རང་མཚན་ཡུལ་དུས་སོ་སོར་ངེས་པ་ནི་ཆོས་ཅན། ཁྱོད་ལ་བརྡ་དངོས་སུ་སྦྱར་མི་ནུས་ཏེ། མཐའ་ཡས་པའི་ཕྱིར་དང༌། ཕྱིས་ཐ་སྙད་བྱེད་པའི་ཚེ་ནའང༌། དང་པོའི་རང་མཚན་རྙེད་པར་དཀའ་བའི་རྒྱུ་མཚན་གྱིས་ཀྱང་ཁྱོད་ལ་དེ་མི་ནུས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གནོད་བྱེད་དངོས་དང༌། སྒྲུབ་བྱེད་མི་འཐད་པའོ། །དང་པོ་ནི། འདས་པ་དང་མ་འོངས་པའི་བུམ་པ་དེ་ལ་ཆོས་ཅན། བུམ་པ་ཞེས་པའི་སྒྲའི་ཞེན་པ་ནི་བརྗོད་བྱ་མ་ཡིན་པར་ཐལ། རང་མཚན་དུ་མེད་པའི་ཕྱིར་རོ། །གཞན་ཡང་མིག་དབང་ལ་སོགས་པའི་རྐྱེན་གསུམ་དགོས་པ་མེད་པར་འགྱུར་ཏེ། རྗོད་བྱེད་སྒྲ་ཡིས་རང་མཚན་ཉིད་བརྗོད་ན་རྟོག་པས་ཀྱང་དེ་འཛིན་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མངོན་སུམ་གྱིས་བརྡ་འབྲེལ་འཛིན་པ་དགག དབང་ཤེས་རྟོག་པར་འདོད་པ་དགག་པའོ། །དང་པོ་ནི་མངོན་སུམ་ལ་སྣང་བཞིན་པའི་རང་མཚན་ཁོ་ན་ལ་བརྡ་དངོས་སུ་སྦྱོར་དགོས་ཏེ། མངོན་སུམ་གྱིས་མཐོང་མ་མྱོང་བའི་དོན་ལ་བརྡ་སྦྱོར་མི་ཤེས་པའི་ཕྱིར། ཞེ་ན། དབང་པོས་མིང་དོན་གྱི་འབྲེལ་པ་འཛིན་མི་སྲིད་དེ། འབྲེལ་པ་དོན་ལ་མེད་པའི་ཕྱིར། དོན་འདིའི་མིང་འདི་ཞེས་སྦྲེལ་བའི་བློ་ནི་ཆོས་ཅན། གཞན་སེལ་ཁོ་ན་འཛིན་པ་ཡིན་ཏེ། དཔྱོད་པ་ཡིན་པའི་ཕྱིར། དང་པོ་མིང་དོན་གྱི་འབྲེལ་པ་བྱེད་པའི་ཚེ། བསལ་བ་རང་གི་མཚན་ཉིད་བསྟན་ན་ཡང་བརྡ་ནི་ཆོས་ཅན། སྤྱི་ལ་དངོས་སུ་སྦྱོར་བར་བྱེད་དེ། ཐ་སྙད་ཀྱི་ཚེ་རང་མཚན་གོ་བའི་དོན་དུ་འདོགས་པའི་ཕྱིར་རོ། །དེ་ལས་གཞན་དུ། དབང་པོས་སྒྲ་དང་འདྲེས་པའི་དོན་ཏེ། མིང་དོན་གྱི་འབྲེལ་པ་འཛིན་ན་བུམ་པའི་བརྡ་ཤེས་པ་མེད་པའི་གང་ཟག་གིས་ཀྱང་ལྟོ་ལྡིར་བ་མཐོང་བ་ན་བུམ་པའོ་སྙམ་དུ་རྟོགས་པར་འགྱུར་རོ། །གཉིས་པ་ནི། རྒོལ་བ་ན་རེ། མིག་སོགས་དབང་པོའི་སྒོ་ལ་རྗེས་སུ་འབྲེལ་པའི་ཡིད་ཤེས་དེ། མཐོང་སྦྱོར་འདྲེས་པ་འཛིན་པའི་ཕྱིར་རྟོག་པ་ཡིན་ཀྱང༌། རྟོག་མེད་འདྲ་བ་ཡིན་ཏེ། རང་ལུགས་གསལ་བར་སྣང་བའི་ཕྱིར། དེ་ལས་གཞན་དུ་ན། དོན་རང་མཚན་རྟོགས་ཤིང་ངེས་པ་གཅིག་མི་སྲིད་པར་ཐལ། མཐོང་རྟོགས་ཡུལ་ཐ་དད་ཡིན་པའི་ཕྱིར་རོ། །རྟོག་པ་མེད་པའི་ཡིད་མངོན་སུམ་དང༌། དེའི་གཟུང་ཡུལ་ངེས་པའི་རྟོག་བཅས་གཉིས་ཆོས་ཅན། ཁྱོད་ཀྱི་ཡུལ་ལ་བླུན་པོ་རྣམས་ཀྱིས་གཅིག་ཏུ་ཞེན་པའི་རྒྱུ་མཚན་ཡོད་དེ། འཇུག་ཡུལ་གཅིག་ལ་ཅིག་ཆར་དུ་འཇུག་པའམ། རིམ་གྱིས་འཇུག་ཀྱང་འཇུག་པ་མྱུར་བའི་ཕྱིར། གཉིས་པ་ནི། མུ་སྟེགས་བྱེད་ཁ་ཅིག་ན་རེ། ཤེས་རྣམ་རང་མཚན་ལ་བརྡ་དངོས་སུ་སྦྱོར་བ་ཡིན་ནོ། །ཞེས་ཟེར། ཤེས་པའི་རྣམ་པ་རང་མཚན་དེ་ལ་ཆོས་ཅན། བརྡ་དངོས་སུ་སྦྱར་མི་རུང་སྟེ། རང་གི་མཚན་ཉིད་ཡིན་པ་དེས་ན་གོང་དུ་བརྗོད་པའི་གནོད་བྱེད་རྣམས་འཇུག་པའི་ཕྱིར། ཡང་ན། བུམ་བསལ་རང་མཚན་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཞེས་བཀོད་ན་ལེགས་ཏེ། ཇི་སྐད་དུ། ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ལ། གཉིས་ཏེ། བྱེ་བྲག་པ་རིགས་སྤྱི་ཁོ་ན་བརྗོད་བྱར་འདོད་པ་དགག རང་སྡེ་སྒྲ་དོན་གྱི་སྤྱི་ཁོ་ན་བརྗོད་བྱར་འདོད་པ་དེ་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། ངེད་ཀྱི་ལུགས་ལ། ཇི་སྐད་བཤད་པའི་སྐྱོན་དེ་རྣམས་མེད་དེ། རྗོད་བྱེད་སྒྲ་ཡིས་བསལ་བ་རང་མཚན་མི་བརྗོད་ཀྱི། རིགས་སྤྱི་དངོས་པོ་བ་ཁོ་ན་བརྗོད་པའི་ཕྱིར། ཞེས་ཟེར། དོན་ལ་སྤྱི་མེད་མོད། ཡོད་དུ་ཆུག་ནའང༌། དེ་ལ་བརྡ་སྦྱར་བ་ལ་དགོས་པ་མེད་དེ། དེས་རང་མཚན་གོ་བའི་ནུས་པ་མེད་པའི་ཕྱིར། སྤྱི་དང་འབྲེལ་བའི་རང་མཚན་ལ་བརྡ་སྦྱར་བས་རང་མཚན་གོ་ནུས་སོ། །ཞེ་ན། སྤྱི་དང་འབྲེལ་བ་ཞེས་དགོས་ནུས་མེད་པའི་ཚིག་དེ་བོར་ལ། རང་གི་མཚན་ཉིད་ཉིད་ལ་བརྡ་སྦྱོར་ཞེས་སྨྲོས་ཤིག གལ་ཏེ། རང་མཚན་མཐའ་ཡས་པའི་ཕྱིར་དེ་ལ་བརྡ་སྦྱོར་བར་མི་ནུས་སོ་ཞེ་ན། སྤྱི་དང་འབྲེལ་བའི་རང་མཚན་འདི་ལའང་ཆོས་ཅན། བརྡ་སྦྱོར་མི་ནུས་པར་ཐལ། མཐའ་ཡས་པའི་ཕྱིར། གཉིས་པ་ལ། ཕྱོགས་སྔ་མ་ནི། གངས་ཅན་གྱི་རྟོག་གེ་པ་སྔ་མ་རྣམས། དོན་སྤྱི་ཞེས་པ་རྟོག་པ་ལ་དེ་དང་དེར་སྣང་བ་ཁོ་ན་བརྗོད་བྱར་འདོད་པ་དང༌། ཉན་ཐོས་མང་བཀུར་བ་ནི། སྒྲ་སྤྱི་ཞེས་པ་མིང་དང༌། དོན་སྤྱི་ཞེས་པ་མཚན་མ་གཉིས་བརྡའི་དངོས་ཀྱི་བརྗོད་བྱར་འདོད་ལ། དེ་ཡང་ལྡན་མིན་འདུ་བྱེད་དུ་ཁས་ལེན་ནོ། །དེ་དགག་པ་ནི། མི་ལྡན་འདུ་བྱེད་ལ་བརྡ་དངོས་སུ་སྦྱར་བས་གཟུགས་སོགས་རང་མཚན་ལ་ཇི་ལྟར་རྟོགས་ཏེ། གཉིས་པོ་སེལ་ངོར་འབྲེལ་པ་མེད་པའི་ཕྱིར་རོ། །དཔེར་ན། བུམ་པ་ཞེས་ནི་བརྗོད་པ་ལས་འབྲེལ་མེད་ཀྱི་བ་ལང་མི་རྟོགས་པ་བཞིན་ནོ། །གཉིས་པོ་འབྲེལ་མེད་དུ་འཆད་པའང་རྣམ་འགྲེལ་ལས་འབྱུང་བ་ལྟར། བརྟག་པ་གསུམ་གྱིས་བརྟགས་པའི་དབང་དུ་བྱས་པའོ། །གཉིས་པོ་འབྲེལ་བ་མེད་ཀྱང༌། འདྲ་བ་ལ་འཁྲུལ་ནས་དོན་གཟུགས་སོགས་ལ་འཇུག་གོ །ཞེ་ན། གཟུགས་སོགས་དང་དེའི་ལྡན་མིན་དུ་བྱེད་ཆོས་ཅན། ཡུལ་དང་དུས་རེས་འགའ་འཁྲུལ་གྱི། ཀུན་ཏུ་འཁྲུལ་བ་མ་ཡིན་པར་ཐལ། འདྲ་བས་འཁྲུལ་བའི་ཕྱིར། ཐལ་བ་ལས། གཉིས་པོ་འདི་ནི་ཆོས་ཅན། འདྲ་བའི་སྒོ་ནས་འཁྲུལ་པ་མ་ཡིན་ཏེ། རྟག་ཏུ་འཁྲུལ་པར་འགྱུར་བས་སོ། །ཅིག་ཤོས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དོན་སྤྱི་ཉིད་ལ་བརྡ་སྦྱར་བས། །འབྲེལ་མེད་གཟུགས་ལ་ཇི་ལྟར་རྟོགས། །ཞེས་སོགས་སོ། །འོ་ན་རང་ལུགས་ལ་ཡང་དོན་སྤྱི་ལ་དངོས་སུ་སྦྱོར་དགོས་པ་མ་ཡིན་ནམ་ཞེ་ན། སྤྱིར་དོན་སྤྱིའི་ངོས་འཛིན་མི་འདྲ་བས་གཞན་གྱི་ཕྱོགས་ལ་ནི། ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་པའི་ཉེས་པ་དེ་འཇུག་ལ། རང་ལུགས་ལ་འཆད་པའི་ཚེ་ན། སེལ་ངོའི་བུམ་པ་ལ་བུམ་པའི་དོན་སྤྱི་ཞེས་ཟེར་ཞིང༌། དེ་ཉིད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་མོད། འཇུག་པའི་ཚེ་ནི་དོན་སྤྱི་དང་རང་མཚན་གྱི་ཕྱེ་བསལ་མེད་པར། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་སྦྱར་བས་རང་མཚན་གོ་བར་ནུས་པའི་དོན་ནོ། །འདི་སྐབས་ཀྱི་དགག་གཞག་རྣམས་ནི། འཇུག་ཚེ་དབང་བཙན་པར་བྱས་པ་ཡིན་ཏེ། བསྟན་བཅོས་མི་ཤེས་པའི་རྒན་པོས་བརྡ་སྦྱོར་བའི་དབང་དུ་བྱས་པའི་ཕྱིར། དེ་དག་ལ་འདི་སྐད་ཅེས། མངོན་སུམ་ཡུལ་ལ་རྟོག་པ་ཡིས། །འདི་ཡི་མིང་ནི་འདི་ཡིན་ཞེས། །སྦྱོར་ཕྱིར་མངོན་སུམ་ཡུལ་ཁོ་ན། །བརྗོད་བྱ་ཡིན་ཞེས་བརྡ་སྤྲོད་པ། །དེ་བཞིན་གངས་ཅན་པ་རྣམས་ཀྱང༌། །མངོན་སུམ་ཡུལ་ལ་རྟོག་པ་ཡིས། །སྒྲོ་འདོགས་བཅད་ཕྱིར་མངོན་སུམ་གྱིས། །འཇུག་ཡུལ་ངེས་པ་ཡིན་ཞེས་འདོད། །འཇུག་ཡུལ་གཅིག་ལ་འཇུག་པའམ། །འཇུག་པ་མྱུར་བའི་རྒྱུ་མཚན་གྱིས། །མངོན་སུམ་དང་ནི་རྟོག་པ་ཡི། །བྱེད་པ་གཅིག་ཏུ་འདྲེས་པར་ཟད། །རིགས་དང་རང་མཚན་སོ་སོ་ལ། །བརྡ་སྦྱོར་ཞེས་པ་གཞན་གྱི་ལུགས། །སྤྱི་དང་རང་མཚན་མ་ཕྱེ་བའི། །གཞན་སེལ་ཉིད་ལ་བརྡ་སྦྱར་བ། །བརྡ་སྦྱོར་རྒན་པོའི་ལུགས་ཡིན་ཞེས། །རང་གི་བསྟན་བཅོས་ཉིད་དུ་བཞག །འཆད་པའི་ཚེ་ན་དངོས་དང་ནི། །ཞེན་པའི་བརྗོད་བྱ་སོ་སོར་ངེས། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་རང་ལུགས་གཞག་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། བརྡ་ལས་གོ་བར་བྱ་བ་དེ་བརྗོད་བྱའི་མཚན་ཉིད་དང༌། དོན་གོ་བར་བྱེད་པའི་བརྡ་དེ་རྗོད་བྱེད་ཀྱི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། གཉིས་པོ་དེ་ཆོས་ཅན། རྣམ་པ་བཞིར་དབྱེ་དགོས་ཏེ། འཆད་པ་དང་འཇུག་པའི་གང་ཟག་གི་དབྱེ་བས་རེ་རེ་ལ་གཉིས་གཉིས་སུ་འབྱེད་དགོས་པའི་ཕྱིར། དེ་ལྟར་ཕྱེ་བ་ཆོས་ཅན། དགོས་པ་ཡོད་དེ། འཆད་པའི་ཚེ་རྣམ་པར་ཕྱེ་བས་གནས་ལུགས་ལ་མཁས་པར་འགྱུར་ཞིང༌། འཇུག་པའི་ཚེ་སྤྱི་དང་རང་མཚན་མ་ཕྱེ་བར་གཅིག་ཏུ་འཁྲུལ་བ་ལ་བརྡ་སྦྱར་བས་འཇུག་ཡུལ་ཐོབ་པའི་ཐབས་སུ་བྱེད་པས་སོ། །གསུམ་པ་ལ་གསུམ་སྟེ། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་མེད་དུ་སྒྲུབ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ། འཁྲུལ་བ་ལ་བརྡ་སྦྱར་བས་རང་མཚན་གོ་བའི་འཐད་པའོ། །དང་པོ་ནི། རྗོད་བྱེད་ཀྱི་སྒྲའི་དངོས་ཀྱི་བརྗོད་བྱ་དམ་པའི་དོན་དུ་མེད་དེ། ཕྱི་རོལ་གྱི་དོན་དང་ཤེས་པ་ནི་རང་མཚན་ཡིན་པས་དེར་མི་རུང༌། རིགས་པ་ཅན་པ་དང་རང་ལུགས་ལ་སྤྱི་འདོད་པའི་རིགས་དང་དོན་སྤྱི་གཉིས་པོ་ནི་དངོས་པོར་མེད་པ་ཡིན་པས། དེ་བཞི་པོ་ནི་དངོས་ཀྱི་བརྗོད་བྱ་དང་དོན་དམ་པའི་གཞི་མཐུན་མ་ཡིན་པས་སོ། །གཉིས་པ་ནི། འོ་ན་བརྡ་སྦྱོར་བ་གཞི་མེད་དུ་འགྱུར་རོ། །ཞེ་ན། མི་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་རྟོག་པ་ངོ་བོས་འཁྲུལ་པ་ལ་སྒྲའི་དོན་གྱི་གཟུགས་བརྙན་ཤར་བ་དེ་ལ། ཕྱི་རོལ་གྱི་དོན་དུ་ཞེན་ནས་སྒྲོ་བཏགས་པ་དེ་ནི་རྗོད་བྱེད་སྒྲའི་བརྗོད་བྱ་རང་མཚན་ཡིན་པར་བཏགས་ཤིང་ཞེན་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་རང་མཚན་གོ་བར་མི་འགྱུར་རོ་ཞེ་ན། བརྡ་སྦྱོར་རྟོག་པ་ཆོས་ཅན། རང་མཚན་མ་ཡིན་པ་ལ་དེར་འཁྲུལ་ཡང་བདེན་པ་སྟེ་འཇུག་ཡུལ་ཐོབ་པར་འཐད་དེ། འཁྲུལ་པའི་བག་ཆགས་གོམས་པ་ཡིས། བརྡ་ཡི་དུས་ན་དོན་སྤྱི་དང་རང་མཚན་བསྲེས་ནས་བརྡ་སྦྱར་ལ། ཐ་སྙད་ཀྱི་དུས་ནའང་བསྲེས་པ་དེ་ལྟར་དུ་ཞུགས་པས་འཇུག་ཡུལ་གོ་བ་དེ་ཡི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ལ་ལྔ་ལས། རྩོད་པ་དང་པོ་ནི། དངོས་ཀྱི་བརྗོད་བྱར་ཁས་བླངས་པའི་སྒྲ་དོན་དེ། གཞན་རིགས་མི་མཐུན་ལས་ལོག་གམ་མ་ལོག