌། དེའི་རྗེས་སུ་སྦྱིན་པ་ལས་ལོངས་སྤྱོད་མི་འབྱུང་བར་དམ་བཅས་པ་ལྟ་བུའོ། །རང་ཚིག་འགལ་བ་ནི། ཡང་དེ་སྤྱད་པ་ལས་རྣམ་པར་མ་དག་བཞིན་དུ་ཁས་བླངས་ནས་ཡང་སྦྱིན་སོགས་དཀར་ཆོས་ཀྱི་གོ་ཆོད་དམ་ཞེ་ན། གེགས་བྱེད་ཚུལ་ལ་གཉིས་ཏེ། བདེ་བ་མི་འབྱུང་བས་འབྱུང་བ་དང༌། འབྱུང་བས་མི་འབྱུང་བ་ལ་གེགས་བྱས་པའོ། །དང་པོ་ནི་ཕྱོགས་སྐྱོན་མིན་ལ། གཉིས་པ་ནི་ཡིན་ཏེ། སེལ་བྱེད་ལ་རྒྱབ་བརྟེན་ཚད་མ་འཇུག་ཏུ་རུང་བའི་ཕྱིར་ཞེས་དགོངས་སོ། །དཔྱད་པ་ལས་བདེ་བ་མི་སྟེར་བར་དམ་བཅས་པ་ལྟ་བུའོ། །དེའི་ཚེ་ན་ཁས་བླངས་དང་འགལ་བ་ནི་གནོད་བྱེད་ཁོ་ན་ཡིན་ཏེ། ཁས་བླངས་དང་འགལ་བར་འཇོག་པ་ལ་ཁས་བླངས་སྔ་མའི་དོན་དེ་ཚད་མས་མ་གྲུབ་པ་ཞིག་ངེས་པར་དགོས་པའི་ཕྱིར་རང་ཚིག་དང་འགལ་བ་ནི་གེགས་བྱེད་ཁོ་ན་ཡིན་ཏེ། དངོས་ཤུགས་གཉིས་ཀ་ལ་རྒྱབ་རྟེན་ཚད་མ་མི་ཤེས་བཞིན་དུ་དམ་བཅས་པའི་ཕྱིར། འོ་ན་འདིར་གེགས་བྱས་པ་དེས་ཕྱོགས་སྐྱོན། འདི་འདྲ་གང་དག་སུས་ཤེས་པ། །གང་ན་ཡོད་པའི་གནས་དེ་ན། །ཆོས་གྲགས་སྨྲ་བའི་ཉི་མ་ཡི། །དགོངས་པ་གསལ་པོ་དེ་བཞུགས་སོ། །གཉིས་པ་གྲགས་པའི་བསལ་བ་ལ་གཉིས་ལས། དང་པོ་སྤྱིའི་དོན་ནི། སེལ་བྱེད། བསལ་བྱ། སེལ་ནུས་པའི་རྒྱུ་མཚན་ནོ། །དང་པོ་ལ་སེལ་བྱེད་བཏགས་པ་བ་ཡིན་ཞིང༌། གྲགས་པ་མཚན་ཉིད་པར་གྱུར་པ་ཡུལ་ཅན་གྱི་གྲགས་པ་དང༌། སེལ་བྱེད་མཚན་ཉིད་པ་ཡིན་ཅིང༌། གྲགས་པ་བཏགས་པ་བར་གྱུར་པ་ཡུལ་གྱི་གྲགས་པའོ། །དང་པོ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་འཛིན་པའི་རྟོག་པ་དང༌། དེར་བརྗོད་པའི་སྒྲའོ། །གཉིས་པ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེའོ། །ཡང་རྔོག་ལོ་ལྟར་ན། བརྡའི་རུང་བ་དང༌། སྐྱེས་བུའི་ངེས་པའོ། །དང་པོ་ནི། དོན་ཐམས་ཅད་ལ་སྒྲ་ཐམས་ཅད་འཇུག་ཏུ་རུང་བ་དེའོ། །གཉིས་པ་ནི། རི་བོང་ཅན་ལ་སོགས་པའི་དོན་ཉུང་ཤས་ཅིག་ལ་ཟླ་བ་ཞེས་པའི་སྒྲས་བརྗོད་པ་དེའོ། །སློབ་དཔོན་ཕྱྭ་པ་ནི། བརྡའི་གྲགས་པ་དང༌། ཐ་སྙད་ཀྱི་གྲགས་པ་གཉིས་སོ། །ཚད་མ་རིགས་པའི་གཏེར་ལས། ཐ་སྙད་ཀྱི་གྲགས་པ་ངོས་འཛིན་ཚུལ་ཕྱྭ་པ་དང་མི་མཐུན་ཡང༌། ཐ་སྙད་ཀྱི་གྲགས་པ་མི་བཞེད་པ་ནི་མ་ཡིན་ཏེ། མཚན་མཚོན་བརྟག་པར་གྲགས་པའི་རྗེས་དཔག་ག་ལ་འགལ། ཞེས་གསལ་བར་བཤད་པའི་ཕྱིར། འོན་ཀྱང་དེ་འདྲའི་གྲགས་པ་དེ་གྲགས་བསལ་འཆད་པའི་སྐབས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་གྲགས་པ་དེར་མི་བཞེད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། འདིའི་གྲགས་པ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་ལ། ཐ་སྙད་ཀྱི་གྲགས་པ་ནི། རང་རང་གི་དོན་ལྡོག་ལས་གཞན་ལ་མ་ཁྱབ་པར་འཆད་དགོས་པའི་ཕྱིར་རོ། །གཉིས་པ་བསལ་བྱ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་དེ་ཡིན་ནོ། །གསུམ་པ་ནི། དེས་དེ་སེལ་ནུས་པ་ཡིན་ཏེ། ཟླ་བ་ཞེས་བརྗོད་པའི་སྒྲ་དེ་སྐྱེས་བུའི་བརྗོད་འདོད་ཙམ་གྱི་གང་ལ་སྦྱར་ཡང་འཇུག་ཏུ་རུང་བའི་ཕྱིར། ཅི་སྟེ་གྲགས་བསལ་གྱི་རྣམ་གཞག་དེ་ལྟར་ཡིན་པ་དེའི་ཚེ་འདིའི་གྲགས་བསལ་ཁས་ལེན་པ་པོ་ནི་བརྡའ་སྤྲོད་པ་ལ་བཤད་པས། བརྡའ་སྤྲོད་པ་ནི་རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲ་དངོས་པོའི་དབང་གིས་འཇུག་པར་འདོད་པའི་ཕྱིར། རྣམ་པར་བཞག་པ་དེ་དག་འཇིག་པར་འགྱུར་རོ་སྙམ་པའི་དོགས་པ་བཀོད་ནས། དེ་ལ་མི་མཁས་པ་དག་འདི་སྐད་དུ་ལན་འདོན་པར་བྱེད་དེ། སངས་རྒྱས་པས་བརྡའ་སྤྲོད་པའི་ངོར་རི་བོང་ཅན་བརྡའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པ་དང༌། དངོས་པོའི་དབང་གིས་དེས་བརྗོད་རུང་མ་ཡིན་པར་སྒྲུབ་པ་ལ་གྲགས་པའི་གཏན་ཚིགས་ཡང་དག་འགོད་པར་བྱེད་དོ། །ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། གྲགས་པའི་ཞབས་ཀྱི་རིགས་པ་དང་འགལ་བའི་ཕྱིར་དང༌། བརྡའ་སྤྲོད་པའི་བསམ་པ་མི་ཤེས་བཞིན་དུ་སྨྲས་པའི་ཕྱིར། ཇི་ལྟར་ཞེ་ན། ཁྱེད་ཀྱིས་གྲགས་པར་བཤད་པ་དེ་དག་ནི་གཉིས་པའི་སྒྲུབ་བྱེད་ཡིན་གྱི་བསྒྲུབ་བྱ་གྲགས་པ་དངོས་མ་ཡིན་པའི་ཕྱིར་དང༌། དེ་ལས་གཞན་དུ་ན། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཐམས་ཅད་སེལ་འཇུག་ཏུ་སྒྲུབ་པ་དང༌། དངོས་པོའི་དབང་གིས་མི་འཇུག་པར་བསྒྲུབ་པའི་གཏན་ཚིགས་སུ་བཤད་པ་དེ་དག་ཐམས་ཅད་གྲགས་པའི་གཏན་ཚིགས་སུ་ཁས་ལེན་དགོས་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི། དེ་དང་དེར་བསྒྲུབ་པའི་དངོས་པོ་སྟོབས་ཤུགས་ཀྱི་གཏན་ཚིགས་ཡང་དག་མེད་པར་འགྱུར་རོ། །དེའི་ཤེས་བྱེད་ཀྱང་གྲགས་དངོས་གཉིས་ཀྱི་རྗེས་དཔག་ལ་དངོས་ཡུལ་ཐུན་མོང་བ་གཅིག་མི་སྲིད་པར་བཤད་པས་ཁྱབ་པར་གྲུབ་ལ། འདོད་ན་ནི། རིགས་པ་མཁྱེན་པའི་རིགས་པའི་གཙོ་བོ་གཞན་སེལ་དང་སེལ་འཇུག་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་མེད་པར་ཁས་བླངས་པ་ཤིན་ཏུ་ཐ་ཆད་པར་འགྱུར་བ་དེའི་ཕྱིར། ཐལ་བ་ལ་ཚད་མའི་བསལ་བ་ཞུགས་སོ། །བརྡའ་སྤྲོད་པའི་བསམ་པ་མི་ཤེས་པ་ཇི་ལྟར་ཞེ་ན། དེའི་བསམ་པ་ནི་འདི་ཡིན་ཏེ། དོན་གང་ལ་མིང་གང་དང་གང་བཏགས་པ་དེ་ཐམས་ཅད་ཀྱི་སྒྲ་དོན་ལ་དངོས་པོའི་འབྲེལ་བ་གྲུབ་པ་ནི་མི་འདོད་ཀྱི། སྒྲ་བཟང་པོ་བཤད་པ་རྒྱུ་མཚན་ཅན་གྱི་མིང་གང་དང་གང་ཡིན་པ་དེ། དངོས་མིང་དུ་འཇུག་ཏུ་རུང་བ་ཡིན་ལ། མིང་དོན་ལ་དངོས་པོའི་དབང་གི་འབྲེལ་པ་གྲུབ་པ་ཡང་ཡིན་ཏེ། དཔེར་ན་མཚོ་ལས་སྐྱེས་པའི་པདྨ་ལ་མཚོས་སྐྱེས་ཞེས་བརྗོད་པ་དང༌། རྒྱུ་སྐར་གྱི་རྒྱལ་པོ་ལ་རི་བོང་ཅན་ཞེས་བརྗོད་པ་དང༌། རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པ་བཞིན་ནོ། །ཡང་མིང་ངན་པ། སྒྲ་བཤད་དུ་མེད་པ་བཞིན་དུ་སྐྱེས་བུའི་འདོད་པ་ཙམ་གྱིས་སྦྱར་བ་རྣམས་ནི་དེ་ལ་གྲགས་པ་ཅན་གྱིས་གྲུབ་པ་ཡིན་པས། འཇུག་ཏུ་རུང་བ་མ་ཡིན་ཞིང་མིང་དོན་ལ་དངོས་པོའི་འབྲེལ་པ་ཡང་མེད་དེ། དཔེར་ན། སྐམ་ལས་སྐྱེས་པའི་པདྨ་ལ་མཚོས་སྐྱེས་དང༌། བྲམ་ཟེའི་ཁྱེའུ་ལ་སེང་གེ་དང༌། རི་བོང་ཅན་ལ་ཟླ་བ་ཞེས་བརྗོད་པ་བཞིན་ནོ། །འདོད་རྒྱལ་ཐོག་མའི་མིང་གང་ཡིན་པ་ཡང་དངོས་མིང་དུ་འདོད་པ་མིན་ཏེ། ཤིང་ཞེས་པ་ལ་སོགས་པ་རྒྱུ་མཚན་མེད་པར་འཇིག་རྟེན་རྒན་པོས་བརྡའ་སྦྱར་བ་དུ་མ་མཐོང་བའི་ཕྱིར། ཞེས་ཟེར་བ་དེ་ནི་བརྡའ་སྤྲོད་པའི་གྲུབ་པའི་མཐའ་རྣམ་པར་བཞག་པ་ཡིན་ནོ། །དེའི་ཤེས་ཀྱང༌། གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །གྲགས་པ་གྲུབ་པར་ཁས་ལེན་ན། །རི་བོང་ཅན་ལའང་ལྡོག་མེད་ཕྱིར། །ཞེས་གསལ་བར་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་རི་བོང་ཅན་ཟླ་བ་ཞེས་པའི་སྒྲ་དངོས་པོའི་དབང་གི་གྲུབ་པར་ཐལ་བ་དང༌། རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲ་འཇུག་ཏུ་རུང་བ་བཟློག་ཏུ་མེད་པར་ཐལ་ཞེས་འཕེན་པ་ལ་བརྡའ་སྤྲོད་པའི་ངོར་མི་འདོད་པ་ཅི་ཞིག་ཡོད་ཅེས་བསམ་དགོས་པ་ཡིན་ནོ། །གཞུང་བརྒྱ་ཤར་གྱི་རི་བོ་ཡི། །ལེགས་བྱས་མཐའ་དག་གཅིག་གྲོས་ནས། །རིགས་པའི་ཉི་མ་གསལ་པོ་གཅིག །རང་རང་གཞུང་གི་དེ་ཉིད་ཀྱི། །ཕྲག་པའི་རྩེ་ནས་འཆར་བ་ན། །ཆོས་ཀྱི་གྲགས་པ་ང་ཞེས་ཟེར། །ངའི་རིགས་པའི་ལང་ཚོ་ནི། །ཁྱོད་ཀྱི་བློ་གྲོས་པད་མཚོ་ཡི། །གསེར་གྱི་ཁྱམས་ཆེན་ཉམས་དགའ་བར། །ལེགས་བཤད་མཚོན་བརྒྱའི་རི་མོ་ནི། །ཅི་ཡང་བྲིས་པའི་ཡ་མཚན་དང༌། །དགའ་སྟོན་བཟང་པོ་འདི་སྟང་ནས། །བློ་ངན་གཞན་གྱི་མུན་པ་ཡི། །མལ་སྟན་ནག་པོ་རང་བཟོ་ཡི། །དྲི་མ་ཅན་དེར་ང་མི་འགྲོ། །ད་དུང་ཁོ་བོའི་གཞུང་ལུགས་ཀྱི། །ཡ་མཚན་འདི་ལ་ལྟོས་ཞེས་ཟེར། །ཞེས་ཉམས་དགའ་བའི་རྒྱན་དུ་སྦྱར་བ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ། སེལ་བྱེད་བསལ་བྱ་སེལ་ནུས་པའི་རྒྱུ་མཚན་གསུམ་གྱི་སྒོ་ནས་གྲགས་བསལ་གྱི་རང་བཞིན་མདོར་བསྟན། དེ་ཉིད་སློབ་དཔོན་གྱི་ལུང་དང་སྦྱར་བའི་སྒོ་ནས་རྒྱས་པར་བཤད། སེལ་བྱེད་གྲགས་པ་ལོགས་སུ་གསུངས་པའི་དགོངས་དོན་གཏན་ལ་དབབ་པའོ། །དང་པོ་ལ། སེལ་བྱེད། བསལ་བྱ། སེལ་ནུས་པའི་རྒྱུ་མཚན་དང་གསུམ། དང་པོ་ནི། འོ་ན་ཇི་སྐད་དུ་གྲགས་པས་བསལ་བ་ཞེས་གསུངས་ན། གྲགས་པ་དེ་གང༌། དེའི་བསལ་བྱ་ཇི་ལྟ་བུ་ཞེ་ན། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་བར་རྣམ་པར་རྟོག་པས་གྲུབ་པ་ཡིན་ཏེ། ཁྱོད་དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་དགག་ཏུ་མེད་པའི་ཕྱིར། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེ་ཆོས་ཅན། ཁྱོད་ལ་གྲགས་པའི་མིང་འདོགས་པའི་རྒྱུ་མཚན་ཡོད་དེ། གྲགས་པ་མཚན་ཉིད་བརྡ་དང་བརྗོད་འདོད་ཀྱི་དབང་གིས་ཁྱོད་བཞག་པའི་ཕྱིར། དཔེར་ན། མངོན་སུམ་སོགས་ཀྱི་གཞལ་བྱ་ལའང་འཇལ་བྱེད་ཀྱི་མིང་གི་བཏགས་ནས་ཡུལ་སོ་སོས་བསལ་བ་ལ་མངོན་སུམ་སོགས་ཀྱི་བསལ་བར་བརྗོད་པ་བཞིན་ནོ། །ཞེས་འདོད་སྒྲའི་དང༌། ཐ་སྙད་དང༌། མངོན་གསུམ་རྣམས་སོ། །གཉིས་པ་ནི། དོན་ཐམས་ཅད་ཆོས་ཅན། ཁྱོད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དེ་གྲགས་བསལ་ཡིན་ཏེ། དེ་ལ་གྲགས་པས་གནོད་པའི་ཕྱིར། གསུམ་པ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་ལ་གྲགས་པས་གནོད་པ་ཡིན་ཏེ། ཟླ་བ་ཞེས་པའི་སྒྲ་དེ་སྤྱིར་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། ཅི་སྟེ་བུམ་པ་དེས་བརྗོད་མི་རུང་ལ་གྲགས་པས་མི་གནོད་དེ་བུམ་པ་ལ་དེར་མ་གྲགས་པའི་ཕྱིར། ཞེས་རང་སྡེ་དག་ཟེར་རོ། །བུམ་པ་ཆོས་ཅན། ཁྱོད་ལ་དེར་མ་གྲགས་ཀྱང་ཁྱོད་དེས་བརྗོད་མི་རུང་ལ་གྲགས་པས་གནོད་པ་ཡིན་ཏེ། ཁྱོད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པའི་ཕྱིར། རྟག་མ་གྲུབ་ན། རྟོག་ཡུལ་ན་ཡོད་པ་ཆོས་ཅན། ཁྱོད་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་ཐུན་མོང་གི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། ཞེས་རིམ་པར། དོན་ཙམ་གོང་དུ་སླངས་པ་དང༌། དེ་ལ་དང༌། གྲགས་པ་མེད་ཀྱང༌། གཞན་དུ་རྣམས་སོ། །གཉིས་པ་ལ། རང་ལུགས་བཞག གཞན་ལུགས་དགག རང་ལུགས་བཞག་པ་ལ་བརྩོད་པ་སྤང་བ། དེས་གྲུབ་པའི་དོན་ནོ། །དང་པོ་ལ། གང་ལ། ཐུན་མོང་མིན་ཕྱིར་ཞེས་པའི་མདོ་དོན་བཤད་པའི་སྒོ་ནས་བརྗོད་རུང་ལ་གནོད་བྱེད་མེད་པར་བསྟན། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན། བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ། །ཞེས་པའི་མདོ་དོན་བཤད་པའི་སྒོ་ནས་བརྗོད་མི་རུང་ལ་སྒྲུབ་བྱེད་མེད་པར་བསྟན། ལུང་དང་པོའི་དོན་སླར་ཡང་གཞན་དུ་བཤད་པའོ། །དང་པོ་ནི། བརྡ་སྤྲོད་པ་ན་རེ། རི་བོང་ཅན་ནི་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་མ་ཡིན་ཏེ། དེ་གཉིས་ལ་དངོས་པོའི་འབྲེལ་བ་མེད་པའི་ཕྱིར་ཏེ། དེ་ལ་དེའི་སྒྲ་བཤད་དུ་མེད་པའི་ཕྱིར། དེས་འབྱུང་བ་ལ་གནོད་པར་འགྱུར་ཞེས་གང་བཤད་པ་དེ་མི་རིགས་སོ་ཞེ་ན། འོ་ན་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དེ་ཆོས་ཅན། རྗེས་དཔག་གིས་གྲུབ་པར་ཐལ། ཚད་མས་གྲུབ་པ་གང་ཞིག་མངོན་སུམ་གྱིས་མི་གྲུབ་པའི་ཕྱིར། འདོད་ན། དེ་དེར་སྒྲུབ་པའི་གཏན་ཚིགས་ཡང་དག་གཅིག་ཡོད་པར་འགྱུར་ལ། དེ་ཡང་ཡོད་ན། སློབ་དཔོན་བདག་ཉིད་ཆེན་པོས་ཡོད་པ་དེ་རི་བོང་ཅན་དེར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཀྱི་དཔེར་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་སྒྲུབ་པ་ལ་གཏན་ཚིགས་གང་བཀོད་ཀྱང་མཐུན་དཔེ་ལ་རྗེས་སུ་འགྲོ་བ་མེད་དོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ། སྒྲ་ལས་བྱུང་ཞེས་པ་གྲགས་ཟིན་གྱི་དོན་ཁོ་ན་ལ་འཇུག་པ་མིན་པར་བསྟན། འགལ་བའི་དོན་གྱིས་ཞེས་པས། གྲགས་ཟིན་དང་གྲགས་རུང་གི་འགལ་ཟླ་གྲགས་བསལ་དུ་བསྟན་པའོ། །དང་པོ་ནི། འོ་ན་བརྗོད་རུང་ལ་གྲགས་པར་འཇོག་ན། སློབ་དཔོན་གྱི་སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། བདག་ཉིད་ཆེན་པོས་དེ་སྐད་གསུངས་པ་ཆོས་ཅན། ཟླ་བ་ཞེས་པའི་སྒྲ་གྲགས་ཟིན་ཁོ་ན་ལ་དགོངས་པ་མ་ཡིན་ཏེ། གྲགས་ཟིན་དང་གྲགས་རུང་གཉིས་ཀ་ལ་དགོངས་པའི་ཕྱིར། གཉིས་པ་ནི། འགལ་བའི་དོན་གྱིས་ན་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། དངོས་སྟོབས་དང༌། ཡིད་ཆེས་པའི་རྗེས་དཔག་གིས་གྲུབ་པའི་དོན་གྱི་འགལ་ཟླ་སྒྲུབ་པ་ལ་གཏན་ཚིགས་ཡང་དག་མེད་པར་བསྟན་པ་ཡིན་ཏེ། གྲགས་པའི་རྗེས་དཔག་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དེ་སྒྲུབ་པ་ལ་གཏན་ཚིགས་ཡང་དག་མེད་པར་གོང་དུ་བསྟན་ཟིན་པའི་ཕྱིར། ཞེས་སྒྲ་ནི་དང༌། རྗེས་སུ་རྣམས་སོ། །དེ་ལྟར་བཤད་པ་དེ་ནི་མདོར་ཡང་ཞེས་པའི་སྒྲའི་ནུས་པ་ཡིན་ལ། དེ་ལ་གཞན་དུ་དཔག་པས་ཞེས་པ་གྲགས་པ་ཁོ་ན་ལ་འཆད་ན། དཔེར་བརྗོད་པ་འབྲས་བུ་དང་ནི། ཞེས་པ་དང༌། དོན་གཅིག་ཉིད་བཟློག་སྟེ་བཤད་པར་སྣང་ངོ༌། །གཉིས་པ་ནི། བཤད་ཚུལ་དངོས་ལས་ཡང་ན་གང་ལ་ཞེས་སོགས་ཀྱི་མདོ་ཚིག་དང་པོ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ཐལ། དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་དག་མེད་དོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཤེས་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་རྟེན་ནས་གྲགས་དངོས་ཀྱི་རྗེས་དཔག་གཉིས་ཀྱི་འཇུག་ཡུལ་དང་གནོད་ཡུལ་ཐུན་མོང་བ་མི་སྲིད་པ་དེ་བདེ་བླག་ཏུ་རྟོགས་པའི་ཕྱིར། དེ་འདྲ་མི་སྲིད་དེ། འདོད་པ་ཙམ་གྱིས་བཞག་པ་ཡང་ཡིན། དངོས་པོའི་དབང་གིས་གྲུབ་པ་ཡང་ཡིན་པའི་གཞི་མཐུན་མི་སྲིད་པའི་ཕྱིར། ཞེས་སྔ་མ་དང༌། དེས་ནི་དང༌། དེས་ན་རྣམས་སོ། །གཉིས་པ་གཞན་ལུགས་དགག་པ་ལ། ཕྱོགས་སྔ་མ་བརྗོད། དེ་དགག