མ་ལོག་ན་ལྡོག་པར་འཆད་པ་འགལ། ལྡོག་ན་ནི་དངོས་པོ་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱར་འགྱུར་རོ་ཞེ་ན། སྒྲ་དོན་དངོས་ཀྱི་བརྗོད་བྱར་ཁས་བླངས་པ་དང༌། སྤྱི་དངོས་པོ་བ་བརྗོད་བྱར་འདོད་པ་དེ་དག་ག་ལ་མཚུངས་ཏེ། སྒྲ་དོན་ནི་དམ་པའི་དོན་ལ་སྟེ་སྣང་ངོར་རིགས་མི་མཐུན་ལས་མི་ལྡོག་ཀྱང༌། སེལ་ངོར་ལྡོག་པ་སྣང་བ་ནི་འཁྲུལ་པ་ཡིན་ལ། སྤྱི་དངོས་པོ་བ་ནི་འཁྲུལ་བར་མི་འདོད་པ་དེས་ནའོ། །རྩོད་པ་གཉིས་པ་ནི། གལ་ཏེ་རྟོག་པའི་གཟུགས་བརྙན་སྒྲས་དངོས་སུ་བརྗོད་ན་ནི། ཤེས་པ་རང་མཚན་དངོས་ཀྱི་བརྗོད་བྱར་འགྱུར་རོ་ཞེ་ན། རང་མཚན་ལྡོག་པ་སྟེ་རྟོག་པའི་ཤེས་རྣམ་ནི་དངོས་ཀྱི་བརྗོད་བྱ་མ་ཡིན་ལ། འཁྲུལ་པས་ཤེས་རྣམ་ལ་རང་མཚན་དུ་བཏགས་པ་ནི་དངོས་མེད་ཡིན་པ་དེས་ན། རྟོག་པའི་གཟུགས་བརྙན་དངོས་མེད་དེ་ལ་བརྡ་སྦྱར་བ་ཆོས་ཅན། དགོས་པ་ཡོད་དེ། འཇིག་རྟེན་པ་རྣམས་རང་མཚན་ལ་གཞུག་པའི་ཕྱིར་དུ་སྦྱར་བས་ཟད་པས་སོ། །རྩོད་པ་གསུམ་པ་ནི། འཆད་པའི་ཚེ་སེལ་བའི་སྤྱི་ལ་བརྡ་དངོས་སུ་སྦྱོར་ན། ལྡན་པ་མ་ཡིན་པའི་འདུ་བྱེད་ལ་བརྡ་སྦྱོར་བར་ཁས་བླངས་པ་དང་ཉེས་པ་མཚུངས་སོ། །ཞེ་ན་མི་མཚུངས་ཏེ། གལ་ཏེ། དོན་སྤྱི་རྫས་སུ་གྲུབ་ན་མཚུངས་པ་ཁྱེད་བདེན་མོད། འོན་ཀྱང་དེ་ནི་དངོས་མེད་ཡིན་པའི་ཕྱིར་དོན་སྤྱི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པ་དང༌། སྒྲའི་དངོས་ཀྱི་བརྗོད་བྱ་མེད་པ་གཉིས་དོན་གཅིག་པའི་ཕྱིར་སེལ་བ་ཡུལ་མེད་ཅེས་ཤེས་ན། སྒྲའི་དངོས་ཀྱི་བརྗོད་བྱ་དང་རྗོད་བྱེད་དོན་དམ་པར་མེད་པ་ཉིད་དུ་ཤེས་པའི་དགོས་པ་ཡོད་དོ། །རྩོད་པ་བཞི་པ་ནི། དངོས་ཀྱི་བརྗོད་བྱ་རྗོད་བྱེད་དོན་དམ་པར་མེད་ན། སྤྱི་ལ་རང་མཚན་དུ་འཁྲུལ་བ་ནི་གསོག་ཡིན་པའི་ཕྱིར་ཐ་སྙད་འཇིག་གོ་ཞེ་ན། འཁྲུལ་ཡང་ཐ་སྙད་འཐད་པ་ཡིན་ཏེ། འཁྲུལ་པའི་སྒོ་ནས་རང་མཚན་ལ་འཇུག་པའི་ཕྱིར། རྩོད་པ་ལྔ་པ་ནི། བོད་སྔ་མ་ན་རེ། ཆད་བྱས་ཀྱི་འབྲེལ་པས་འཇུག་ཡུལ་གོ་བ་ལ་འཁྲུལ་པའི་འབྲེལ་བ་མི་དགོས་སོ་ལོ། །བརྡ་ལས་དོན་གོ་བ་སྣང་བརྟགས་གཅིག་ཏུ་འཁྲུལ་བ་ངེས་པར་དགོས་ཏེ། རང་མཚན་རྐྱང་པ་དང་ནི་དོན་སྤྱི་རྐྱང་པ་དང་གཉིས་པོ་གཅིག་ཏུ་འཁྲུལ་པའི་གཞན་སེལ་ཏེ་གསུམ་པོ་གང་ལ་བརྡ་ཆད་བྱས་ཀྱང༌། སྣང་བརྟགས་གཅིག་ཏུ་འཁྲུལ་བ་མེད་ན་བརྡ་མི་འབྱོར་བའི་ཕྱིར། དེས་ན་ཆད་བྱས་ཀྱི་འབྲེལ་པ་ཞེས་པའི་རྣམ་གཞག་མུན་སྤྲུལ་ཡིན་ནོ། །འོ་ན་ཁྱེད་རང་གི་ལུགས་ལ་བརྡ་ཆད་བྱེད་པ་མ་ཡིན་ནམ་ཞེ་ན། དེ་བྱེད་མོད་ཀྱང༌། ཆད་བྱས་ཀྱི་འབྲེལ་པའི་རྣམ་གཞག་བསྟན་བཅོས་སུ་ཁས་མི་ལེན་ཏེ། འཇིག་རྟེན་འདིར་ནི་རང་མཚན་དང་གཟུགས་བརྙན་གཉིས་གཅིག་ཏུ་འཁྲུལ་དུ་གཞུག་པའི་ཕྱིར་དུ་འཇིག་རྟེན་རྒན་པོ་རྣམས་ཀྱིས་བརྡ་ཆད་བྱེད་པའི་ཕྱིར། དེ་ལྟར་བྱེད་པ་ཆོས་ཅན། དགོས་པ་ཡོད་དེ། འཁྲུལ་ནས་དོན་རང་མཚན་ལ་འཇུག་པར་འགྱུར་བའི་ཆེད་ཡིན་པས་སོ། །མདོར་ན། སྒྲའི་དངོས་ཀྱི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་དོན་དམ་པར་མེད་དེ། དོན་སྤྱི་དང་སྒྲ་སྤྱི་གཉིས་ལ་དངོས་ཀྱི་དེ་དང་དེར་འཇོག་ལ། དེ་གཉིས་ཀ་བཏགས་ཡོད་ཡིན་པས་སོ། །འདིར་དངོས་ཀྱི་རྗོད་བྱེད་ནི་མིང་ཡིན་ལ། དེའི་མཚན་ཉིད་དུ་སྒྲ་སྤྱི་བསལ་བ་ཞེས་འཇོག་པ་ནི་བསྟན་བཅོས་མཛད་པ་འདིའི་ལུགས་ཡིན་པས། སྤྱི་རྟག་པའོ་སྙམ་དུ་བསམ་པར་མི་བྱ་ཞིང༌། མིང་ནི་བཏགས་ཡོད་དང་ལྡན་མིན་འདུ་བྱེད་དུ་གཞུང་ལས་གསལ་བས་སྒྲ་རང་མཚན་དུ་མི་འདོད་དོ། །ཞེས་པའི་བརྗོད་བྱ་དང་རྗོད་བྱེད་ནི་དོན་དམ་པར་གྲུབ་པ་ཡིན་ཏེ། དོན་རང་མཚན་དང༌། རྗོད་བྱེད་ཀྱི་སྒྲ་རང་མཚན་པ་ལ་དེར་འཇོག་པས་སོ། །དངོས་ཞེན་གྱི་བརྗོད་བྱ་གཉིས་པོའི་འབྲེལ་པ་བློ་འཁྲུལ་བས་བྱས་ནའང༌། འཇུག་པའི་སྐྱེས་བུ་སླུ་བ་མེད་དེ། དེ་གཉིས་གཅིག་ཏུ་འཛིན་པའི་རྟོག་པ་དེ་བག་ཆགས་བརྟན་བྱུང་གི་ཤེས་པ་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། སྣང་བརྟགས་སོ་སོར་མ་ཕྱེ་བར། །བརྡ་འབྲེལ་བྱེད་པ་འཇིག་རྟེན་གྱི། །གཞུང་ཡིན་ཕྱེ་ནས་བརྡ་སྦྱོར་བ། །མཁས་དང་མི་མཁས་ཀུན་ལ་མེད། །དེ་ཕྱིར་གཞན་ལུགས་འགོག་པའི་གཞུང༌། །བདེ་བླག་ཉིད་དུ་རྟོགས་པར་ནུས། །སྣང་བརྟགས་སོ་སོར་རྣམ་ཕྱེ་བ། །བརྡ་སྦྱར་ཟིན་པའི་དོན་གང་ལ། །མཁས་པས་རྣམ་དབྱེ་འཆད་པའི་ཚུལ། །ཡིན་ཕྱིར་རང་ལུགས་གཞག་པའང་གྲུབ། །ཚད་མ་རིགས་པའི་གཏེར་ལས་བརྗོད་བྱ་དང་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་སྟེ་ལྔ་པ་རྣམ་པར་བཤད་པའོ།། །།བཞི་པ་འགལ་བ་དང་འབྲེལ་བའི་རྟོགས་ཚུལ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། དངོས་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཚད་མའི་མཚན་ཉིད་པ་ཡི་སྔོན་དུ་འགལ་འབྲེལ་དཔྱད་པར་བྱ་དགོས་ཏེ། དགག་བྱ་དགག་པ་དང༌། བསྒྲུབ་བྱ་སྒྲུབ་པ་ཇི་སྙེད་པ་འགལ་འབྲེལ་ངེས་པ་ཉིད་ལ་ལྟོས་པས་ནའོ། །གཉིས་པ་ལ་གཉིས་ཏེ། འབྲེལ་བའི་རྣམ་གཞག་དང༌། འགལ་བའི་རྣམ་གཞག་གོ །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་སྒྲུབ། འབྲེལ་པ་སྒྲུབ་པའི་ཚད་མའོ། །དང་པོ་ལ། དོན་ལ་འབྲེལ་པ་ཙམ་དགག་པ་དང༌། འབྲེལ་པ་གཉིས་སོ་སོར་ཕྱེ་ནས་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་པོའི་འབྲེལ་པ་དོན་ལ་གནས་པ་དགག དངོས་མེད་ལ་དངོས་འབྲེལ་འདོད་པ་དགག དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། རང་རང་གི་ངོ་བོ་ལ་གནས་པའི་དངོས་པོ་ཐམས་ཅད་དོན་གྱི་སྟེང་ན་འབྲེལ་མེད་ཡིན་ཏེ། དངོས་པོའི་ཆོས་ཐ་དད་པ་གཉིས་གཅིག་པ་མི་སྲིད་ཅིང༌། གཅིག་ལ་འབྲེལ་པ་མི་སྲིད་པས་ནའོ། །གཉིས་པ་ནི། བོད་བླུན་པོ་འགའ་ཞིག་ན་རེ། དངོས་མེད་ཤེས་བྱ་མ་ཡིན་པ་དང༌། གཞལ་བྱ་མ་ཡིན་པ་ལྟ་བུ་ལའང་དངོས་འབྲེལ་ནི་ཡོད་དེ། དེ་མེད་ན་དགག་བྱ་མི་སྲིད་པ་ལ་ལྡོག་འབྲེལ་ནི་ནམ་ཡང་མེད་པས། གཅིག་དུ་བྲལ་སོགས་འབྲེལ་མེད་ཀྱི་གཏན་ཚིགས་ཡང་དག་སྲིད་པར་ཐལ་བས་སོ། །ཞེས་སྨྲའོ། །དངོས་མེད་གཅིག་དུ་བྲལ་དང་བདེན་མེད་ལྟ་བུ་ཆོས་ཅན། སེལ་ངོར་དངོས་པོར་ཐལ་བར་འགྱུར་ཏེ། དངོས་ཀྱི་འབྲེལ་པ་ཡོད་པ་ཅན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སེལ་ངོར་ངོ་བོ་མེད་པ་ཅན་ཡིན་པའི་ཕྱིར་རོ། །འདིར་སྣང་ངོར་དངོས་འབྲེལ་གྲུབ་པ་ནི་མི་སྲིད་པས་སེལ་ངོའི་དབང་དུ་བྱས་སོ། །གསུམ་པ་ནི། འབྲེལ་པ་དོན་དམ་པར་མེད་དེ། དོན་དམ་པར་དངོས་པོ་ཐ་དད་པ་འདྲེ་བ་མེད་པའི་ཕྱིར་དང༌། དངོས་མེད་ལ་ནི་ངོ་བོ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་གང་ཞིག་ཆོས་གཞན་གྱི་ངོ་བོ་མི་འདོར་བ་དེ། འབྲེལ་པ་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་ཕྱི་ནང་གཉིས་ཀ་ལ་གྲགས་པས་སོ། །གཉིས་པ་ལ་གསུམ་སྟེ། སྣང་ངོར་བདག་གཅིག་འབྲེལ་པ་དགག དེ་བྱུང་འབྲེལ་པ་དགག འབྲེལ་བ་གཞན་དགག་པའོ། །དང་པོ་ནི། བྱས་པ་དང་མི་རྟག་པ་དོན་གྱི་སྟེང་ན་འབྲེལ་པ་མེད་དེ། བདག་གཅིག་པ་ལ་ཆོས་ཐ་དད་པ་གཉིས་མེད་ཅིང༌། ཆོས་གཉིས་མེད་པ་ལ་འབྲེལ་པ་མི་སྲིད་པ་དེས་ནའོ། །གལ་ཏེ་བྱས་པ་དང་མི་རྟག་པའི་ལྡོག་པ་སྟེ། སེལ་ངོའི་བྱས་མི་རྟག་གཉིས་སྒྲ་ལ་མ་གྲུབ་ན་ཚུལ་གསུམ་གྲུབ་པ་མི་སྲིད་པས། དོན་ལ་བདག་གཅིག་འབྲེལ་པ་ཡོད་དོ་ཞེ་ན། སྣང་ངོའི་བྱས་མི་རྟག་རྫས་གཅིག་པར་མཐུན་མོད། ལྡོག་པ་རྣམས་དོན་ལ་ཡོད་ན། ལྡོག་པ་ནང་ཕན་ཚུན་འབྲེལ་ལམ་མ་འབྲེལ། གཉིས་པ་ལྟར་ན། བྱས་པ་དེ་སྒྲ་མི་རྟག་པ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བ་ཞིག་ཡོད་པ་མ་ཡིན་པར་འགྱུར་ཏེ། བྱས་མི་རྟག་གཉིས་མ་འབྲེལ་བའི་ཕྱིར་རོ། །འབྲེལ་ན་ཡང་ལྡོག་པ་གཉིས་པོ་ཆོས་ཅན། རྣམ་གྲངས་པའམ། འབྲས་བུ་གང་རུང་དུ་ཐལ་བར་འགྱུར་ཏེ། བདག་གཅིག་པ་དང༌། དེ་བྱུང་གང་རུང་ལས་མ་འདས་པའི་ཕྱིར། རྣམ་གྲངས་པར་ཐལ་བ་ལ་འདོད་མི་ནུས་ཏེ། མིང་རྣམ་གྲངས་པ་གཉིས་དོན་གཅིག་ཁོ་ན་ལ་འཇུག་པ་ལྟར། ལྡོག་པ་གཉིས་པོའང་དོན་གཅིག་ཁོ་ནའི་ལྡོག་པར་འགྱུར་ལ། དེ་ལྟ་ན། བྱས་ལྡོག་ངེས་པའི་བློས་མི་རྟག་པ་ངེས་པར་ཐལ་བས་སོ། །ངག་དོན་ནི། སེལ་ངོའི་བྱས་མི་རྟག་གཉིས་ཆོས་ཅན། རྫས་གཅིག་པ་མ་ཡིན་ཏེ། ལྡོག་ཆོས་ཡིན་པའི་ཕྱིར། ཞེས་པའོ། །གཉིས་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་རྫས་ལ་དེ་བྱུང་འབྲེལ་པ་དགག