བཀག་པ་ལ་བརྩོད་པ་སྤང་བའོ། །དང་པོ་ནི། ཀུན་ལས་བཏུས་ཀྱི་འགྲེལ་བྱེད་གཞན་དག་ན་རེ། འཇིག་རྟེན་ན་ཟླ་བར་གྲགས་པ་རི་བོང་ཅན་གཅིག་པུ་ལས་མེད་པས། བརྡ་སྤྲོད་པའི་ངོར། དེ་དེའི་བརྗོད་བྱར་སྒྲུབ་པ་ལ། གཏན་ཚིགས་གང་བཀོད་ཀྱང་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་ནོ། །དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མེད་ཀྱང་དེ་འཇིག་རྟེན་གྱི་གྲགས་པ་ཁོ་ནས་གྲུབ་པ་ཡིན་པས། ལོག་ཕྱོགས་གྲགས་པའི་བསལ་བ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་གང་ལ་ཞེས་སོགས་ཀྱི་མདོ་གཉིས་རིམ་པར་གསུངས་པ་ཡིན་ནོ། །དེ་སྒྲུབ་པ་ནི། དེ་སྒྲུབ་ལ་རྟགས་སུ་བཀོད་པའི་ཡོད་པ་དེ་ནི། ཐུན་མོང་མིན་པའི་གཏན་ཚིགས་སུ་འདོད་པ་ཡིན་ཏེ། དེས་དེ་ལྟར་སྒྲུབ་པ་ལ་མཐུན་དཔེ་མེད་པ་ཅན་ཡིན་པའི་ཕྱིར། བརྡ་སྤྲོད་པའི་ངོར་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་གྲགས་པའི་དོན་གང་ཞིག་འདོད་པར་འགྱུར་ཏེ། དེའི་ངོར་དེ་འདྲ་མེད་པའི་ཕྱིར་ཏེ། བརྡ་སྤྲོད་པ་དེ་རི་བོང་ཅན་ལ་ཡང་ཟླ་བ་ཞེས་པའི་སྒྲ་འཇུག་ཏུ་རུང་བར་མི་འདོད་པའི་ཕྱིར། ཞེས་རང་གི་སྡེ་པ་དག་འདོད་དོ། །གཉིས་པ་ལ། ལུང་གཉིས་པའི་འཆད་ཚུལ་མི་འཐད་པར་བསྟན། ལུང་དང་པོའི་འཆད་ཚུལ་མི་འཐད་པར་བསྟན་པའོ། །དང་པོ་ནི། མདོ་གཉིས་པ་ཆོས་ཅན། རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་ཁོ་ན་ལ་གྲགས་པས་གནོད་པར་བཤད་པ་མ་ཡིན་པར་ཐལ། གྲགས་པས་གནོད་པའི་མཚན་ཉིད་སྤྱིར་བསྟན་པའི་ཕྱིར་ཏེ། ཁྱོད་ཀྱི་ད་ཊཱཀག་ཤིང་གི་ཐ་སྙད་བྱ་རུང་མ་ཡིན་པར་དམ་བཅས་པའི་ཞེན་དོན་ལ་གྲགས་པས་གནོད་པ་བསྟན་པའི་ཕྱིར་རོ། །ཞེས་རི་བོང་དང༌། དཔེ་དང༌། དེ་བཞིན་རྣམས་སོ། །ད་ཊཱིཀ་ཤིང་ཤ་བའི་སྐད་དོད་ཡིན་པར་རྣམ་ངེས་ལས་ཤེས་ལ་ཤ་བ་ནི་ཨ་ཀ་རུའི་སྐད་དོད་དུ་སྣང་ངོ༌། །གཞུང་འདིས་ནི་ད་ཊཱིཀ་ཤིང་གི་ཐ་སྙད་བྱ་རུང་དུ་སྒྲུབ་པ་ལ་ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་གཏན་ཚིགས་སུ་བཀོད་པ་དེ་ཡང་གྲགས་པའི་གཏན་ཚིགས་ཡང་དག་ཏུ་གསལ་བར་བསྟན་ནོ། །རི་བོང་ཅན་ཟླར་མི་འདོད་པ་ཞེས་པའི་གཞུང་ཤླཽ་ཀ་ཕྱོགས་སྔ་མའི་གཞུང་དུ་སྦྱར་བ་ཡིན་ལ། འདི་ནི་རྣམ་པར་ངེས་པ་དང་བརྒྱན་ན་གསལ་ལོ། །གཉིས་པ་ནི། རྟོག་ཡུལ་ན་ཡོད་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་མེད་པ་མ་ཡིན་པར་ཐལ། འཇིག་རྟེན་ན་ག་པུར་དང་དངུལ་ཆུ་སོགས་ལ་ཟླ་བའི་སྒྲ་འཇུག་པར་མཐོང་བའི་ཕྱིར། ཞེས། འདིར་ཡང་སོགས་སོ། །གསུམ་པ་ནི། རང་སྡེ་ན་རེ། ག་པུར་དང་དངུལ་ཆུ་སོགས་ལ་ཟླ་བ་ཞེས་པའི་སྒྲ་དེ་འདོད་པ་ཙམ་གྱིས་གྲུབ་པ་མ་ཡིན་གྱི་འཇུག་ཏུ་རུང་བ་མ་ཡིན་ནོ། །ཞེ་ན། འོ་ན་སྒྲ་དེ་རི་བོང་ཅན་ལ་དངོས་པོ་སྟོབས་ཤུགས་ཀྱིས་གྲུབ་པར་ཐལ། རི་བོང་ཅན་ཁོ་ན་ལ་འཇུག་གི་གཞན་ལ་མི་འཇུག་པའི་ཕྱིར། དེ་ལ་རང་སྡེས་འདོད་པར་མི་ནུས་ཏེ། དེ་ལྟར་ན་དེ་སྒྲུབ་ལ་དངོས་སྟོབས་ཀྱི་གཏན་ཚིགས་ཡང་དག་སྲིད་པར་ཐལ་བ་དང༌། ལོག་ཕྱོགས་དངོས་སྟོབས་ཀྱི་བསལ་བར་ཧ་ཅང་ཐལ་ལོ། །གལ་ཏེ་རི་བོང་ཅན་ལ་སྒྲ་དེ་གྲགས་པས་གྲུབ་པར་ཁས་ལེན་ན། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། རི་བོང་ཅན་མ་ཡིན་པ་ལ་ཡང་འཇུག་ཏུ་རུང་བར་ཐལ། རི་བོང་ཅན་ལ་གྲགས་པས་འགྲུབ་པའི་སྒྲ་ཡིན་པའི་ཕྱིར། ཞེས་གལ་ཏེ་ནས་མེད་ཕྱིར་གྱི་བར་རོ། །རྐང་པ་བཞི་པོ་འདི་རྣམ་ངེས་དང༌། ལྷ་དང༌། ཆོས་མཆོག་རྣམས་སུ་མི་འབྱུང་ཞིང༌། འོག་གི་ལ་ལར་སོགས་རྐང་པ་བཞི་འདིར་འབྱུང་བས། འདི་རྒྱན་གྱི་འགྲེལ་ཚིག་གོ་ཞེས་སྔ་མ་དག་གསུང་ངོ༌། །འགྲེལ་ཚིག་ཡིན་ཀྱང་སླ་སྟེ། འཆད་ལུགས་དེ་ལྟར་ཤེས་ན་ལེགས་པར་བཤད་པའི་དགའ་སྟོན་ཉམས་སུ་མྱོང་བར་འགྱུར་རོ། །རི་བོང་ཅན་ཆོས་ཅན། ཁྱོད་ལའང་ཟླ་བ་ཞེས་པའི་སྒྲ་དེ་འདོད་པ་ཙམ་གྱིས་འཇུག་པར་ཐལ། ག་བུར་སོགས་ཀྱི་དངོས་པོ་ལ་སྒྲ་དེ་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། འདོད་ན། ཡོད་པའི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་ཡོད་པར་ཐལ། དེ་གཉིས་ལ་ཟླ་བ་ཞེས་པའི་སྒྲ་འཇུག་ཚུལ་མཚུངས་པའི་ཕྱིར། ཞེས་དངོས་པོ་སོགས་སོ། །སྔ་མ་ལ་མ་ཁྱབ་ན་རི་བོང་ཅན་ཆོས་ཅན། ཁྱོད་ལ་ཟླ་བ་ཞེས་པའི་སྒྲ་མི་འཇུག་པར་ཐལ། ཁྱོད་ལ་དེར་བརྗོད་འདོད་ཀྱི་དབང་གིས་ཀྱང་མི་འཇུག དངོས་པོའི་དབང་གིས་ཀྱང་མི་འཇུག་པའི་ཕྱིར། ཞེས་དངོས་སོགས་སོ། །དཔེ་འདི་ཅེས་པ་མན་ཆད་ཀྱི་དོན་བསྡུ་བ་ནི། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་ཡིན་ཏེ། གྲགས་པས་གྲུབ་པའི་སྒྲ་ཡིན་པའི་ཕྱིར། ཞེས་དེ་ཕྱིར་སོགས་སོ། །གསུམ་པ་ནི། བརྡ་སྤྲོད་པ་ན་རེ། རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲ་སྐྱེས་བུའི་འདོད་པ་ཙམ་གྱིས་གྲུབ་པ་ཡིན་གྱིས་འཇུག་ཏུ་རུང་བ་མ་ཡིན་ནོ། །ཞེ་ན། འོ་ན་ཟླ་བ་ཞེས་པའི་སྒྲ་ཆོས་ཅན། རི་བོང་ཅན་ལ་དངོས་པོའི་དབང་གིས་གྲུབ་པར་ཐལ། རི་བོང་ཅན་ལ་གྲུབ་པ་དེ་ལས་གཞན་ལ་མ་གྲུབ་པའི་ཕྱིར། མ་ཁྱབ་སྟེ་རི་བོང་ཅན་ལ་གྲགས་པས་གྲུབ་པ་ཁོ་ན་ཡིན་ནོ་ཞེ་ན། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། རི་བོང་ཅན་ལ་འཇུག་ཏུ་རུང་བར་ཐལ། རི་བོང་ཅན་ལ་གྲགས་པས་གྲུབ་པའི་སྒྲ་གང་ཞིག རི་བོང་ཅན་ལས་གཞན་ལ་འཇུག་ཏུ་མི་རུང་བའི་ཕྱིར། ཞེས་གལ་ཏེ་ལ་ལར་སོགས་སོ། །བཞི་པ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་ལ་གྲགས་པས་གནོད་པར་བསྟན་པ་འདིས་ནི་ཆོས་ཅན། དགོས་པ་ཡོད་དེ། བརྗོད་བྱེད་ཀྱི་སྒྲ་ཐམས་ཅད་ལ་འཇུག་ཏུ་རུང་ཞིང༌། མི་རུང་ན་གྲགས་པ་དང་འགལ་ལོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་བསྟན་པ་དེས་ནི་ཆོས་ཅན། དགོས་པ་ཡོད་དེ། རྒྱུ་མཚན་ཅན་གྱི་སྒྲ་དང༌། འདོད་རྒྱལ་བའི་སྒྲའི་དོན་དམ་པར་གྲུབ་པ་འགོག་པ་ལ་གྲགས་པས་མི་གནོད་པར་བསྟན་པའི་ཕྱིར། ཞེས་རུང་བ་དང༌། དེ་ནི་རྣམས་སོ། །འདིར་འཆད་པ་པོ་ཞེས་བརྗོད་ལ་སོགས་པ་རྒྱུ་མཚན་ཅན་གྱི་སྒྲའི་དོན་དམ་པ་ཉིད་ཡིན་པར་འདོད་པ་ནི་བརྡ་སྤྲོད་པའི་འདོད་པ་ཡིན་ལ། ཟླ་བ་ཞེས་བརྗོད་པ་ལ་སོགས་པ་འདོད་རྒྱལ་བའི་སྒྲའི་དོན་དེར་འདོད་པ་ནི། རང་སྡེའི་འདོད་པ་ཡིན་ནོ། །མདོར་བསྡུ་ན། འདིར་ཕྱོགས་སྔ་མར་གྱུར་པའི་རང་སྡེ་དེ་དང༌། བརྡ་སྤྲོད་པ་གཉིས་ཀ་རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲ་གྲགས་པར་གྲུབ་པ་དང༌། དངོས་པོའི་དབང་གིས་མ་གྲུབ་པར་ཁས་ལེན་པ་ལ་ཁྱད་པར་མེད། དེ་ཡང་རང་སྡེ་ནི། རི་བོང་ཅན་ཁོ་ན་ལ་ཟླ་བ་ཞེས་པའི་སྒྲ་འཇུག་ཏུ་རུང་ཅིང༌། ག་བུར་སོགས་ལ་ཟླ་བ་ཞེས་པའི་སྒྲ་འདོད་པ་ཙམ་གྱིས་འཇུག་པ་ཡིན་གྱི། འཇུག་ཏུ་རུང་བ་མ་ཡིན་པར་འདོད། བརྡ་སྤྲོད་པ་ནི། རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲ་འདོད་པ་ཙམ་གྱིས་གྲུབ་པ་ཡིན་གྱི། འཇུག་ཏུ་མི་རུང་བར་འདོད། དེའི་ཕྱིར་འདི་གཉིས་ལ་གྲགས་པ་ལ་ལོག་པར་ཞུགས་པ་ཞེས་མིང་གིས་འདོགས་པར་སྔ་མ་དག་གིས་མཛད་དོ། །སྐབས་འདིར་རྟོག་ཡུལ་ན་ཡོད་མེད་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་འགལ་བའི་གཏན་ཚིགས་སུ་འགྱུར་བ་མ་ཡིན་ནམ། ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་བཤད་པ་ཇི་ལྟར་ཡིན་ཞེ་ན། རྒོལ་བ་མི་འདྲ་བ་སོ་སོ་ལ་ལྟོས་ནས་གཉིས་ཀ་ཡང་མི་འགལ་ལ། འདིར་ནི་ཕྱོགས་ཆོས་གྲུབ་ཅིང་མཐུན་པའི་ཕྱོགས་ལ་ནི་མེད་ལ། མི་མཐུན་པའི་ཕྱོགས་ལ་ཡོད་ཀྱང་སྐབས་ཀྱི་རྒོལ་བ་བརྡ་སྤྲོད་པའི་ཚད་མས་མ་མཐོང་བའི་ཕྱིར། ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་བཤད་པ་ཡིན་ནོ། །གསུམ་པ་ནི། འོ་ན་སེལ་བྱེད་འཆད་པའི་སྐབས་སུ་གྲགས་པའི་རྗེས་དཔག་ལས་རྗེས་དཔག་ལོགས་སུ་བཤད་པའི་ཕྱིར། དེ་རྗེས་དཔག་མ་ཡིན་པར་འགྱུར་རོ་ཞེ་ན། དེ་དེ་ཡིན་ཀྱང་དེ་འཆད་པའི་སྐབས་སུ་དེ་དེ་ལས་ཐ་དད་དུ་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། གྲགས་དངོས་གཉིས་ཀྱི་གནོད་ཡུལ་གྱི་ཁྱད་པར་མི་འདྲ་བ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྔ་མ་ཡིད་ཆེས་རྗེས་དཔག་བཞིན་ནོ། །གྲགས་ཡིད་གཉིས་ལ་གནོད་ཡུལ་གྱི་ཁྱད་པར་མི་འདྲ་བ་རེ་རེ་ཡོད་པ་དེ་བསྟན་པའི་ཕྱིར་དུ། གྲགས་ཡིད་ཀྱི་རྗེས་དཔག་གཉིས་རྗེས་དཔག་ལས་ལོགས་སུ་གསུངས་པ་དེ། བདག་ཉིད་ཆེན་པོའི་དགོངས་པ་ཡིན་ཏེ། བདག་ཉིད་ཆེན་པོས་དགོངས་པ་དེ་བསྟན་པར་བྱ་བའི་ཕྱིར་དུ། གྲགས་ཡིད་གཉིས་ཀྱི་གནོད་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་གསུངས་ལ། མངོན་སུམ་དང་དངོས་སྟོབས་རྗེས་དཔག་གི་གནོད་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་གསུངས་པའི་ཕྱིར། ཞེས། དེས་ན་དང༌། གྲུབ་སོགས་སོ། །མངོན་པའི་ང་རྒྱལ་ཆང་གིས་རབ་མྱོས་ཤིང༌། །རྣམ་དཔྱོད་མིག་དང་མཁས་པའི་དམིགས་པུ་ཡིས། །རིང་དུ་སྤངས་པའི་ཁེངས་ལྡན་བཤེས་གཉེན་དག །བཟུ་བོའི་ཆིབས་གཅིག་བཙལ་ནས་དེ་ཆིབས་ཏེ། །དེ་རིང་ལེགས་བཤད་སྐྱེད་ཚལ་འདིར་བྱོན་དང༌། །ཚིགས་དོན་གསེར་གྱི་ཐུར་མས་མིག་ཕྱེ་ནས། །ཡ་མཚན་རིགས་བརྒྱའི་མཚར་སྡུག་འདི་གསན་ན། །ལེགས་བཤད་དྲི་ཙམ་སྙན་གྱི་གཟིགས་པར་འགྱུར། །ཞེས་སྨྲས་པ་ཡིན་ནོ། །གསུམ་པ་མངོན་སུམ་གྱིས་བསལ་བ་ལ། མཚམས་སྦྱར་བ་ནི། ཚད་མའི་མདོར་མངོན་སུམ་གྱི་གནོད་ཚུལ་རྒྱས་པར་གསུངས་མོད། འདི་ལ་ཡང་བརྗོད་པར་བྱ་བ་ནི་དུ་མ་ཡོད་དོ། །ཇི་ལྟར་ཞེ་ན། རྩ་བར་དོན་སྨོས་པའི་དགོས་པ། འགྲེལ་པར་མཉེན་བྱ་སྨོས་པའི་དགོས་པ། སྒྲ་ལ་རང་མིང་གི་མིང་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ནི། སྒྲ་ཆོས་ཅན། ལྡོག་པ་དུ་མ་ཅན་ཡིན་ཏེ། རྟོག་པ་ལ་དེར་སྣང་བའི་ཕྱིར། དེ་ཆོས་ཅན། ཉན་ཤེས་མངོན་སུམ་ལ་དེར་མི་སྣང་སྟེ། ལྡོག་པ་སྣང་བའི་ཉན་ཤེས་མ་དམིགས་པའི་ཕྱིར། དེས་ན་ཚད་མ་མདོར། སེལ་བྱེད་འཆད་པའི་སྐབས་སུ་དོན་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཉན་ཤེས་དབང་པོའི་མངོན་སུམ་ལ་ལྡོག་པ་དུ་མ་མི་སྣང་བ་དེ་རྟོགས་པར་བྱ་བའི་ཕྱིར། ཉན་ཤེས་དབང་པོའི་མངོན་སུམ་ལ་ལྡོག་པ་སྣ་ཚོགས་མི་སྣང་ཞིང༌། སྒྲ་རང་མཚན་གཅིག་ཉིད་སྣང་བར་ཤེས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་རང་མཚན་མཉན་བྱ་ཡིན་པ་སྤོང་ན་ཉན་ཤེས་དབང་པོའི་མངོན་སུམ་གྱིས་གནོད་པ་དང༌། སྒྲའི་སྟེང་གིས་བྱས་པ་ཉིད་དང༌། མི་རྟག་པ་ཉིད་ལ་སོགས་པའི་ལྡོག་པ་དུ་མ་རྣམས་མཉན་བྱ་ཡིན་པ་སྤོང་ཡང༌། ཉན་ཤེས་མངོན་སུམ་གྱིས་གནོད་པ་མེད་དོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་མངོན་སུམ་དང༌། སྒྲ་ནི་དང༌། གང་གི་དང༌། དེ་ཆོས་ཅན་དང༌། འདི་ཉིད་རྣམས་སོ། །འདིར་སྒྲའི་ཆོས་ལ་གཉིས་ཏེ། རྫས་དང་ལྡོག་པའོ། །རྫས་སུ་གྱུར་པའི་བྱས་མི་རྟག་སོགས་ནི། སྒྲ་ཉིད་ཡིན་ཏེ། ཇི་སྐད་དུ། དོན་གྱི་རང་གི་ངོ་བོ་གཅིག །ཅེས་གསུངས་སོ། །ལྡོག་པར་གྱུར་པའི་བྱས་པ་སོགས་ནི། རྟོག་པ་ལ་རང་མཚན་དུ་སྣང་ཡང༌། སོང་ཚོད་ལ་ལྡོག་པ་ཡིན་པའི་ཕྱིར། ཉན་ཤེས་མངོན་སུམ་ལ་མི་སྣང་བ་ཡིན་ནོ། །གཉིས་པ་ནི། ཀུན་ལས་བཏུས་ཀྱི་འགྲེལ་པར། སྒྲ་ནི་མཉན་བྱ་མ་ཡིན་ནོ་ཞེས་པའི་ཟུར་གྱི་མཉན་བྱ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་རང་མཚན་ཤེས་བྱ་མ་ཡིན་པ་དང༌། མི་རྟག་པ་ཉིད་མ་ཡིན་པ་ལ་སོགས་པ་དམ་བཅས་པའི་ཞེན་དོན་ལ་ཉན་ཤེས་དབང་པོའི་མངོན་སུམ་གྱིས་མི་གནོད་དོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། རྟག་པ་ཉིད་ཅེས་པ་རྟོག་ངོར་རྟག་པ་རྣམ་པར་སྤྱད་ཙམ་གྱི་ལྡོག་པ་ལ་བརྗོད་དོ། །གསུམ་པ་ནི། འོ་ན་སྒྲ་ལ་རང་མིང་གིས་མ་སྨོས་པར་མཉན་བྱའི་མིང་གིས་སྨོས་པའི་རྒྱུ་མཚན་དང་དགོས་པ་ཅི་ཡིན་ཞེ་ན། སྒྲ་རང་མཚན་ཆོས་ཅན། མངོན་སུམ་གྱི་བསལ་བ་འཆད་པའི་སྐབས་འདིར། ཁྱོད་ལ་སྒྲའི་མིང་གིས་མི་སྟོན་པའི་རྒྱུ་མཚན་ཡོད་དེ། རང་མཚན་བརྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་པའི་རྒྱུ་མཚན་གྱི་ཁྱོད་ལ་དེ་མེད་པར་བསྟན་པའི་ཕྱིར། སྒྲ་རང་མཚན་ལ་མཉན་བྱའི་མིང་གི་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་རང་མཚན་མཉན་བྱ་ཡིན་པ་དེ་ཉན་ཤེས་དབང་པོའི་མངོན་སུམ་གྱིས་གྲུབ་བོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་དེ་ཡིན་པ་དེས་གྲུབ་པའི་རྒྱུ་མཚན་གྱིས་དེ་མ་ཡིན་པ་མངོན་སུམ་གྱིས་བསལ་བ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་རྣམ་ཀུན་སོགས་སོ། །འདིར་རྐང་པ་དང་པོའི་དོན་རྟོགས་དཀའ་བ་ནི་འདི་ཡིན་ཏེ། དུང་སྒྲ་ལ་སོགས་པའི་སྒྲ་རང་མཚན་མཉན་བྱ་ཡིན་པ་དེ། ཉན་ཤེས་དབང་པོའི་མངོན་སུམ་གྱི་དངོས་ཀྱི་སྤྱོད་ཡུལ་ཡིན་ཀྱང༌། དེ་དག་སྒྲ་ཡིན་པ་དེ་ནི། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པའི་ཕྱིར། མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་ནོ། །དེའི་ཕྱིར་དེའི་ལོག་ཕྱོགས་མངོན་སུམ་གྱི་བསལ་བར་མ་བཤད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་དངོས་མ་ཡིན་ཕྱིར། །ཞེས་པ་དང་མ་འབྲེལ་ལོ་ཞེ་ན། འབྲེལ་བའི་ཚུལ་འདི་ལྟར། གང་ཚུ་རོལ་མཐོང་བའི་ཉན་ཤེས་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ན། རང་མཚན་ཡིན་པས་ཁྱབ་ལ། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ནི་སྒྲའི་ཐ་སྙད་བྱར་རུང་དེ་ཡིན་ལ། དེ་ཡང་སྤྱི་མཚན་དང༌། བརྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཞེས་པའོ། །སྒྲ་རང་མཚན་སྒྲ་མ་ཡིན་པ་དེ་མངོན་སུམ་གྱི་བསལ་བ་ཡིན་ན་དེ་དེ་ཡིན་པ་དེ་ཉན་ཤེས་མངོན་སུམ་གྱི་སྤྱོད་ཡུལ་ཡིན་དགོས། དེ་ཡིན་ན་བརྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་དགོས། དེ་ལྟ་ན་དེ་རྟགས་ཡང་དག་གི་བསྒྲུབ་བྱ་མ་ཡིན་དགོས་པ་ལས་དེ་དེ་ཡིན་པའི་ཕྱིར། འདིར་སྒྲའི་རང་མིང་གིས་མ་སྨོས་སོ། །ཞེས་པའོ། །འདི་ཡང་སྤྱིའི་དོན་ལ་སེལ་བྱེད། བསལ་བྱ། སེལ་ནུས་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། བཏགས་པ་བ་ཡུལ་ཅན་དང༌། མཚན་ཉིད་པ་ཡུལ་ལོ། །དང་པོ་ནི། ཉན་ཤེས་དབང་པོའི་མངོན་སུམ་ལྟ་བུའོ། །དེས་དྲངས་པའི་ངེས་ཤེས་དེ་ནི་འདིར་མི་བཟུང་སྟེ། རྗོད་བྱེད་ཀྱི་སྒྲ་དང་རྣམ་པར་རྟོག་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། མངོན་སུམ་གྱིས་གྲུབ་པའི་སྒྲ་རང་མཚན་ལྟ་བུའོ། །ངེས་ཤེས་ཀྱི་གྲུབ་པའི་དོན་ནི་འདིར་མི་བཟུང་སྟེ། དེ་ནི་སྤྱི་མཚན་ཡིན་པའི་ཕྱིར་རོ། །གཉིས་པ་བསལ་བྱ་ནི། སྒྲ་རང་མཚན་མཉན་བྱ་མ་ཡིན་པ་ལྟ་བུའོ། །ཚུ་རོལ་མཐོང་བའི་མངོན་སུམ་གྱི་ཚད་མས་གྲུབ་པའི་དོན་གྱི་དངོས་ཀྱི་འགལ་ཟླ་རྣམས་སོ། །འདིར་རྣལ་འབྱོར་མངོན་སུམ་གྱི་བསལ་བ་ནི་མི་བཟུང་སྟེ། གཞན་དུ་ན་ཉེར་ལེན་གྱི་ཕུང་པོ་རྟག་པ་ཡིན་པ་དང༌། དེའི་སྟེང་དུ་བདག་ཡོད་པ་སོགས་ཀྱང་དེར་འགྱུར་ལ། དེ་ལ་ལོག་ཕྱོགས་རྟགས་ཡང་དག་གི་བསྒྲུབ་བྱ་མ་ཡིན་པར་འགྱུར། དེ་བཞིན་དུ་སེར་པོ་མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པ་དང༌། བདེ་སོགས་བསལ་རིག་མ་ཡིན་པ་སོགས་མངོན་སུམ་གྱིས་བསལ་བར་འཇོག་ལ། དེ་གཟུགས་མ་ཡིན་པ་དང༌། དེ་ཤེས་པ་མ་ཡིན་པ་གཉིས་ནི་དེར་མི་འཇོག་སྟེ། དེའི་ལོག་ཕྱོགས་རྟགས་ཡང་དག་གིས་བསྒྲུབ་དགོས་པར་མཐོང་བའི་ཕྱིར། དེ་བཞིན་དུ་སྒྲ་མ་བྱས་པ་དང་རྟག་པ་སོགས་ལ་མཚོན་ཏེ་ཤེས་པར་བྱའོ། །སྒྲའི་སྟེང་དུ་རྫས་སུ་གྱུར་པའི་བྱས་སོགས་མངོན་སུམ་གྱི་རྟོགས་ཀྱང་དེ་མ་བྱས་སོགས་ཀྱང་སྒྲ་མ་རྟོགས་པའི་ཕྱིར། ལྡོག་པར་གྱུར་བའི་བྱས་མི་རྟག་སོགས་རྟགས་ཀྱིས་སྒྲུབ་དགོས་པ་ཡིན་ནོ། །མངོན་སུམ་དང་རྗེས་དཔག་ལ་གནོད་ཡུལ་ཐུན་མོང་བ་མེད་པ་ནི་མ་བཤད་ཀྱང་གོ་བར་སླ་བའི་ཕྱིར། བསྟན་འཆོས་སུ་དཔྱད་པ་ཡང་མ་མཛད་དོ། །གསུམ་པ་ནི་དེས་དེ་སེལ་ནུས་པ་ཡིན་ཏེ། དེ་རང་གི་ཡུལ་ཅན་གྱི་མངོན་སུམ་ཚད་མས་གྲུབ་པའི་ཕྱིར། ཞེས་པའོ། །མཁས་རློམ་གཟུགས་ཀྱི་རི་མོ་ཡ་མཚན་ཅན། །རྗེས་འཇུག་མང་པོའི་ཁྲི་ལ་བརྗིད་ཆགས་ཤིང༌། །རྙེད་བཀུར་ཚོན་བརྒྱའི་རི་མོ་རྣམ་བཀྲ་བ། །སྙན་གྲགས་གདུགས་ཀྱི་བསིལ་ཡབ་འཛིན་མེད་ཀྱང༌། །ལུང་དང་རིགས་པའི་དོན་གྱིས་ཁོག་སྟོང་ཞིང༌། །འབྲེལ་མེད་ཚིག་གི་ཚོན་རྩིའི་སྒྲིབ་གཡོགས་ཅན། །གཞུང་ཚིག་གཅིག་ལའང་ཅི་བྱའི་ཁུངས་མེད་པའི། །སློབ་དཔོན་གཟུགས་ཀྱི་དོན་གཉེར་མ་བསླུས་སམ། །དོན་གཉེར་ལས་ཀྱང་སངས་རྒྱས་ཀྱི། །བསྟན་པ་དེ་ཉིད་ཚོལ་བ་ལ། །ཁྱེད་ཀྱི་ཚིག་ཕྲེང་སྨིག་རྒྱུ་ཡིས། །ད་དུང་གེགས་བྱེད་མ་གྱུར་ཅིག །ཅེས་རང་དང་གཞན་ལ་གཏམ་བྱ་བ་ཡིན་ནོ། །གཉིས་པ་ཆོས་ཅན་གང་ལ་བསལ་བ་བཤད་པ་ལ། དགོས་པ་གསུམ་རིམ་གྱིས་བཤད། དགོས་པ་བར་པ་ལ་རྩོད་པ་སྤང་བ། དོན་བསྡུ་བའོ། །དང་པོ་ལ་གསུམ་ལས། དགོས་པ་དངོས་ནི། ཚད་མ་མདོར་ཕྱོགས་སྐྱོན་སེལ་བྱེད་འཆད་པའི་སྐབས་སུ། རང་རྟེན་ལ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་གཞན་གྱི་ཆོས་ཅན་ལ་གནོད་པ་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་དོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དགོས་པ་གཉིས་པ་ནི། འོ་ན་དེ་རང་ཉིད་ཅེས་པའི་ཚིག་གིས་རྟོགས་པ་མ་ཡིན་ནམ་ཞེ་ན། རྟོགས་མེད་དེ་ལྟ་ན་ཡང་དེ་ཆོས་ཅན། དགོས་པ་ཡོད་དེ། སྐབས་ཀྱི་ཤེས་འདོད་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་དང༌། དེས་དེ་ལ་མི་གནོད་དམ་སྙམ་པའི་དོགས་པ་སེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཆོས་ཅན་ལ་ཚད་མས་གནོད་པས་བསྒྲུབ་བྱ་ལ་གནོད་པའང་སྒྲུབ་པའི་གཏན་ཚིགས་ལ་ཡིན་ཏེ། གཞན་དུ་ན་བདག་ཉིད་ཆེན་པོས་གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། ཞེས་གསུངས་པ་བསྒྲུབ་བྱ་མེད་པར་འགྱུར་རོ། །གནོད་པའི་དོན་ཡང་ཆོས་ཅན་དེ་སྒྲུབ་པའི་ཆོས་དེ་ཡིན་པ་ལ་སྤྱིར་ཚད་མས་གནོད་པའི་དོན་ཡིན་གྱི། དེ་བསྒྲུབ་བྱ་མ་ཡིན་པའི་དོན་ནི་མ་ཡིན་ཏེ། མོ་གཤམ་གྱི་བུ་དངོས་པོ་ཡིན་པ་དེ་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་སྲིད་པའི་ཕྱིར་དང༌། དེ་དེ་ཡིན་པ་དེ་ངོ་བོ་ལ་སོགས་པའི་ཟུར་ལྔ་པོ་གང་གིས་ཀྱང་མི་སེལ་བའི་ཕྱིར་རོ། །དགོས་པ་གསུམ་པ་ནི། འདི་ཡང་རང་ཉིད་ཅེས་པའི་ཚིག་ལས་དོན་གྱིས་གྲུབ་ཟིན་པ་མ་ཡིན་ནམ་ཞེ་ན། བདེན་མོད། དེ་ཆོས་ཅན། དགོས་པ་ཡོད་དེ། འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་པ་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་ཁས་ལེན་པ་དེ་ཡང་སྤང་བ་བྱ་བའི་ཆེད་ཡིན་པའི་ཕྱིར། སྐབས་ཀྱི་སྒྲུབ་བྱའི་ཆོས་ཀྱི་རྟེན་མི་བྱེད་པ་འབའ་ཞིག་པ་ཞེས་བྱའོ། །ཞེས་པ་ཀུན་ཏུ་དང༌། དོན་འདི་དང༌། གཞན་དུ་དང༌། འདི་ཡང་རྣམས་སོ། །འོ་ན་དེ་ལྟར་ཁས་ལེན་པའི་ཚུལ་ཇི་ལྟ་བུ་ཞེ་ན། བྱེ་བྲག་པས་ནམ་མཁའ་དང་ཕྱོགས་དང་དུས་དང་བདག་ཡིད་རྣམས་རྟག་པའི་རྫས་སུ་འདོད་པ་ལ། སངས་རྒྱས་པས་མཁའ་སོགས་ཆོས་ཅན། རྟག་རྫས་མ་ཡིན་ཏེ། ཅིག་ཆར་དོན་བྱེད་མི་ནུས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱེ་བྲག་པ་ན་རེ། རྟགས་དེས་མཁའ་སོགས་རྟག་རྫས་ཡིན་པ་བཀག་པ་ན། མཁའ་སོགས་དངོས་པོ་ཡིན་པ་ཡང་བཀག དེ་བཀག་པ་ན་དེའི་སྐབས་ཀྱི་བསྒྲུབ་བྱ་ཡང་བཀག་པ་ཡིན་ཏེ། དངོས་གྱུར་གྱི་ནམ་མཁའ་དེ་དེ་སྒྲུབ་ཀྱི་ཆོས་ཅན་ཡིན་པའི་ཕྱིར་དང༌། ཆོས་ཅན་དེ་ཉིད་སངས་རྒྱས་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། ཞེས་དཔེར་ན་སོགས་སོ། །དངོས་གྱུར་གྱི་ནམ་མཁའ་དེ་དེ་སྒྲུབ་ཀྱི་རྩོད་གཞིའི་ཆོས་ཅན་དང་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པའི་རྒྱུ་མཚན་གྱིས་གཏན་ཚིགས་དེ་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས་མ་ཡིན་པར་ཐལ། དེ་དེ་མ་ཡིན་པའི་ཕྱིར། རང་རྟེན་ལའོ་ཞེས་པ་འདིས་ནི་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་དེ་སངས་རྒྱས་པས་དེ་ལྟར་སྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་མ་ཡིན་པར་བསྟན་པ་ཡིན་ཏེ། ནམ་མཁའ་དང་རྟག་རྫས་མ་ཡིན་པའི་ཚོགས་དོན་དེ་སངས་རྒྱས་པའི་བསྒྲུབ་བྱར་བསྟན་པའི་ཕྱིར། ཞེས་དེ་ལྟར་སོགས་སོ། །གཉིས་པ་ནི། སྐབས་ཀྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་དེ་ལྟ་ན། གྲངས་ཅན་པས་སྤྱི་གཙོ་བོའི་ངོ་བོར་གྱུར་པའི་བདེ་སྡུག་བཏང་སྙོམས་གསུམ་རྟག་རྫས་དང་རྣམ་འགྱུར་ཀུན་གྱི་རྒྱུར་ཁས་བླངས་པ་ལ། སངས་རྒྱས་པས་ཞེ་འདོད་ལ་བདེ་སོགས་མི་རྟག་པར་སྒྲུབ་པར་འདོད་ནས། བདེ་བ་སོགས་ཆོས་ཅན། རྟག་རྫས་མ་ཡིན་ཏེ། ཅིག་ཆར་དོན་བྱེད་མི་ནུས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། གྲངས་ཅན་ན་རེ། དེའི་ཚེ་ན་ཆོས་ཅན་ནི་བདེ་སོགས་མི་རྟག་པ་དེའོ། །གཏན་ཚིགས་སུ་ནི་དོན་བྱེད་ནུས་སྟོང་བཟུང་བས། དོན་བྱེད་ནུས་སྟོང་དེ་ཆོས་ཅན། དེ་སྐོར་གྱི་བསྒྲུབ་བྱ་དེ་བཀག་པར་ཐལ། སྐབས་ཀྱི་ཆོས་ཅན་ལ་གནོད་པའི་ཕྱིར། ཅི་སྟེ། གལ་ཏེ་སོགས་སོ། །དོན་བྱེད་ནུས་སྟོང་ཆོས་ཅན། ཁྱོད་སྦྱོར་བ་དེ་སྐོར་གྱི་རྟགས་སུ་བཟུང་བྱ་དང༌། བདེ་སོགས་མི་རྟག་པ་དེ་དེ་སྐོར་གྱི་འགལ་རྟགས་སུ་འགྱུར་བ་མ་ཡིན་པར་ཐལ། ཁྱོད་དེ་སྐོར་གྱི་གཏན་ཚིགས་སུ་མ་སོང༌། ཅིག་ཤོས་དེ་དེའི་ཆོས་ཅན་དུ་མ་སོང་བའི་ཕྱིར་ཏེ། སངས་རྒྱས་པས་བཀོད་པའི་སྦྱོར་བ་དེ། རིམ་བཞིན་དོན་བྱེད་ནུས་པ་དེ་བདེ་སོགས་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་སུ་བསྟན་པའི་ཕྱིར་ཏེ། དེ་ལྟར་བཀོད་པའི་ཚེ་ན་རིམ་བཞིན་དོན་བྱེད་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་བཟློག་པ་ཚད་མས་མི་ཤེས་པའི་གྲངས་ཅན་གྱི་ངོར། ལྷག་ལྡན་གྱི་གཏན་ཚིགས་སུ་འདོད་དེ། ཁྱོད་དེའི་ངོར་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེའི་ངོར་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་འགྲོ། མི་མཐུན་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། ཞེས་གལ་ཏེ་དང༌། རིམ་བཞིན་དང༌། མི་མཐུན་རྣམས་སོ། །དེ་ཚད་མས་ཤེས་པའི་ཚེ་རྟགས་ཡང་དག་གོ །གསུམ་པ་ནི། དེར་རང་རྟེན་ལ་ཞེས་སྨོས་པ་ཆོས་ཅན། སྔར་བཤད་པའི་དགོས་པ་གསུམ་པོ་དེ་འགྲུབ་པ་ཡིན་ཏེ། རྒོལ་བ་རང་ཉིད་ཀྱི་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཚད་མས་མ་བསལ་བ་གཅིག་དགོས་པར་བསྟན་པ་ནི། རང་ཉིད་དང་རང་རྟེན་གྱི་སྒྲ་གཉིས་མི་ཟློས་ཏེ། ཆོས་ཅན་གྱི་ཆོས་གཞན་བསྒྲུབ་བྱའི་ཟུར་ཡིན་པ་སེལ་བ་དང༌། ཆོས་ཅན་གྱི་ཆོས་བསྒྲུབ་བྱའི་ཟུར་ཡིན་པ་བསལ་བའི་ཁྱད་པར་ཡོད་པའི་ཕྱིར། ཞེས་གང་ཕྱིར་དང༌། རང་ཉིད་རྣམས་སོ། །མདོར་ན་རང་རྟེན་ལའོ་ཞེས་པས་བསྒྲུབ་བྱ་ལ་ལོག་པར་རྟོག་པ་སེལ་བ་ཡིན་གྱི་རིགས་མི་མཐུན་མ་ཡིན་ཏེ། ངོ་བོ་སོགས་ལྔ་པོས་སེལ་བར་མི་ནུས་པའི་དེའི་རིགས་མི་མཐུན་ཡོད་ན་དེའི་མཚན་ཉིད་ལ་ཟུར་དྲུག་ལ་སོགས་པ་དགོས་པར་འགྱུར་བས་སོ། །ལོག་པར་རྟོག་པ་སེལ་བ་ཡང་བསྣན་པའི་ཚུལ་གྱིས་སེལ་བ་ཡིན་གྱི་དེ་ཁོ་ན་སེལ་དགོས་ན་སྐྱོན་སྔ་མ་དེ་ཉིད་དུ་འགྱུར་བ་དང༌། ཇི་སྐད་དུ། འདི་ཡང་དོན་གྱི་བསྒྲུབ་མིན་ནམ། །ཞེས་དང༌། བདེན་ཏེ་ཞེས་དང༌། དེ་ལྟ་ཉིད་དུ་ཆོས་ཅན་ཡང་བསྒྲུབ་བྱ་ཉིད་ཕྱིར་འབའ་ཞིག་ཡིན་ཞེས་པ་ལས་གསལ་ལོ། །དེ་ཡང་འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་པ་བསྒྲུབ་བྱ་ཡིན་པ་ནི་འདོད་པ་ཞེས་པས་བསལ་ཟིན་པ་ཡིན་ཏེ། དེ་འདྲ་དེ་རང་ཉིད་ཀྱི་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའོ། །གསུམ་པ་ཕྱོགས་སྐྱོན་གཞན་མི་སྟོན་པའི་རྒྱུ་མཚན་ནི། འོ་ན་སངས་རྒྱས་པས་གྲངས་ཅན་ལ་སྒྲ་འཇིག་པ་ཡིན་ནོ་ཞེས་པ་ལྟ་བུ་ཁྱད་པར་མ་གྲུབ་པ་དང༌། བྱེ་བྲག་པས་སངས་རྒྱས་པ་ལ། བདག་ནི་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །ཞེས་པ་ལྟ་བུ་ཁྱད་པར་ཅན་མ་གྲུབ་པ་དང༌། ཡང་དེས་དེ་ལ་བདག་ནི་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཡིན་ནོ་ཞེས་པ་ལྟ་བུ་གཉིས་ཀ་མ་གྲུབ་པ་རྣམས་ཀྱང་བདེ་བྱེད་བདག་པོས་ཕྱོགས་སྐྱོན་དུ་བཤད་པ་ལྟར་ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར། དེ་ལྟར་ན་ཡང་བདག་ཉིད་ཆེན་པོས་ཕྱོགས་སྐྱོན་དུ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་རྣམས་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་ཏེ། རྟགས་སུ་བཟུང་བྱའི་སྟེང་དུ་ཚུལ་གསུམ་གང་རུང་གིས་བསལ་བྱ་ཡིན་པའི་ཕྱིར། ཞེས་བསྒྲུབ་བྱེད་ནས། མ་ཡིན་གྱིས་བར་རོ། །རྒྱ་གར་པཎ་ཆེན་མཁས་པས་ཉན་བཤད་པའི། །རྟོག་གེའི་དེ་ཉིད་སེམས་པས་འདི་ཆོག་གི །ཁུངས་མེད་ཚིག་ཕྲེང་མང་པོས་ཅི་ཞིག་བྱ། །ནང་གི་དེ་ཉིད་སེམས་པ་མི་ལེགས་སམ། །སྙིགས་དུས་འདི་ན་ཆོས་ཀྱི་གྲགས་པའི་གཞུང༌། །ཆ་ཙམ་མི་ཀློག་གཡོ་རྒྱུའི་ཚིག་སྦྱོར་ཙམ། །ཉན་བཤད་བྱེད་ལ་རྟོག་གེ་སྨྲ་ཞེས་ཟེར། །ཆོས་ཀྱི་སྤྱན་ཡངས་དག་གིས་མི་ཁྲེལ་ལམ། །འོན་ཀྱང་བདེ་བདུན་བྱེད་པོ་ཡི། །ལེགས་བཤད་སྙིང་པོའི་ཆ་ཙམ་ཞིག །རྒན་རབས་མཛངས་པས་རྙེད་གང་དེ། །རྣམ་དཔྱོད་ཟོང་གི་འདིར་ཐོབ་པོ། །ཞེས་རང་ཉིད་ལ་གཏམ་དུ་བྱ་བའི་དགའ་སྟོན་སེལ་བ་ཡིན་ནོ། །གཉིས་པ་དེས་དམ་བཅའ་གསུམ་མཚོན་པར་གསུངས་པའི་དགོངས་དོན་བཤད་པ་ནི། ཇི་སྐད་དུ། མདོར་ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དང༌། ཆོས་ཅན་རང་གི་ངོ་བོ་དང༌། འགལ་བ་སེལ་བ་ཡང་རིག་པར་བྱ་སྟེ། དཔེར་ན། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་རོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །རྫས་ནི་ཡོད་པ་མིན་ཏེ། ཡོན་ཏན་དང་རྫས་དག་རྫས་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཞེས་ཆོས་ཅན་གྱི་ཁྱད་པར་དང༌། ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་རང་གི་ངོ་བོ་ལ་གནོད་པའི་དམ་བཅའ་གསུམ་དང༌། དེ་འགོག་བྱེད་ཀྱི་རིགས་པ་གསུམ་གསུངས་པའི་དོན་འཆད་པ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་དང་གསུམ། དང་པོ་ནི། ཚད་མ་མདོར། ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་གི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་ཚུལ་རྒྱས་པར་བསྟན་པ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། དམ་བཅའ་ཕྱི་མ་གསུམ་གྱི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་པའི་ཚུལ་ཡང་དོན་གྱིས་བསྟན་པའི་ཕྱིར། དེ་ལྟར་ཡང་ཚད་མ་མདོར། དམ་བཅའ་ཕྱི་མ་གསུམ་གྱིས་དཔེར་བརྗོད་དང༌། འགོག་བྱེད་ཀྱིས་རིགས་པ་ཕྱོགས་ཙམ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། བྱེ་བྲག་པའི་དམ་བཅའ་ཕྱི་མ་གསུམ་གྱི་ཞེན་དོན་དང༌། དེ་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་ཚུལ་དཔེ་ཙམ་ཞིག་བསྟན་པའི་ཆེད་ཡིན་པའི་ཕྱིར། ཞེས་འདིས་དང༌། དེ་ལ་རྣམས་སོ། །གཉིས་པ་ལ་བྱེ་བྲག་པའི་དམ་བཅའ་གསུམ་གྱི་ཞེན་དོན་ངོས་བཟུང༌། དེ་འགོག་བྱེད་ཀྱི་ཚད་མ་རྒྱས་པར་བཤད་པའོ། །དང་པོ་ནི། སྔར་རྒོལ་བྱེ་བྲག་པ་ཆོས་ཅན། ཁྱོད་ཀྱིས་ཕྱི་རྒོལ་སངས་རྒྱས་པའི་ངོར། ཡན་ལག་ཅན་རང་གི་ཡན་ལག་ལས་གཞན་དང༌། ཡན་ལག་རྣམས་རང་གི་ཡན་ལག་ལས་གཞན་དང༌། རྫས་ནི་ཡོད་དོ་ཞེས་དམ་བཅས་པའི་ཚེ་ན། མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན་རང་གི་ཡན་ལག་ལས་རྫས་གཞན། ཆོས་གསུམ་ལྡན་དུ་དམ་བཅས་པ་ཡིན་ཏེ། དེ་ཡིན་པའམ་མངོན་སུམ་ལ་སྣང་རུང་མ་ཡིན་པའི་ཡན་ལག་ཅན་རང་གི་ཡན་ལག་ལས་གཞན་ཙམ་དུ་དམ་བཅས་པ་གང་རུང་གང་ཞིག ཕྱི་མ་དམ་བཅས་པ་ལ་སྔར་རྒོལ་ལ་དཔག་འདོད་མེད་ཅིང་ཕྱིར་རྒོལ་ལ་ཤེས་འདོད་མེད་པའི་ཕྱིར། དེ་སྒྲུབ་པ་ནི། བྱེ་བྲག་པ་ཆོས་ཅན། ཡན་ལག་ཅན་མངོན་སུམ་ལ་སྣང་དུ་རུང་བར་དམ་བཅས་པ་ཡིན་ཏེ། མངོན་སུམ་ལ་སྣང་དུ་མི་རུང་བའི་རྡུལ་ཕྲ་རབ་རེ་རེ་བ་ལ་སྒྲིབ་ཐོགས་ལ་སོགས་པའི་བྱེད་ལས་མེད་པར་མཐོང་ནས། བྱེད་ལས་དེ་བསྒྲུབ་པའི་ཕྱིར་དུ། ཡན་ལག་ཅན་སྒྲུབ་པར་འདོད་པའི་རྒོལ་བ་ཡིན་པའི་ཕྱིར། ཡང་བྱེ་བྲག་པ་ཆོས་ཅན། ཡན་ལག་ཅན་ཆོས་གསུམ་གྱྀ་ཁྱད་པར་ཅན་མ་ཡིན་པ་རང་གི་ཡན་ལག་ལས་གཞན་ཙམ་དུ་དམ་བཅས་པ་མ་ཡིན་ཏེ། དེ་ལྟར་དུ་ཕྱིར་རྒོལ་སངས་རྒྱས་པས་ཀྱང་གྲུབ་ཟིན་པའི་ཕྱིར། ཞེས་ལྡན་དོན་དང༌། མ་མཐོང་བ་ལ་དང༌། ཁྱད་པར་ཅན་མིན་རྣམས་སོ། །འདིར་སྤྱིའི་དོན་ནི། ཆོས་ཅན་གྱི་སྟེང་དུ་དམ་བཅས་པའི་ཆོས་ཀྱི་ངོ་བོ་དང་ཁྱད་པར་དེ་ཆོས་ཅན་དེའི་སྟེང་དུ་ཡོད་པ་ལ་ཚད་མས་གནོད་པའི་ཚེ་ན། ཆོས་ཀྱི་ངོ་བོ་དང་ཁྱད་པར་ལ་གནོད་ཅེས་མིང་བཏགས་པ་ཡིན་ཅིང༌། ཆོས་ཅན་གྱི་ངོ་བོར་ཞེན་པ་དེ་ཉིད་ལ་ཚད་མས་གནོད་པ་དང༌། ཆོས་ཅན་གྱི་ངོ་བོར་ཞེན་པ་དེའི་སྟེང་དུ་ཁྱད་པར་དུ་ཞེན་པ་དེ་ཡོད་པ་ལ་ཚད་མས་གནོད་པའི་ཚེ་ན། ཆོས་ཅན་གྱི་ངོ་བོ་དང༌། ཁྱད་པར་ལ་ཚད་མས་གནོད་པ་ཞེས་མིང་བཏགས་པ་དེ། ཁྱད་པར་དུ་བྱེ་བྲག་པའི་དམ་བཅའ་གསུམ་ལ་དེ་དང་དེར་འགྱུར་བའི་ཚུལ་ལས། འགྲེལ་པའི་འགྱུར་ཚུལ་དང༌། སློབ་དཔོན་སོ་སོའི་འདོད་ཚུལ་གྱི་ཁྱད་པར་བློ་གྲོས་ངལ་བར་བྱེད་པ་དུ་མ་ཞིག་མཐོང་ཡང༌། དོན་ལ་གནས་ཤིང་རིགས་པ་ནི་འདི་ཡིན་ཏེ། ཡན་ལག་ཅན་རང་གི་ཡན་ལག་ལས་གཞན་དུ་དམ་བཅས་པ་དེའི་ཚེ་ན། ཡན་ལག་ཅན་ནི་དེ་སྔར་རྒོལ་གྱི་ཆོས་ཅན་གྱི་ངོ་བོར་ཞེན་ནོ། །ཡན་ལག་ལས་གཞན་ཙམ་ནི་ཆོས་ཀྱི་ངོ་བོར་ཞེན་ནོ། །མངོན་གསུམ་ལ་སྣང་རུང་དང་རྫས་གཞན་དང་ཆོས་གསུམ་ནི་ཆོས་ཅན་གྱི་ཁྱད་པར་དུ་ཞེན་ཅིང་ཁས་ལེན་པ་ཡིན་ནོ། །ཡན་ལག་རྣམས་རང་གི་ཡན་ལག་ཅན་ལས་གཞན་དུ་དམ་བཅས་པ་དེའི་ཚེ། ཡན་ལག་རྣམས་ཆོས་ཅན་གྱི་ངོ་བོར་ཞེན་ནོ། །ཡན་ལག་ཅན་གཞན་ཙམ་དེ། ཆོས་ཀྱི་ངོ་བོར་ཞེན་ནོ། །མངོན་གསུམ་ལ་སྣང་རུང་དང༌། རྫས་གཞན་དང༌། ཆོས་གསུམ་པོ་དེ་ཆོས་ཀྱི་ཁྱད་པར་དུ་ཞེན་ཅིང་ཁས་ལེན་པ་ཡིན་ནོ། །རྫས་ནི་ཡོད་དོ་ཞེས་དམ་བཅས་པའི་ཚེ་ཆོས་གསུམ་ལྡན་གྱི་ཡན་ལག་ཅན་རྫས་དེ་ཉིད་ཆོས་ཅན་གྱི་ངོ་བོར་ཞེན་ཅིང་ཁས་ལེན་པ་ཡིན་ནོ། །མདོར་ན་བྱེ་བྲག་པས་ཆོས་གསུམ་དང་མངོན་གསུམ་ལ་སྣང་རུང་རྣམས་ཡན་ལག་ཅན་གྱི་ཁྱད་པར་རམ་ངོ་བོར་ཞེས་གསུངས་པའི་ཕྱིར། ཡན་ལག་གི་ངོ་བོ་དང་ཁྱད་པར་གང་དུ་ཡང་ཁས་ལེན་པ་མེད་པས། གཞན་དག་གིས་ནི་ལེགས་པར་མ་བཤད་དོ། །དེའི་ཕྱིར་དམ་བཅའ་གསུམ་ཀའི་ཞེན་དོན་ནི། སོ་སོ་བ་མེད་ལ། འགོག་བྱེད་ཀྱི་རིགས་པ་ཡང་གཅིག་ལ་འཇུག་པ་དེ་ཉིད་གསུམ་ཀ་ལ་འཇུག་པས། གལ་ཏེ་འདི་ཅི། ཞེས་པ་ནས། མཐོང་མེད་ཕྱིར་གྱི་བར་གྱི་དམ་བཅའ་གསུམ་ཀའི་ཞེན་དོན་འགོག་པ་ལ་ཁྱད་པར་མེད་པས། ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་འགོག་བྱེད་ཀྱི་རིགས་པ་ཁོ་ན་ལ་སྦྱོར་བ་ནི། ཡ་མ་རི་ལ་སོགས་པ་ཆེན་པོར་གྲགས་པ་འགའ་ཞིག་གིས་བཤད་པ་ཡིན་དུ་ཆུག་ཀྱང་སླ་སྟེ། དོན་ནོར་པའམ་ཡང་ན་འགྱུར་ནོར་བ་ཡིན་ནོ། །དེ་ལྟར་ན་བསལ་བྱ་དམ་བཅའ་ལྟར་སྣང་གི་ཞེན་དོན་གཅིག་ཉིད་ལ། སེལ་བྱེད་སྲང་དམའ་བ་ཞེས་པས་རྗེས་དཔག་གི་གནོད་ཚུལ་དང༌། མངོན་སུམ་ཞེས་པས་མངོན་སུམ་གྱི་གནོད་ཚུལ་དང༌། ཡོན་ཏན་དང་ཞེས་སོགས་ཀྱི་ཁས་བླངས་དང་རང་ཚིག་གིས་གནོད་ཚུལ་བསྟན་པ་ཡིན་ནོ། །གྲགས་པས་གནོད་ཚུལ་ནི་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་ན་མེད་ལ། ལྷ་བརྒྱན་གཉིས་ཀྱིས་སྦྱར་བ་ལྟར་ན་རུང་ཙམ་མོ། །དེ་ཡང་དང་པོ་གཉིས་ནི། གཞུང་ན་གསལ་ལ། གསུམ་པ་ནི་འདི་ཡིན་ཏེ། ཁྱད་པར་ཆོས་གསུམ་པོ་དེ་དང༌། ཁྱད་པར་ཅན་གཉིས་པོ་རྫས་གཅིག་གམ་ཐ་དད། གཅིག་ན་ནི་རྫས་དང་ཡོན་ཏན་འཆོལ་པར་འགྱུར་རོ། །རྫས་ཐ་དད་ན་འབྲེལ་ལམ་མ་འབྲེལ། མ་འབྲེལ་ན་རྫས་ཀྱི་སྟེང་དུ་ཡོན་ཏན་དང་ལས་གཉིས་འདུ་བར་ཁས་བླངས་པ་དང་འགལ་ཞིང༌། རྫས་ཆོས་ཅན། རྫས་མ་ཡིན་པར་ཐལ། རང་གི་ཡོན་ཏན་དང་མི་ལྡན་པའི་ཕྱིར། རྟགས་ནི་ལྡན་པ་དང༌། འདུ་བ་དང༌། འབྲེལ་པ་དང་འཕྲད་པ་རྣམས་དོན་གཅིག་པར་ཁས་བླངས་པའི་ཕྱིར་རོ། །འབྲེལ་བ་འཇིམ་པའི་གོང་བུ་གཅིག་གི་ཡོན་ཏན་ལྕིད་ཆོས་ཅན། རྫས་སུ་ཐལ། འཇིམ་གོང་གཅིག་པོ་དེའི་སྟེང་གི་དྲི་རོ་ལ་སོགས་པའི་ཡོན་ཏན་གཞན་ཡང་ཁྱོད་ལ་ལྡན་པའི་ཕྱིར། ཁྱབ་པ་རྩ་བའི་གྲུབ་མཐའ་ལ་ཁས་བླངས། རྟགས་ནི་ཁྱོད་དང་རྫས་ལ་འདུ་བའི་འབྲེལ་པ་གྲུབ། རྫས་དེ་དང་ཡོན་ཏན་གཞན་ལ་འདུ་བའི་འབྲེལ་པ་གྲུབ་པའི་ཕྱིར། ཞེས་པའོ། །ཡོན་ཏན་ལྕིད་ཆོས་ཅན། རྫས་སུ་ཐལ། འོག་ཏུ་འགྲོ་བའི་བྱ་བ་དོན་དེ་དང་ལྡན་པའི་ཕྱིར། ཁྱབ་པ་ནི། གལ་ཏེ་དེ་ལའང་དོན་གཞན་ན། །ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། །ཞེས་པ་ལྟར་རོ། །རྟགས་ནི་དེ་གཉིས་རྫས་ལ་འཕྲོད་པ་འདུ་བར་ཁས་བླངས་སོ། །ཡང་འོག་ཏུ་འགྲོ་བའི་བྱ་བ་དང༌། དེ་གཉིས་ཀྱི་འདུ་བ་ཡང་ཆོས་ཅན་རྫས་སུ་ཐལ། རང་ལས་དོན་གཞན་པའི་ཡོན་ཏན་དང་ལྡན་པའི་ཕྱིར། ཞེས་པ་གཞུང་ན་མེད་ཀྱང་དོན་གྱིས་ཐོབ་པར་སྣང་ངོ༌། །གཉིས་པ་གྲགས་པས་གནོད་ཚུལ་ནི། ཤིང་རྟ་རང་གི་ཡན་ལག་ལ་རྟེན་ནས་འདོགས་པ་ལྟར། ཡན་ལག་ཅན་རང་གི་ཡན་ལག་ལ་རྟེན་ནས་འདོགས་པར་འཇིག་རྟེན་ན་གྲགས་པའི་ཕྱིར་རོ། །འོ་ན་སེལ་བྱེད་ཚད་མ་བཞི་ཀ་གནོད་ཡུལ་ཐུན་མོང་བ་གཅིག་ལ་མི་འཇུག་པར་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད་དེ་དང་འདི་མི་འགལ་ཏེ། འདིར་བཤད་པའི་གྲགས་པ་ནི་གྲགས་པའི་རྗེས་དཔག་མ་ཡིན་ལ། འདིའི་ཁས་བླངས་དང་རང་ཚིག་ཀྱང་བྱེ་བྲག་པའི་ངོར་གེགས་བྱེད་ཙམ་ཡིན་ཀྱང༌། ཡིད་ཆེས་པའི་རྗེས་དཔག་གི་རྟེན་གཏན་ཚིགས་སུ་མི་རུང་བའི་ཕྱིར་དང༌། མངོན་སུམ་དང་རྗེས་དཔག་གི་གནོད་ཚུལ་ལ་ཡང་དོན་དང་ཐ་སྙད་ཀྱི་ཁྱད་པར་ཡོད་དེ། ཡན་ལག་ཅན་རང་གི་ཡན་ལག་ལས་རྫས་གཞན་དུ་ཡོད་པ་ལ་རྗེས་དཔག་གིས་གནོད་དོ། །དེ་དེར་ཚད་མས་དམིགས་པ་ལ་ནི་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། །དཔེར་ན་བུམ་པས་དག་པའི་ས་ཕྱོགས་སུ་བུམ་པ་ཚད་མས་མ་དམིགས་པ་མངོན་སུམ་གྱིས་འགྲུབ་ཀྱང༌། དེར་དེ་མེད་པའི་ཐ་སྙད་བྱ་རུང་གཏན་ཚིགས་ཡང་དག་གི་སྒྲུབ་དགོས་པ་བཞིན་ནོ། །སྐབས་འདིར་དམ་བཅའ་ལྟར་སྣང་ལ་བཞིར་བཤད་པ་ལས་དམ་བཅའ་ཡང་དག་ལའང་བཞིར་དབྱེ་བ་དོན་གྱིས་གྲུབ་ལ། དེ་ལྟར་གྲུབ་པ་ན་དམ་བཅའ་དེ་དང་སྒྲུབ་པའི་གཏན་ཚིགས་ཡང་དག་དང༌། འགལ་བའི་གཏན་ཚིགས་ལའང་བཞིར་དབྱེ་བ་གྲུབ་བོ། །རིགས་གཏེར་ལས་འགལ་བ་གསུམ་པ་འདིར་མི་བཞེད། ཅེས་པ་འབྲས་རང་གི་འགལ་བར་མ་འདུས་པའི་འགལ་བ་གསུམ་པ་མི་འཆད་པ་ལ་དགོངས་སོ། །གཉིས་པ་ལ། དམ་བཅའ་གསུམ་གྱི་ཞེན་དོན་ལ་རྗེས་དཔག་གི་གནོད་ཚུལ་རྒྱས་པར་བཤད། མངོན་སུམ་གྱིས་གནོད་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་ལྕིད་ཀྱིས་མཚོན་ནས་རེག་བྱའི་ཡོན་ཏན་དོན་གཞན་དགག དེས་དྲི་རོ་ལ་སོགས་པའི་ཡོན་ཏན་ཉེར་གསུམ་བྱེད་པར་བསྟན་པའོ། །དང་པོ་ལ་དངོས་དང་ཐལ་འགྱུར་དང་པོ་ལ་ཁྱབ་པ་མ་ངེས་པ་སྤང་བའོ། །དང་པོ་ལ་ཁྱད་ཆོས་གསུམ་དགག དེ་བཀག་པ་ན་ཁྱད་པར་ཅན་རྫས་ཁེགས་པར་བསྟན། དེ་བཀག་པས་དེ་ཁེགས་པ་བདག་ཉིད་ཆེན་པོའི་དགོངས་པ་ཡིན་པའོ། །དང་པོ་ལ་ཡོན་ཏན་དང་བྱ་བ་ཐལ་འགྱུར་གྱིས་དགག འཕྲོད་པ་འདུ་བ་རང་རྒྱུད་ཀྱིས་དགག་པའོ། །དང་པོ་ནི། ཡན་ལག་ཅན་རྣམས་ལ་རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་དང་དེས་དྲངས་པའི་འོག་ཏུ་འགྲོ་བའི་བྱ་བ་ཡོད་ན། འོ་ན་འཇིམ་པའི་རིལ་བུ་བཅུ་ཚན་ཅིག་སྔར་མ་བསྲེས་པར་སྲང་ལ་བཅལ། ཕྱིས་བསྲེས་ནས་སྲང་ལ་བཅལ་བའི་ཚེ་ན། བསྲེས་ནས་སྲང་ལ་བཅལ་བའི་འཇིམ་གོང་དེ་ཆོས་ཅན། ཁྱོད་ལ་རང་གི་ཡན་ལག་སྔ་མ་དེ་ལ་མེད་པའི་ལྕིད་ཡོད་པར་ཐལ། ཁྱོད་སྲང་ལ་བཅལ་རུང་གི་ཡན་ལག་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཡང་དེའི་ཚེ་ན། དེ་ཆོས་ཅན། ཁྱོད་སྔ་མ་དེ་ལས་སྲང་གྲངས་མང་བར་ཐལ། དེ་ལ་མེད་པའི་ལྕིད་ཀྱི་ཡོན་ཏན་ལྷག་པོ་ཁྱོད་ལ་ཡོད་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཡན་ལག་ཅན་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་དང་བྱ་བ་གཉིས་ཀྱི་འཕྲོད་པ་འདུ་བའི་རྒྱུ་མ་ཡིན་ཏེ། རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་དང་བྱ་བ་གཉིས་མེད་པའི་ཕྱིར། གཉིས་པ་ནི། ཡན་ལག་ཅན་རྫས་གཞན་ཚད་མས་མ་དམིགས་པ་ཡིན་ཏེ། དེའི་ངོར་ཡང་ཚད་མས་མ་དམིགས། འབྲས་བུ་ཡང་ཚད་མས་མཐོང་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། བདག་ཉིད་ཆེན་པོས་སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར། ཞེས་སྟོན་པ་དེ་ཆོས་ཅན། ཡན་ལག་ཅན་རྫས་གཞན་ཆོས་གསུམ་ལྡན་བཀག་པ་ཡིན་ཏེ། ཁྱད་པར་ཆོས་གསུམ་པོ་དེ་བཀག་པའི་ཕྱིར། ཞེས་གལ་ཏེ་དང༌། དེས་ན་དང༌། དེ་ཕྱིར་འབྲས་བུ་དང༌། དེས་ན་རྣམས་སོ། །གཉིས་པ་ལ། ཁས་བླངས་བརྗོད། དེ་སུན་དབྱུང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་འདི་ཅི་ཞེས་པ་ལ་ཁྱབ་པ་མེད་དེ། རས་བལ་གྱི་འདབ་མའི་ལྕིད་ཡོད་ཀྱང་སྲང་གིས་མི་རྟོགས་པ་བཞིན་ནོ། །ཡང་རྡུལ་ཕྲ་མོ་ནས་བརྩམས་པའི་ཡན་ལག་དང་པོ་དང༌། གཉིས་པ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་གྲངས་སུ་བགྲངས་བ་དག་གིས་ལྕིད་ཡོད་ཀྱང་མི་རྟགས་པའི་ཕྱིར། ཞེས་ཟེར་རོ། །ཞེས་ཕྲ་མོ་སོགས་སོ། །གཞུང་འདིའི་དོན་རྡུལ་ཕྲ་མོས་བརྩམས་པའི་ཡན་ལག་ཅན་ལ་ཟེར་བར་སྣང་གི རགས་པས་བརྩམས་པའི་ཡན་ལག་ཅན་མཐའ་དག་ལ་ཟེར་རྒྱུ་མ་ཡིན་ཏེ། གལ་ཏེ་ཡིན་ན་ཚོགས་ཆེན་སོགས་དང༌། རྣམ་དབྱེ་ཐ་དད་དུ་སྟོན་རྒྱུ་མེད་པའི་ཕྱིར་རོ། །རྩོད་པ་འདིའི་དངོས་ལན་ནི། ཡུངས་ཀར་བར་གྱི་ཞེས་པར་འབྱུང་ལ། ཤུགས་བསྟན་གྱི་ལན་ནི་འདི་ཡིན་ཏེ། འོ་ན་ཁྱེད་ཀྱི་ཕྲ་མོ་ཞེས་པའི་ཚིག་གི་ནུས་པས། རྡུལ་རགས་པ་བརྩམས་པའི་ཡན་ལག་རྫས་ཀྱི་ལྕིད་སྲང་གི་གཞལ་བྱར་ཁས་བླངས་པས། འོ་ན་རགས་པས་བརྩམས་པའི་ཡན་ལག་ཅན་རྫས་གཞན་གྲངས་མང་བ་ཙམ་གྱིས་ལྕིད་མང་བ་དང༌། དེ་ཉུང་བ་ཙམ་གྱིས་དེ་ཉུང་བར་ཐལ། ལྕིད་དེ་ཡན་ལག་ཅན་ཁོ་ནའི་ཡིན་གྱི་ཡན་ལག་གི་མ་ཡིན་པའི་ཕྱིར། དེ་འདོད་ན། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལས། བཅུ་ཚན་གཅིག་ཅིག་ཆར་དུ་བསྡོམས། བཅུ་ཚན་གཅིག་རིམ་གྱིས་བསྡོམས་པ་དེའི་ཚེ་ན། དེ་གཉིས་ལ་ལྕིད་ཆེ་ཆུང་གི་ཁྱད་པར་ཡོད་པར་ཐལ། དེ་གཉིས་ལ་ཡན་ལག་ཅན་མང་ཉུང་གི་ཁྱད་པར་ཡོད་པའི་ཕྱིར། འདོད་ན་དེ་གཉིས་སྲང་ལ་བཅལ་བ་ན་སྲང་གྲངས་མང་ཉུང་གི་ཁྱད་པར་ཡོད་པར་ཐལ། འདོད་པ་གང་ཞིག དེ་གཉིས་ཀྱི་ལྕིད་སྲང་གིས་རྟོགས་པའི་ཕྱིར། ཞེས་དེའི་ཅིག་ཆར་སོགས་སོ། །གལ་ཏེ་ཐལ་བ་དེ་མི་འཇུག་སྟེ། ཡན་ལག་ཕྱི་མ་རྣམས་སྐྱེས་པའི་ཚེ་ན་སྔ་མ་བཏང་བའི་ཕྱིར། ཞེ་ན། འོ་ན་གསེར་མ་ཤ་སྟེ་སྲན་མའི་ཚད་སྟོང་ཕྲག་གཅིག་མ་བསྲེས་པར་བཅལ་བ་དང༌། བསྲེས་ནས་བཅལ་བ་གཉིས་ལས་ཕྱི་མ་དེ་ལྕིད་ཉུང་བར་ཐལ། དེ་ལ་ཡན་ལག་གཅིག་གི་ལྕིད་ལས་མེད། སྔ་མ་ལ་ཡང་རྫས་གཞན་སྟོང་གི་ལྕིད་ཡོད། ལྕིད་དེ་ཡན་ལག་གི་ལྕིད་ནི་མ་ཡིན་པའི་ཕྱིར། ཞེས་མ་ཤ་སོགས་སོ། །གསུམ་པ་ནི། ཉེས་པ་དེར་མི་འགྱུར་ཏེ། རགས་པས་བརྩམས་པའི་ཡན་ལག་རྫས་གཞན་གྱི་ལྕིད་སྲང་གིས་མི་རྟོགས་པའི་ཕྱིར་ཞེ་ན། འོ་ན་ཡན་ལག་གི་ལྕིད་སྲང་གིས་མི་རྟོགས་པར་ཐལ། རྡུལ་ཕྲ་མོས་བརྩམས་པའི་དེའི་དེ་མི་རྟོགས་རགས་པས་བརྩམས་པའི་དེའི་དེ་ཡང་སྲང་གིས་མི་རྟོགས་པའི་ཕྱིར། འདོད་ན། ཡན་ལག་གི་ལྕིད་ཁོ་ན་སྲང་གི་གཞལ་བྱར་ཐལ། འདོད་པ་གང་ཞིག ལྕིད་སྲང་གི་གཞལ་བྱ་ཡིན་པའི་ཕྱིར། འདོད་ན། ཡན་ལག་ཁོ་ནའི་གཟུགས་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་སོགས་ཁས་ལེན་དགོས་པས། ཡན་ལག་ཅན་རྫས་གཞན་དམ་བཅས་པའི་རྒྱུ་མཚན་དང་དགོས་པ་ཉམས་སོ། །དེས་ན་ཡན་ལག་ཅན་རྫས་གཞན་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་ཐལ། ཁྱོད་ཀྱི་ངོ་བོ་རྟོགས་པའི་ཚད་མ་མེད། ཁྱོད་ཀྱི་འབྲས་བུ་རྟོགས་པའི་ཚད་མ་ཡང་མེད་པའི་ཕྱིར། ཞེས་གལ་ཏེ་དང༌། ཡུངས་ཀར་ཅན་གྱི་དང༌། དོན་དེ་རྣམས་སོ། །གཞུང་འདིའི་དོན་འབྲས་བུ་བཀག་ནས་རྒྱུ་འགོག་པ་མ་ཡིན་གྱི། དེ་སྒྲུབ་བྱེད་ཀྱི་འབྲས་རང་གི་རྟགས་གཉིས་མེད་པའི་རྒྱུ་མཚན་གྱིས་ཡན་ལག་ཅན་རྫས་གཞན་སྒྲུབ་བྱེད་ཀྱི་ཚད་མ་མེད་ཅེས་པའི་དོན་ཏེ། སྔར་དེའི་ཕྱིར་འབྲས་བུ་ཞེས་པའི་དོན་ཡང་འདི་ཡིན་ནོ། །སྐབས་འདི་དང་དེར། མཐོང་བ་མེད་ཅེས་པས་མངོན་སུམ་གྱི་གནོད་ཚུལ་སྟོན་པ་ནི་མ་ཡིན་གྱི། བདག་ཉིད་ཆེན་པོས་ཡན་ལག་ཅན་རྫས་གཞན་གྱི་འབྲས་བུ་བཀག་པའི་ཁ་བསྐོང་དུ་རིགས་པ་མཁྱེན་པས་དེའི་རང་བཞིན་བཀག་པ་ཡིན་ནོ། །གཉིས་པ་ནི། གལ་ཏེ་ཡན་ལག་ཅན་ལ་རང་གི་ཡན་ལག་ལ་མེད་པའི་ལྕིད་བཀག་མོད། ཡོན་ཏན་གཞན་ཡོད་དོ་ཞེ་ན་མེད་པར་ཐལ། སྔ་མ་དང་འགོག་བྱེད་ཀྱི་རིགས་པ་མཚུངས་པའི་ཕྱིར། འོ་ན་གཞན་མ་བཀག་པ་ཅི་ཞེ་ན། བདག་ཉིད་ཆེན་པོས་དེ་འགོག་བྱེད་ཀྱི་རིགས་པ་དངོས་སུ་མ་བསྟན་ཀྱང་མི་རྟོགས་པའི་སྐྱོན་མེད་དེ། ཡན་ལག་ཅན་རྫས་གཞན་གྱི་ལྕིད་བཀག་པས་མཚོན་ནུས་པའི་ཕྱིར། ཞེས་ལྕིད་ཉིད་དང༌། དམའ་མེད་དོ། །གཉིས་པ་ནི། ཡན་ལག་ཅན་རྫས་གཞན་ལ་གཟུགས་ནས་རེག་བྱའི་བར་གྱི་ཡོན་ཏན་ལྷག་པོ་མེད་པ་ཡིན་ཏེ། དེ་རང་གི་ཡུལ་ཅན་གྱི་དབང་པོའི་མངོན་སུམ་གྱིས་མ་མཐོང་བའི་ཕྱིར། ཞེས་གཟུགས་སོགས་སོ། །གསུམ་པ་དོན་བསྡུ་བ་ནི། བདག་ཉིད་ཆེན་པོས་མདོར། ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་གི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་ཚུལ་ཇི་སྐད་བཤད་པའི་ཕྱོགས་ཀྱིས་ནི་ཆོས་ཅན་དོན་གཞན་ཡང་རྟོགས་པར་བྱ་སྟེ། དམ་བཅའ་ཕྱི་མ་གསུམ་གྱི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞིའི་གནོད་ཚུལ་རྒྱས་པར་རྟོགས་ནུས་པའི་ཕྱིར། བྱེ་བྲག་པས་དེ་ལྟར་དམ་བཅས་པའི་དམ་བཅའ་གསུམ་པོ་དེ་ཆོས་ཅན། ཁྱོད་ཀྱི་ཞེན་དོན་ལ་དེས་གནོད་པ་ཡིན་ཏེ། ཁྱོད་ཐམས་ཅད་ཀྱི་ཞེ་འདོད་ལ་ཡན་ལག་ཅན་རྫས་གཞན་ཆོས་གསུམ་ལྡན་དམ་བཅས་པ་གང་ཞིག གསུམ་པོ་དེ་ལ་དམ་བཅས་པ་པོ་རང་གི་ཁས་བླངས་དང་རང་ཚིག་སོགས་ཀྱིས་གནོད་པའི་ཕྱིར། འདི་ཆོས་ཅན་གྱི་ཁྱད་པར་ཁོ་ན་ལ་སྦྱོར་བ་མི་འཐད་དེ། འདིར་ཇི་སྐད་བཤད་ཅེས་པ་དང༌། གོང་དུ་འདིས་ནི་ཞེས་དང༌། མདོར་ཕྱོགས་འདིས་ནི་ཞེས་པ་རྣམས་དོན་གཅིག་པར་འཆད་དགོས་པའི་ཕྱིར་རོ། །དམ་བཅའ་གསུམ་གྱི་ཞེན་དོན་འགོག་པ་ལ། །རྒྱན་དང་རྒྱལ་དབང་ཡ་མ་རིས་གསུམ་གྱི། །དོན་མེད་ཚིག་གི་ངལ་བས་ཅི་ཞིག་བྱ། །ཕྱོགས་གླང་གྲགས་པའི་དགོངས་པ་འདི་གཅིག་ཡིན། །འདི་ལས་གཞན་དུ་དགོངས་ཞེས་གངས་ཅན་པ། །མཐའ་དག་ཚོགས་ནས་ལན་བརྒྱར་རྒོལ་བྱེད་ཀྱང༌། །བདག་བློ་གཡོ་བ་མེད་དོ་བཞིན་བཟང་དག །དེ་ཕྱིར་འདི་ནི་གུས་པའི་གཙུག་གིས་ལོང༌། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་གཞན་ལུགས་དགག་པ་ལ། རིགས་པ་ཅན་པས་འདོད་པའི་བསྒྲུབ་བྱའི་མཚན་ཉིད་དགག ངེས་བཟུང་གི་སྦྱར་བ་ལ་བརྟགས་ཏེ། དམ་བཅའ་བའི་མཚན་ཉིད་ཀྱང་དགག ཕྱོགས་ལྟར་སྣང་གི་དཔེར་བརྗོད་དགག་པའོ། །དང་པོ་ནི་ཇི་སྐད་དུ། ཚད་མའི་མདོར། རིགས་པ་ཅན་པ་རྣམས་ན་རེ། །བསྒྲུབ་བྱ་སྟོན་པ་ཞེས་པ་འདིས། །གྲུབ་པ་མེད་པ་དོན་བྱས་ཉིད། །བསྒྲུབ་བྱ་སྨོས་པས་ནི། གྲུབ་པ་ལོག་ཙམ་དུ་སྟོན་པའི་ཕྱིར། བྱེ་བྲག་ཉིད་ནི་མ་ཡིན་པར་གསལ་ལོ། །དེ་ལྟར་ན་ནི་རྟགས་དང་དཔེ། །མ་གྲུབ་རྗོད་པར་ཐལ་བར་འགྱུར། །དཔེར་ན་སྒྲ་རྟག་སྟེ་རེག་བྱ་མ་ཡིན་པའི་ཕྱིར། བློ་བཞིན་ཞེས་བྱ་བ་དང༌། དེ་བཞིན་དུ་མིག་གི་གཟུང་བྱ་ཡིན་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་འདི་ཡང༌། བསྒྲུབ་བྱ་བསྟན་པའི་ཕྱིར་དམ་བཅའ་བར་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་དོན་འཆད་དེ། འདི་ལ་སྒྲ་མིག་ཤེས་ཀྱི་བཟུང་བྱ་ཡིན་པ་དང༌། བློ་རྟག་པ་ཡིན་པ་དེ་ཆོས་ཅན། བསྒྲུབ་བྱར་ཐལ། བསྒྲུབ་བྱར་བསྟན་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལྟར་སྒྲུབ་པའི་ཤེས་བྱེད་སྐབས་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། ཁྱབ་པ་ཡོད་དེ། བསྟན་བྱ་བ་ཞེས་པའི་སྒྲ་དེ་དུས་གསུམ་ཀའི་ཡུལ་ཅན་ཡིན་པའི་ཕྱིར། ཉེས་པ་དེ་མི་འཇུག་སྟེ། བསྟན་བྱ་བའི་སྒྲ་དེ་སྔར་རྒོལ་གྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཁྱད་པར་སྒྲུབ་བྱེད་དུ་མ་བཀོད་པ་ཁོ་ན་ལ་འཇུག་པ་ཡིན་ནོ་ཞེ་ན། བསྒྲུབ་པར་བྱ་བ་ཞེས་པའི་སྒྲ་དེ་ཆོས་ཅན། དེ་ཁོ་ན་ལ་འཇུག་པ་མ་ཡིན་པར་ཐལ། ཤེས་བྱེད་སྐབས་ཀྱི་ཕྱི་རྒོལ་གྱི་ཚད་མས་མ་གྲུབ་པ་ཙམ་ཁྱོད་ཀྱིས་བརྗོད་བྱར་འཕངས་པའི་ཕྱིར། ཞེས་བྱ་བ་དང༌། ཤེས་བྱེད་རྣམས་སོ། །འདིར་ཤེས་བྱེད་ཀྱི་མ་གྲུབ་པ་ཞེས་པའི་དོན་ཕྱིར་རྒོལ་ལ་ཤེས་འདོད་ཡོད་ཅིང་སྔར་རྒོལ་གྱི་དཔག་འདོད་ཀྱི་ཡུལ་དུ་བྱས་པ་རྣམས་སོ། །རང་སྡེ་ན་རེ། རིགས་པ་ཅན་པས་འདོད་པའི་བསྟན་བྱ་བ་ཞེས་པའི་སྒྲ་དེ་སྤྱིར་མ་གྲུབ་པ་ཙམ་ལ་འདོད་པ་ཡིན་གྱིས་ཤེས་བྱེད་ཀྱི་ཁྱད་པར་ལ་མི་ལྟོས་སོ། །ཞེས་ཟེར་རོ། །དེ་ལྟ་ན་བདག་ཉིད་ཆེན་པོས་རིགས་པ་ཅན་པ་ལ། རི་བོང་གི་རྭ་ལ་སོགས་པའི་མ་གྲུབ་པ་ཀུན་ཆོས་ཅན། བསྒྲུབ་བྱར་ཐལ། མ་གྲུབ་པའི་ཕྱིར། ཞེས་པའི་སུན་འབྱིན་མཛད་རིགས་པར་ཐལ། དེས་མ་གྲུབ་པ་བསྒྲུབ་བྱའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར། ཐལ་བ་ལས་དེས་ཤེས་བྱེད་སྐབས་ཀྱི་རྒོལ་བས་མ་གྲུབ་པ་དེ་དམ་བཅའི་མཚན་ཉིད་དུ་ཁས་བླངས་པ་ཡིན་ཏེ། བདག་ཉིད་ཆེན་པོས་དཔེར་རྟགས་མ་གྲུབ་པ་སུན་འབྱིན་གྱི་དཔེར་བྱས་པའི་ཕྱིར། ཞེས་དེས་ན་དང༌། གཞན་དུ་རྣམས་སོ། །དེ་ལ་རིགས་པ་ཅན་པ་ན་རེ། དེ་དེར་ཐལ་བ་མེད་དེ། དཔེར་རྟགས་མ་གྲུབ་པ་དེ་ལས་བྱ་བ་བྱེད་པོ་གསུམ་གྱི་ནང་ནས་ལས་མ་ཡིན་པའི་ཕྱིར་དང༌། ཡན་ལག་ལྔའི་ནང་ནས་དམ་བཅའི་ཡན་ལག་མ་ཡིན་པའི་ཕྱིར་དང༌། གྲུབ་མཐའ་བཞིའི་ནང་ནས་ཁས་བླངས་པའི་གྲུབ་མཐའ་མ་ཡིན་པའི་ཕྱིར་ཞེ་ན། དཔེ་རྟགས་མ་གྲུབ་པ་ཆོས་ཅན། ལས་དང་དམ་བཅའི་ཡན་ལག་མ་ཡིན་པར་ཐལ། ཤེས་བྱེད་སྐབས་ཀྱི་ཕྱིར་རྒོལ་གྱིས་མ་གྲུབ་པའི་ཕྱིར། ཞེས་ཐམས་ཅད་སོགས་དང༌། དེ་ཆོས་ཅན། ཁས་བླངས་པའི་གྲུབ་མཐའ་ཉིད་དུ་མཚུངས་པར་ཐལ། རྒོལ་བས་ཁས་བླངས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དེ་དེའི་མཚན་ཉིད་དུ་རིགས་པ་ཅན་པས་འདོད་པའི་ཕྱིར། ཞེས་གང་གི་སོགས་སོ། །བྱེ་བྲག་པས་འདོད་པའི་གྲུབ་མཐའ་བཞི་ནི། རྒྱུད་ཐམས་ཅད་པའི་གྲུབ་མཐའ། རྒྱུད་སོ་སོའི་གྲུབ་མཐའ། གནས་སྐབས་པའི་གྲུབ་མཐའ། ཁས་བླངས་པའི་གྲུབ་མཐའོ། །གཉིས་པ་ལ་སུན་འབྱིན་དངོས་དང་དེའི་ཉེས་སྤོང་དགག་པའོ། །དང་པོ་ལ་ཇི་སྐད་དུ། མདོར། འདི་ལ་ཡང་ཅི་ཆོས་བསྒྲུབ་བྱ་མ་ཡིན་ནམ། ཅི་སྟེ་ཆོས་ཅན་ཡིན་ནམ། དེ་གཉིས་ཀ་ཡིན་ཞེས་བརྗོད་པར་བྱའོ། །དེ་ལས་ཅིར་འགྱུར། ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། །ཆོས་ཅན་བསྒྲུབ་བྱ་རྟོགས་དོན་མེད། །ཅེས་གསུངས་པའི་དོན་འཆད་དོ། །དེ་ཡང་མདོར། དང་པོ་གཉིས་ལ་སྐྱོན་བརྗོད་དངོས་སུ་གསུངས་ནས་གསུམ་པ་ལ་མ་གསུངས། འདིར་གསུམ་པ་ལ་སུན་འབྱིན་དངོས་སུ་སྦྱར་ནས་དང་པོ་གཉིས་ལ་མ་བཤད་ཀྱང༌། གསུམ་ཀའི་དོན་འདི་ཡིན་ཏེ། ཆོས་བསྒྲུབ་བྱ་ཡིན་ནོ་ཞེ་ན། སྒྲ་མི་རྟག་བསྒྲུབ་ལ་སྐྱེ་ལྡན་རྟགས་སུ་བཀོད་པའི་ཚེ་ན། མི་རྟག་པ་ཆོས་ཅན། སྒྲའི་ཁྱད་པར་གྱི་ཆོས་ཡིན་པར་ཐལ། དེ་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། དཔེ་བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། སྒྲའི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར། ཁྱབ་པ་སྔར་གྱི་གཉིས་ཀ་འདིས་ནི་ཆོས་ཅན། ཆོས་དག་གི་ཞེས་པར་བྱེ་བྲག་པས་ཁས་བླངས་སོ། །འདོད་ན་དཔེ་བུམ་པ་ཆོས་ཅན། སྐྱེ་ལྡན་གྱི་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་པའི་མཐུན་དཔེ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་མི་རྟག་པ་དེ་ཁྱོད་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པས་དེའི་ཆོས་ཡོད་པ་ཅན་དེ་དཔེའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར། ཆོས་ཅན་བསྒྲུབ་བྱ་ཡིན་ནོ་ཞེ་ན། འོ་ན་དེའི་ཚེ་སྐྱེ་ལྡན་ཆོས་ཅན། དེ་སྒྲུབ་ཀྱི་གྲུབ་ཟིན་བསྒྲུབ་པའི་གཏན་ཚིགས་སུ་ཐལ། སྒྲ་དེ་ཁྱོད་ཀྱིས་དེ་ལྟར་བསྒྲུབ་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། དཔེ་དང་ཆོས་མཐུན་པས། བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་གཏན་ཚིགས་ཀྱི་མཚན་ཉིད་དུ་ཁས་བླངས་པ་དང་འགལ་ཞེས་པའོ། །གལ་ཏེ་ཆོས་ཆོས་ཅན་གྱི་ཚོགས་པ་བསྒྲུབ་བྱ་ཡིན་ནོ་ཞེ་ནའང༌། ཉེས་པ་གཉིས་པ་དེ་ཉིད་འཇུག་གོ །འདིར་རང་གི་སྒྲ་ཡོད་པས་འདི་ལྟ་བྱ་སྟེ། རིགས་པ་ཅན་པས་ཚོགས་པ་བསྒྲུབ་བྱར་འདོད་པ་ལ། བདག་ཉིད་ཆེན་པོས་ཉེས་པ་མ་བརྗོད་པས་སྐྱོན་མེད་ཡིན་ནམ་ཞེ་ན། དེ་ལྟ་ན་ཡང་ཁས་བླངས་ནང་འགལ་གྱི་སྐྱོན་ཡོད་དོ་ཞེས་སྟོན་ནོ། །ཇི་ལྟར་ཡོད་ཅེ་ན། འོ་ན་དེ་ལྟར་སྒྲུབ་པའི་ཚེ། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པའམ། སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པ་གང་རུང་དུ་ཐལ། སྒྲ་དང་མི་རྟག་པའི་ཚོགས་དོན་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། འདིས་ནི་ཆོས་ཅན་ཆོས་དག་གི །ཅེས་པར་ཁས་བླངས་པའི་ཕྱིར། འདོད་ན་གང་ཡིན། དང་པོ་ལྟར་ན་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་ཆོས་ཅན། དཔེ་བུམ་པ་དང་གཏན་ཚིགས་སྐྱེ་ལྡན་གཉིས། ཁྱོད་དུ་ཆོས་མཐུན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་པ་རྟགས་ཀྱི་མཚན་ཉིད་དུ་ཁས་བླངས། གཉིས་པ་ལྟར་ན། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། སྒྲས་ཁྱད་པར་དུ་བྱས་པའི་ཕྱིར། འདོད་ན་བུམ་པ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་དཔེ་མ་ཡིན་པར་ཐལ། དེ་ཁྱོད་ལ་རྗེས་སུ་མི་འགྲོ་བའི་ཕྱིར། མ་ཁྱབ་ན་དཔེའི་མཚན་ཉིད་དང་འགལ་ཞེས་པའོ། །ཡང་ན་འདི་ལྟར་བྱ་སྟེ། འོ་ན་སྒྲ་དང་མི་རྟག་པའི་ཚོགས་དོན་དེ་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ཉིད་ཡིན་ནའང༌། སྒྲ་དང་མི་རྟག་པ་གཉིས་པོ་ཕན་ཚུན་དུ་གཅིག་གིས་གཅིག་ཁྱད་པར་དུ་བྱས་པ་ཅན་ཏེ། དཔེ་རྟགས་ཀྱི་མཚན་ཉིད་ཀྱི་ཟུར་གྱི་བསྒྲུབ་བྱ་དེར་ཡང་འགྱུར་རོ། །དེ་ལྟར་ན་ཁྱད་པར་དུ་བྱས་པ་ཅན་དེ། དཔེ་བུམ་པ་ལ་རྗེས་སུ་འགྲོ་བར་ཐལ། དེ་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ་རྟགས་དང་དཔེའི་མཚན་ཉིད་གཉིས་ཆར་དུ་བསྒྲུབ་བྱ་གང་ཡིན་པ་དེ་དཔེ་ལ་རྗེས་སུ་འགྲོ་བར་ཁས་བླངས་པའི་ཕྱིར། རང་ལུགས་ལ་ཚོགས་པ་བསྒྲུབ་བྱ་ཡིན་ན། སྒྲ་དང་མི་རྟག་པ་གཉིས་པོ་ཕན་ཚུན་དུ་ཁྱད་པར་དུ་བྱས་པ་ཁས་མི་ལེན་ཏེ། སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱར་བྱས་པ་དེའི་ཚེ། སྒྲ་དེ་མི་རྟག་པས་ཁྱད་པར་དུ་བྱས་པ་ཁས་ལེན་ཀྱང༌། མི་རྟག་པ་སྒྲས་ཁྱད་པར་དུ་བྱས་པ་ཁས་མི་ལེན་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། དེའི་ཚེ། སྒྲ་ཁྱད་གཞི་ཁོ་ན་དང༌། མི་རྟག་པ་ཁྱད་ཆོས་ཁོ་ནར་འགྱུར་གྱི། དེ་ལས་བཟློག་པ་མི་སྲིད་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། ཆོས་ཅན་ཁྱད་པར་ཅན་དེ་ནི། །ཞེས་དང༌། དེའི་ཁྱད་པར་གྱི་ཆོས། ཞེས་མི་རྟག་པ་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། མི་རྟག་པ་ཁྱད་གཞིར་བཟུང་ནས་སྒྲ་ཁྱད་ཆོས་སུ་འགྱུར་བའི་སྐབས་ཞིག་ཡོད་པ་དེའི་ཚེ་ན་མི་སྲིད་རྣམ་གཅོད་དུ་འགྱུར་གྱི། མི་ལྡན་རྣམ་གཅོད་དུ་འགྱུར་བའི་གོ་སྐབས་ཡོད་པ་མ་ཡིན་ཏེ། མི་རྟག་པ་མཐའ་དག་ལ་སྒྲས་མ་ཁྱབ་པའི་ཕྱིར། སྒྲ་ནི་མི་རྟག་པས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ཏེ། མི་རྟག་པ་དང་མི་ལྡན་པའི་སྒྲ་མི་སྲིད་པའི་ཕྱིར་རོ། །མི་སྲིད་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཚུལ་དེ་ཡང་སྐབས་འདི་དང་དེ་དག་ཏུ་མི་སྦྱོར་ཏེ། སྒྲ་མི་རྟག་པ་བསྒྲུབ་བྱར་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །དཔེར་ན་སྐབས་འདི་དང་དེ་དག་ཏུ་ཁྱད་པར་ཅན་ཞེས་པ་ཁྱད་གཞིར་བཟུང་བ་དེ་ཁོ་ན་ལ་སྦྱོར་གྱི། ཁྱད་པར་གྱི་ཆོས་ལ་མི་བཟུང་ངོ༌། །འོ་ན། ཇི་སྐད་དུ། མི་རྟག་སྒྲའི་ཁྱད་པར་ཅན། རྗེས་འགྲོ་མེད་ན་ཞེས་པའི་རྩོད་ལན་གྱི་འབྲེལ་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་འདི་ཡིན་ཏེ། མི་རྟག་པ་སྒྲ་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བར་ཁས་བླངས་པ་ལ། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། ཁྱད་པར་ཅན་སྒྲའི་ཆོས་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲ་ལ་རྗེས་སུ་མི་འགྲོ་བར་ཐལ། ཁྱད་པར་ཅན་བུམ་པའི་ཆོས་ཡིན་པའི་ཕྱིར། ཞེས་ཟེར་བ་ལ། རྣམ་གཅོད་ལ་གཉིས་སམ་གསུམ་དུ་ཕྱེ་ནས་ལན་འདེབས་པ་ཡིན་ནོ། །རིགས་པ་ཅན་པས་ནི། སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱ་ཡིན་ན། གཉིས་པོ་ཕན་ཚུན་ཁྱད་པར་ཅན་དང་ཁྱད་པར་ཅན་གྱི་ཆོས་མ་ཡིན་པས་ཁྱབ་པ་ཁས་ལེན་པ་ཡིན་ཏེ། སྔར་རྒྱས་པར་བཤད་པ་ལྟར། འདིས་ནི་ཆོས་ཅན་ཆོས་དག་གིས། །ཞེས་སོགས་བྱེ་བྲག་པ་དང༌། རིགས་པ་ཅན་པ་གཉིས་ཀྱི་འདོད་པ་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། དེ་ལྟར་གྲུབ་པ་ན་འདི་ལྟར་ཡང་འགྱུར་ཏེ། སྒྲ་མི་རྟག་སྒྲུབ་ལ་སྐྱེ་ལྡན་གཏན་ཚིགས་དང༌། བུམ་པ་མཐུན་དཔེར་རིགས་པ་ཅན་པས་བཟུང་བ་དེའི་ཚེ་ན། སྐྱེ་ལྡན་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། དཔེ་དང་ཆོས་མཐུན་གྱི་སྒོ་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་བསྒྲུབ་པར་མི་བྱེད་པའི་ཕྱིར། གསུམ་ཆར་ཁས་བླངས་པའི་ཚུལ་ནི། ཐལ་བ་ནི་སྐྱེ་ལྡན་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་ཁས་བླངས་པའོ། །ཁྱབ་པ་ནི། གཏན་ཚིགས་ཡང་དག་གི་མཚན་ཉིད་དུའོ། །རྟགས་ནི་ཚོགས་སྤྱི་དོན་གཞན་ཏེ་དེ་སྒྲུབ་ཀྱི་ཤེས་འདོད་ཀྱི་བསྒྲུབ་བྱ་དང༌། བྱས་པ་དེ་འགོག་པར་ཁས་བླངས་པས་སོ། །བླངས་པ་ཡང་ཡིན་ཏེ། རིགས་པ་ཅན་པས་ཆོས་ཅན་ལ་ནི་ཚོགས་པ་དག བསལ་བས་འགལ་ཞེས་སྨྲས་པའི་ཕྱིར་རོ། །ཡང་དཔེ་བུམ་པ་ཆོས་ཅན། དེས་དེ་ལྟར་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་པར་ཐལ། སྒྲུབ་པར་བྱ་བ་དང་ཆོས་མཐུན་པ་དེའི་ཆོས་ཡོད་པ་ཅན་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་པའི་ཚུལ་ནི། ཐལ་བ་ནི་དངོས་སུའོ། །ཁྱབ་པ་ནི་དཔེའི་མཚན་ཉིད་དུའོ། །རྟགས་ནི་འདི་ལྟར། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། སྒྲའི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་ལོ། །གལ་ཏེ་དཔེ་རྟགས་ཀྱི་མཚན་ཉིད་ཀྱི་ཟུར་གྱི་བསྒྲུབ་བྱའི་སྒྲ་ཚོགས་དོན་ལ་འཇུག་པ་མི་སྲིད་པའི་ཕྱིར་ན། ཆོས་ཅན་ལ་འཇུག་པར་འདོད་ཅེ་ན། འོ་ན་རིགས་པ་ཅན་པས་བསྟན་བཅོས་སུ་དཔེ་རྟགས་ཀྱི་མཚན་ཉིད་བཞག་པ་དོན་མེད་པར་ཐལ། རྒོལ་བ་རང་ཉིད་ཀྱི་འདོད་པས་བརྟགས་ནས་དཔེ་རྟགས་ཀྱི་མཚན་ཉིད་འཆད་པ་ལ་འཇུག་པའི་ཕྱིར། ཞེས་མི་སྲིད་སོགས་སོ། །གསུམ་པ་དམ་བཅའི་མཚན་ཉིད་དགག་པ་ལ་རིགས་པ་ཅན་པ་དང༌། སངས་རྒྱས་པ་གཉིས་ཀ་བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་ཁས་ལེན་པ་ལ་ཁྱད་པར་མེད་ལ། དེ་ཡང་རིགས་པ་ཅན་པ་ནི་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅའ་བར་ཐལ་བའི་ཕྱིར་དུ། དམ་བཅའི་མཚན་ཉིད་ཀྱི་ཟུར་དུ་ངེས་བཟུང་གི་ཚིག་སྨོས་པ་ཡིན་ནོ། །ཞེས་ཟེར་རོ། །སངས་རྒྱས་པ་ནི། ཁྱད་པར་མེད་པར་བརྗོད་ན་ཡང་ཞེས་འབྱུང་བ་ལྟར། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་བརྗོད་པ་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས་དེར་ཐལ་བའི་ཉེས་པ་མི་འབྱུང་བར་ཁས་ལེན་པ་ཡིན་ནོ། །འདི་ལ་རིགས་པ་ཅན་པའི་འདོད་པ་འགོག་པའི་དབང་དུ་བྱས་ནས། ཇི་སྐད་དུ། ཚད་མའི་མདོར། འདི་ལ་ཡང་བསྒྲུབ་པར་བྱ་བ་སྟོན་པ་ཁོ་ན་དམ་བཅའོ་ཞེས་ངེས་པར་བཟུང་བ་སྔར་སྦྱོར་རོ། །བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཕྱིས་སྦྱོར། དེ་ལས་ཅིར་འགྱུར། སྔ་མ་ངེས་བཟུང་དོན་མེད་འགྱུར། །ཅིག་ཤོས་ལྟར་ནའང་མི་འཐད་འགྱུར། །ཞེས་གསུངས་པའི་དོན་འཆད་དོ། །འདིར་དམ་བཅའ་ཡང་དག་ལ་ངེས་བཟུང་སྔར་སྦྱར་རམ་ཕྱིས་ངེས་བཟུང་སྦྱོར་བ་བརྟགས་པ་ནི་ཅུང་ཟད་འགྱུར་ནོངས་པ་ཡིན་པས། འདི་ལྟར་རྟག་པར་བྱ་སྟེ། བསྒྲུབ་བྱ་ཁོ་ན་བརྗོད་པ་ཞེས་སམ་བསྒྲུབ་བྱ་བརྗོད་པ་ཞེས་དམ་བཅའི་མཚན་ཉིད་འཇོག དང་པོ་ལྟར་ན་དེས་གྲུབ་ཟིན་བརྗོད་པ་དམ་བཅའ་ཡིན་པ་སེལ་ལམ། སྒྲུབ་བྱེད་དུ་བཀོད་བཞིན་པ་དམ་བཅའ་ཡིན་པ་སེལ། དང་པོ་ལྟར་ན། རྒོལ་བ་གྲུབ་ཟིན་དེ་ཆོས་ཅན། ཁྱོད་བསྒྲུབ་བྱ་ཡིན་པ་སེལ་བའི་ཕྱིར་དུ་རིགས་པ་ཅན་པས་དེའི་མཚན་ཉིད་ཀྱི་ཟུར་དུ་དེ་སྨོས་མི་དགོས་པར་ཐལ། རིགས་པ་ཅན་པས་སྒྲུབ་བྱེད་དཔེ་རྟགས་ཀྱི་མཚན་ཉིད་བསྟན་པའི་ཤུགས་ཉིད་ལས་ཁྱོད་ཀྱི་ལོག་ཕྱོགས་ཀྱི་དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས་པའི་ཕྱིར་རྟགས་དཔེའི་མཚན་ཉིད་ཀྱི་བསལ་བྱ་ཡིན་ན། དམ་བཅའི་མཚན་ཉིད་ཀྱི་བསལ་བྱར་མི་འགྱུར་ཞེས་པའོ། །གཉིས་པ་ལྟར་ཡིན་ན། སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་རྟགས་མ་གྲུབ་བརྗོད་པ་ཆོས་ཅན། རིགས་པ་ཅན་པ་ལྟར་ན། ཁྱོད་དམ་བཅའ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བ་མེད་པར་ཐལ། རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་དེས་ཁྱོད་དམ་བཅའ་ཡིན་པ་དེ་བསལ་ཞིང༌། མིན་པ་དེ་ལ་ཁྱབ་པའི་ཕྱིར། དེ་ལྟར་ན་རིགས་པ་ཅན་པ་ཆོས་ཅན། དམ་བཅའི་མཚན་ཉིད་ཀྱི་ཟུར་དུ་ངེས་བཟུང་སྔར་བརྗོད་པ་དོན་མེད་དེ། མེད་པའི་རྒྱུ་མཚན་གཉིས་པོ་དེས་སོ། །གཉིས་པ་ལྟར་ན། དམ་བཅའི་མཚན་ཉིད་ཀྱི་ཟུར་དུ་ཕྱིས་བརྗོད་པའི་ངེས་བཟུང་དེ་ཆོས་ཅན། དེ་དམ་བཅའ་ཡིན་པ་སེལ་མི་ནུས་པར་ཐལ། དེ་དམ་བཅའ་ཡིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། དེ་འདྲ་དེ་བསྒྲུབ་བྱ་བརྗོད་པ་ཁོ་ན་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དཔེར་རྟགས་མ་གྲུབ་པ་དེ་བསྒྲུབ་བྱ་ཁོ་ན་ཡིན་པའི་ཕྱིར། མ་སྒྲུབ་ན་དེ་ཆོས་ཅན། དེར་ཐལ། ཤེས་བྱེད་སྐབས་ཀྱི་རྒོལ་བའི་ཚད་མས་མ་གྲུབ་པའི་ཕྱིར། གསུམ་ཆར་ཞེས་པའོ། །ཞེས་རིམ་པར་སྒྲུབ་བྱེད་དང༌། གཏན་ཚིགས་དང༌། སྔར་ངེས་དང༌། དེ་ཕྱིར་རྣམས་སོ། །འདི་འདྲ་ཁྱོད་ཀྱིས་ལེགས་བཤད་ཅེས། །བདག་ལ་རྗེས་སུ་ཡི་རང་བ། །དེ་དག་དེ་རིང་ཁོ་ན་ནས། །ཆོས་ཀྱི་གྲགས་པའི་སྲས་གྱུར་ཅིག །ལོ་བརྒྱ་ཚུན་དུ་གྲགས་པ་ཡི། །རྣམ་བཤད་དག་ན་འདིར་འབྱུང་བའི། །ལེགས་བཤད་སྙིང་པོ་དེ་དེ་དག །འདི་ནའང་དེ་དག་ག་ལ་ཡོད། །སྔོན་ཚེ་བདག་སྐྱེས་ལྷ་རྒན་གྱི། །འཇིག་རྟེན་མེས་པོར་སྨྲས་པ་རྫུན། །གལ་ཏེ་བདེན་ན་འདི་འདྲ་ཡིས། །ལེགས་བཤད་སྔོན་ནས་མེད་པ་ཅི། །ཡོད་ན་དེ་དང་འདི་ཡི་ནི། །རང་གཟུགས་གསལ་བར་མི་སྟོན་ཅི། །ཕྱི་ནས་གཡོ་ཅན་དག་གིས་ཀྱང༌། །གཞན་ནོར་བདག་ཏུ་མ་བཟུང་ཤིག །ཅེས་སྨྲས་པ་ཡིན་ནོ། །བཞི་པ་ཕྱོགས་ལྟར་སྣང་གི་དཔེ་བརྗོད་དགག་པ་ལ། ཇི་སྐད་དུ། མདོར། རིགས་པ་ཅན་པ་ན་རེ། དམ་བཅའ་བ་དང་གཏན་ཚིགས་དག་འགལ་བ་ནི་དམ་བཅའི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པའོ། །ཞེས་ཟེར་རོ། །གཏན་ཚིགས་དམ་བཅའ་དང་འགལ་བ་དམ་བཅའི་སྐྱོན་ཞེས་རིགས་པ་མ་ཡིན་ནོ། །ཞེས་གསུངས་པའི་དོན་འཆད་པ་ལ། ཕྱོགས་སྔ་མ་ནི་དེ་ཉིད་ཡིན་ལ། དེ་དགག་པ་ལ། འགལ་བའི་དོན་ལ་བརྟགས་ནས་དགག་པ་དང༌། འགལ་བའི་དཔེ་བརྗོད་ལ་བརྟགས་ནས་དགག་པའོ། །རྟགས་དམ་བཅའ་དང་འགལ་བའི་དོན་ཏེ། རྟགས་འདོད་ཡུལ་གྱི་བསྒྲུབ་བྱ་སྒྲུབ་མི་ནུས་པ་ལ་བྱེད་དགོས་ལ། དེ་ལའང་ཚུལ་གཉིས་ཏེ། རྟགས་ཆོས་ལ་རྗེས་སུ་མི་འགྲོ་བས་དང༌། ཆོས་ཅན་ལ་རྗེས་སུ་མི་འགྲོ་བས་དེ་ལྟར་མི་ནུས་པ་གཉིས་སུ་ངེས་ལ། དེ་གཉིས་ཀ་ཡང་རྟགས་སྐྱོན་ཡིན་གྱི་ཕྱོགས་སྐྱོན་མ་ཡིན་ནོ། །ཞེས་འགལ་བ་སོགས། གཉིས་པ་ནི། ཇི་སྐད་དུ། མདོར། ལེགས་པར་མ་བསླབས་པ་རྣམས་ཀྱི། །དེ་ནི་ཆོས་མི་མཐུན་དཔེས་བརྗོད། །ཅེས་པའི་དོན་འཆད་དེ། འདི་ལ་མི་རྟག་བརྟགས་སུ་མ་བཀོད་པའི་ཚུལ་བཤད་ནས་རྟགས་དམ་བཅའ་འགལ་བ་མ་ཡིན་པར་བསྟན། ཐམས་ཅད་མ་ཡིན་པ་རྟགས་སུ་བཀོད་པའི་ཚུལ་བཤད་ནས་རྟགས་ཕྱོགས་ཆོས་མ་གྲུབ་པར་བསྟན། དང་པོ་ནི་ཐམས་ཅད་མི་རྟག་ཅེས་པའི་ཁོངས་ནས་སྒྲ་མི་རྟག་ཅེས་པ་རྟགས་སུ་བཀོད་ན། དམ་བཅའ་དང་འགལ་བར་སོང༌། མདོ་དེ་ཡང་ཕྱོགས་སྐྱོན་ཡིན་གྱི་རྟགས་སྐྱོན་དུ་འགྱུར་ན་ཡང༌། དེ་ཡང་མ་བཀོད་ཅེས་སྟོན་པ་ནི། མི་རྟག་སོགས་སོ། །འོ་ན་དེས་ཅི་ཞིག་བསྟན་ཞེ་ན། སྒྲ་རྟག་བསྒྲུབ་པའི་མི་མཐུན་དཔེ་ཙམ་ཞིག་བསྟན་པ་ཡིན་ནོ། །ཞེས་འདི་ལ་སོགས་སོ། །གཉིས་པ་ལ་སྦྱོར་ངག་དེའི་བསྟན་ཚུལ་ངོས་བཟུང༌། དེ་རྟགས་མ་གྲུབ་པའི་སྐྱོན་དུ་བསྟན་པའོ། །དང་པོ་ནི། སྦྱོར་བ་འདི་ནི་རྟོག་གེ་མི་ཤེས་པ་དག་གིས་སྨྲས་པ་སྟེ། ཞེ་འདོད་ནི། གང་ཐམས་ཅད་ཀྱི་ཁོངས་སུ་འདུས་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ནི་རྟག་སྟེ་ཐམས་ཅད་མ་ཡིན་པའི་ཕྱིར་ཞེས་པའོ། །ཞེས་ཡུལ་གཞན་ནོ། །དེ་ལྟར་བཀོད་མོད་དེ་ལས་སྤྱིར་འགྱུར་ཞེ་ན། དེའི་ཚེ་ན་མ་གྲུབ་པ་ཡིན་གྱི་འགལ་བ་མ་ཡིན་ནོ། །ཞེས་སྟོན་པ་ལ། ཀུན་ལ་གྲགས་པའི་གཞན་ཡིན་རྟགས་སུ་འགོད་ན་ཕྱོགས་ཆོས་མ་གྲུབ་པར་བསྟན། འགའ་ཞིག་མ་གྲགས་པའི་གཞན་མིན་རྟགས་སུ་བཀོད་ནས་ཕྱོགས་ཆོས་མི་འགལ་བར་བཞག་པའོ། །དང་པོ་ནི། སྤྱི་ནི་སོགས་སོ། །གཉིས་པ་ནི་དངོས་དང་རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། གལ་ཏེ་མ་གྲུབ་པའི་སྐྱོན་མེད་དེ། སྒྲ་མིན་ཐམས་ཅད་ལས་གཞན་ཡིན་པ་རྟགས་སུ་འགོད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་སྒྲ་རྟགས་སུ་འགོད་པར་སོང་བས། སྒྲ་ཆོས་ཅན་སྒྲ་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་ཏེ། སྒྲ་དང་ཐ་དད་མེད་པའི་ཕྱིར། ཞེས་ཤེས་བྱ་སོགས་སོ། །གཉིས་པ་ལ་རང་བཞིན་གྱི་རྟགས་ལ་མཚུངས་པ་སྤང༌། མ་ངེས་པའི་རྟགས་ལ་མཚུངས་པ་སྤང་བའོ། །དང་པོ་ལ་རང་བཞིན་གྱི་རྟགས་ཙམ་ལ་རྩོད་པ་སྤང་བ་དང༌། ཁྱད་པར་ཅན་ལ་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་བྱས་པ་ཡང་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་མ་ཡིན་པར་ཐལ་ལོ་ཞེ་ན། དེ་མི་འཐད་དེ། སྒྲ་དང་ལྡོག་པ་ཐ་དད་པ་ཡིན་པའི་ཕྱིར། འོ་ན་དོན་དམ་པར་ཡང་ཐ་དད་དུ་འགྱུར་རོ་ཞེ་ན། གཅིག་དང་ཐ་དད་ཆོས་ཅན། དོན་དམ་པར་ཁྱོད་འགོག་ནུས་ཏེ། དེར་ཁྱོད་མ་གྲུབ་པའི་ཕྱིར། འོ་ན་བསྒྲུབ་བྱ་སྒྲུབ་བྱེད་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཁྱབ་སྟེ། རྟོག་ངོར་དེ་གསུམ་ཐ་དད་ཡིན་པའི་ཕྱིར། ཞེས་དངོས་པོ་དང༌། མིང་དང༌། དོན་དམ་དང༌། དཔག་བྱ་དང༌། འདི་ནི་རྣམས་སོ། །གཉིས་པ་ནི། ཇི་སྐད་དུ། མདོར། འདུས་པ་རྣམས་ནི་གཞན་གྱི་དོན་བྱེད་དོ། །འདུས་པ་ཡིན་པའི་ཕྱིར། ཞེས་བྱ་བ་དང༌། འདུས་བྱས་མི་རྟག་སྟེ། འདུས་བྱས་ཉིད་ཡིན་པའི་ཕྱིར། ཞེས་བྱ་བ་དེ་དག་ལ་ཡང་དམ་བཅའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་བ་མཐོང་ངོ༌། །ཞེས་སོགས་བརྩོད་ལན་གྱི་དོན་འཆད་དེ། དེ་ཡང་སྔ་མ་ནི་འགལ་བའི་གཏན་ཚིགས་ཀྱི་མཚན་གཞི་དང༌། ཕྱི་མ་ནི་གཏན་ཚིགས་ཡང་དག་གི་མཚན་གཞིར་གསུངས་པས་འདོད་པའོ། །དེ་ལ་རིགས་པ་ཅན་པ་ན་རེ། འོ་ན་དེ་དག་ཀྱང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་མ་ཡིན་པར་ཐལ། ཆོས་ཅན་གཏན་ཚིགས་ཐ་དད་མེད་པའི་ཕྱིར། དེའི་སྐྱོན་མེད་དེ། གཅིག་ལ་ནི་འདུས་པ་མིག་སོགས་ཆོས་ཅན་དུ་བཟུང་བྱ་ཡིན་ལ། གཅིག་ལ་ནི། འདུས་བྱས་ཀྱི་བུམ་སོགས་ཆོས་ཅན་དུ་སོང་བས་ཐ་དད་པའི་ཕྱིར། དཔེར་ན་རྩོལ་བྱུང་གི་རྟགས་ཀྱིས་རྩོལ་སྒྲ་མི་རྟག་པར་སྒྲུབ་པ་བཞིན་ནོ། །ཞེས་དེ་ན་དང༌། དཔེར་ན་རྩོལ་བྱུང་རྣམས་སོ། །དེ་ལ་དཔེ་མ་གྲུབ་སྟེ། རྩོལ་བྱུང་དེ་རྩོལ་སྒྲའི་ཡན་ལག་མ་ཡིན་པའི་ཕྱིར་ཞེ་ན། འདི་ལ་ལན་གཉིས་ཏེ། དེ་དེ་ཕྱོགས་ཆོས་ཀྱི་ཡན་ལག་ཏུ་ཁས་བླངས་ནས་ལན་འདེབས་ཚུལ་དང༌། དེ་དེའི་ཡན་ལག་མ་ཡིན་པར་བསྟན་ནས་ལན་འདེབས་ཚུལ་ལོ། །དང་པོ་ནི་རྩོལ་བྱུང་ཆོས་ཅན། རྩོལ་སྒྲ་མི་རྟག་པར་བསྒྲུབ་བྱར་སོང་བའི་དུས་སུ། རྩོལ་སྒྲའི་ཡན་ལག་ཡིན་ཀྱང་རྩོལ་སྒྲ་ལས་ཐ་དད་མ་ཡིན་ཏེ། དེ་ཡིན་པ་ལ་ཚད་མས་གནོད་པ་མེད་པའི་ཕྱིར། ཞེས་དཔེ་དང་བཅས་ཏེ། ཕྱོགས་ཆོས་ཁས་ལེན་སོགས་སོ། །གཉིས་པ་ནི། རྩོལ་བྱུང་ཆོས་ཅན། རྩོལ་སྒྲ་མི་རྟག་པ་ཉིད་བསྒྲུབ་བྱར་སོང་བའི་དུས་སུ། རྩོལ་སྒྲའི་ཡན་ལག་གི་ཆ་ཤས་མ་ཡིན་ཏེ། རྩོལ་སྒྲ་མཚོན་བྱེད་ཡིན་པའི་ཕྱིར། གང་གིས་གང་མཚོན་བྱེད་ཡིན་པ་དེ་ནི་དེའི་ཕྱོགས་གཅིག་མ་ཡིན་ཏེ། བྱ་རོག་གི་ཁང་བཟངས་བཞིན་ནམ། གོས་དཀར་གྱི་སྐྱེས་བུ་བཞིན་ནོ། །དེའི་དོན་ཡང་རྩོལ་སྒྲ་མ་ངེས་པ་ངེས་དགོས་པའི་དུས་སུ། རྩོལ་བྱུང་དེ་རྩོལ་སྒྲ་མཚོན་བྱེད་ཡིན་གྱི་དེའི་ཡན་ལག་ཏུ་མ་སོང་བས་ཐ་དད་ཡིན་ནམ། དེ་ངེས་ཟིན་གྱི་འོག་རོལ་ཏུ་ནི་དེ་དེའི་མཚོན་བྱེད་ཡིན་པ་བཟློག་པའི་ཕྱིར། དེ་དེའི་ཡན་ལག་ཡིན་ཀྱང༌། དེ་དེ་དང་ཐ་དད་ཡིན་ཏེ། རྟོག་པ་ལ་ཐ་དད་དུ་སྣང་བའི་ཕྱིར། ཞེས་པའོ། །གོང་བུ་དང་རྭ་བཞིན་ནོ། །དེས་ན་ལྡོག་ཕྱིར་ཞེས་པ་ཡན་ལག་ཡིན་པའི་ཤེས་བྱེད། རྟོགས་ནས་ཞེས་པ་དེ་མ་ཡིན་པའི་ཤེས་བྱེད་དོ། །གཉིས་པ་ནི། མཉན་བྱའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ། གཞི་རྟགས་ཐ་དད་མེད་པའི་ཕྱིར་ཞེ་ན། དེ་ཆོས་ཅན་དེ་དང་གཅིག་མ་ཡིན་ཏེ། དེ་དང་ལྡོག་པ་ཐ་དད་པའི་ཕྱིར། ཆོས་ཐ་དད་སོགས་སོ། །ལེགས་བཤད་ཟུར་ཙམ་མ་རྟོགས་པ། །སྐབས་འདིར་ང་རྒྱལ་སྨྲ་དགོས་མེད། །ཡང་ན་དེ་རྟོགས་ཞེས་པའི་དོན། །རྒྱ་འགྲེལ་ཀུན་ལ་རྒྱུས་མི་སྣང༌། །བརྟགས་ན་དམ་བཅའ་འགལ་བའི་སྐྱོན། །བོད་འགྲེལ་ཀུན་གྱིས་མ་ཤེས་སོ། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་དངོས་ཀྱི་གོ་བྱ་གཏན་ཚིགས་བཤད་པ་ལ་མདོར་བསྟན། རྒྱས་པར་རྟགས་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་མ་སྨོས་པའི་རྒྱུ་མཚན་ནོ། །དང་པོ་དངོས་དང་ཕྱོགས་ཆོས་སུ་འགྱུར་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་སྔར་རང་གི་མཐོང་དོན་ཞེས་སྨྲ་ན། མཐོང་བའི་དོན་དེ་གང་ཞེ་ན། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་སོ་དེ་ཤེས་པ་ལའང་ཡང་དག་དང་ལྟར་སྣང་གི་དབྱེ་བ་སོ་སོར་ཕྱེད་དགོས་ལ། ཕྱོགས་ཆོས་ཅན་གཏན་ཚིགས་ཀྱི་དབྱེ་བ་རྒྱས་པར་ཤེས་ན། དེ་ཕྱེད་པས། དབྱེ་བ་དེ་འཆད་པ་ལ། ཇི་སྐད་དུ། མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱིས། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་པའི་དོན་འཆད་པ་ལ། བདག་ཉིད་ཆེན་པོས་ཚད་མ་ཀུན་ལས་བཏུས་པར། བསྡུ་བྱེད་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་འཆད་པའི་གཞུང་གིས། བསྡུ་བྱ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་མདོར་བསྡུས་ཏེ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རབ་དབྱེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་གཏན་ཚིགས་སོགས་སོ། །གཉིས་པ་ནི། འོ་ན་ཆོས་ཅན་རྟགས་ཀྱི་ཁྱད་པར་དུ་བྱས་སམ་མ་བྱས། མ་བྱས་ན་ཕྱོགས་ཆོས་མི་འགྲུབ་ལ་བྱས་ན་གཞལ་བྱ་ཆོས་ཅན། དཔེ་བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། སྒྲའི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མ་ངེས་པའི་ཚུལ་སྟོན་པ་ནི། ཆོས་ཀྱི་སོགས་སོ། །འདིར་ནག་པ་དང་སྲིད་སྒྲུབ་ནི། རྒྱལ་པོ་སྐྱབས་སེང་གི་བུ་ལྔའི་ཡ་གྱལ་ཏེ། རྒྱུ་སྐར་ནག་པས་བྱིན་པ་དང༌། ལྷ་དབང་བརྒྱ་བྱིན་གྱི་བྱིན་པའི་ཁྱད་པར་རོ། །གཉིས་པ་ལ། ཕྱོགས་ཆོས་ཅན་དགུ་སྨོས་པའི་དགོས་པ་སྤྱིར་བཤད། བྱེ་བྲག་ཏུ་ཡང་དག་གཉིས་དང་མཉན་བྱ་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ལ་དགུ་པོ་ནི་འདི་ཡིན་ཏེ། སྐབས་ཀྱི་རྒོལ་བའི་བློ་ངོར་མཐུན་ཕྱོགས་ལ་ཡོད་པ་དང༌། མེད་པ་དང༌། རྣམ་པ་གཉིས་ཏེ་གསུམ་མོ། །དེ་རེ་རེ་ལ་རྒོལ་བའི་བློ་ངོར་མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པ་དང༌། མེད་པ་དང་རྣམ་པ་གཉིས་པ་སྟེ་གསུམ་གསུམ་དུ་ཕྱེ་བས་དེ་དགུའོ། །དཔེར་བརྗོད་ནི། མདོའི་རང་འགྲེལ་དུ། གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་ལས་བྱུང༌། །མི་རྟག་རྩོལ་བྱུང་རེག་མིན་པ། །དེ་དགུ་རྟག་པ་ལས་སོགས་ལའོ། །ཞེས་པས་གཏན་ཚིགས་དགུ་བསྟན་པ་ཡིན་ནོ། །བསྒྲུབ་བྱའི་ཆོས་དགུ་ནི། ཚད་མ་རྒྱན་ལས། རྟག་དང་མི་རྟག་རྩོལ་བྱུང་དང༌། །བར་དུ་རྟག་པ་གསུམ་དག་དང༌། །རྩོལ་བྱུང་མིན་དང་མི་རྟག་རྟག །སྒྲུབ་བྱེད་གཞལ་བྱ་ཉིད་སོགས་ཡིན། །ཞེས་གསུངས་སོ། །དེ་ཡང་རེ་མིག་ལ་བཀོད་ན་རྟོགས་སླ་བར་ཛྙཱ་ན་ཤྲཱི་དང༌། ཡཱ་མ་རིས་བཤད་པ་དཔག་ནས་བོད་དག་གིས་ཕྱོགས་ཀྱི་གླང་པོ་ལ་ཁ་གཡོར་བའི་ཕྱོགས་ཆོས་ཅན་དགུའི་འཁོར་ལོ་ཞེས་པའི་བསྟན་འཆོས་བརྩམས་ལ། དེ་ནས་འབྱུང་བ་མཐུན་ཕྱོགས་དགུ་དང༌། མི་མཐུན་ཕྱོགས་དགུའི་བཤད་པ་ཡཱ་མ་རི་ནས་འབྱུང་ཞེས་ཟེར་རོ། །ཡཱ་མ་རིའི་འགྲེལ་བཤད་ནི་གཉིས་ཏེ། མདོ་དང༌། རྒྱན་གྱིའོ། །ཛཱ་མ་ནི་སྐད་ཀྱི་ཁྱད་པར་ཙམ་མོ། །དེ་དག་གི་ནང་ནས་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་དང༌། རིག་བྱེད་ཀྱི་སྒྲ་མི་རྟག་པར་སྒྲུབ་པ་ལ། རྩོལ་བྱུང་རྟགས་སུ་བཀོད་པའི་ཚེ་ན། བྱས་པ་དང་རྩོལ་བྱུང་གཉིས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་དཔེ་བརྗོད་དུ་བདག་ཉིད་ཆེན་པོས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་རང་གི་གཏན་ཚིགས་ཡང་དག་གཉིས་པོ་གང་རུང་ཡིན་ན་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྒྲ་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་དང༌། རིག་སྒྲ་རྟག་བསྒྲུབ་ལ་རྩོལ་བྱུང་རྟགས་སུ་བཀོད་པའི་ཚེ་ན། དེ་གཉིས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་བདག་ཉིད་ཆེན་པོས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་རང་གི་འགལ་རྟགས་གཉིས་པོ་གང་རུང་ཡིན་ན་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཡང་སྔ་མ་གཉིས་གཏན་ཚིགས་ཡང་དག་གི་དཔེ་དང༌། ཕྱི་མ་གཉིས་འགལ་བའི་གཏན་ཚིགས་ཡང་དག་གི་དཔེར་བརྗོད་དུ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བྱས་པ་དེ་དང་རྩོལ་བྱུང་དེ་རིགས་སྒྲ་མི་རྟག་པར་སྒྲུབ་པ་ལ་གཏན་ཚིགས་ཡང་དག་ཏུ་སོང་བ་དེའི་ཚེ་ལོག་ཕྱོགས་ལ་འགལ་བའི་གཏན་ཚིགས་སུ་འགྲོ་བ་དང༌། ཡང་དེ་གཉིས་རིག་སྒྲ་རྟག་སྒྲུབ་ལ་འགལ་བའི་གཏན་ཚིགས་སུ་སོང་བ་དེའི་ཚེ། དེའི་ལོག་ཕྱོགས་ལ་ཡང་དག་གི་རྟགས་ཚིགས་སུ་འགྱུར་བ་ནི་དོན་གཅིག་ལ་འདུ་བ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་རང་བཞིན་སོགས་རྐང་པ་གཉིས་སོ། །ཡང་སྒྲ་མི་རྟག་པར་སྒྲུབ་པ་ལ་མཉན་བྱ་དང༌། གཞལ་བྱ་རྟགས་སུ་བཀོད་པའི་ཚེ། དེ་གཉིས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་དཔེར་བདག་ཉིད་ཆེན་པོས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཐུན་མོང་མ་ཡིན་པའི་གཏན་ཚིགས་དང༌། ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའི་གཏན་ཚིགས་ལ། ཕྱོགས་ཆོས་གྲུབ་བོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཡང་མཉན་བྱ་ཐུན་མོང་མ་ཡིན་པ་དང༌། གཞལ་བྱ་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའི་མ་ངེས་པའི་གཏན་ཚིགས་ཀྱི་དཔེར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྗེས་འགྲོ་རྐྱང་པ་ཅན་དང་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་ཡོད་དོ་ཞེས་རྩོད་པ་ལྡོག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་རྩོད་ཕྱིར་སོགས་རྐང་པ་གཅིག་གོ །དྲུག་པོ་དེའི་ལྷག་མ་སྒྲ་རྩོལ་བྱུང་དང༌། རྩོལ་མ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་དང༌། སྒྲ་རྟག་སྒྲུབ་ལ་རེག་བྱ་ཅན་མ་ཡིན་པ་རྟགས་སུ་བཀོད་པའི་ཚེ་ན། ཕྱོགས་ཆོས་གསུམ་པོ་དེ་གཏན་ཚིགས་ཀྱི་དཔེར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མ་ངེས་པའི་གཏན་ཚིགས་ལྷག་མ་རྣམས་ལ་ཕྱོགས་ཆོས་གྲུབ་བོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཡང་དེ་གསུམ་མ་ངེས་པའི་གཏན་ཚིགས་སོ་སོའི་དཔེར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྟགས་ཡང་དག་ཡིན་ན་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལོགས་པ་གཅིག་དགོས་སོ་ཞེས་ཟློག་པའི་སྒྲུབ་བྱེད་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་ལྷག་མ་སོགས་རྐང་པ་གཅིག་གོ །གཉིས་པ་ལ། ཡང་དག་སྨོས་པའི་དགོས་པ་བཤད། མཉན་བྱ་སྨོས་པའི་དགོས་པ་བཤད། དང་པོ་ལ་སོ་སོའི་དགོས་པ་དང༌། ཐུན་མོང་གི་དགོས་པའོ། །དང་པོ་ལ་རྩོལ་བྱུང་འབྲས་རྟགས་ཀྱི་དཔེར་སྨོས་པའི་དགོས་པ་རྒྱུ་མཚན་དང༌། དེ་ལས་ལོགས་སུ་བྱས་པ་རང་བཞིན་རྟགས་ཀྱི་དཔེར་སྨོས་པའི་རྒྱུ་མཚན་དང་དགོས་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་དགོས་པ་དང༌། རྒྱུ་མཚན་ནོ། །དང་པོ་ནི། འོ་ན་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པ་ལྟ་བུ་འབྲས་རྟགས་ཀྱི་དཔེར་བརྗོད་དུ་སྨོས་པ་ཆོག་མོད། རྩོལ་བྱུང་དེར་སྨོས་པས་ཅི་ཞིག་བྱ་ཞེ་ན། ཚད་མ་མདོར། དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་འབྲས་རྟགས་ཀྱི་དཔེར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་བུའི་གཏན་ཚིགས་ཡང་དག་ཡིན་ན་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་རང་བཞིན་སོགས་སོ། །གཉིས་པ་ནི། འོ་ན་དེ་སྒྲུབ་ལ་དེ་འབྲས་རྟགས་སུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། བཀོད་ཚོད་ལ་དེ་ལྟར་བཀོད་ཀྱང༌། ཞེན་འདོད་དམ་སོང་ཚོད་ལ་དུང་སྒྲ་ཐོས་པའི་ཉན་ཤེས་མ་འཁྲུལ་པ་ཆོས་ཅན། རང་རྒྱུ་སྒྲའི་མི་རྟག་པ་སྔོན་དུ་སོང་བ་ཡིན་ཏེ། སྒྲ་འཛིན་ཉན་ཤེས་མ་འཁྲུལ་བའི་ཕྱིར། ཞེས་འགོད་པ་ཡིན་ལ། དེའི་ཚེ་ན་དེ་ཆོས་ཅན། དེ་སྒྲུབ་ཀྱི་འབྲས་བུའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག རང་རྒྱུ་སྒྲ་མི་རྟག་པའི་འབྲས་བུ་ཡིན་པའི་ཕྱིར། ཞེས་སྔར་ཡོད་པའི་སོགས་སོ། །གཉིས་པ་ནི། འོ་ན་རྩོལ་བྱུང་ལས་ལོགས་སུ་བྱས་པ་རང་བཞིན་རྟགས་ཀྱི་དཔེར་བརྗོད་དུ་སྨོས་པ་མི་འཐད་དེ། དེས་དེའི་དཔེ་བརྗོད་ཀྱང་རྟོགས་ནུས་པའི་ཕྱིར། ཚད་མ་ཀུན་ལས་བཏུས་པར་ཆོས་ཅན། རྩོལ་བྱུང་ལས་ལོགས་སུ་བྱས་པ་རང་བཞིན་རྟགས་ཀྱི་དཔེ་བརྗོད་དུ་སྟོན་པའི་རྒྱུ་མཚན་ཡོད་དེ། རྩོལ་བྱུང་གཅིག་པོ་གཏན་ཚིགས་གཉིས་ཀའི་དཔེར་བརྗོད་དུ་བསྟན་ན། རང་བཞིན་གྱི་གཏན་ཚིགས་ཡང་དག་ཐམས་ཅད་ཀྱང་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་རྒྱུ་མཚན་གྱིས་དེ་ལས་ལོགས་སུ་དེ་བསྟན་པའི་ཕྱིར། ཞེས་བདག་ཉིད་སོགས་སོ། །འོ་ན་སྐབས་འདིར་གཏན་ཚིགས་ཡང་དག་དང་ལྟར་སྣང་གི་དབྱེ་བ་བསྟན་ནས། མཚན་ཉིད་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རང་དོན་རྗེས་དཔག་ཏུ་བསྟན་ཟིན་པའི་ཕྱིར་མ་བསྟན་ལ། དེ་ལྟར་ན་ཡང་དབྱེ་བ་ཙམ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་བརྗོད་བྱར་བྱས་པའི་སྒྲུབ་ངག་ཡང་དག་དང་ལྟར་སྣང་གི་དབྱེ་བ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་རྗེས་སུ་སོགས་སོ། །གསུམ་པ་ནི། འོ་ན་རྩོལ་བྱུང་ཉན་ཤེས་མ་འཁྲུལ་པ་དེ་འབྲས་རྟགས་ཀྱི་དཔེར་སྨོས་པར་རིགས་ཀྱི། རྩོལ་བྱུང་ཙམ་ལྡོག་ཁྱབ་ནས་དེར་སྨོས་པ་མི་རིགས་ཏེ། དེས་རང་བཞིན་གྱི་གཏན་ཚིགས་མཚོན་མི་ནུས་ཤིང༌། འབྲས་རྟགས་དངོས་ཀྱང་མ་ཡིན་པའི་ཕྱིར། ཞེ་ན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་འདིར། མདོར་རྩོལ་བྱུང་ཙམ་ལྡོག་པ་ནས་འབྲས་བུའི་གཏན་ཚིགས་ཡང་དག་གི་དཔེར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་གི་དཔེར་བརྗོད་ཀྱང་མཚོན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་དཔེ་འདིར་སོགས་སོ། །གཉིས་པ་ནི། ཡོད་པ་སོགས་སོ། །གཉིས་པ་ལ་མཉན་བྱའི་དཔེ་སྲོག་སོགས་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་མིན་པར་བསྟན། དེས་གཞན་ཡང་མཚོན་ནུས་པར་བསྟན་པའོ། །དང་པོ་ལ་སྲོག་སོགས་ལྡོག་པ་རྐྱང་པ་ཅན་ཡིན་པ་དགག སྲོག་སོགས་རྟགས་ཡང་དག་ཡིན་པ་དགག་པའོ། །དང་པོ་ནི། རྩོད་ཕྱིར་ཞེས་པ་ལ་འཕྲོས་ནས། རིགས་པ་ཅན་པས་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་འདོད་པའི་ཚུལ་ཇི་ལྟ་བུ། དེ་མཉན་བྱའི་དཔེ་ལ་བརྟེན་ནས་སེལ་ནུས་པའི་རྒྱུ་མཚན་ཅི་ཞེ་ན། འདི་ཡིན་ཏེ། རིགས་པ་ཅན་པ་ན་རེ། སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་དེ། གསོན་ལུས་བདག་བཅས་སུ་བསྒྲུབ་པའི་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེ་དེ་སྒྲུབ་ཀྱི་མི་མཐུན་པའི་ཕྱོགས་ལས་ནི་ལྡོག མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཡང་མེད་ལྡོག་པ་ཡང་མེད་པའི་ཕྱིར། དེ་མེད་དེ། དེའི་མཐུན་ཕྱོགས་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང་ཤེས་བྱ་ལ་གསོན་ལུས་ཡིན་མིན་གཉིས་སུ་ཁ་མཚོན་ཆོད། གསོན་ལུས་ནི་ཤེས་འདོད་ཆོས་ཅན་ཡིན་པས་མཐུན་ཕྱོགས་མ་ཡིན། གསོན་ལུས་མ་ཡིན་པ་རྣམས་ནི་བདག་མེད་ཡིན་པས་དེ་སྒྲུབ་ཀྱི་མཐུན་པའི་ཕྱོགས་ཡིན་ནོ། །ཞེས་ཟེར་རོ། །མཉན་བྱའི་དཔེ་ལ་རྟེན་ནས་དེ་སེལ་ནུས་པ་ཡིན་ནོ། །ཇི་ལྟར་ཞེ་ན། མཉན་བྱ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་བསྟན་པས་དེ་ཡང་དེ་སྒྲུབ་ཀྱི་དེར་རྟོགས་ནུས་ཏེ། དེ་གཉིས་ལྡོག་ཁྱབ་འཁྲུལ་པར་མཚུངས་པའི་ཕྱིར། འདི་སྒྲུབ་པ་ལ་གཉིས་ཏེ། མཉན་བྱ་དང་སྲོག་ལྡན་ལྡོག་ཁྱབ་འཁྲུལ་པར་མཚུངས་པའི་ཚུལ། མི་མཚུངས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་སྲོག་ལྡན་གྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པ་འཁྲུལ་བར་བསྟན། དེས་ན་མཉན་བྱ་དང་མཚུངས་པའོ། །དང་པོ་ནི། ལྡོག་པ་ཉིད་ནི་ནས། ཐུག་པ་མེད་ཀྱི་བར་རོ། །གཉིས་པ་ནི་སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་ཁྱབ་འཁྲུལ་བ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་པོ་གང་རུང་ལ། ཁྱོད་དང་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ཚད་མས་མ་མཐོང་བའི་ཕྱིར། དཔེར་ན་སྒྲ་མི་རྟག་སྒྲུབ་ལ་མཉན་བྱ་བཞིན་ནོ། །ཞེས་འཁྲུལ་པ་ལ་སོགས་སོ། །གཉིས་པ་ལ། བསྒྲུབ་བྱ་དགག་པ་དང༌། སྒྲུབ་བྱེད་དགག་པ་གཉིས། དང་པོ་ལ་དེར་མི་མཚུངས་པའི་རྩོད་པ་ནི་མ་ཡིན་སོགས་སོ། །དེ་གཉིས་ལྡོག་པ་རྐྱང་པ་ཅན་ཡིན་མིན་མཚུངས་པར་ཐལ། དེ་གཉིས་རང་གི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་ཚུལ་མཚུངས་པའི་ཕྱིར། ཞེས་འོ་ན་སོགས་སོ། །གཉིས་པ་ནི། གལ་ཏེ་སྲོག་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་མེད་དེ། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་དངོས་པོར་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། དངོས་པོར་མེད་པ་དགག་སྒྲུབ་ཀྱི་གཞིར་མི་རུང་བའི་ཕྱིར། ཞེས་ཕྱོགས་སྔ་མ་ནི། བསྒྲུབ་བྱ་མེད་ཅེས་པའི་རྐང་པ་གཉིས་སོ། །གཉིས་པ་དེ་སུན་དབྱུང་བ་ལ། དངོས་པོར་མེད་པ་ལ་ལྡོག་པ་མེད་པས་ཁྱབ་པ་མི་འཐད། ཁྱབ་ཏུ་ཆུག་ཀྱང་མི་མཐུན་ཕྱོགས་ལས་ལྡོག་པ་ཐེ་ཚོམ་ཟ་བར་བསྟན། དེས་ན་མི་མཐུན་ཕྱོགས་ལ་ལྡོག་པ་ཡང་ཐེ་ཚོམ་ཟ་བར་བསྟན། མི་མཐུན་ཕྱོགས་ལ་མེད་པ་བདག་བཅས་སུ་མི་འགྲུབ་པར་ཁས་ལེན་དགོས་པར་བསྟན་པའོ། །དང་པོ་ལ་ཁས་བླངས་ནང་འགལ་བས་དགག དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་དགག རང་ལུགས་ཀྱི་དགག་སྒྲུབ་ཀྱི་རྟེན་ངོས་བཟུང་བའོ། །དང་པོ་ནི། མེད་ཅེས་སོགས་སོ། །གཉིས་པ་ནི། སྒྲུབ་དང་སོགས་སོ། །གསུམ་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དངོས་པོར་མེད་པ་དགག་སྒྲུབ་ཀྱི་གཞིར་རུང་སྟེ། དགག་སྒྲུབ་ཀྱི་དངོས་ཀྱི་རྟེན་ནི་སྒྲ་དོན་ཁོ་ན་ལ་བྱེད་དགོས་པའི་ཕྱིར། ཞེས་དེ་ཕྱིར་སོགས་སོ། །ཕྱི་རོལ་རྟེན་མིན་ཞེས་པའི་དོན་རྒྱས་པར་བཤད་པ་ལ། སྒྲ་དོན་ལ་རྟེན་ནས་སོགས་ཀྱི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟ་མིན་ན་སོགས་སོ། །གཉིས་པ་ནི། སྣ་ཚོགས་ཆོས་ཀྱི་སོགས་སོ། །གཉིས་པ་ནི། ཡོད་ཉིད་སོགས་སོ། །གསུམ་པ་ནི། དེ་ལ་ཐེ་ཚོམ་སོགས་སོ། །བཞི་པ་ནི། ལྡོག་ཏུ་ཆུག་པ་དེ་ལྟ་ནའང་སོགས་སོ། །འདིར་དོན་ནི། སྔར་རྒོལ་རིགས་པ་ཅན་པས་ཕྱི་རྒོལ་སངས་རྒྱས་པའི་ངོར་གསོན་ལུས་བདག་བཅས་སུ་སྒྲུབ་པ་ལ་སྲོག་ལྡན་རྟགས་སུ་བཀོད་པའི་ཚེ་ན། དེ་ཆོས་ཅན། ཁྱོད་སངས་རྒྱས་པའི་ངོར་དེ་དེར་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པ་ཅན་གྱི་གཏན་ཚིགས་མ་ཡིན་པར་ཐལ། རྒོལ་བ་དེས་ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་བདག་མེད་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟ། དེ་མཐུན་ཕྱོགས་བདག་ལ་འགྲོ་མི་འགྲོ་ཡང་ཐེ་ཚོམ་ཟ་བའི་ཕྱིར། རྟགས་ཁས་བླངས་ཏེ། ཕྱིར་རྒོལ་དེ་གསོན་ལུས་ལས་བདག་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དེའི་ངོར་དེ་ལ་དེ་ཡོད་པར་སྒྲུབ་པའི་གཏན་ཚིགས་འཇུག་པའི་ཕྱིར། ཞེས་པ་ནི། ཕུང་པོ་གཉིས་སོགས་ཀྱི་དོན་ནོ། །སངས་རྒྱས་པས་སྲོག་དེ་བདག་མེད་ལས་ལྡོག་པར་ཚད་མས་ངེས་ན། བདག་ཡོད་དུ་ཚད་མས་ངེས་དགོས། དེ་ལྟར་ན་དེའི་ངོར་དེ་བསྒྲུབ་མི་དགོས་པར་ཐལ་བ་དང༌། གཏན་ཚིགས་སྲོག་དེ་རྒོལ་བ་དེས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་པར་ཚད་མས་ངེས་ན། དེ་ལས་ལྡོག་པར་ཚད་མས་ངེས་དགོས་ཏེ། བུམ་པ་ལ་སྲོག་དེ་རྗེས་འགྲོ་མེད་པ་དང་ལྡོག་པ་གཉིས་དོན་གཅིག་ལ་འདུ་བ་བཞིན་ནོ། །ཞེས་པའི་དོན་ཡིན་གྱི། ཕྱོགས་གཉིས་དངོས་འགལ་དུ་སྟོན་པའི་གཞུང་མེད་པས་མ་ནོར་བྱ་དགོས་སོ། །གཉིས་པ་ལ། རྟགས་ལ་འབྲེལ་པ་དགོས་པར་བསྟན། འབྲེལ་པ་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དགོས་པར་བསྟན། དེ་བདག་སྲོག་གཉིས་ལ་མེད་པར་བསྟན་པའོ། །དང་པོ་ནི། འཇུག་པ་གང་གིས་སོགས་སོ། །གཉིས་པ་ནི། མེད་ན་མི་འབྱུང་སོགས་སོ། །གསུམ་པ་ལ་བདག་སྲོག་གཉིས་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པར་བསྟན། དེ་གཉིས་ལ་བདག་ཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པར་བསྟན། དང་པོ་ནི། འབྲས་བུ་མཐོང་བ་སོགས་སོ། །གཉིས་པ་ནི། ཇི་ལྟར་རང་རྒྱུད་སོགས་སོ། །གསུམ་པ་ནི། ཚད་མ་ཀུན་ལས་བཏུས་པར་སྲོག་ལྡན་གྱི་ལུས་ཚད་མས་དམིགས་པ་དེ། གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་ཡིན་པ་བཀག་པ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། ལྡོག་པ་རྐྱང་པ་ཅན་དུ་འདོད་པའི་གཏན་ཚིགས་ཐམས་ཅད་མི་འཐད་པར་བསྟན་པའི་ཕྱིར། ཞེས་ལྡོག་ཅན་མཚུངས་པར་སོགས་སོ། །གསུམ་པ་ལ། མ་དམིགས་པའི་རྟགས་ཀྱི་དོན་ནི། མཐུན་ཕྱོགས་ལ་ཡོད་པ་དང་མི་མཐུན་ཕྱོགས་ལ་མེད་པ་ཞེས་བཤད་ཟིན་དུ་འདུག་པས་དོན་མ་འདུས་པའི་རྒྱུ་མཚན་འཆད་མི་དགོས་ལ། དཔེར་བརྗོད་དགོས་པའི་རྒྱུ་མཚན་བཤད་དགོས་པ་འདི་ལ། འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན། མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན། འགལ་ཟླ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན། དང་པོ་ལ་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན་དང༌། རང་བཞིན་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ནི། འོ་ན་བདག་ཉིད་ཆེན་པོས་ཕྱོགས་ཆོས་ཅན་གྱི་རབ་དབྱེར། སྤྱིར་མ་དམིགས་པའི་གཏན་ཚིགས་ཡང་དག་གི་དཔེར་བརྗོད་མི་སྨོས་པའི་རྒྱུ་མཚན་ཅི་ཡིན། དེ་མཐུན་ཕྱོགས་ལ་ཡོད་པར་མི་བཞེད་པ་ཡིན་ནམ་ཞེ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། དེའི་སྐབས་སུ་དེའི་དཔེར་བརྗོད་དངོས་སུ་མ་གསུངས་ཀྱང་དེ་འགྲུབ་པ་ཡིན་ཏེ། འབྲས་རང་གི་གཏན་ཚིགས་ཡང་དག་གཉིས་ཀྱི་རྟགས་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པས། དེ་དོན་གྱིས་འགྲུབ་པའི་ཕྱིར། ཞེས་རྒྱུ་དང་སོགས་སོ། །འོ་ན་རྒྱུ་ཁྱབ་བྱེད་མ་དམིགས་པའི་དེ་སྣང་རུང་ངམ་སྣང་མི་རུང་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། སྣང་རུང་གི་དབང་དུ་བྱས་པ་ཡིན་ཏེ། སྣང་མི་རུང་གི་རྒྱུ་མ་མཐོང་བས་རང་གི་བསྒྲུབ་བྱ་སྒྲུབ་པར་མི་ནུས་པའི་ཕྱིར། ཞེས་དེ་ལའང་སོགས་སོ། །འོ་ན་འབྲས་རང་དང༌། རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས། ཕན་ཚུན་དུ་གཅིག་གིས་ཅིག་མཚོན་པར་ནུས་ན། བསྒྲུབ་བྱ་སྒྲུབ་ཚུལ་དང་དགག་བྱ་འགོག་ཚུལ་ལ་ཁྱད་པར་མེད་དམ་ཞེ་ན། ཁྱད་པར་ཡོད་དེ། དང་པོ་གཉིས་པོ་གང་རུང་གི་དགག་བྱ་འགོག་ཚུལ་དང༌། བསྒྲུབ་བྱ་སྒྲུབ་ཚུལ་གཉིས་ཀ་ལ་སྒྲུབ་པ་ཡིན་པར་གཏན་ཚིགས་ཡིན་དགོས། ཕྱི་མ་གཉིས་པོ་གང་རུང་གི་དགག་བྱ་འགོག་ཚུལ་གྱི་དབང་དུ་བྱས་ན་མེད་པར་དགག་པའི་གཏན་ཚིགས་ཡིན་པས་ཁྱབ་པའི་ཕྱིར། ཞེས་འདིས་ནི་སོགས་སོ། །འདིར་དངོས་པོའི་ཆ་ཁས་བླངས་མེད་པར་ཞེས་པས། ཆོས་གཞན་ཤུགས་ལ་མི་འཕེན་པའི་དོན་ཡིན་པས་མེད་དགག་ཏུ་འགྱུར་ལ། དེའི་རྒྱུ་མཚན་གྱིས། འོག་གི་མ་ཡིན་ཞེས་པ་མ་ཡིན་དགག་ལ་འཆད་པ་སྐབས་ཀྱི་དོན་ཡིན་ནོ། །གཉིས་པ་ནི། གལ་ཏེ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་དབྱེར་རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་དཔེར་བརྗོད་མི་སྨོས་པའི་རྒྱུ་མཚན་ཅི། མི་བཞེད་པ་ཡིན་ནམ་ཞེ་ན། མི་བཞེད་པ་མ་ཡིན་གྱི། བསྒྲུབ་བྱ་སྒྲུབ་ཚུལ་ལ་བཏགས་ན། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པས་དོན་གྱིས་གོ་བའི་ཕྱིར། དངོས་སུ་མ་བསྟན་པ་ཡིན་ནོ། །དེ་བཞེད་པར་བསྟན་པ་དང༌། དེ་བཞེད་པའི་རྒྱུ་མཚན། དེ་ལ་རྩོད་པ་སྤང་བའོ། །གཉིས་པ་ལ། བསྒྲུབ་བྱ་སྒྲུབ་ཚུལ་དང༌། དེས་ན་རང་བཞིན་གཏན་ཚིགས་ཀྱི་ནང་དུ་འདུས་པའོ། །དང་པོ་ནི། བདག་ཉིད་ཆེན་པོ་ཆོས་ཅན། རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་དཔེ་ཅིག་བཞེད་པ་ཡིན་ཏེ། སྣང་རུང་བུམ་པས་དག་པའི་ས་ཕྱོགས་སུ་སྣང་རུང་གི་བུམ་པ་མེད་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་ཅིག་བཞེད་པའི་ཕྱིར། ཞེས་དེ་ལ་སོགས་སོ། །གཉིས་པ་ལ་རང་བཞིན་མ་དམིགས་པའི་ཐ་སྙད་སྒྲུབ་པར་བསྟན། དོན་མི་སྒྲུབ་པར་བསྟན། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྣང་རུང་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱིས་རྟགས་ཀྱིས་སྣང་རུང་བུམ་པས་དག་པའི་ས་ཕྱོགས་སུ་སྣང་རུང་བུམ་པ་མེད་པའི་ཐ་སྙད་སྒྲུབ་པ་ཡིན་ཏེ། དེར་དེ་ཡོད་ངེས་ཀྱི་ཤེས་བརྗོད་ཐེ་ཚོམ་འགོག་པའི་ཕྱིར། དཔེར་ན་ཚ་ཞིང་སྲེག་པ་མ་ཡིན་པའི་རྟགས་ཀྱིས་འགའ་ཞིག་མེའི་ཐ་སྙད་བྱ་རུང་མ་ཡིན་པ་བསྒྲུབ་པ་བཞིན་ནོ། །ཞེས་ཡུལ་མེད་སོགས་སོ། །གཉིས་པ་ནི། འོ་ན་དེས་དེར་དེའི་དོན་ཡང་སྒྲུབ་བམ་ཞེ་ན། མི་སྒྲུབ་སྟེ། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཚད་མས་གྲུབ་པའི་དུས་སུ། དེར་དེའི་དོན་གྲུབ་ཟིན་པའི་ཕྱིར། དམིགས་སུ་སོགས་སོ། །གསུམ་པ་ནི། དེའི་རྟགས་ཀྱིས་དེ་དེར་མི་འགྲུབ་པར་ཐལ། བུམ་པ་མེད་པའི་ཐ་སྙད་དེ་སྣང་རུང་བུམ་པ་མ་དམིགས་པ་རྟོགས་པའི་ཚད་མ་དེའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་ལས་འབྲས་བུ་མི་འགྲུབ་པའི་ཕྱིར་ཞེ་ན། དེའི་རྟགས་ཀྱིས་དེར་དེ་སྒྲུབ་ནུས་ཏེ། སྣང་རུང་བུམ་པ་ཚད་མས་མ་དམིགས་པ་དེ་དེ་མེད་པའི་ཐ་སྙད་བྱ་རུང་གི་མཚན་ཉིད་ཡིན་པའི་ཕྱིར། ཞེས་སྣང་བ་སོགས་སོ། །གལ་ཏེ་དེ་སྒྲུབ་ཀྱི་དེ་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་ཐལ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེ། དེར་དེའི་དོན་གྲུབ་ཟིན་པའི་ཕྱིར། ཞེ་ན། དེ་སྒྲུབ་ལ་དེ་རྟགས་སུ་བཀོད་པ་ཆོས་ཅན། དགོས་པ་ཡོད་དེ། དེར་དེའི་ཐ་སྙད་འབའ་ཞིག་སྒྲུབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་ཡུལ་ཡོད་སོགས་སོ། །དཔེ་ནི། དུ་བ་མེ་ལ་རྗེས་སུ་འགྲོ་ལྡོག་མ་འཁྲུལ་བའི་རྟགས་ཀྱིས་ཚང་མང་དུ་མེ་དུ་རྒྱུ་འབྲས་སུ་སྒྲུབ་པ་བཞིན་ནོ། །ཞེས་ཇི་ལྟར་སོགས་སོ། །གསུམ་པ་ནི། སྣང་རུང་བུམ་པ་ཚད་མས་མ་དམིགས་པའི་རྟགས་ཀྱིས་དེར་དེ་སྒྲུབ་པའི་གཏན་ཚིགས་འདི་ནི་ཆོས་ཅན། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པ་ཡིན་ཏེ། རྣམ་པར་འཇོག་བྱེད་ཀྱི་རྒྱུ་ལས་རྣམ་པར་བཞག་བྱའི་འབྲས་བུ་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་རྒྱུ་ལས་སོགས་སོ། །གཉིས་པ་ནི། འོ་ན་དེར་དེ་སྣང་རུང་ཚད་མས་མ་དམིགས་པ་དེ་ཡང་རྟགས་ཀྱིས་སྒྲུབ་དགོས་སམ་མི་དགོས་དགོས་ན་ཐུགས་མེད་དུ་འགྱུར། མི་དགོས་ན་དེར་དེ་མེད་པ་ཡང་རྟགས་ཀྱིས་སྒྲུབ་མི་དགོས་པར་མཚུངས་སོ་ཞེ་ན། དེར་དེ་སྣང་རུང་མ་དམིགས་པ་གཏན་ཚིགས་ཀྱི་སྒྲུབ་མི་དགོས་ཏེ། སྣང་རུང་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་པོའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དེར་དེ་མ་དམིགས་པ་ལ་ངེས་པར་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། ཞེས་གཅིག་དམིགས་སོགས་སོ། །གཉིས་པ་ནི། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱི་དཔེར་བརྗོད་མི་སྨོས་པའི་རྒྱུ་མཚན་ནི། གལ་ཏེ་དེར་དེ་མི་སྨོས་པའི་རྒྱུ་མཚན་ཅི་ཡིན། བདག་ཉིད་ཆེན་པོ་དེ་མི་བཞེད་པ་ཡིན་ནམ་ཞེ་ན། བཞེད་པར་སྟོན་པ་ནི། འདྲེ་ཤ་ཟའི་བུམ་པ་ཐ་མལ་པས་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞི་འདིར་དེ་ཡོད་ངེས་ཀྱི་ཐ་སྙད་འགོག་པའི་གཏན་ཚིགས་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཁྱོད་ཀྱི་དེར་དེ་མེད་ངེས་སུ་སྒྲུབ་མི་ནུས་ཏེ། དེ་ཁྱོད་ཀྱི་རྣམ་པར་བཞག་བྱའི་འབྲས་བུ་མ་ཡིན་པའི་ཕྱིར། ཞེས་མི་སྣང་ཞེས་སོ། །འདིར་བཞེད་པའི་