རིགས་ལ་དེ་བྱུང་འབྲེལ་པ་དགག་པའོ། །དང་པོ་ནི། དངོས་པོ་དང་དངོས་མེད་ལྟ་བུ་གཅིག་པ་བཀག་པའི་ཐ་དད་ལ་སྣང་ངོར་དེ་ལས་བྱུང་བའི་འབྲེལ་པ་མེད་དེ། སྔ་ཕྱིར་བྱུང་བ་མ་ཡིན་པ་ལ་དེ་བྱུང་མེད་ལ། སྔ་ཕྱི་ཡོད་ན་གང་རུང་ཡོད་དུས་སུ་ཅིག་ཤོས་མེད་པ་དེས་ནའོ། །མུ་སྟེགས་བྱེད་ན་རེ། རྒྱུ་འགགས་པ་དང་ནི་འབྲས་བུ་སྐྱེས་པ་ལ་སྦྱོར་བའི་འབྲེལ་པ་ཡོད་པས་སྐྱོན་མེད་དོ། །ཞེ་ན། སྦྱོར་འབྲེལ་དེ་རྟག་གམ་མི་རྟག རྟག་ན་དངོས་པོ་མ་ཡིན་པས། རྒྱུ་འབྲས་གཉིས་ཀྱི་སྦྲེལ་ཐག་བྱེད་མི་ནུས་པར་འགྱུར་ལ། མི་རྟག་ན་ནི། ཐུག་མེད་དུ་འགྱུར་ཏེ། སྦྱོར་འབྲེལ་དང་རྒྱུ་འབྲས་གཉིས་ཀྱི་བར་དུའང་སྦྲེལ་བྱེད་གཞན་དགོས་པའི་ཕྱིར། རང་སྡེ་ན་རེ། གལ་ཏེ་ཕན་ཚུན་མ་ལྟོས་པའི་མེ་དུ་རྐྱང་པ་འབྲེལ་པ་ཡིན་པས། དེ་བྱུང་འབྲེལ་པ་སྣང་ངོར་ཡོད་དོ། །ཞེ་ན། རྐྱང་པ་རེ་རེ་མཐོང་བས་ཀྱང་འབྲེལ་ཡུལ་དང་འབྲེལ་པོ་གཉིས་ཀའི་འབྲེལ་པ་ངེས་པར་འགྱུར་ཏེ། རྐྱང་པ་རེ་རེ་བ་འབྲེལ་པར་འཇོག་ལ། འབྲེལ་པ་ནི་བློ་ཆོས་ཁོ་ན་ཡིན་པས་སོ། །སྐྱོན་དེ་མེད་དེ། རྒྱུ་འབྲས་ཕན་ཚུན་ལྟོས་ནས་ཕན་འདོགས་བྱ་བྱེད་དུ་འཆད་པའི་ཕྱིར། འབྲེལ་པ་ནི་ཆོས་གཉིས་ལ་ལྟོས་པ་མི་འགལ་ལོ། །ཞེ་ན། རྒྱུ་འབྲས་གཉིས་སྣང་ངོར་ཕན་བྱ་དང་ཕན་བྱེད་དུ་འཐད་པ་དཀའ་བ་ཡིན་ཏེ། གཅིག་དངོས་པོར་ཡོད་དུས་སུ་ཅིག་ཤོས་དངོས་པོར་མེད་པའི་ཕྱིར་རོ། །གལ་ཏེ། དེ་བྱུང་འབྲེལ་པའི་དོན་སྣང་ངོར་མེད་ཀྱང༌། ཐ་སྙད་ཡོད་དེ། རྒྱུ་མེད་ན་འབྲས་བུའི་ཐ་སྙད་མི་འབྱུང་བ་ཙམ་དེ་དེ་བྱུང་གི་འབྲེལ་པ་ཡིན་ནོ་ཞེ་ན། འོ་ན། རྭ་གཡས་གཡོན་དང༌། ཕན་ཚུན་དང༌། རིང་ཐུང་ལ་སོགས་པ་ཐམས་ཅད་ཀྱང༌། དེ་བྱུང་གི་འབྲེལ་པ་ཉིད་དུ་ཐལ་བར་འགྱུར་ཏེ། གཡས་པ་ལ་མ་བརྟེན་པར་གཡོན་པའི་ཐ་སྙད་མི་འབྱུང་བ་ལ་སོགས་པའི་ཕྱིར་རོ། །མི་མཚུངས་ཏེ། རྒྱུ་མེ་མེད་ན་འབྲས་བུ་དུ་བ་མི་འབྱུང་བ་དེ་དོན་ལ་གནས་པས་དེ་ཉིད་འབྲེལ་པ་ཡིན་ནོ། །ཞེ་ན། མེ་མེད་ན་དུ་བ་མི་འབྱུང་བ་དེ་དོན་ལ་གནས་པ་མ་ཡིན་ཏེ། དེ་འདྲ་དེ་རྫས་ཀྱི་དབང་དུ་བྱས་པ་ཡིན་ནམ། ལྡོག་པའི་དབང་དུ་བྱས་པ་ཡིན། ཞེས་བརྟགས་པས་ཁེགས་པའི་ཕྱིར། གཉིས་པ་ནི། བོད་ལ་ལ་ན་རེ། རྒྱུ་འབྲས་རང་གི་མཚན་ཉིད་ལ་འབྲེལ་པ་མེད་ཀྱང༌། དེའི་རིགས་ལ་འབྲེལ་པ་དོན་ལ་གནས་སོ་ཞེ་ན། མི་འཐད་དེ། རྒྱུ་འབྲས་ཀྱི་རིགས་དེ་རྒྱུ་འབྲས་ཉིད་ཡིན་ན་སྔར་གྱི་སྐྱོན་ལས་འདས་པ་མེད་ལ། དེ་ལས་གཞན་པའི་རིགས་དངོས་པོ་བ་ཡོད་ན་སྤྱིའི་སྐབས་སུ་བཀག་ཟིན་པའི་ཕྱིར་རོ། །གསུམ་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྣང་ངོར་འབྲེལ་པ་འགོག་བྱེད་འདིས་ནི་ཆོས་ཅན། གཞན་ཡང་བཤད་པ་ཡིན་ཏེ། ལྡན་པ་དང༌། འདུ་བ་དང༌། ཁྱད་པར་དང་ནི་ཁྱད་པར་ཅན་དང༌། བྱེད་པ་དང༌། ཕྲད་པ་ལ་སོགས་པ་འབྲེལ་བར་འདོད་པ་བཀག་པ་ཡིན་པའི་ཕྱིར། གཉིས་པ་ལ། ཕྱོགས་སྔ་མ་བརྗོད་པ་ནི། ཕྱི་རོལ་པ་དག མཁར་གཞོང་ལ་ནི་རྒྱ་ཤུག་བརྟེན་པ་དེ་ནི་ལྡན་པའི་འབྲེལ་བའོ། །ཞེས་ཟེར། སྤྱི་རྟག་པའི་རྟེན་ལ་བསལ་བ་མི་རྟག་པ་འབྲེལ་བ་ནི་འཕྲོད་པ་འདུ་བའོ། །ཞེས་གྲག བྱས་པ་དང་མི་རྟག་པ་ལ་སོགས་པ་དོན་སྒྲ་ལྟ་བུ་གཅིག་ལ་ནི་འདུ་བ་ཡིན་ནོ། །ཞེས་སྨྲ་བ་དང༌། དབྱུག་པས་དབྱུག་པ་ཅན་ལྟ་བུ་ཐ་དད་པ་གཞན་གྱིས་གཞན་གོ་བ་ནི་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་པའོ། །ཞེས་འདོད། འགགས་པའི་རྒྱུ་དང་ད་ལྟར་གྱི་འབྲས་བུ་འབྲེལ་པ་ནི་སྦྱོར་འབྲེལ་ལོ། །ཞེས་དང༌། བདག་རྟག་པ་དང་བྱ་བ་མི་རྟག་པ་རྣམ་པ་གཉིས་ལ་བྱེད་པའི་འབྲེལ་བ་ཡོད་དོ་ལོ། །ཞེས་དང༌། མིག་གིས་གཟུགས་ལ་བལྟ་བ་ལ་ཕྲད་པའི་འབྲེལ་པ་ཡིན། ཞེས་ཟེར་བ་དང༌། རྗེ་འཁོལ་དང་ཁྱོ་ཤུག་སོགས་ཀྱང་དེ་དང་དེའི་འབྲེལ་པ་ཅན་ཡིན་ནོ་ཞེས་རྨོངས་པ་སྨྲའོ། །དེ་དགག་པ་ལ་གཉིས་ཏེ། སྣང་ངོའི་འབྲེལ་པར་འདོད་པ་དགག་པ་དང༌། སེལ་ངོའི་འབྲེལ་པ་ཕུང་གསུམ་པར་འདོད་པ་དགག་པའོ། །དང་པོ་ནི། དེ་འདྲའི་འབྲེལ་པ་དོན་ལ་གནས་པ་མི་འཐད་དེ། དོན་ལ་འབྲེལ་པ་འདོད་པ་ནི། །ཆོས་གཉིས་གཅིག་པ་མི་སྲིད་ཅིང༌། །ཞེས་ཚོགས་གཅིག་དང་ཐ་དད་བརྟགས་པས་ཁེགས་པའི་ཕྱིར་རོ། །གཉིས་པ་ལ། སེལ་ངོར་འབྲེལ་པ་ཕུང་གསུམ་པ་མི་སྲིད་པར་བསྟན་པ་དང༌། དེ་འདྲ་ཁས་ལེན་གྱི་རང་སྡེ་རིགས་པས་ཕོངས་པར་བསྟན་པའོ། །དང་པོ་ནི། མུ་སྟེགས་བྱེད་ན་རེ། ལྡན་པ་སོགས་ལའང་སངས་རྒྱས་པ་ལྟར་གཞན་སེལ་གྱིས་སྤེལ་ན། སེལ་ངོར་བསྒྲུབ་བྱ་གོ་བྱེད་ཀྱི་འབྲེལ་པ་ཕུང་གསུམ་པ་ཡིན་ནོ་ཞེ་ན། དེ་མི་འཐད་དེ། སེལ་ངོར་ཡང་ལྡན་པ་ཅན་སོགས་ཀྱི་འབྲེལ་པ་ཁས་བླངས་ན་གནོད་བྱེད་ཡོད་ལ། གནོད་བྱེད་མེད་པའི་ཚུལ་འཆད་ཤེས་ན་འབྲེལ་པ་གཉིས་པོར་འདུས་པས་སོ། །དེའི་དོན་ནི། དུས་མཉམ་རྫས་གཞན་གྱི་མཁར་གཞོང་དང་རྒྱ་ཤུག་གཉིས་ལ་འབྲེལ་བ་ཁས་བླངས་ན་གནོད་བྱེད་ཡོད་ཅིང༌། མཁར་གཞོང་སྔ་མས། རྒྱ་ཤུག་གི་རིགས་འདྲ་ཕྱི་མ་མཐུར་དུ་མི་ལྟུང་བར་བྱས་པ་ལྟ་བུ་ལ་འཆད་ན། རྒྱུ་འབྲས་ལས་མ་འདས་ཞེས་པའོ། །གཉིས་པ་ནི། བོད་ཁ་ཅིག་ཀྱང༌། གཉིས་པོ་གང་རུང་དུ་མ་འདུས་པའི་འབྲེལ་པ་ཁས་ལེན་དགོས་ཏེ། ཚོགས་པ་དང༌། ཡ་གྱལ་གྱི་འབྲེལ་པ་རྣམ་ངེས་སུ་གསུངས་པ་དང༌། ལྕགས་གོང་དམར་འབར་བར་སོང་བའི་དུས་ཀྱི་མེ་ལྕགས་གཉིས་དང༌། ཚོགས་པ་གཅིག་པའི་དུས་ཀྱི་བུ་རམ་གྱི་རོ་གཟུགས་ལྟ་བུའོ། །ཞེས་ཟེར། ཆོས་ཀྱི་གྲགས་པས་བོར་བ་ཡི་ངན་རྟོག་ཕལ་ཆེར་བླུན་པོས་ལེན་པ་འདི་ནི་ཆོས་ཅན། མཁས་པས་སྨད་པའི་གནས་ཡིན་ཏེ། སྐྱུག་སྨན་བཏང་ནས་བསྐྱུགས་པ་ལ་ཁྱི་ལས་གཞན་པ་སུ་ཞིག་ཟ་སྟེ་མཁས་པས་མི་ཟ་བ་དང་མཚུངས་པའི་ཕྱིར་རོ། །གཉིས་པ་བློ་ངོར་འབྲེལ་པ་སྒྲུབ་པ་ལ་གཉིས་ཏེ། བློས་ཇི་ལྟར་སྦྲེལ་བའི་ཚུལ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། སེལ་ངོར་འབྲེལ་པ་འཇོག་པར་འཐད་དེ། རྣམ་རྟོག་གི་ཡུལ་ལ་འཇིག་རྟེན་གྱི་ཐ་སྙད་བཞིན་དུ། ལྡོག་པ་སོ་སོར་དབྱེ་བ་དང༌། རྫས་གཅིག་ཏུ་བསྡུ་བའི་རྟོག་པས་འཇུག་ཡུལ་སྒྲུབ་ནུས་པའི་ཕྱིར་དང༌། སྔར་གྱི་མེ་དང༌། ཕྱིས་ཀྱི་དུ་བ་གཉིས་རྒྱུ་འབྲས་སུ་སྦྲེལ་བའི་རྟོག་པ་ཡིས་འཇུག་ཡུལ་སྒྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བློས་བདག་གཅིག་ཏུ་སྦྲེལ་བ་ལ་དང༌། དེ་བྱུང་དུ་འབྲེལ་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། བྱས་པ་དང་མི་རྟག་པ་བློས་སྦྲེལ་བ་ལྟར། དོན་ལ་འབྲེལ་པར་གྲུབ་ན་དོན་འབྲེལ་ཡིན་ལ། དོན་ལ་དེ་དག་འབྲེལ་པར་མ་གྲུབ་ན་དོན་གྱི་སྒྲུབ་བྱེད་མ་ཡིན་ཏེ། བློའི་ཆོས་དང་འགལ་བ་རྣམས་ནི་དོན་དང་འབྲེལ་པ་མེད་པའི་ཕྱིར་རོ། །ཞེ་ན། བློའི་ཆོས་ཡིན་ན་དོན་ལ་སླུ་བས་མ་ཁྱབ་སྟེ། བརྟགས་པ་བློ་ཆོས་དེ་མཐོང་བ་དོན་ཆོས་ལ་འཇུག་པ་གཞན་སེལ་ཕྱིན་ཅི་མ་ལོག་པ་དང༌། དེ་དེར་མི་འཇུག་པ་ཕྱིན་ཅི་ལོག་སྟེ། རྣམ་པ་གཉིས་ལས། འཇུག་པས་འཇུག་ཡུལ་ཐོབ་པ་ན་སེལ་ངོར་ཆོས་ཐ་དད་པ་གཉིས་འབྲེལ་པ་ཉིད་དུ་བཞག་པར་རུང་ལ། ཅིག་ཤོས་ལ་རུང་བ་མ་ཡིན་པའི་ཕྱིར། དཔེར་ན་ནོར་བུའི་འོད་ལ་ནོར་བུར་དང༌། སྒྲོན་མའི་འོད་ལ་ནོར་བུར་ཞེན་པའི་བློ་བཞིན་ནོ། །གཉིས་པ་ནི། མེ་ཕན་བྱེད་དུ་མེད་ན་མི་འབྱུང་བ་དེ། དུ་བ་ལ་རྫས་གཅིག་ཏུ་མེད་ན་དུ་བ་དེ་ནི་རྒྱུ་མེད་དུ་འགྱུར་ལ། ཡོད་ན་དེ་ཉིད་དངོས་པོ་ཡི་འབྲེལ་པ་ཉིད་དུ་འགྱུར་རོ། །ཞེ་ན། དོན་རྫས་ཀྱི་དུ་བ་དེ། རྒྱུ་མེ་མེད་ན་མི་འབྱུང་བ་ཙམ་གནས་ཚུལ་ལ་ཡོད་མེད་ཀྱང༌། དེ་ཙམ་གྱིས་དེ་བྱུང་གི་འབྲེལ་པ་དོན་ལ་ཡོད་པར་མི་འགྲུབ་སྟེ། སྔ་ཕྱི་བཟུང་ནས་སྦྲེལ་བ་ནི་རྟོག་པ་མིན་པས་སྦྲེལ་མི་ནུས་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། རྫས་ཀྱི་བྱས་དང་མི་རྟག་པ། །ཐ་དད་གྱུར་པ་གཏན་མེད་ལ། །རྟོག་པས་སོ་སོར་བརྟགས་པ་དང༌། །མེ་དང་དུ་བ་གཅིག་ཡོད་པའི། །དུས་སུ་ཅིག་ཤོས་མེད་པ་ལ། །རྟོག་པས་དུས་གཅིག་ཉིད་བཟུང་བ། །གཉིས་ཀ་དོན་དང་མི་མཐུན་ཕྱིར། །འབྲེལ་པ་གཉིས་པོ་དོན་ལ་མེད། །དེ་ལྟ་ན་ཡང་རྫས་གཅིག་གི །ལྡོག་པ་གཉིས་དང་རྒྱུ་འབྲས་ཀྱི། །ཆོས་གཉིས་རྗེས་སུ་འགྲོ་བ་དང༌། །ལྡོག་པ་ངེས་ཕྱིར་སླུ་བ་མེད། །དངོས་པོ་གཅིག་དང་ཐ་དད་དུ། །གནས་པ་དག་ལ་བརྟགས་པ་ཡི། །འབྲེལ་པ་དག་ལ་རྗེས་འགྲོ་དང༌། །ལྡོག་པ་ངེས་པའི་ཚད་མ་ཡོད། །དོན་ལ་དངོས་པོ་གཅིག་མིན་པའི། །གཞན་སེལ་འགའ་ཞིག་གཅིག་ཉིད་དུ། །རྟོག་པས་བཟུང་བ་ལས་ལྷག་པའི། །རྗེས་སུ་འགྲོ་ལྡོག་ངེས་པ་མེད། །དེ་ཕྱིར་དངོས་དང་ལྡོག་པ་ལ། །རྗེས་སུ་འགྲོ་ལྡོག་ངེས་ཡོད་པ། །འབྲེལ་པ་དངོས་དང་དེ་མེད་པ། །དེ་དག་སྒྲོ་བཏགས་ཉིད་དུ་བཤད། །ཅེས་སྦྱར་བ་ཡིན་ནོ། །གསུམ་པ་འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་ལ་གསུམ་སྟེ། མཚན་ཉིད་སྒྲུབ་པ། མཚན་གཞི་ངོས་བཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བདག་གཅིག་འབྲེལ་བའི་མཚན་ཉིད་སྒྲུབ་པ་དང༌། དེ་བྱུང་འབྲེལ་པའི་མཚན་ཉིད་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཐ་སྙད་སྒྲུབ་ཀྱི་དང༌། དོན་སྒྲུབ་ཀྱི་འབྲེལ་པའི་མཚན་ཉིད་སྒྲུབ་པའོ། །དང་པོ་ནི། མཚན་ཉིད་དང་མཚོན་བྱ་ཡི་འབྲེལ་པ་ཡང༌། རྟོག་པ་འཁྲུལ་པས་དངོས་པོ་གཅིག་ཉིད་དུ་བཏགས་པས་འགྲུབ་ཀྱི། དེ་ལས་གཞན་དུ་མཚན་མཚོན་གཉིས་དོན་ལ་བདག་གཅིག་ཏུ་ཡོད་པ་མིན་ཏེ། མཚོན་བྱ་ནི་སྒྲོ་བཏགས་ཡིན་པས་དོན་ལ་མི་གནས་པའི་ཕྱིར་རོ། །སྤྱི་ཤིང་ཙམ་དང༌། བྱེ་བྲག་སེལ་ངོའི་ཤ་པ་སོགས་ཀྱི་འབྲེལ་པ་ཡང་འཁྲུལ་པས་དངོས་པོ་གཅིག་ཉིད་དུ་བཏགས་པས་འགྲུབ་ཀྱི། དོན་ལ་སྤྱི་བྱེ་བྲག་ངོ་བོ་གཅིག་ཏུ་ཡོད་པ་མིན་ཏེ། སྤྱི་བསལ་རྫས་གཅིག་སྲིད་པ་གོང་དུ་བཀག་ཟིན་པའི་ཕྱིར། མདོར་ན་གཅིག་དང་ཐ་དད་མཚན་ཉིད་པ་ནི་དངོས་པོའི་སྟེང་ནས་འཇོག་དགོས་པ་ཡིན་གྱི། སེལ་ངོའི་གཅིག་དང་ཐ་དད་ཀྱིས་སེལ་ངོའི་རྣམ་གཞག་ལ་གོ་ཆོད་ཀྱང༌། སྤྱིར་མ་ཡིན་ཏེ། སྤྱིར་རྫས་ལ་དེ་དང་དེ་ཡིན་པས་ཡིན་པའི་གོ་ཆོད་ལ། ལྡོག་པ་ལ་ཡིན་པས་ཡིན་པའི་གོ་མི་ཆོད་པའི་ཕྱིར་རོ། །དེས་ན་གཞུང་འདིར། མཚན་མཚོན་དང་སྤྱི་བྱེ་བྲག་ངོ་བོ་མི་གཅིག་པར་བཤད་པ་ཡིན་ལ། འོག་ནས། མཚན་མཚོན་གྲངས་མཉམ་ངོ་བོ་གཅིག །ཅེས་བཤད་པ་ནི་སེལ་ངོ་ལ་དགོངས་པའོ། །གཉིས་པ་དོན་སྒྲུབ་ལ་གསུམ་སྟེ། རྟགས་དགོད། སྦྱོར་བའི་དོན་གསུམ་ངོས་བཟུང༌། དེ་ལ་མ་ངེས་པ་སྤང་བའོ། །དང་པོ་ནི། གང་ཡོད་པ་དེ་ཡིན་ན་འཇིག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་ཡོད་དོ་ཞེས་པ་ནི་རང་བཞིན་གྱི་རྟགས་སོ། །འདིར་ཡོད་པ་ཞེས་བྱ་བའི་སྒྲ་འཇུག་པ་ནི། གཉིས་ཏེ། ཡོད་པ་ཙམ་དང༌། ཡོད་པ་ཉིད་དོ། །དང་པོ་ནི། སེལ་ངོར་ཡོད་པ་ལ་བྱ་ལ། དེ་ལ་ཡོད་པས་མ་ཁྱབ་སྟེ། གང་ཟག་གི་བདག་བཞིན་ནོ། །འཇིག་པ་ལའང་གཉིས་ཏེ། རགས་པའི་འཇིག་པ་ཞེས་པ་ཕྱི་ནང་གི་མུ་སྟེགས་དང་ཐུན་མོང་བ་དང༌། ཕྲ་བའི་མི་རྟག་པ་ཞེས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་མཛད་དོ། །འོ་ན་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དུ་ཁས་མི་ལེན་པའམ། ལེན་ན་ཤེས་བྱ་ཐམས་ཅད་མི་རྟག་པར་ཐལ་ལོ་ཞེ་ན། དེ་དེའི་མཚན་ཉིད་དུ་ཁས་ལེན་མོད། ལྡོག་པའི་ཆོས་རྣམས་ཚད་མས་དམིགས་པར་བཤད་པ་དེ་ཡང༌། སེལ་ངོར་དམིགས་པ་ལ་བསམ་པ་ཡིན་གྱི། སྤྱིར་ཚད་མས་དམིགས་པ་གོ་ཆོད་པོ་མ་ཡིན་ཏེ། ཀུན་མཁྱེན་ཡེ་ཤེས་ཀྱིས་མ་བཟུང་བའི་ཕྱིར་རོ། །འོ་ན་ཇི་སྐད་དུ། མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །ཞེས་བཤད་པ་མ་ཡིན་ནམ། ཞེ་ན། དེ་ཡང༌། སེལ་ངོར་མེད་པ་མ་ཡིན་པ་ལ་བསམས་པ་ཡིན་ཏེ། གཙོ་བོའི་སྒྲ་དོན་སེལ་ངོར་ཡོད་པ་དང༌། སྣང་ངོར་མེད་དོ་ཞེས་སྒྲུབ་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་ལ། འཆད་དུས་ཀྱི་དབང་དུ་བྱས་ན། སོང་ཚོད་ནི་སྒྲ་བྱས་མི་རྟག་པ་གསུམ་གྱི་གཞན་སེལ་ལོ། །རློམ་ཚོད་ནི་དེ་གསུམ་རང་མཚན་ནོ། །འཇུག་པའི་ཚེ་ནི། གཞན་སེལ་དང་རང་མཚན་སོ་སོར་མ་ཕྱེ་བར། བྱས་ཡོད་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཞེས་ཁས་བླང་ངོ༌། །འདིར་ཡོད་པ་རྟགས་སུ་བཀོད་པ་ནི། རྒོལ་བ་རིག་བྱེད་པའི་ངོར། རིག་བྱེད་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་དབང་དུ་བྱས་པ་ཡིན་ཏེ། དེས་དེ་དངོས་པོར་ཚད་མས་གྲུབ་ཅིང༌། བྱས་པར་མ་གྲུབ་པའི་ཕྱིར་རོ། །འོ་ན། འདིར་མི་རྟག་པའི་དོན། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་གནས་པ་ལ་བྱེད་ན། དགག་པའི་གཏན་ཚིགས་སུ་འགྱུར་བ་མ་ཡིན་ནམ། འདི་སྒྲུབ་པའི་གཏན་ཚིགས་ཡིན་ན་ནི། རྟག་པར་སྒྲུབ་པ་དགག་པའི་གཏན་ཚིགས་སུ་འགྱུར་ཏེ། རྟག་མི་རྟག་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པས་སོ། །སྙམ་ན། ཉེས་པ་དེ་མི་འཇུག་སྟེ། མི་འཇིག་པ་བཀག་པས་ཁྱད་པར་དུ་བྱས་པའི་དངོས་པོ་སྒྲུབ་བྱའི་ཆོས་སུ་མ་བཟུང་ན། འདིའི་རྟགས་ཆོས་གཉིས་ངོ་བོ་གཅིག་ཏུ་མི་འགྲུབ་པའི་ཕྱིར་རོ། །གསུམ་པ་མ་ངེས་པ་སྤང་བ་ལ་གཉིས་ཏེ། ལྟོས་མེད་ཀྱི་རྟགས་ཀྱིས་རྗེས་འགྲོ་སྒྲུབ་པ་དང༌། གནོད་པ་ཅན་གྱི་རྟགས་ཀྱིས་ལྡོག་པ་སྒྲུབ་པའོ། །དང་པོ་ནི། སྐྱེས་པ་སྟེ་བྱས་པ་དང་ཡོད་པ་དེ་ལ་ཆོས་ཅན། རང་གི་ངོ་བོ་ཁོ་ན་འཇིག་པ་ཡིན་ཏེ། འཇིག་བྱེད་གཞན་མི་དགོས་པའི་དངོས་པོ་ཡིན་པའི་ཕྱིར། རྟགས་དེའི་སྐྱོན་བསལ་བ་ལ་གསུམ་ལས། མ་གྲུབ་པ་སྤང་བ་ནི། བུམ་སོགས་འཇིག་པ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་ལྟོས་མེད་འདི་ནི་མ་གྲུབ་བོ་ལོ། །འོ་ན། བུམ་པ་ཞིག་པ་དེ་རྒྱུ་གཞན་ལ་ལྟོས་པར་འདོད་པ་ཡིན་ནམ། འཇིག་པ་དེ་རྒྱུ་གཞན་ལ་ལྟོས་པར་འདོད་པ་ཡིན། གང་ཁས་ལེན་ཀྱང་འདྲ་སྟེ། འཇིག་པར་བྱ་རྒྱུའི་དངོས་པོ་དང༌། ཞིག་པ་དངོས་མེད་གཉིས་ཀ་ལ་འཇིག་པ་ཞེས་པའི་སྒྲ་དོན་འཇུག་མོད་ཀྱི། གཉིས་ཀ་ལ་ཡང་རྒྱུ་གཞན་མི་དགོས་ཏེ། བུམ་པའི་འཇིག་པ་ཞེས་པ་ཞིག་པ་ལ་ཟེར་ན། དངོས་མེད་ཡིན་པས་རྒྱུ་གཏན་ནས་མི་དགོས་ལ། དངོས་པོར་གྲུབ་ཟིན་པ་ཞིག་ལ་ཟེར་ན། རང་གྲུབ་ཟིན་པས་སྐྱེད་བྱེད་ཀྱི་རྒྱུ་ཅི་ཞིག་དགོས་ཏེ། སྐྱེས་ཟིན་སླར་ཡང་སྐྱེ་ན་བདག་ལས་སྐྱེ་བར་ཐལ་བའི་ཕྱིར་དང༌། བུམ་པ་ལས་གཞན་དུ་གྱུར་པའི་དངོས་པོ་གྱོ་མོར་སོང་བ་ལྟ་བུ་དེ། རྒྱུ་ཐོ་བས་བྱས་པས་བུམ་པ་དེ་འཇིག་པ་ནི་མ་ཡིན་པའི་ཕྱིར། དེས་ན་དངོས་པོ་རྣམས་ཀྱི་འཇིག་པ་ལ་ནི། རང་སྐྱེད་བྱེད་ཀྱི་རྒྱུ་ལས་མ་གཏོགས་པའི་འཇིག་པ་སྐྱེད་བྱེད་ཀྱི་རྒྱུ་གཞན་མེད་པར་གྲུབ་བོ། །རྟགས་སྔ་མ་སྒྲུབ་པ་ནི། འཇིག་པ་དངོས་མེད་ཀྱི་མིང་ཅན་ཞིག་ཟིན་པ་དེ་རྒྱུས་བྱེད་དོ། །ཞེས་སྨྲ་ན། ལྟོས་མེད་ཤུགས་ལ་གྲུབ་སྟེ། དངོས་མེད་རྒྱུ་ཡིས་བྱེད་པ་དང༌། །རྒྱུ་ཡིས་ཅི་ཡང་མི་བྱེད་པ་དོན་མཚུངས་པའི་ཕྱིར། དཔེར་ན། མེད་པ་ལ་བལྟ་བ་དང༌། བལྟ་རྒྱུ་མེད་པ་དོན་གཅིག་པ་བཞིན་ནོ། །གཉིས་པ་མ་ངེས་པ་སྤང་བ་ནི། གལ་ཏེ་མྱུ་གུའི་རྒྱུ་ཚོགས་པ་གྲངས་ཚང་ཡང༌། དེ་ཚང་བའི་གཞིར་མྱུ་གུ་སྐྱེད་པར་མ་ངེས་པ་བཞིན་དུ། འཇིག་པ་རྒྱུ་གཞན་ལ་ལྟོས་མེད་ཀྱི་དངོས་པོ་ཡིན་པའི་རྟགས་ཀྱིས། བུམ་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་སྒྲུབ་པ་འདི་ཡང་ཁྱབ་པ་མ་ངེས་སོ་ལོ། །དཔེ་དེ་དང་ཆོས་མཚུངས་པའི་རྒྱུ་མཚན་གྱིས། ལྟོས་མེད་ཀྱི་རྟགས་ཀྱི་ཁྱབ་པ་མ་ངེས་པ་མ་ཡིན་ཏེ། མྱུ་གུའི་རྒྱུ་ཚོགས་པ་དེ་དག་གོང་ནས་གོང་དུ་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །བྱས་པའང་འཇིག་པ་དུས་ལ་ལྟོས་སོ་ཞེ་ན། དུས་ལ་ལྟོས་ན། བྱས་པ་དེ་རང་འཇིག་པའི་དུས་མ་བྱུང་གི་བར་དུ་འགྱུར་རམ་མི་འགྱུར། འགྱུར་ན་འཇིག་པ་དེ་རྒྱུ་གཞན་ལ་ལྟོས་མེད་དུ་གྲུབ་ལ། མི་འགྱུར་ན་ཕྱིས་ཀྱང་སྔར་བཞིན་འཇིག་མེད་དུ་གནས་པར་ཐལ། སྔར་རྟག་ན་ཕྱིས་ཀྱང་རྟག་དགོས་པའི་ཕྱིར། གལ་ཏེ། མྱུ་གུའི་རྒྱུ་ཚོགས་པའང་འགྱུར་མེད་གཅིག་ཡིན་པས་ཚོགས་པ་འགྱུར་བ་ལ་ལྟོས་པའི་གཏན་ཚིགས་འདི་ནི་མ་གྲུབ་ལོ། །འོ་ན་མྱུ་གུའི་རྒྱུ་ཚོགས་པས་ཕྱི་ནས་མྱུ་གུ་སྐྱེད་པ་ལྟར་དང་པོར་ཡང་སྐྱེད་པར་འགྱུར་ཏེ། ཚོགས་པ་དེ་འགྱུར་མེད་གཅིག་ཡིན་པའི་ཕྱིར། གཅིག་ཉིད་ན་ཡང་དང་པོ་གགས་ཡོད་པའི་ཕྱིར་མྱུ་གུ་སྐྱེད་པར་མི་ནུས་སོ་ཞེ་ན། ཚོགས་པ་དེ་ཆོས་ཅན། འགྱུར་མེད་གཅིག་ཏུ་འདོད་ཀྱང་གཉིས་སུ་ཐལ་བར་འགྱུར་ཏེ། གགས་ཅན་དང་གགས་མེད་ཀྱི་སྔ་ཕྱི་ཐ་དད་པའི་ཆ་ཤས་ཡོད་པའི་ཕྱིར། ཡང་རྒོལ་བ་ན་རེ། ནས་ཀྱི་རྒྱུ་ཚོགས་པས་སཱ་ལུའི་མྱུ་གུ་སྐྱེད་པ་རྒྱུ་གཞན་ལ་ལྟོས་པ་མེད་ཀྱང༌། སཱ་ལུའི་མྱུ་གུ་མི་སྐྱེད་པས། ལྟོས་མེད་ཀྱི་གཏན་ཚིགས་འདི་ནི་མ་ངེས་སོ་ལོ། །ནས་ཀྱི་རྒྱུ་ཚོགས་ཆོས་ཅན། སཱ་ལུའི་མྱུ་གུ་སྐྱེད་པ་རྒྱུ་གཞན་ལ་ལྟོས་མེད་ཡིན་པའི་རྟགས་མ་གྲུབ་སྟེ། དེ་སྐྱེད་པ་སཱ་ལུའི་ས་བོན་ལ་ལྟོས་པའི་ཕྱིར། འོ་ན་བྱས་ཡོད་ཀྱང་འཇིག་པའི་རྒྱུ་གཞན་ལ་ལྟོས་ཏེ། སྐད་ཅིག་རེ་རེ་ལ་འཇིག་པ་ནི་མ་ཡིན་པའི་ཕྱིར་ཞེ་ན། མྱུ་གུ་རང་གི་རྒྱུ་ལ་ལྟོས་པ་དང༌། འཇིག་པ་རྒྱུ་གཞན་ལ་ལྟོས་པ་གཉིས་མི་མཚུངས་ཏེ། མྱུ་གུ་ནི་རང་རང་གི་སྐྱེད་བྱེད་ཀྱི་རྒྱུ་ལ་ལྟོས་ཤིང༌། དངོས་པོ་རྣམས་འཇིག་པ་ནི་སྐྱེད་བྱེད་ཀྱི་རྒྱུ་ལས་གཞན་དུ་གྱུར་པའི་འཇིག་བྱེད་ཀྱི་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །གལ་ཏེ། ཐོ་བ་དེ་བུམ་པ་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་ཀྱང༌། འཇིག་བྱེད་ཀྱི་རྒྱུར་འདོད་དགོས་ཏེ། བུམ་པ་ཞིག་པ་ནི་ཐོ་སོགས་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེ་ན། འཇིག་པའི་སྒྲས་བརྗོད་པའི་ཞིག་པ་དེ་ཆོས་ཅན། ཁྱོད་ལ་འཇིག་བྱེད་དམ། ཞིག་བྱེད་ཀྱི་རྒྱུ་གཞན་མི་དགོས་ཏེ། དངོས་མེད་ཡིན་པས་རྒྱུ་མི་དགོས་པ་དེས་ནའོ། །འདིར་དོགས་པ་འདི་ལྟ་བུ་ཞིག་བཅད་དགོས་ཏེ། དངོས་པོ་རྣམས་སྐད་ཅིག་གཅིག་ཏུ་གནས་སོ་ཞེས་ཐམས་ཅད་མཐུན་པར་སྨྲ་བ་དེ་ལ་དྲི་བ་ནི། དངོས་པོ་རྣམས་སྐད་ཅིག་དང་པོར་སྐྱེ། །གཉིས་པར་གནས། གསུམ་པར་འཇིག་པ་ཡིན་ནམ། སྐྱེ་འཇིག་གནས་གསུམ་ཅིག་ཆར་དུ་ཡོད་པ་ཡིན། དང་པོ་ལྟར་ན། དེ་སྐྱེད་བྱེད་ཀྱི་ནུས་པ་ཐོགས་མེད་དེ་གནས་པ་དང་འཇིག་པའི་ཡང་རྒྱུ་ནུས་པ་ཐོགས་མེད་དུ་འདོད་དམ་མི་འདོད། འདོད་ན། བུམ་པའི་སྐྱེ་འཇིག་གནས་གསུམ་ཅིག་ཆར་དུ་གྲུབ་པར་ཁས་བླངས་པས་དམ་བཅའ་སྔ་མ་ཉམས་སོ། །གཉིས་པ་ལྟར་ན། དེའི་སྐྱེད་བྱེད་ཀྱི་རྒྱུ་ནུས་པ་ཐོགས་མེད་མ་ཡིན་པའི་གནས་པ་དང་འཇིག་པའི་རྒྱུ་ནུས་པ་ཐོགས་མེད་ཅིག་ཡོད་དམ་མེད། ཡོད་ན། བུམ་པ་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པའི་འཇིག་བྱེད་ཀྱི་རྒྱུ་ཁས་བླངས་པས་འཇིག་རྒྱུ་དོན་གཞན་ལ་ལྟོས་པར་ཐལ་ལོ། །གཉིས་པ་ལྟར་ན། དེ་ཉིད་དེའི་དངོས་རྒྱུར་འདོད་པའམ། གནས་འཇིག་གཉིས་ལ་དངོས་རྒྱུ་མེད་པར་འདོད། དང་པོ་ལྟར་ན། རྩ་བའི་དམ་བཅའ་ཉམས་ཏེ། སྐྱེ་འཇིག་གནས་གསུམ་དངོས་རྒྱུ་གཅིག་ལས་སྐྱེ་བའི་ཕྱིར། གཉིས་པ་ལྟར་ན། གནས་འཇིག་གཉིས་འབྲས་བུ་མ་ཡིན་པར་འགྱུར་ཏེ། དངོས་ཀྱི་རྒྱུ་མེད་པའི་ཕྱིར། རྩ་བའི་བརྟག་པ་གཉིས་པ་ལྟར་ན། བུམ་པ་ཆོས་ཅན། གནས་བཞིན་པ་མ་ཡིན་པར་འགྱུར་ཏེ། འཇིག་བཞིན་པ་ཡིན་པའི་ཕྱིར། དེ་བཞིན་དུ་སྐྱེ་བཞིན་པ་སོགས་གསུམ་པོ་ཕན་ཚུན་འགལ་བ་ལ་མི་འཁྲུལ་བར་འགྱུར་རོ། །ཞེས་བརྒལ་ཞིང་རྟོག་པ་དག་བྱུང་ན་ལན་གང་ཡིན་ཞེའོ། །འདིའི་ལན་ལ་གཉིས་ཏེ། དངོས་པོར་སྨྲ་བ་དང་མཐུན་པའི་དང༌། རང་སྟོང་སྨྲ་བ་དང་མཐུན་པའི་ལན་ནོ། །དང་པོ་ནི། དངོས་པོ་རྣམས་དུས་ཀྱི་ཐུང་བའི་སྐད་ཅིག་མ་གཅིག་ཏུ་གནས་པར་ཁས་ལེན་ཏེ། སྐྱེས་ལ་མ་འགགས་པའི་དངོས་པོ་ཞིག་ཁས་ལེན་པའི་ཕྱིར་ཏེ། ཇི་སྐད་དུ། དུས་གསུམ་ཅིག་ཆར་མི་སྐྱེ་བས། །ད་ལྟའི་སྐད་ཅིག་ཆ་མེད་ཡིན། །ཞེས་པ་ལྟར་རོ། །གནས་བཞིན་པ་དེ་ཉིད་འཇིག་བཞིན་པ་ཡིན་ཏེ། གནས་པའི་སྐད་ཅིག་གཉིས་པར་ཞིག་ཟིན་ལ། འཇིག་བཞིན་པ་མེད་པར་ཞིག་པ་མི་འབྱུང་བའི་ཕྱིར། དེ་ཉིད་སྐྱེ་བཞིན་པ་ཡང་ཡིན་ཏེ། འདུ་བྱེད་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ། གནས་པའི་དུས་དེར་འཇིག་བཞིན་པ་མ་ཡིན་ན་རྟག་པར་འགྱུར་ཏེ། སྐད་ཅིག་མ་གཅིག་ཏུ་གནས་ན་རྟག་ཏུ་གནས་དགོས་པའི་ཕྱིར། སྐྱེས་ཟིན་པ་དང༌། སྐྱེ་བཞིན་པ་མི་འགལ་ཏེ། འབར་བཞིན་པ་དང༌། འབར་ཟིན་པ་མི་འགལ་བ་བཞིན་ནོ། །གཉིས་པ་ལ། ཀུན་རྫོབ་ཀྱི་དང༌། དོན་དམ་པའི་རྣམ་གཞག་གོ །དང་པོ་ནི། དངོས་པོ་རྣམས་ལ་སྐྱེད་བྱེད་ཀྱི་རྒྱུ་ལས་གཞན་པའི་འཇིག་རྒྱུ་ཁས་ལེན་ཏེ། དངོས་པོ་རྣམས་དང་པོར་སྐྱེས། བར་དུ་གནས། ཐ་མར་འཇིག་ཅེས་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་ནི། སྐད་ཅིག་ཏུ་གནས་པ་ལྟ་ཞོག དུས་མཐའི་སྐད་ཅིག་མ་ཉིད་ཀྱང་ཁས་མི་ལེན་ཏེ། ཇི་སྐད་དུ། ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་བྱས་ན། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །དེ་ལྟར་ན། ལུགས་གཉིས་པོ་འདིས་ཐ་སྙད་ཀྱི་བདེན་པ་རིགས་པས་བཅད་མ་བཅད་ཀྱི་སྒོ་ནས་འཇོག་པ་དེའི་ཕྱིར། མི་རྟག་པའི་དོན་ཡང་མ་ཡིན་པར་དགག་པ་དང༌། མེད་པར་དགག་པའི་ཆ་ནས་བཤད་དོ། །གསུམ་པ་ཧ་ཅང་ཐལ་བ་སྤང་བ་ནི། དངོས་པོ་རྣམས་ལ་འཇིག་རྒྱུ་དོན་གཞན་ཁས་མི་ལེན་པའི་ལུགས་འདིར་ཆོས་ཅན། བུམ་པའི་འཇིག་པ་སྐྱེད་བྱེད་ཀྱི་རྒྱུ་གཞན་མེད་ན། བུམ་པ་མི་འཇིག་པར་ཐལ་བའི་རྒྱུ་མཚན་གྱིས། དངོས་འགལ་རྫས་གཅིག་ཏུ་འགྱུར་བའི་ཐལ་བས་མི་གནོད་དེ། བུམ་པ་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་འཇིག་བྱེད་ཀྱི་རྒྱུར་འདོད་པའི་ཕྱིར། བུམ་པའི་ཞིག་པ་བུམ་པ་དང་རྫས་དེ་ཉིད་དང་གཞན་དུ་བརྟགས་པའི་ཐལ་བས་མི་གནོད་དེ། ཞིག་པ་རྫས་སུ་མེད་པའི་ཕྱིར་རོ། །དངོས་པོ་ལ་ཐོགས་བཅས་ཐོགས་མེད་གཉིས་ཁས་ལེན་པ་ལྟར། རྟག་མི་རྟག་གཉིས་ཁས་ལེན་དགོས་པས་མཚུངས་པའི་ཐལ་བས་མི་གནོད་དེ། ཅིག་ཤོས་ཀྱི་རྒྱུ་ཡོད་ལ། རྟག་དངོས་སུ་སྐྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །སྐབས་འདིར། ཞིག་པ་དངོས་མེད་ཡིན་ཀྱང༌། རྟག་པར་མི་འཆད་པ་དང༌། རྟག་མི་རྟག་གི་དཔྱད་པ་དངོས་པོ་ཁོ་ན་ལ་འཇུག་པ་དང༌། ཡང༌། དངོས་པོ་ལ་མི་རྟག་པས་ཁྱབ་པ་གཞུང་འདི་རང་དུ་གསུངས་པ་རྣམས་མི་འགལ་བ་ཅི་ཞེ་ན། རྟག་པའི་ངོས་འཛིན་མི་འདྲ་བ་གཉིས་ཏེ། རྟག་དངོས་ལ་འཆད་པ་གང་ཟག་འཇིག་རྟེན་པ་དང༌། མུ་སྟེགས་པ་དང༌། རང་སྡེ་ཉན་ཐོས་རྣམས་སོ། །མི་རྟག་པ་བཀག་ཙམ་གྱི་སེལ་ངོའི་ལྡོག་པ་གཞན་སེལ་ལ་འཆད་པ་ནི་རྣམ་འགྲེལ་མཛད་པའི་རིང་ལུགས་སོ། །དེ་ལྟར་ལུགས་སོ་སོའི་དབང་དུ་བྱས་ནས་མི་མཐུན་པ་གཉིས་བཤད་པ་ཡིན་ཏེ། གཞན་སྡེའི་རྟག་པ་འགོག་པའི་ཚེ། དགག་བྱ་རྟག་དངོས་ཀྱི་དབང་དུ་བྱས་ནས་འགོག་ལ། རང་འདོད་པའི་རྟག་པ་ཞིག་སྒྲུབ་དགོས་བྱུང་བ་དེའི་ཚེ་གཞན་སེལ་གྱི་དབང་དུ་བྱས་ནས་སྒྲུབ་པའི་ཕྱིར་རོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ལ་གཉིས་ལས། ཕྱོགས་སྔ་མ་ནི། དབང་ཕྱུག་པ་ན་རེ། དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་མི་མཐུན་པའི་ཕྱོགས་ལ་ཞུགས་པ་ཡིན་ཏེ། བྱ་རོག་དཀར་པོ་སྲིད་པ་ལྟར་དབང་ཕྱུག་ལྟ་བུ་དངོས་པོ་དང་རྟག་པའི་གཞི་མཐུན་མི་འགལ་བས་སོ། །ཞེས་ཟེར། དེ་དགག་པ་ལ་གསུམ་སྟེ། བརྟགས་ན་མི་འཐད་པ་དང༌། རྟག་པ་དངོས་མེད་དུ་རྟགས་ཀྱིས་སྒྲུབ་པ་དང༌། རྟགས་རིགས་ངོས་བཟུང་ནས་རྟགས་དེའི་དགོས་པ་བཤད་པའོ། །དང་པོ་ནི། རྟག་དངོས་ཀྱི་གཞི་མཐུན་དེས་དོན་བྱེད་ནུས་སམ་མི་ནུས། མི་ནུས་ན། དེ་ཆོས་ཅན། ཡོད་པ་ཉིད་མ་ཡིན་པར་དོན་ལ་མཐུན་ཏེ། དངོས་མེད་ཡིན་པའི་ཕྱིར། ནུས་ན་དེ་འགྱུར་རམ་མི་འགྱུར། འགྱུར་ན། དེ་ཆོས་ཅན། རྟགས་པ་ཡིན་པ་ཉམས་པར་ཐལ། དོན་བྱེད་མི་ནུས་པའི་གནས་སྐབས་ལས་གཞན་དུ་འགྱུར་བའི་ཕྱིར། མི་འགྱུར་ན། དོན་བྱེད་པར་འགལ་ཏེ། འགྱུར་བ་མེད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྟགས་དགོད་པ། སྦྱོར་བའི་དོན་གསུམ་ངོས་བཟུང་བ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གང་དང་གང་དོན་བྱེད་ནུས་པ་མ་ཡིན་པ་དེ་ལ་དངོས་པོར་མེད་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་རྟག་པའང་དོན་བྱེད་པས་སྟོང་ངོ༌། །ཞེས་པ་ནི་གནོད་པ་ཅན་གྱི་གཏན་ཚིགས་སོ། །དེ་ཡང༌། རྟགས་མི་མཐུན་ཕྱོགས་ལ་ཡོད་པ་ལ་གནོད་བྱེད་ཀྱི་གཏན་ཚིགས་ཡིན་པས་ན་དེ་ཞེས་བྱའོ། །འོ་ན་བྱས་པ་དེ་རྟག་པ་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་མི་འཆད་པ་ཅི་ཞེ་ན། རགས་པའི་དབང་དུ་བྱས་ན། བྱས་པ་དང་རྟག་པའི་གཞི་མཐུན་འདོད་པ་ནི་རང་གཞན་གྱི་སྡེ་པ་ཁུངས་ཐུབ་དག་ལ་ཡོད་པ་མ་ཡིན་ཏེ། བྱས་པའི་མཚན་ཉིད་སྐྱེ་འཇིག་གནས་པ་གསུམ་ལ་འཆད་པར་ཀུན་མཐུན་པའི་ཕྱིར། ཞིབ་མོར་ན། མི་རྟག་པའི་འཇོག་མཚམས་ལ་གཉིས་ཏེ། རགས་པའི་དང༌། ཕྲ་བའི་འོ། །དང་པོའི་ལོག་ཕྱོགས་དང་བྱས་པའི་གཞི་མཐུན་ཁས་ལེན་པ་ནི། རང་གཞན་གྱི་སྡེ་པ་ཁུངས་ཐུབ་དག་ལ་མེད་ཀྱང༌། གཉིས་པའི་ལོག་ཕྱོགས་དང་བྱས་པའི་གཞི་མཐུན་ཁས་ལེན་པ་ནི་སྡེ་པ་གཉིས་ཀ་ལ་མེད་པ་ཡིན་ཏེ། ཇི་སྐད་དུ། ཡང་ན་འདིར་ནི་མི་དམིགས་པའི། །རྟགས་ལས་འཇིག་པ་གྲུབ་པ་ཡིན། །ཞེས་བཤད་པ་ལྟར། སྟོང་གསུམ་གྱི་འཇིག་རྟེན་ལྟ་བུ་མཐར་འཇིག་ཀྱང༌། གནས་སྐབས་སུ་མི་འཇིག་པའི་དངོས་པོ་དག་ཡོད་པར་འདོད་པ་ཤིན་ཏུ་མང་བའི་ཕྱིར། དེས་ན་རྟག་པ་ལ་གཉིས་ཏེ། གནས་སྐབས་ཀྱི་དང༌། མཐར་ཐུག་གིའོ། །གཉིས་པ་དེ་བྱས་སྟོང་དུ་སྒྲུབ་མི་དགོས་ཀྱང༌། དང་པོ་དེ་བྱས་སྟོང་དུ་སྒྲུབ་པའི་དབང་དུ་མཛད་ནས། ཇི་སྐད་དུ། གང་ལ་འགྱུར་ཞེས་བྱ་དེ་ལས། །གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཆོས་ཅན་གྱི་དང༌། བསྒྲུབ་བྱའི་ཆོས་ཀྱི་དང༌། གཏན་ཚིགས་ཀྱི་དོན་ནོ། །དང་པོ་ལ། འཆད་ཚེའི་དང༌། འཇུག་ཚེའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། འདིར་སོང་ཚོད་ཀྱི་ཆོས་ཅན་ནི་དབང་ཕྱུག་རྟག་པའི་གཞན་སེལ་ཡིན་ལ། རློམ་ཚོད་ནི་དབང་ཕྱུག་རྟག་པ་རང་མཚན་ནོ། །འཇུག་པའི་ཚེ་ནི་དོན་སྤྱི་ལ་རང་མཚན་དུ་འཁྲུལ་བའི་གཞན་སེལ་ཏེ། མདོར་ན། སྣང་བརྟགས་སོ་སོར་མ་ཕྱེ་བའི་རྟག་པ་ཙམ་མོ། །གཉིས་པ་ནི། སེལ་ངོར་དངོས་པོ་བཀག་པ་ཉིད་ནི་བསྒྲུབ་བྱའི་ཆོས་སོ། །འགྲེལ་པར་མེད་དགག་ཏུ་བཤད་པ་ནི་དོན་སྒྲུབ་ལ་དགོངས་པ་སྟེ། དཔེར་ན། མ་བྱས་པ་དང་མི་འཇིག་པའི་རྟགས་ཀྱིས། རྟག་པ་དངོས་མེད་དུ་བསྒྲུབ་པ་ལྟ་བུའོ། །འདིར་དོན་བྱེད་ནུས་སྟོང་གི་རྟགས་ཀྱིས། རྟག་པ་དངོས་མེད་དུ་བསྒྲུབ་པ་ལ་ནི་བསྒྲུབ་ཆོས་མ་ཡིན་དགག་ཏུ་འཆད་དགོས་པ་ཡིན་ཏེ། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་དབང་དུ་མཛད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། དགག གཞག སྤང་གསུམ་ལས། དང་པོ་ལ་ཡང༌། མངོན་སུམ་གཉིས་ཀྱིས་འགྲུབ་པ་དགག་པ་དང༌། མངོན་སུམ་གཅིག་ཁོ་ནས་འགྲུབ་པ་དགག་པའོ། །དང་པོ་ནི། རྔོག་ལོ་ཙ་བ་ན་རེ། ནོད་པ་ཅན་གྱི་རྟགས་འདིའི་ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་སྟེ། དགག་གཞི་རྟག་པ་འགྱུར་མེད་ལ་རྟོག་པ་དང༌། དགག་བྱ་དོན་བྱེད་ནུས་པར་འགྱུར་བ་ལ་རྟོག་པའི་རྟོག་པ་གཉིས་འཛིན་སྟངས་འགལ་བར་རང་རིག་གིས་མྱོང་བའི་ཤུགས་ལ་ཡུལ་གཉིས་འགལ་བར་གྲུབ་པས་སོ། །ཞེས་ཟེར། འདི་མི་འཐད་དེ། དགག་པ་བྱེད་པ་ལ་དགག་བྱ་འཛིན་པའི་ཚད་མ་ངེས་པར་སྐྱེ་དགོས་པས་མ་ཁྱབ་པའི་ཕྱིར། གཉིས་པ་ནི། གངས་པ་ཤེའུ་ན་རེ། རྟག་པ་འགྱུར་མེད་ལ་རྟོག་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གཅིག་པུས། རྟག་པ་ལ་དོན་བྱེད་པ་ཁེགས་པ་ཡིན་ནོ། །ཞེས་ཟེར། འོ་ན། རྟག་པ་བྱེད་པ་པོར་འཛིན་པའི་ལོག་རྟོག་ཉིད་ཀྱང་མི་སྲིད་པར་འགྱུར་ཏེ། ཕྱོགས་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་རང་ལུགས་ནི། ཕྱོགས་ཆོས་མངོན་སུམ་གྱིས་མི་འགྲུབ་པ་དེས་ན། སྐད་ཅིག་གིས་སྟོང་པ་སྟེ་རྟག་པ་ལ་དོན་བྱེད་པ་འགོག་པའི་རྟགས་ཀྱིས་འགྲུབ་བོ། །ཇི་ལྟར་ཞེ་ན། གང་འགྱུར་མེད་གཅིག་ཡིན་ན། རིམ་དང་ཅིག་ཆར་གྱི་དོན་བྱེད་པ་མེད་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། རྟག་པའང་འགྱུར་བ་མེད་དོ། །ཞེས་པ་ནི་ཁྱབ་བྱེད་མ་དམིགས་པའོ། །འདིའི་ཕྱོགས་ཆོས་ཁས་བླངས་ཀྱིས་གྲུབ་པར་བཤད་ཀྱང༌། དེ་རྐྱང་པས་ཆོག་པ་མ་ཡིན་ཏེ། རང་རྒྱུད་ཀྱི་གཏན་ཚིགས་ཡིན་པས་སོ། །ཁྱབ་པ་ནི། མཐའ་གཞན་འགོག་པའི་རིགས་པས་འགྲུབ་སྟེ། ཇི་སྐད་དུ། སློབ་དཔོན་གྱིས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །དེ་ལ་རིམ་དང་རིམ་མ་ཡིན། །འགལ་ཕྱིར་སྐད་ཅིག་མིན་པ་མེད། །ཅེས་གསུངས་པ་ལྟར་རོ། །བཤད་པ་དེ་དག་ནི། རང་འགྲེལ་དང༌། ཕྱྭ་བསྡུས་ཀྱི་བཞེད་པ་ཐུན་མོང་བ་སོར་བཞག་པ་ཡིན་ལ། རྩ་བའི་དངོས་བསྟན་ལ་བརྟགས་ན། རྟག་པ་དངོས་མེད་དུ་སྒྲུབ་པ་ལ་དོན་བྱེད་ནུས་སྟོང་རྟགས་སུ་བཀོད་ནས། དེ་སྒྲུབ་པ་ལ་རིམ་དང་ཅིག་ཆར་གྱི་དོན་བྱེད་པའི་ནུས་པས་སྟོང་པ་རྟགས་སུ་འགོད་ཅིང༌། རྟགས་དེ་ཡང་རྩོད་གཞིའི་ཆོས་ཅན་ལ་རྟག་པའི་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་གང་ཡོད་པ་དེ་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། དཔེར་ན། བུམ་པས་དག་པའི་ས་ཕྱོགས་དམིགས་བྱེད་ཀྱི་ཚད་མ་དེ་ཉིད་ཀྱིས། དེར་བུམ་པ་ཚད་མས་མ་དམིགས་པར་འགྲུབ་པ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ། རྟག་པའི་གནས་སྐབས་ལ་དོན་བྱེད་ནུས་པ་མི་ཁེགས་པའི་རྩོད་པ་སྤང་བ་དང༌། རྟག་པའི་རང་བཞིན་ལ་དེ་མི་ཁེགས་པའི་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། དབང་ཕྱུག་ལ་སོགས་པ་རང་བཞིན་རྟག་ཀྱང༌། གནས་སྐབས་འགྱུར་བའི་ཕྱིར་དོན་བྱེད་པར་འཐད་དོ། །ཞེ་ན། འོ་ན། རང་བཞིན་དང་གནས་སྐབས་གཉིས་པོ་གཅིག་གམ་ཐ་དད། གཅིག་ན་འགྱུར་མི་འགྱུར་གྱི་ཆོས་གཉིས་འགལ་ལ། ཐ་དད་ཡིན་ན་རྟག་པས་དོན་བྱེད་པར་འགལ་ཏེ། གཉིས་པོ་འབྲེལ་མེད་ཡིན་པའི་ཕྱིར། གཉིས་པ་ནི། རྟག་དངོས་རྣམས་ལ་སྐད་ཅིག་གིས་འཇིག་པ་མེད་ན་ཡང༌། རགས་པའི་འགྱུར་བ་ཡོད་དོ། །ཞེ་ན། དང་པོར་སྐད་ཅིག་གིས་མི་འཇིག་ན། རགས་པའི་འགྱུར་བ་ག་ལ་སྲིད་དེ། མདོ་སྡེའི་རྒྱན་ལས། དང་པོ་མི་འཇིག་མཐར་མི་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། དོན་བྱེད་ནུས་པ་བཀག་པ་ལ། དངོས་པོ་མེད་པས་ཁྱབ་པ་འགྲུབ་སྟེ། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པས། བཟློག་པ་ལ་མཚན་མཚོན་གྱི་འབྲེལ་པ་ངེས་བྱེད་གྲུབ་པའི་ཕྱིར། གཉིས་པ་རྟག་རིགས་ངོས་བཟུང་བ་ལ་གཉིས་ཏེ། རིགས་གང་ཡིན་པ་དང༌། གཉིས་མི་དགོས་པ་སྤང་བའོ། །དང་པོ་ནི། ལྟོས་མེད་ཀྱི་གཏན་ཚིགས་ནི་དོན་སྒྲུབ་ཁོ་ནར་ངེས་ལ། གནོད་པ་ཅན་གྱི་གཏན་ཚིགས་ལ་ནི། དོན་བྱེད་ནུས་སྟོང་གིས་དངོས་ཡོད་འགོག་ན་ཐ་སྙད་འབའ་ཞིག་སྒྲུབ་དང༌། དེས་བྱས་པ་འགོག་པ་དང༌། འགྱུར་མེད་ཀྱིས་བྱས་ཡོད་འགོག་པ་ལྟ་བུ་ནི་དོན་སྒྲུབ་པའོ། །གཉིས་པ་ནི། དངོས་པོ་འགའ་ཞིག་གཏན་མི་འཇིག་པ་དང༌། འཇིག་ཀྱང་རང་གྲུབ་ཙམ་ནས་འཇིག་ངེས་མ་ཡིན་པར་འདོད་པ་སྟེ། ལོག་རྟོག་རྣམ་པ་གཉིས་ཀྱི་གཉེན་པོར་གཏན་ཚིགས་རྣམ་གཉིས་གསུངས་པ་ཡིན་ཏེ། གནོད་པ་ཅན་གྱི་ལམ་སྦྱོང་དུ་ལྟོས་མེད་འཆད་པ་གཞུང་གི་དགོངས་པ་མ་ཡིན་པ་དེས་ནའོ། །དེ་དེའི་ལམ་སྦྱོང་དུ་འཆད་པ་ནི་སློབ་དཔོན་ཆོས་མཆོག་གི་བཞེད་པ་སྟེ། དེ་ཡང༌། སྐྱེད་བྱེད་ལས་གཞན་པའི་འཇིག་བྱེད་ཀྱི་རྒྱུ་བཀག་པས་གནོད་པ་ཅན་གྱི་ཚད་མའི་ལམ་སྦྱོང་བ་ཡིན་ཏེ། ཚད་མ་དེའི་དོན་ངེས་པའི་གེགས་སེལ་བའི་ཕྱིར་རོ། །ཇི་ལྟར་ན། དངོས་པོ་ཐམས་ཅད་འཇིག་རྒྱུ་གཞན་ལ་མི་ལྟོས་པར་བསྒྲུབས་པས། རྟག་པའི་དངོས་པོ་ལ་རིམ་གྱིས་དོན་བྱེད་ནུས་པ་ཁེགས་པས་སོ། །ཞེས་གསུང་བ་ལ། ལོ་ཙྪ་བ་ཆེན་པོས་སྐྱོན་བརྗོད་པ་ནི། གཞུང་དང་འགལ་བ་དང༌། ཚད་མས་མི་འཐད་པའོ། །གཉིས་པ་ལ། མི་དགོས་པ་དང༌། མི་ནུས་པ་དང༌། ཧ་ཅང་ཐལ་བ་གསུམ་གྱི་སྒོ་ནས་བཀག་པ་གཞུང་འདིར་ཡང་ཐད་སོར་བཞག་པའོ། །གཉིས་པ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ལ་གསུམ་ལས། གཞན་ལུགས་དགག་པ་ནི། ལོ་ཙྪ་བ་ཆེན་པོ་ན་རེ། ཚད་མ་ཕྲུགས་ལྔས་རྒྱུ་འབྲས་ཀྱི་འབྲེལ་པ་ངེས་པ་ཡིན་ཏེ། དང་པོ་རྒྱུ་འབྲས་གཉིས་ཀ་མ་དམིགས། དེ་ནས་རྒྱུ་དམིགས། དེ་ནས་འབྲས་བུ་དམིགས། དེ་ནས་རྒྱུ་ལོག དེ་ནས་འབྲས་བུ་ལོག་པ་དང་ལྔའོ། །ཞེས་གསུང༌། འདི་མི་འཐད་དེ། གནས་སྐབས་ཀྱི་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱེད་ན། རྔ་སྒྲ་དང་ཉི་མའི་འོད་ཟེར་ལ་ཡང་ཡོད་པས་ཧ་ཅང་ཐལ་བའི་ཕྱིར་དང༌། རང་བཞིན་གྱི་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱེད་ན་ཕྲུགས་གསུམ་གྱིས་ཆོག་པའི་ཕྱིར། གཉིས་པ་རང་ལུགས་ལ་གསུམ་སྟེ། རྒྱུ་འབྲས་སྤྱིའི་མཚན་ཉིད། དེ་ངེས་པར་བྱེད་པའི་ཚད་མ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། རྒྱུའི་མཚན་ཉིད་ནི་ཕན་འདོགས་བྱེད་དང༌། འབྲས་བུའི་མཚན་ཉིད་ནི་ཕན་འདོགས་པ་ཡིན་ནོ། །རྒྱུ་ལ་གཉིས་ཏེ། ཉེར་ལེན་དང༌། ལྷན་ཅིག་བྱེད་པའི་རྐྱེན་ནོ། །གཉིས་པ་ནི། རྒྱུ་འབྲས་སུ་ངེས་པར་བྱེད་པའི་ཚད་མ་དེའང་ཆོས་ཅན། ཚར་གཅིག་ཁོ་ནར་ངེས་པ་མ་ཡིན་ཏེ། རྗེས་སུ་འགྲོ་ལྡོག་གི་སྒོ་ནས་ཕྲུགས་གསུམ་ཚན་རྣམ་པ་གཉིས་ཡོད་པས་སོ། །གཉིས་པ་གང་ཞེ་ན། རྗེས་འགྲོའི་སྒོ་ནས་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ནི། ཐོག་མར་ས་ཕྱོགས་དག་པར་མེ་དུ་གཉིས་ཀ་སྣང་རུང་མ་དམིགས། དེ་ནས་མེ་དམིགས། དེ་ནས་དུ་བ་དམིགས་པའོ། །དེ་ཁོ་ནས་ཀྱང་མེ་དུ་རྒྱུ་འབྲས་སུ་ངེས་ནུས་ཏེ། དེ་ཙམ་གྱིས་དུ་བ་རྒྱུ་མེད་དང་རྒྱུ་གཞན་ལས་སྐྱེ་བའི་དོགས་པ་ཁེགས་པའི་ཕྱིར། ཡང་ལྡོག་པའི་སྒོ་ནས་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ནི། དང་པོར་དུ་བ་མཐོང༌། དེའི་འོག་ཏུ་མེ་མ་མཐོང༌། །དེ་ནས་དུ་བ་མ་མཐོང་བའོ། །འདི་ཙམ་གྱིས་ཀྱང་དེ་གཉིས་རྒྱུ་འབྲས་སུ་འགྲུབ་སྟེ། གཏན་ཚིགས་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི། འདིར་རྩོད་པ་གསུམ་ལས། སྣང་མི་རུང་གི་རྒྱུ་འབྲས་ལ་མ་ཁྱབ་པའི་རྒྱུ་མཚན་གྱིས། རྒྱུ་འབྲས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མའི་མཚན་ཉིད་བཤད་མ་ཐག་པ་དེ་མི་འགྲུབ་པའི་སྐྱོན་མེད་དེ། བཤད་མ་ཐག་པ་དེ་ནི་སྣང་རུང་གི་དབང་དུ་བྱས་པའི་ཕྱིར། རྩོད་པ་གཉིས་པ་ནི། མཚན་ཉིད་དེས་སྡོང་བུའི་རྣམ་འགྱུར་དང༌། མུན་པ་ལ་ཁྱབ་ཆེས་པས་ཧ་ཅང་ཐལ་ལོ། །ཞེས་པའི་རྩོད་པ་མི་གནོད་དེ། མུན་པ་ནི་སྡོང་བུའི་རྣམ་འགྱུར་དང་རྗེས་སུ་འགྲོ་ལྡོག་བྱེད་པ་མ་ཡིན་གྱི། སྡོང་བུའི་རྣམ་འགྱུར་ལྡོག་པའི་སྣང་བ་དང་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པའི་ཕྱིར། གསུམ་པ་གཞན་དུ་འཁྲུལ་བ་སྤང་བ་ལ་གཉིས་ཏེ། རྒྱུ་མིན་ལས་མི་སྐྱེ་བ་དང༌། སྐྱེ་ན་སྔ་ཕྱིའི་རྒྱུ་འབྲས་སུ་གྲུབ་པའོ། །དང་པོ་ལ་གཉིས་ཏེ། སྐྱེ་བར་འདོད་པ་དགག