རྒྱུ་མཚན་ཙམ་མ་གཏོགས་དེར་དེ་མི་སྨོས་པའི་རྒྱུ་མཚན་མི་འབྱུང་བས་བསམ་དགོས་ལ། དེའི་ཚེ་ན། འབྲས་བུ་ངེས་མེད་ཅན་འདི་ནི། ལྡོག་པ་སྒྲུབ་པར་ནུས་མ་ཡིན་ཞེས་པའི་ས་དེས་བསྒྲུབ་བྱ་མི་སྒྲུབ་པའི་ཕྱིར་ན། དེར་དེ་མ་སྨོས་ཞེས་སྟོན་ནོ། །གསུམ་པ་ནི། གལ་ཏེ་དེར་འགལ་ཟླ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་མི་སྨོས་པའི་རྒྱུ་མཚན་ཅི། སློབ་དཔོན་བདག་ཉིད་ཆེན་པོས་དེ་མི་བཞེད་པ་ཡིན་ནམ་ཞེ་ན། བཞེད་པ་སྟོན་པ་ནི། སྣང་རུང་མ་དམིགས་པའི་གཏན་ཚིགས་ཆོས་ཅན། ཁྱོད་ལ་བདག་ཉིད་ཆེན་པོས་གཉིས་སུ་བཞེད་དེ། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དང༌། འགལ་ཟླ་དམིགས་པའི་གཏན་ཚིགས་གཉིས་ཡོད་པའི་ཕྱིར། འགལ་ཟླ་དམིགས་པའི་གཏན་ཚིགས་ཆོས་ཅན། ཁྱོད་ལའང་དེ་གཉིས་སུ་བཞེད་དེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌། ཚད་མས་གནོད་འགལ་ལ་རྟེན་པ་གཉིས་བཞེད་པའི་ཕྱིར། དེ་ལྟར་ན་དངོས་ཀྱི་གནོད་བྱེད་ལ་གཉིས་ཏེ། ལྷན་ཅིག་མི་གནས་པའི་དང༌། ཕན་ཚུན་སྤངས་པའི་འོ། །དང་པོ་ནི། ཚ་རེག་དང་གྲང་རེག་ལྟ་བུའོ། །གཉིས་པ་ནི། གྲང་རེག་དང་གྲང་རེག་མ་ཡིན་པ་ལྟ་བུའོ། །ཕན་ཚུན་སྤངས་པའི་དངོས་འགལ་ཡོད་པའི་ཕྱིར། ཞེས་རང་གི་དང༌། ཡོད་ན་དང༌། ཕན་ཚུན་སོགས་སོ། །འདིར་ཐ་དད་གྲུབ་ཅེས་པ་ཕན་ཚུན་སྤངས་པའི་དངོས་འགལ་དང༌། གནོད་ཕྱིར་ཞེས་པ་ཕན་ཚུན་སྤངས་པའི་རྒྱུད་འགལ་བསྟན་པ་ཡིན་ནོ། །འདིར་གནོད་པ་དངོས་ནི་ངོས་འགལ་ཡིན་ལ། དེའི་ཕྱིར་རམ་རྒྱུ་མཚན་གྱིས་གནོད་པ་ནི་རྒྱུད་འགལ་ལོ། །དེ་ལྟར་ན་དངོས་ཀྱི་གནོད་བྱེད་ལ་གཉིས་ཏེ་ལྷན་ཅིག་མི་གནས་པའི་དང༌། ཕན་ཚུན་སྤངས་པའི་འོ། །དང་པོ་ནི་ཚ་རེག་དང་གྲང་རེག་ལྟ་བུའོ། །གཉིས་པ་ནི། གྲང་རེག་དང་གྲང་རེག་མ་ཡིན་པ་ལྟ་བུའོ། །ཡང་དངོས་འགལ་ལ་ཕན་ཚུན་སྤངས་འགལ་གྱིས་ཁྱབ་ལ། རྒྱུད་འགལ་ལ་ནི་ལྷན་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤངས་འགལ་གཉིས་ཀ་ཡོད་དོ། །ཞེས་ཕྱི་རབས་པ་འཆད་མོད། གཞུང་འདིའི་འཕྲོས་དང་མི་མཐུན་ཏེ། འདིར་ནི་ལྷན་ཅིག་མི་གནས་པ་དང༌། ཕན་ཚུན་སྤངས་འགལ་གཉིས་ཀ་ལ་དངོས་ཀྱི་གནོད་བྱ་གནོད་བྱེད་དང༌། རྒྱུད་ནས་གནོད་བྱ་གནོད་བྱེད་གཉིས་གཉིས་སུ་ཕྱེ་བའི་ཕྱིར། དེ་དག་གིས་ནི་བཞེད་པར་བསྟན་ནས། བཞེད་ཀྱང་མི་སྨོས་པའི་རྒྱུ་མཚན་ནི་ཁ་སྐོང་དགོས་པ་ཡིན་ནོ། །གང་གིས་ཁ་སྐོང་ཞེ་ན། རྒྱུ་ལས་འབྲས་བུ་སྒྲུབས་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་བྱ་བ་དེའོ། །ཚུལ་ཇི་ལྟར་ཁ་སྐོང་ཞེ་ན། ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། །ཅེས་པའི་ཚུལ་གྱི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཐམས་ཅད་དང༌། རང་བཞིན་མི་དམིགས་པར་འདུ་བའི་ཚུལ་གྱིས་སོ། །འདིར་སྣང་རུང་མ་དམིགས་པ་དང་མི་སྣང་བ་མ་དམིགས་པའི་གཏན་ཚིགས་གཉིས་ཀྱི་ཁྱད་པར་ཡང༌། རྟགས་སུ་བཟུང་བྱ་དེའི་ཁྱད་པར་སྤྱིར་སྐབས་སུ་བབ་པའི་རྒོལ་བ་དེའི་ཚད་མ་ལ། སྣང་དུ་རུང་བ་དང་མི་རུང་བའི་ཁྱད་པར་ལས་ཡིན་གྱི། དགག་བྱའི་ཆོས་ཀྱི་ཁྱད་པར་གྱི་གཞི་སྐབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་རུང་མི་རུང་གི་ཁྱད་པར་ཙམ་ལས་འབྱེད་པ་ནི་ནོར་བ་ཡིན་ཏེ། དེ་ལྟ་ན། ལྷན་ཅིག་མི་གནས་འགལ་ལ་རྟེན་པའི་གཏན་ཚིགས་མཐའ་དག་དང༌། རང་བཞིན་མ་དམིགས་པ་ལ་གཏོགས་པའི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཐམས་ཅད་མི་སྣང་བ་མ་དམིགས་པའི་གཏན་ཚིགས་སུ་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་ཚད་མས་གནོད་ཀྱི་མཚན་གཞི་གང་ཞེ་ན། ངེས་འགྱུར་དང་ནི་ཞེས་པས་ཏེ། འདིར་ལྟོས་པས་ངེས་པ་འགོག་པ་དང༌། ངེས་པས་ལྟོས་པ་འགོག་པ་གཉིས་སུ་འགྱུར་རོ། །དང་པོ་ནི་སྣམ་བུ་དཀར་པོ་ཆོས་ཅན། ཚོན་ཅན་དུ་འགྱུར་ངེས་མིན་ཏེ། དེར་འགྱུར་བ་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར། གཉིས་པ་ནི། བུམ་པ་ཆོས་ཅན། འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་མ་ཡིན་ཏེ། འཇིག་ངེས་ཡིན་པའི་ཕྱིར་ཞེས་པའོ། །འདིའི་སྐབས་ཀྱི་དཔེར་བརྗོད་དུ། ལྟོས་མེད་ཀྱི་གཏན་ཚིགས་འཆད་པ་ནི་མི་རིགས་ཏེ། དེ་དགག་པའི་གཏན་ཚིགས་སུ་མི་རུང་བའི་ཕྱིར་རོ། །འོ་ན་ངེས་འགྱུར་དང་ལྟོས་བཅས་འགལ་བའི་རྒྱུ་མཚན་ཅི་ཞེ་ན། དེ་སྒྲུབ་བྱེད་ཀྱི་རིགས་པ། དེ་ལ་རྩོད་པ་སྤང་བ། དེས་གྲུབ་པའི་དོན་ནོ། །དང་པོ་ནི་རྒྱུ་གཞན་སོགས་སོ། །གཉིས་པ་ནི། ལྟོས་པ་སོགས་སོ། །གསུམ་པ་ནི། རང་ལ་དངོས་པོ་དེ་གཞན་ལ་ལྟོས་པ་མེད་པར་ཡོད་ན། རང་གྲུབ་ཙམ་ནས་དངོས་པོ་དེ་ཡོད་པས་ཁྱབ། དཔེར་ན་འབྲས་བུའི་ལས་ལ་གེགས་བྱེད་པ་མེད་པ་གཞན་གྱི་རྒྱུ་ཚོགས་གྲངས་ཚང་བ་བཞིན་ནོ། །ཞེས་གང་དག་སོགས་སོ། །སྒྲུབ་པ་དང་ནི་སུན་འབྱིན་པ། །ཡང་དག་ཡང་དག་མ་ཡིན་བཞི། །གོ་བྱ་དག་དང་བསྒྲུབ་བྱ་དང༌། །ཕྱོགས་ཀྱི་མཚན་ཉིད་བསལ་བྱར་བཅས། །གཏན་ཚིགས་ཡང་དག་གསུམ་པོ་ལ། །ཕྱོགས་ཆོས་གྲུབ་པའི་ཚུལ་བཤད་པས། །གཞན་དོན་ལེའུའི་བརྗོད་བྱའི་དོན། །མ་ལུས་ལེགས་པར་བསྡུས་པ་ཡིན། །བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་དོན་ལེའུའི་འགྲེལ་དང་གཞུང་གི་དོན། །གཞན་ལ་གྲགས་པའི་ཉེས་བཤད་ཀུན་སྤངས་ཏེ། །གཞན་ཕན་བློའི་ལེགས་བཤད་ཡི་གེར་བཀོད། །གཞན་དུ་བློ་གསལ་རྣམས་ཀྱི་བལྟད་མོ་མཛོད། །ཅེས་གཞན་དོན་ལེའུའི་སྔ་ཕྱིའི་འབྲེལ་དང༌། གཞུང་སོ་སོའི་དཀའ་གནས་རྒྱས་པར་བཤད་ནས། ངག་དོན་ཟུར་ཕྱིན་པར་བཀོད་པའོ། །མང་དུ་མཁྱེན་པའི་དམར་སེར་རལ་བའི་ཁུར་ཆེན་གྱིས་བརྗིད་རང་གཞུང་སྒྲུབ་ལ་ལུང་དང་རིགས་པའི་མིག་རྩ་དམར་པོ་ཕྱོགས་བརྒྱར་གཟིགས་ཤིང་བགྲད་པ་དང་ལྡན་གཞན་གཞུང་འགོག་ལ་རྣོ་ངར་ལྡན་པའི་སུན་འབྱིན་སྡེར་སེན་སྟོང་ཕྲག་བརྡར་བའི་ལག་པ་གཉིས་ཀ་རབ་བཏེག་འཇིགས་མེད་ཁ་སྒོ་གདངས་ཤིང་བསྒྱིངས་ནས་དྲག་ལ་རབ་འཁྱུག བློ་གྲོས་དཔའ་རྩལ་རྒྱས་པའི་སྟོབས་ལྡན་སེང་ཆེན་བརྒྱད་ཀྱིས་བཏེག་པའི་གཞན་དོན་ལེའུའི་གསེར་གྱི་ཁྲི་འཕང་ཡངས་ཤིང་རབ་ཏུ་མཐོ། དེ་ནས་གནས་གསུམ་གཞལ་བྱའི་པདྨ་དང་ནི་ཉི་མ་ཟླ་བའི་སྟེགས་ལ་མངོན་སུམ་ལེའུའི་ཆུ་ཤེལ་དཀར་པོའི་བུམ་པ་བཟང་པོའི་ཁྱམས་ཀྱི་ནང་ན་གཉིས་མེད་དོན་དམ་རང་རིག་རང་གསལ་འཇམ་དཔལ་གཞོན་ནུའི་སྐུར་སྟོན་མདོ་སེམས་གྲུབ་མཐའི་སྒོ་ཆེན་གཉིས་ཕྱེ་འབྲས་རྟོགས་རིན་ཆེན་མར་རྒད་གསར་པའི་དྲྭ་མིག་སྟོང་ཀྱིས་མཛེས་བྱས་ཚུལ་གཉིས་རང་རིག་སྒྲུབ་པའི་མུ་ཏིག་ཕྲེང་བ་སྟར་ལ་བརྒྱུས་པའི་དོ་ཤལ་དང་ནི་དོ་ཤལ་རིམ་པ་ཅན། དེ་སྟེང་ཚད་མའི་གྲངས་དང་སྤྱོད་ཡུལ་སྒྲུབ་པའི་བྲེ་ཕུལ་གྲུ་བཞིར་མཉམ་པའི་སྟེང་ནས་བཅོམ་ལྡན་ཐུབ་པ་ཉག་ཅིག་ཚད་མར་སྒྲུབ་པའི་རིགས་པའི་རྣམ་འགྱུར་མི་འདྲའི་ཨནྡ་བརྙིལ་གྱི་བཅུ་གསུམ་འཁོར་ལོ་གོང་ནས་གོང་བརྩེགས་ཚད་མ་གྲུབ་པའི་ནོར་བུ་འབར་བའི་ཏོག་གིས་ལྷམ་མེར་གསལ་ཞིང་མངོན་པར་མཐོ་བའི་བ་གམ་ངོས་ལ་རང་དོན་ལེའུའི་ཨིནྟྲ་ནི་ལའི་ཆར་ཁེབས་དཀར་པོའི་གདུགས་མཛེས་ཕྲེང་བ་གཡོ་ལྡན་ཕན་བདེའི་གྲིབ་བསིལ་ཅན། ཚུལ་གསུམ་མདའ་ཡབ་དཀར་པོ་གྱེན་དུ་མཐོ་བས་ཕྱོགས་ཀུན་མཛེས་མཚོན་མེད་ན་མི་འབྱུང་འབྲེལ་པ་སྒྲུབ་པའི་ཆུ་སྲིན་ཁ་ནས་རབ་འཕྱང་སྒྲ་དང་རྟོག་པའི་འཇུག་ཚུལ་གྱིས་བསྐྲུན་གཞན་སེལ་བརྡའ་སྤྲོད་བྱེད་པའི་རྣོ་ངར་གྱིས་ནི་དབྱིག་གི་སྙིང་པོའི་གཞུང་ཆེན་རྣམ་བཞི་འགོག་པའི་རིགས་པའི་རྣམ་གྲངས་མཚར་དུ་བཀོད་པའི་ཕྲེང་བ་དང་ནི་ཕྲེང་བ་ཕྱེད་པའི་སྣ་ནས་ཐོན་པའི་ཡིད་འོང་གཡར་ཁའི་གསུང་སྙན་གྱིས་ནི་བློ་གསལ་དོན་གཉེར་རིང་ནས་འགུགས་བྱེད་པ། དེ་འདྲའི་རྣམ་འགྲེལ་ལྷ་རྫས་ཀྱི། །མཆོད་རྟེན་ཡིད་འོང་ངོ་མཚར་ཅན། །བསྐྲུན་མཁས་བཟོ་བོ་འཇིགས་བྱེད་པ། །དེ་འདྲ་སྲིད་པ་གསུམ་ན་མེད། །འོན་ཀྱང་འཇིག་རྟེན་འདས་པ་ཡི། །ལྷ་ཡུལ་ཁང་བཟང་ཉམས་དགའ་ནས། །ཡིད་འོང་ལྷ་སྲས་ཀུན་ཏུ་བཟང༌། །དངོས་པོའི་རང་གཟུགས་རིགས་པ་ཡི། །རི་མོར་བྲིས་ནས་མངོན་སུམ་དུ། །སྟོན་བྱེད་སྤྲུལ་པའི་བཟོ་བོ་ནི། །ཆོས་གྲགས་སྨྲ་བའི་ཉི་མ་ཞེས། །ས་སྟེངས་གྲགས་པ་དེ་ཡིན་ནོ། །བསྡུས་དོན་རིགས་པའི་ཁོང་བརྒྱུད་གཅིག་ནས་གཅིག་ཏུ་སྦྲེལ་བའི་སྡེབས་ལེགས་གསེར་གྱི་ལུང་ཐག་འཇམ་པོ་ལ། །རིགས་པའི་བརྒྱད་ཞོགས་ཟུར་བརྒྱད་ཐོན་པས་ངག་དོན་འབུར་དུ་དོད་པའི་ཤེལ་དཀར་ཕྲེང་བ་སྟར་ལ་བརྒྱུས། །སྤྱི་འབྲེལ་མདོ་འཛིན་ནོར་བུའི་ཏོག་ཅན་བར་བར་དག་ན་མཐའ་དཔྱོད་རིགས་པའི་རྡོ་རྗེའི་ཕྲ་ཚོམ་ཅན། །དཀའ་འགྲེལ་རིན་ཆེན་ཕྲེང་མཛེས་འདི་ནི་གྲགས་པའི་ཕྱག་རྫས་གསེར་གྱི་མཆོད་རྟེན་དེ་ལ་མཆོད་པར་འབུལ། །དགེ་དེས་བདག་དང་སྐལ་མཉམ་པ། །ཀུན་ཀྱང་བློ་ངན་གྱིས་བརྟགས་པའི། །ཚིག་སྦྱོར་རབ་རིབ་ཀུན་བསལ་ནས། །རིགས་པའི་དེ་ཉིད་མཐོང་གྱུར་ཅིག །འཇམ་དབྱངས་སྐུ་ཡི་མཚན་དཔེའི་ལང་ཚོ་གསར་པའི་མཚར་སྡུག་ཅན་དེ་མཁྱེན་བཟང་པདྨོ་རྒོད་པའི་འཛུམ་ཕྲེང་རྩེ་ལ་ཐུགས་རྗེའི་སྤྱན་ཡངས་ཟུང་གི་བུང་བ་གཞོན་ནུ་འཁོར་ཞིང་གཡོ། །དེ་གསུང་བདུད་རྩིའི་ཉག་ཕྲེང་ཚེ་མ་དཀར་གཞུ་ལས་སྙིང་རྗེའི་ཟུར་མིག་མཐེབ་ཀྱིས་རབ་འཕངས་ལེགས་བཤད་མི་འདྲ་སྟོང་གི་འགྱུར་འགྱུར་ཅན་དེ་དབྱངས་ཅན་དཔལ་མོའི་རྒྱུད་མངས་སྙན་པ་དག་དང་འགྲོགས། །གང་ཐུགས་ཟབ་གསལ་སྟོང་ཕྲག་ཆུ་ཀླུང་ངལ་བསོའི་རྒྱ་མཚོ་ཇི་བཞིན་ལེགས་བཤད་གསར་པའི་ཕྲིན་ལས་ཆུ་བོ་ཕངས་པ་མེད་པར་གཞན་ལ་སྟེར་ཡང་ཕྱི་ཕྱིར་འཕེལ་བ་ཇི་བཞིན་གང་གྱུར་པ། །བརྩེ་ཆེན་ཡིད་འཕྲོག་མཁྱེན་པའི་གཏེར་ཁྱོད་བདག་དང་སློབ་མར་བཅས་པའི་ཕྱག་གི་གནས་སོ་ཕྱག་གཡས་གླང་ཆེན་སྣ་ལྟར་བརྐྱངས་པ་བདག་དང་སྐལ་མཉམ་ཀུན་གྱི་སྤྱི་བོར་ཞོག་མཛོད་ཅིག །འབིགས་བྱེད་ནང་གནས་མི་ཟད་མུན་ཆེན་རྒྱ་ཆེར་འཇོམས་པའི་ཐུགས་མངའ་ཞིང༌། །དགེ་ལེགས་རི་མཐོར་འོད་ཟེར་ཚོགས་ཆེན་རྟག་ཏུ་འགྱེད་པར་མཛད་པ་པོ། །ལམ་བྲལ་མི་གཤེགས་གཞན་གྱི་ཐོགས་མེད་སློབ་དཔོན་སྔོན་མེད་ཉི་མ་ཡིས། །མུ་སྟེགས་གཞུང་གི་རྗེས་ཞུགས་མཚན་མོ་རྒྱུ་བའི་ཚོགས་རྣམས་ཐམས་ཅད་བཤིག །གང་ཞིག་ཤར་ན་ཕུར་བུ་ལ་སོགས་སྐར་མ་རྣམས་ནི་གཙིགས་མེད་ཅིང༌། །མངོན་དུ་གྱུར་ན་དངོས་པོའི་ཡུལ་ལ་ལྟ་འཇུག་མཐའ་དག་ཉམས་བྱེད་ལ། །རྟག་ཏུ་ལྟ་བརྩོན་རབ་རིབ་སེལ་ཅིང་ཡང་དག་དངོས་མཐོང་བསྐྱེད་གྱུར་ཅིང༌། །ཆོས་ཀྱི་གྲགས་པ་མ་ཕམ་དེ་ནི་ཉི་མ་ཟླ་བ་སྣང་བའང་མིན། །ཀུན་གྱི་མེས་པོ་ཐུབ་པ་ཀུན་གྲོས་ནས། །རང་རང་ཐུགས་ཀྱི་མཁྱེན་རབ་གཅིག་བསྡུས་ནས། །ལེགས་བཤད་སྤེལ་བའི་ལྷ་ཅིག་སྤྲུལ་པ་ནི། །གཞོན་ནུའི་ལུས་ཅན་ཤེས་རབ་ཅན་དེ་ཡིན། །ཤེས་རབ་དམག་དཔུང་ཉག་ཅིག་གིས། །མུ་སྟེགས་འཁྲུལ་པའི་ཡུལ་ཕྲོགས་ནས། །ཆོས་ཀྱི་རྒྱལ་ས་གཟུང་བ་ནི། །ཕྱོགས་གླང་འཁོར་ལོས་སྒྱུར་གཅིག་ཡིན། །དེ་ཡི་རིགས་པ་བདུད་རྩི་ཡི། །ཐིགས་པ་རེ་རེའང་རྣམ་དཔྱོད་ཀྱི། །གསེར་གྱི་མངལ་དུ་སྨིན་པ་ལས། །མེས་པོའི་མེས་པོ་གྲགས་པ་འཁྲུངས། །རིགས་པའི་གདོང་བཞིས་ལྟ་བྱེད་པའི། །ཚངས་པ་བྱེ་བ་ཕྲག་བརྒྱ་པ། །ཅིག་ཅར་སྤྲུལ་པས་རིགས་གཞུང་ལ། །སྨྲ་མཁས་མཐོན་པོའི་གནས་དེར་བཞུགས། །དེ་གཞུང་འགྲེལ་ལ་འཕགས་ཡུལ་བ། །ལ་ལར་ཤེས་རབ་ཅན་ཡང་སྣང༌། །འགག་ཞིག་དོན་ཉུང་ཚིག་མང་ཡོད། །སྡེ་བདུན་རིགས་པའི་སྙིང་པོ་ནི། །མ་ཉམས་གཅིག་ནས་གཅིག་བརྒྱུད་པ། །བློ་ལྡན་བཟང་པོའི་ཕྱག་ཏུ་བབས། །བཤད་སྲོལ་རིགས་པའི་སྣང་བ་ཡིས། །གངས་ཅན་བློ་ཡི་མུན་པ་བསལ། །དེ་ཡི་རྣམ་བཤད་ཚིག་ཉུང་བས། །རྗེས་འཇུག་རྣམས་ཀྱིས་གཞན་དུའང་བརྟགས། །དེ་ཡི་ལེགས་བཤད་སོར་བཞག་ཅིང༌། །དེ་ལ་འཁྲུལ་པའི་དྲི་མ་སྤངས། །མ་ལུས་སེལ་བའི་རིགས་པ་དང༌། །གཞན་ནས་རྒྱུད་པའི་ལེགས་བཤད་ཀྱང༌། །གཅིག་བསྡུས་རིགས་པའི་སྣང་བ་ཡིས། །གངས་ཅན་བློ་ཡི་དབུལ་བ་ནི། །གཉིས་པར་སེལ་མཛད་རིགས་པའི་གཏེར། །བསྐྲུན་མཛད་ས་སྐྱ་པཎ་ཆེན་ཡིན། །དེ་ཕྱིར་ས་རྔོག་རྣམ་གཉིས་ཀྱི། །བཤད་པའི་སྲོལ་ཆེན་ཡ་མཚན་ཅན། །ཆ་ཤས་མ་གཏོགས་འགྲོས་ཆེན་མཐུན། །གཞན་འགྲེལ་བྱེད་ལ་མི་རྟེན་ནོ། །དེ་ཡི་ལེགས་བཤད་ནོར་བུ་ནི། །ཕྱོགས་འདིར་སྐལ་བ་དམན་པ་ལ། །གངས་ཅན་ནོར་མཚོའི་གཏིང་ཞིག་ཏུ། །ཡུན་རིངས་གབ་ཅིང་ནུབ་པར་གྱུར། །དེ་ནས་སངས་རྒྱས་བསྟན་པའི་དཔལ། །དེད་དཔོན་མཁས་པ་འཇིགས་མེད་དེས། །རྣམ་བཤད་དང་ནི་ཕྲིན་ལས་ཀྱི། །རྒྱལ་མཚན་རྩེ་མོར་བཀོད་དེའོ། །དེ་ཡི་ཕྲིན་ལས་སུམ་རྩེན་རྔ། །མེས་པོའི་སྙིང་ལའང་བདེ་སྟེར་བ། །སྲིད་པ་གསུམ་དུ་སྒྲོགས་མཛད་དེ། །ཀུན་མཁྱེན་ཤཱཀྱ་རྒྱལ་མཚན་ནོ། །དེ་ཡི་ལེགས་བཤད་ཡ་མཚན་ཅན། །གསེར་གྱི་རི་མོ་མཐའ་དག་ནི། །དོན་ཡོད་མཁྱེན་པའི་དཔལ་གྱིས་བཟུང༌། །བཟང་པོའི་ཕྲིན་ལས་ཉི་མ་ཤར། །དེ་ལྟའི་ཡོངས་འཛིན་རྣམ་གཉིས་ཀྱི། །ཞབས་རྡུལ་ལན་བརྒྱར་སྤྱི་བོས་ནོད། །ཞལ་གྱི་དཀྱིལ་འཁོར་ཡངས་པ་ལས། །ལུགས་མེད་བདུད་རྩི་དྲི་མེད་པ། །རྣ་བའི་སྙིམ་པས་ལན་བརྒྱར་འཐུངས། །ཡིད་ཀྱི་ཀུན་དགར་སིམ་པ་ལས། །རིགས་པའི་སྣང་བ་ཅི་ཡང་འཕེལ། །གསུང་གི་བདུད་རྩི་སོར་བཞག་ནས། །ཟུར་ཐོན་རིགས་པའི་བརྒྱ་ཕྲེང་ཅན། །མགོན་དེའི་ཕྲིན་ལས་དོན་དུ་ཕུལ། །དགེ་དེས་ཡོངས་འཛིན་གོང་མ་ཡི། །ཐུགས་ཀྱི་དགོངས་པ་རྫོགས་པ་དང༌། །ཕྲིན་ལས་གསེར་གྱི་རྔ་བོ་ཆེ། །རྒྱ་མཚོའི་མཐའ་ཀླས་ཁྱབ་པ་དང༌། །སྙན་གྲགས་ཞབས་སེན་འོད་དཀར་ནི། །མེས་པོའི་རལ་པར་རོལ་བྱེད་ཤོག །སྔོན་དུས་ཞིག་ནས་སྐལ་མཉམ་གྱི། །སློབ་མས་ཡང་ཡང་བསྐུལ་མོད་ཀྱི། །ཡུན་རིངས་ལེ་ལོའི་དབང་དུ་ཐལ། །དུས་འདིར་བསྟན་པའི་སྦྱིན་བདག་ཆེ། །བཀྲ་ཤིས་ཉིན་མོའི་མགོན་གང་གིས། །མཐུན་པའི་ཡོ་བྱད་ཀུན་སྦྱར་ནས། །འབད་པ་མེད་པར་སྡེ་བདུན་གྱི། །དོན་འགྲེལ་རིགས་པའི་སྣང་བ་འཁྲུངས། །ཞེས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་རིགས་པའི་སྣང་བ་ལུགས་ངན་ཕམ་བྱེད་ཅེས་བྱ་བ་འདི་ནི། དོན་དུ་གཉེར་བ་དུ་མས་བསྐུལ་བའི་ངོར། དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་ཐོས་པ་འཛིན་པའི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་སྣྲོན་གྱིས་ཉ་ཡོངས་སུ་གང་བའི་ཉིན་མངའ་རིས་སྨད་ཀྱི་སའི་ཐིག་ལེ་ཐུབ་བསྟན་དར་རྒྱས་གླིང་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི། རྐོང་སྟོན་མགོན་པོ་རྒྱལ་མཚན་དཔལ་བཟང་པོའོ།།  །།མངྒ་ལཾ། ཤེས་པ་བས་ཀྱང་འཆད་པ་དང༌། །རྩོམ་པར་བྱེད་པ་སྔར་ཆས་པའི། །སྐྱེ་བོ་དྲེགས་ལྡན་སྣང་ཤས་ཀྱི། །གཞན་དབང་ཅན་དུ་གྱུར་དེ་དག །རྩོམ་པར་འདོད་ན་དོན་དང་ནི། །ཚིག་གི་སྦྱོར་ལུགས་འདི་འདྲ་དང༌། །སྙན་ངག་ཉམས་ཀྱི་ཕྲེང་བ་འདི། །བྲིས་ཤིང་ཞུས་ལ་རྩོམ་པར་གྱིས། །གཞན་དུ་ཅ་ཅོའི་ཚིག་སྦྱོར་གྱི། །གཞན་ཟེར་གྱ་གྱུའི་གཞུང་ལུགས་དག །ལོག་པར་སྦྱར་ནས་ང་རྒྱལ་གྱི། །སྨྲེ་སྔགས་གསར་པ་འདོན་དེ་དག །རྣམ་དཔྱོད་མིག་ལྡན་གཞན་དག་གི །ཁྲེལ་བའི་གནས་སུ་མ་གྱུར་ཏམ། །ཞེས་ཀྱང་རྗེས་སུ་སྦྱར་བ་ཡིན་ནོ།།  །།དགེའོ།།  །།བཀྲ་ཤིས།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*