དགག་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། མེ་དུ་གཉིས་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་མི་འཐད་དེ། བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་དུ་བ་སྐྱེ་བར་མཐོང་བའི་ཕྱིར་ཞེ་ན། གང་དག་དུ་བའི་རྒྱུ་མ་ཡིན་པ་བརྒྱ་བྱིན་གྱི་སྤྱི་བོ་ལས་སྐྱེས་པ་དེ་ནི་མེ་དེའི་འབྲས་བུ་སྟེ་དུ་བ་མ་ཡིན་ཏེ། རང་རྒྱུ་མེ་ལས་མ་བྱུང་བའི་ཕྱིར་རོ། །འོན་ཀྱང་རྣམ་པ་འདྲ་བས་དུ་བར་འཁྲུལ་བ་ལ་དུ་བ་དེའི་མིང་གིས་བཏགས་པར་ཟད་དོ། །གཉིས་པ་ནི། རང་གི་རྒྱུ་མེ་ལས་མ་བྱུང་བ་ཙམ་གྱིས་དུ་བ་མ་ཡིན་དགོས་ན། རང་རྒྱུ་བུད་ཤིང་ལས་མ་བྱུང་ན་མེ་མ་ཡིན་དགོས་པར་འགྱུར་ལ། དེ་ལྟར་ན། རྡོ་བཙུགས་པ་ལས་བྱུང་བའི་མེ་མེད་པར་འགྱུར་རོ། །ཞེ་ན། མི་མཚུངས་ཏེ། རྡོ་དང་ཤིང་སོགས་མེའི་ཉེར་ལེན་གྱི་རྒྱུར་འདོད་ན། མཚུངས་སུ་ཆུག་ཀྱང༌། དེ་དག་མེའི་ཉེར་ལེན་གྱི་རྒྱུ་མ་ཡིན་ལ། མེའི་ཉེར་ལེན་གྱི་རྒྱུ་ནི་མེའི་རྡུལ་ཕྲན་ཡིན་ཞིང༌། རྡུལ་ཕྲན་དེ་གཅིག་ཏུ་བསྡུས་པའི་རྒྱུ་ནི་རྡོ་ཤིང་སོགས་ཡིན་པའི་ཕྱིར། དཔེར་ན། དབང་པོ་གཟུགས་ཅན་པ་དེ་དབང་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་མ་ཡིན་གྱི། བདག་པོའི་རྐྱེན་ཡིན་པ་བཞིན་ནོ། །གལ་ཏེ་འོ་ན། མེ་དང་ཤིང་སོགས་དུ་རྒྱུ་མིན། །དུ་རྒྱུ་དུ་བའི་རྡུལ་ཕྲན་ཡིན། །རྡུལ་ཕྲན་གཅིག་ཏུ་བསྡུད་པའི་རྒྱུ། །མེ་ཤིང་སོགས་ཡིན་དབང་པོ་བཞིན། །ཞེས་བརྗོད་ན་མཚུངས་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། མེའི་རྡུལ་ཕྲན་ནི་མེ་ཉིད་ཡིན་ལ། དུ་བའི་རྡུལ་ཕྲན་ཞེས་པ་འབྱུང་བ་བཞི་པོ་གང་རུང་གི་རྡུལ་ལ་ཟེར་ན། དེ་བཞི་པོ་གང་རུང་ལས་མ་གཏོགས་པའི་རྡུལ་ཕྲན་གྱི་རྣམ་གཞག་ཆོས་མངོན་པ་ལས་མ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཡང་ན། སྔོན་གྱི་རྒྱུ་འབྲས་དང༌། ཕྱི་མའི་རྒྱུ་འབྲས་ཀྱི་འཇོག་ཚུལ་ཐ་དད་པ་ཡོད་དེ། མེ་དང་དུ་བས་བསྐྱེད་པའི་འབྲས་བུ་དུ་བའི་ཁྱད་པར་བཞིན་ནོ། །འདི་ནི་དུ་བ་ཡིན་ན། རང་གི་རྒྱུ་མེ་ལས་བྱུང་དགོས་ཀྱང༌། རང་གི་དངོས་ཀྱི་རྒྱུ་མེ་ལས་བྱུང་དགོས་པ་མ་ཡིན་ནོ། །ཞེས་པའི་དོན་ཏེ། མཐའ་གཞན་འགོག་པའི་རིགས་པའོ། །གཉིས་པ་འབྲེལ་པའི་མཚན་གཞི་ངོས་བཟུང་བ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། མེ་དུ་ལྟ་བུའི་རང་མཚན་རྐྱང་པ་དང་ནི་སྒྲ་དོན་རྐྱང་པ་གཉིས་ཀ་འབྲེལ་པའི་མཚན་གཞིར་མི་འཐད་དེ། དོན་ལ་འབྲེལ་པས་གྲུབ་པའི་ཕྱིར་དང༌། སྒྲ་དོན་དངོས་མེད་རྐྱང་པ་ལ་འབྲེལ་པ་བྱས་པས་འཇུག་ཡུལ་རང་མཚན་གོ་བར་མི་ནུས་པའི་ཕྱིར། གཉིས་པ་རང་ལུགས་ནི། སོང་ཚོད་སྒྲའི་དོན་ལ། རློམ་ཚོད་རང་མཚན་དུ་འཁྲུལ་བའི་མེ་དུ་ལྟ་བུའི་གཞན་སེལ་ཁོ་ན་འབྲེལ་པའི་མཚན་གཞི་ཡིན་ཏེ། རྐྱང་པ་གཉིས་པོ་འབྲེལ་པའི་མཚན་གཞིར་མི་འཐད་པས་ནའོ། །དེ་དག་གི་ངག་དོན་ནི། རློམ་སོང་སོ་སོར་མ་ཕྱེ་བར། དུ་བ་མེ་ལ་འབྲེལ་བར་ཁས་ལེན་པ་ཡིན་ཞིང༌། དེ་ཡང་འཇུག་ཚེ་གཅིག་ཏུ་འཁྲུལ་བའི་དབང་དུ་བྱས་ལ། དུ་བ་རང་མཚན་དང་མེ་རང་མཚན་འབྲེལ་ཞེས་དང༌། དེ་དག་གི་གཞན་སེལ་གཉིས་པོ་འབྲེལ་ཞེས་ནི་ཁས་མི་ལེན་ལ། འདི་ནི་འཆད་ཚེ་རྣམ་པར་ཕྱེ་བའི་དབང་དུ་བྱས་པའོ། །གསུམ་པ་དེ་གང་གིས་ངེས་པའི་ཚུལ་ལ་གཉིས་ལས། གཞན་ལུགས་དགག་པ་ལ་གཉིས་ཏེ། དཔྱོད་པ་རྐྱང་པས་ངེས་པར་འདོད་པ་དགག ཚད་མ་རྐྱང་པས་ངེས་པར་འདོད་པ་དགག་པའོ། །དང་པོ་ནི། བྲམ་ཟེ་བདེ་བྱེད་དགའ་བ་ནི། གནས་སྐབས་ཀྱི་འབྲེལ་པ་ཚད་མས་ངེས་ཀྱང༌། རང་བཞིན་འབྲེལ་པ་དཔྱོད་པས་ངེས་པར་བྱེད་དགོས་སོ་ཞེས་གྲག་གོ །དེ་མི་འཐད་དེ། ཚད་མ་ལ་མ་ལྟོས་པའི་དཔྱོད་པ་ནི་འབྲེལ་པ་ངེས་བྱེད་དུ་མི་རུང་ལ། ཚད་མ་ལ་ལྟོས་ན་དཔྱོད་པ་རྐྱང་པས་ངེས་པར་འགལ་བའི་ཕྱིར་རོ། །གཉིས་པ་ནི། རྒྱ་གར་ཉི་འོག་པ་རྣམས་ནི། སྔར་བཤད་ཟིན་པའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་རྐྱང་པ་ཡིས་འབྲེལ་པ་ངེས་པར་བྱེད་པར་འདོད་དོ། །དེ་ཡང་མི་འཐད་དེ། མངོན་སུམ་གྱིས་ངེས་པ་མི་སྲིད་པའི་ཕྱིར་དང༌། རྗེས་དཔག་གིས་མི་མཐུན་ཕྱོགས་ལ་ཡོད་པ་ཁེགས་ཀྱང༌། རྟོག་དཔྱོད་མེད་ན་མཐུན་ཕྱོགས་ལ་ཡོད་པར་མི་ངེས་པའི་ཕྱིར། གཉིས་པ་རང་ལུགས་ནི། ཚད་མའི་སྟོབས་ཀྱིས་བསྐྱེད་པའི་རྟོག་པ་དང་དཔྱོད་པ་དངོས་ཀྱི་གཞལ་བྱ་གཞན་སེལ་ངེས་པའི་བདག་ཉིད་ཅན་དེ་ཡིས་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་ཏེ། མེ་དུ་དང་བྱས་མི་རྟག་ལྟ་བུའི་དོན་སྤྱི་དང་རང་མཚན་གྱི་དངོས་པོ་གཅིག་ཉིད་དུ་འཁྲུལ་པས་གཅིག་ཏུ་བཟུང་ཞིང༌། དུ་བ་དང་བྱས་པ་ལྟ་བུ། མེ་དང་མི་རྟག་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་པའི་ཕྱིར་རོ། །རབ་བྱེད་འདིའི་དོན་བསྡུ་བ་ནི། དོན་ལ་འབྲེལ་པ་བཀག་ཟིན་པ་དང༌། བློ་ངོར་འབྲེལ་པ་བསྒྲུབས་ཟིན་པ་དང༌། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་ཟིན་པ་དེ་ལྟར་ན། ཇི་སྐད་དུ། དངོས་པོའི་དོན་ལ་འབྲེལ་པ་མེད། །འབྲེལ་པ་གཉིས་ཀ་སྒྲོ་བཏགས་ཡིན། །སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པས་འབྲེལ་པའི་རྟོག་པ་སྐྱེ། །ཞེས་གསུངས་པ་ཡིན་ནོ། །འདིར་སྨྲས་པ། ཐ་དད་བཀག་ན་ཁེགས་ཤེས་པ། །དེ་དོན་རིགས་པས་འཆད་ཤེས་ན། །མེད་ན་མི་འབྱུང་འབྲེལ་པ་ཡི། །དོན་དུ་འགྱུར་བ་སྲིད་མོད་ཀྱང༌། །བུམ་མིན་བཀག་ན་བུམ་པ་ཡང༌། །ཁེགས་ཤེས་བརྟག་པ་མཐར་བཟུང་ནས། །དེ་དག་འབྲེལ་པར་འཆད་དེ་ཡིས། །རྣམ་འགྲེལ་མཛད་པའི་རིང་ལུགས་འཇིག །རྟགས་ཀྱི་རྗེས་སུ་འགྲོ་བ་དང༌། །ལྡོག་པ་མི་འཁྲུལ་ངེས་བྱེད་ཀྱི། །ཚད་མས་མེད་ན་མི་འབྱུང་བའི། །འབྲེལ་པ་འགྲུབ་པ་འདི་ལོངས་ཤིག །ཚད་མ་རིགས་པའི་གཏེར་ལས་འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དྲུག་པ་རྣམ་པར་བཤད་པའོ།། །།གཉིས་པ་འགལ་བའི་དོན་ངེས་པར་བྱ་བ་ལ་གཉིས་ཏེ། འགལ་བ་སྤྱིའི་མཚན་ཉིད་དང༌། མཚན་གཞིའི་རབ་ཏུ་དབྱེ་བའོ། །དང་པོ་ནི། གནོད་བྱེད་དུ་གྱུར་པའི་ཆོས་གང་ཞིག རང་གི་གནོད་བྱ་གང་ལ་གནོད་པ་བྱེད་པ་དེ་ནི་ཆོས་ཅན། རང་གི་གནོད་བྱ་དེའི་འགལ་བའི་མཚན་ཉིད་ཡིན་ཏེ། དེའི་དོན་ལྡོག་ཡིན་པས་སོ། །འདིར་དོན་ནི། དེ་ལ་གནོད་པ་བྱེད་པ་དེ། དེ་དང་འགལ་བའི་མཚན་ཉིད་དེ། རྣམ་པར་ངེས་པ་ལས། དེའི་ཕྱིར་སྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །ཞེས་གསུངས་པས་སོ། །མཚན་གཞི་ནི་སྒྲ་རྟག་འཛིན་གྱི་རྟོག་པ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་འགལ་ཟླར་འཇོག་ཀྱང༌། དེ་དང་འགལ་བར་ནི་མི་འཇོག་སྟེ། དེ་ལ་གནོད་བྱེད་མ་ཡིན་པས་སོ། །དེ་བཞིན་དུ་གནོད་བྱར་གྱུར་པའི་གྲང་རེག་ཀྱང༌། རང་གི་གནོད་བྱེད་དུ་གྱུར་པའི་ཚ་རེག་གི་འགལ་ཟླར་འཇོག་ཀྱང༌། འགལ་བར་མི་འཇོག་སྟེ། དེ་ལ་གནོད་བྱེད་མ་ཡིན་པས་སོ། །འོ་ན་ཚ་གྲང་མི་འགལ་བར་འགྱུར་ཏེ། དེ་དེ་ལ་གནོད་བྱེད་ཡིན་ན། ཅིག་ཤོས་ཚུར་གནོད་བྱེད་མ་ཡིན་དགོས་པས་སོ། །ཞེ་ན། སྤྱི་ཙམ་ནས་དེ་གཉིས་འགལ་བར་ཁས་བླངས་པས་ཆོག་སྟེ། རྒྱུན་ལྷན་ཅིག་ཏུ་གནས་སུ་མི་རུང་ལ། དེ་ཡང༌། གང་རུང་གཅིག་གིས་ཅིག་ཤོས་ལ་གནོད་པ་བྱེད་པའི་རྒྱུ་མཚན་གྱིས་སོ། །དེ་ལྟ་ན་ཡང༌། གཅིག་གནོད་བྱེད་ཡིན་ཞེས་ངོས་བཟུང་མི་ནུས་ཏེ། གནོད་བྱར་ཡང་འགྱུར་བའི་སྐབས་སྲིད་པས་སོ། །འོ་ན། གཉིས་པོ་མི་འགལ་བར་ཐལ། ཚུར་ཡང་མི་འགལ། ཕར་ཡང་མི་འགལ་བའི་ཕྱིར། ཞེ་ན། འོ་ན། གཉིས་པོ་གནོད་བྱ་གནོད་བྱེད་མ་ཡིན་པར་འགྱུར་ཏེ། ཕར་ཡང་གནོད་བྱེད་མ་ཡིན། ཚུར་ཡང་མ་ཡིན་པའི་ཕྱིར། དེས་ན་ཞིབ་མོར་འབྱེད་པའི་ཚེ། གྲང་རེག་གི་རྒྱུན་ནུས་མེད་དུ་བྱེད་པའི་ཚ་རེག་དེ། གྲང་རེག་དང་འགལ་ཞེས་དང༌། ཅིག་ཤོས་ཀྱང་དེ་བཞིན་དུ་ཁས་ལེན་ཞིང༌། ཇི་སྲིད་གནོད་པ་མ་བྱས་པ་དེ་སྲིད་དུ་གནོད་བྱར་ཡང་བཞག་མ་ནུས་སོ། །ཡང་སྒྲ་མི་རྟག་པ་ཡིན་པ་དེ། སྒྲ་རྟག་པ་དང་འགལ་ལོ། །ཞེས་པ་ཡང༌། རྔོག་ལོ་ཆེན་པོ་རྗེས་འབྲངས་དང་བཅས་པའི་བཞེད་པ་ཡིན་ཀྱང༌། འདིར་མ་ཡིན་ཏེ། ལུགས་དེས་ཕན་ཚུན་སྤངས་པའི་དངོས་འགལ་དག་འགལ་བ་གོ་ཆོད་པོར་ཁས་བླངས་པ་ལ། འགལ་ན་འགོག་པའི་རྣམ་གཞག་འཇིག་པར་འགྱུར་རོ། །ཞེས་འཕངས་པའི་ཕྱིར་དང༌། སྒྲ་མི་རྟག་པ་རྟགས་སུ་བཀོད་ནས། སྒྲ་རྟག་པ་འགོག་པ་ལ་འགལ་དམིགས་ཀྱི་སྦྱོར་བ་ཡང་དག་མི་རུང་བའི་ཕྱིར། འོ་ན། སྒྲ་བྱས་པ་ཡིན་པ་དེ། སྒྲ་རྟག་པ་ཡིན་པ་དང་མི་འགལ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པའམ། རྟག་པ་མ་ཡིན་པར་སྒྲུབ་མི་ནུས་པར་ཐལ་བ་དང༌། བྱས་པ་དེ་རྟག་པ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ་མ་ཡིན་པར་འགྱུར་ཏེ། བྱས་པ་རྟག་པ་དང་མི་འགལ་བའི་ཕྱིར་སྙམ་ན། ཉེས་པ་དེ་ཡོད་པ་མ་ཡིན་ཏེ། བྱས་པ་དང་རྟག་པ་ནི་ཚད་མས་གནོད་འགལ་ཡིན་པའི་རྒྱུ་མཚན་གྱིས་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་དུ་རུང་བའི་ཕྱིར། དེ་ཡང་སྒྲ་བྱས་པར་འཇལ་བྱེད་ཀྱི་ཚད་མ་དེས་སྒྲ་རྟག་པ་ལ་གནོད་པའི་རྒྱུ་མཚན་གྱིས་དེ་གཉིས་ཚད་མས་གནོད་འགལ་དུ་བཞག་པ་ཡིན་གྱི། ཁྱབ་བྱེད་མི་རྟག་པ་དེ་རྟག་པ་དང་དངོས་སུ་འགལ་བའི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར། བྱས་པ་དང་རྟག་པའི་གཞི་མཐུན་འགོག་པ་ལ་ནི་གནོད་པ་ཅན་གྱི་ཚད་མ་ཞེས་བཤད་པ་ཡིན་ནོ། །གཞན་ཡང༌། ཕན་ཚུན་སྤངས་པ་ལ་འགལ་བར་འདོགས་པའི་རྒྱུ་མཚན་ཡང༌། ཚད་མས་གནོད་འགལ་དང༌། ལྷན་ཅིག་མི་གནས་འགལ་གང་རུང་ལ་ཐུབ་པ་ཡིན་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མས་སྒྲ་རྟག་པ་བསལ་བས་སམ། རྟག་འཛིན་རྟོག་པའི་འཛིན་སྟངས་ལ་གནོད་པ་གང་རུང་གི་སྒོ་ནས་ཡུལ་རྟག་མི་རྟག་གཉིས་ཀྱང་འགལ་བར་བརྟགས་པས་སོ། །གཉིས་པ་མཚན་གཞིའི་རབ་ཏུ་དབྱེ་བ་ལ་གསུམ་ལས། མདོར་བསྟན་པ་ནི། འགལ་བ་ལ་དངོས་བཏགས་མ་ཕྱེ་བ་དབྱེ་ན། ལྷན་ཅིག་མི་གནས་པ་དག་དང༌། ཕན་ཚུན་སྤངས་འགལ་གཉིས་སུ་སློབ་དཔོན་གྱིས་བཞེད་དེ། འགལ་ཟླ་དང་དགག་བྱ་གཉིས་ཀ་དངོས་པོར་ཡོད་པ་དང༌། གང་རུང་གཅིག་དངོས་པོར་མེད་པའི་ཡུལ་གྱི་དབྱེ་བ་ལ་ལྟོས་ནས་དེར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། ཡོད་ན་ཡོད་པས་མེད་ཕྱིར་རམ། །ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །ཞེས་གསུངས་པས་སོ། །གཞུང་འདིར། འགལ་ཟླ་དངོས་པོ་དངོས་མེད་ཀྱི། །ཡུལ་གྱི་དབྱེ་བ་ལ་ལྟོས་ནས། །ལྷན་ཅིག་མི་གནས་པ་དག་དང༌། །ཚད་མས་གནོད་འགལ་གཉིས་སུ་བཞེད། །ཅེས་སྦྱར་ན་ལེགས་པ་ཡིན་ཏེ། ཇི་སྐད་དུ། འགལ་ཏེ་ཆོས་ནི་ཐ་དད་དང༌། །ཐ་དད་མེད་ལ་རབ་སྦྱོར་ཏེ། །ཞེས་གསུངས་པ་དང༌། གཞུང་འདི་ཉིད་ཀྱི་རྩ་འགྲེལ་དུ། བོད་སྔ་མས་ཕན་ཚུན་སྤངས་འགལ་འདོད་པ་དངོས་དང༌། དེ་ཡིས་ཁྱད་པར་དུ་བྱས་པ་གཉིས་ཀ་ལ་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་དུ་མི་རུང་བར་གསུངས་པའི་ཕྱིར་དང༌། ཐ་དད་སྡེ་ལ་རབ་སྦྱོར་ཏེ། །ཞེས་པ་ཕན་ཚུན་སྤངས་འགལ་དུ་འདོད་པ་དེ་ལ་བཤད་ན། ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །ཞེས་པ་དང་འགལ་བའི་ཕྱིར་དང༌། སྐྱེ་ལ་ཡོད་གཅོད་བཞིན། ཞེས་པ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་འཆད་པ་པོའི་བོད་སྔ་མ་ཚད་ལྡན་སུ་ཡང་མ་བྱུང་བའི་ཕྱིར་དང༌། གལ་ཏེ་བྱུང་ན། སྔོན་གྱི་བསྡུས་པ་ཚད་ལྡན་དག་ན། ཕན་ཚུན་སྤངས་པའི་འགལ་དམིགས་ལ། ལྷན་ཅིག་མི་གནས་འགལ་དང་ཆ་མཚུངས་པའི་འགལ་དམིགས་ཀྱི་གྲངས་ངེས་དག་ཡོད་ཀྱི། གཞན་མ་བཤད་པའི་རྒྱུ་མཚན་ཁྱེད་ཀྱིས་འཆད་མི་ནུས་པའི་ཕྱིར། གལ་ཏེ་འོ་ན། བོད་སྔ་མས་ཕན་ཚུན་སྤངས་འགལ་དུ་འདོད་པ་དེ་དག འགལ་བ་བཏགས་པ་བར་ཆད་མོད། དེའི་མཚན་གཞི་ཇི་ལྟ་བུ་ཞེ་ན། ལན་ནི། ཕན་ཚུན་སྤངས་པ་དངོས་དང༌། དེས་ཁྱད་པར་དུ་བྱས་པའོ། །དང་པོ་ནི། བུམ་པ་ཡིན་མིན་ལྟ་བུ་དང༌། གཉིས་པ་ནི། ཀ་བུམ་ལྟ་བུའོ། །དང་པོ་དེ་འགལ་བ་དངོས་སུ་ཁས་བླངས་ན། གཉིས་པ་ཡང་དེར་ཁས་ལེན་དགོས་ཏེ། ཕན་ཚུན་སྤངས་འགལ་དེ་འགལ་བ་མཚན་ཉིད་པ་ཡིན་ན། འགལ་བ་དངོས་དང༌། དེས་ཁྱད་པར་དུ་བྱས་པ་གཉིས་ཁས་ལེན་དགོས་པ་ལས། ཕྱི་མའི་མཚན་གཞི་ཀ་བུམ་དང༌། སྔོ་སེར་ལྟ་བུ་ལས་གཞན་མ་དམིགས་པའི་ཕྱིར། འོ་ན། དངོས་འགལ་མི་སྲིད་པར་འགྱུར་བ་མ་ཡིན་ནམ། ཞེ་ན། མི་སྲིད་པ་མ་ཡིན་ཏེ། དངོས་དང་བརྒྱུད་པའི་གནོད་བྱ་གནོད་བྱེད་ནི། ལྷན་ཅིག་མི་གནས་འགལ་ཁོ་ན་ལས་ཕྱེ་བའི་ཕྱིར་དང༌། བྱས་པ་དང་རྟག་པ་འགལ་བ་དང༌། ངེས་འགྱུར་དང་ལྟོས་བཅས་འགལ་བ་ལྟ་བུ་ནི། རང་གི་ཁྱབ་བྱེད་གཉིས་པོ་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་བཞག་པའི་བརྒྱུད་འགལ་མ་ཡིན་གྱི། བྱས་པ་ཡིན་པར་ཚད་མས་གྲུབ་པ་ན། ཆོས་ཅན་འགའ་ཞིག་རྟག་པ་ཡིན་པ་འགོག་ནུས་པའི་རྒྱུ་མཚན་གྱིས་ཚད་མས་གནོད་འགལ་དུ་བཞག་པ་ཡིན་པའི་ཕྱིར། འོ་ན། ཚད་བསྡུས་སྔ་མ་རྣམས་སུ་མེ་ཡོད་མེད་གཉིས་པོ་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས། གཉིས་པོ་དེའི་རྒྱུ་གཉིས་དང༌། འབྲས་བུ་གཉིས་དང༌། ཁྱབ་བྱ་གཉིས་པོ་བརྒྱུད་འགལ་དུ་བཞག་པ་ཇི་ལྟ་བུ་ཞེ་ན། བོད་སྔ་མས་དེ་ལྟར་འཆད་པ་དེ་འགལ་བའི་རྣམ་གཞག་ལ་དཔྱོད་པ་ཞུགས་ནས་སྨྲས་པ་ཡིན་མོད། འཐད་པ་མ་ཡིན་ཏེ། དེ་ལྟ་བུའི་དབྱེ་བ་འཆད་བྱེད་ཀྱི་སྡེ་བདུན་མཛད་པའི་ལུང་མེད་པ་དང༌། ཕན་ཚུན་སྤངས་པའི་བརྒྱུད་འགལ་དུ་བཤད་པ་དེ་དག་ལྷན་ཅིག་མི་གནས་འགལ་གྱི་ནང་དུ་འདུས་པའི་ཕྱིར་དང༌། ཕན་ཚུན་སྤངས་པའི་དངོས་འགལ་གྱིས་འགལ་བའི་གོ་མ་ཆོད་པའི་རྒྱུ་མཚན་གྱིས་དེའི་བརྒྱུད་འགལ་གྱི་མཚན་གཞི་ཇི་བཞིན་མ་རྙེད་པར་སྣང་བའི་ཕྱིར། དེ་སྐད་དུ་ཡང༌། གཞུང་འདི་ཉིད་ལས། ཕན་ཚུན་སྤངས་པ་དངོས་ལ་ནི། །རྟགས་དང་རྟགས་ཅན་ཡོད་མ་ཡིན། །དེ་ཡི་ཁྱད་པར་བྱས་པ་ནི། །ཁྱབ་བྱེད་འགལ་བ་དམིགས་པར་འདུས། །ཞེས་གསུངས་སོ། །དེས་དེའི་གོ་མི་ཆོད་པའི་ཤེས་བྱེད་ཀྱང༌། ལུང་དང༌། རིགས་པ་གཉིས་ལས། དང་པོ་ནི། སྒྲ་རྟག་པ་དང་མི་རྟག་པ་གཉིས་ཀར་ཁས་བླངས་པ་ལ། དངོས་འགལ་དུ་སོང་ཞེས་ཟེར་བ་དེ་ནི། རྣམ་འགྲེལ་མཛད་པའི་ལུང་དང་འགལ་ཏེ། ཇི་སྐད་དུ། དེ་ལ་རྟེན་མིན་དངོས་པོ་ལ། །བསྟན་བཅོས་དང་འགལ་བརྗོད་ན་ཡང༌། །གནོད་པ་མ་ཡིན་གཉིས་པོ་དག །ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། །ཞེས་དངོས་པོ་སྟོབས་ཞུགས་ཀྱི་སྐབས་སུ་ཁས་བླངས་འགལ་བའི་གོ་མི་ཆོད་པར་བཤད་པའི་ཕྱིར། གཞན་དུ་ན། སྒྲ་མི་རྟག་པ་ཡིན་པ་དེ་སྒྲ་རྟག་པ་ཡིན་པ་ལ་གནོད་བྱེད་དུ་འགྱུར་ལ། དེ་ཡང་དེ་ལྟ་ན་ནི། གནོད་བྱ་གཞན་གྲུབ་པ་ལ་གནོད་བྱེད་འཇུག་པ་བཞད་གད་ཀྱི་གནས་སུ་འགྱུར་རོ། །འོ་ན། ཇི་སྐད་དུ། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་དངོས་སྟོབས་ཡུལ་ལ་ཁས་བླངས་ཀྱི་བསལ་བ་མི་འཇུག་ཀྱང༌། ཚད་མའི་བསལ་བ་འཇུག་པའི་དོན་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མས་སྒྲ་རྟག་འཛིན་གྱི་རྟོག་པ་ལ་གནོད་པ་ལྟ་བུའི་དོན་ནོ། །གཉིས་པ་རིགས་པ་དང་འགལ་བ་ནི། སྒྲ་མི་རྟག་པ་དེ་སྒྲ་རྟག་པ་དང་འགལ་ན། དེ་དེ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པར་འགྱུར་ལ། དེ་ལྟ་ན། སྒྲ་མི་རྟག་པ་ལ་རྗེས་སུ་འགྲོ་ལྡོག་རྣལ་མར་ངེས་པར་འགྱུར་རོ། །དེ་ཡང་དེ་ལྟ་ན། དེ་དེ་ལ་འབྲེལ་པར་འགྱུར་རོ། །གལ་ཏེ་རྒོལ་ཕྱི་རྒོལ་རྩོད་པའི་སྐབས་སུ། ཕན་ཚུན་སྤངས་པའི་དངོས་འགལ་གྱིས་འགལ་བའི་གོ་མི་ཆོད་པ་དེ་ལྟ་ན། རྒོལ་བས་སྒྲ་རྟག་པར་ཁས་བླངས་པ་ལ། ཕྱིར་རྒོལ་བས། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་འཕངས་པའི་ཚེ། རྟགས་དངོས་འགལ་དུ་མ་སོང་བར་འགྱུར་ལ། དེ་ལྟ་ན། རྒོལ་བས་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པའི་རྒྱུ་མཚན་ཅི་ཞེ་ན། ཁྱེད་འདོད་པ་ལྟར། སྒྲ་མི་རྟག་པར་ཁས་བླངས་པས། །སྒྲ་རྟག་པར་ཁས་བླངས་པའི་ཞེན་དོན་ལ་གནོད་པའི་རྒྱུ་མཚན་གྱིས་ནི་མ་ཡིན་ཏེ། ཡིན་ན། དངོས་པོ་སྟོབས་ཞུགས་ཀྱི་སྐབས་སུ་ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཐལ་བ་དང༌། རང་ཚིག་གནོད་བྱེད་ཀྱི་ཡན་ལག་ཏུ་ཐལ་བར་འགྱུར་རོ། །མདོར་ན། ཁྱེད་ཅག་གི་ཀླན་ཀ་དེ་ནི། ཇི་སྐད་དུ། དེ་ཚེ་རྩོད་དོར་འགྱུར་ཞེ་ན། །དེ་ཚེ་ཁས་བླངས་མེད་ཕྱིར་མིན། །ཞེས་པའི་རྩོད་པ་དེ་ཉིད་སླར་འོངས་པ་ཡིན་ལ། དེ་ལྟ་ཡིན་པ་དེའི་ཕྱིར། རྩོད་པའི་སྐབས་སུ་སེལ་བྱེད་ཀྱི་ཚད་མ་བཞི་དང་འགལ་བ་བཤད་ཀྱི། ཕན་ཚུན་སྤངས་པའི་འགལ་བ་བཤད་པ་མེད་དོ། །འོ་ན། ཡིད་ཆེས་ཀྱི་སྐབས་སུ་ཁས་བླངས་དངོས་ཤུགས་དང༌། རང་ཚིག་སྔ་ཕྱི་འགལ་བའི་ཚུལ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཁས་བླངས་དང་རང་ཚིག་གི་ཞེན་དོན་གཉིས་པོ་ཚད་མས་གནོད་འགལ་དུ་སོང་བའི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན། སྦྱིན་སོགས་དཀར་པོའི་ཆོས་ཡིན་པ་དང༌། མ་འོངས་པ་ན་བདེ་བ་མི་འབྱུང་བ་ལྟ་བུའོ། །དེ་བས་ན། དེའི་ཚེ་ཡང་ཁས་བླངས་དང་རང་ཚིག་གི་དོན་ཞེན་དོན། ཕན་ཚུན་སྤངས་པའི་དངོས་འགལ་གྱི་ཆ་ནས་བཤད་པ་མེད་དོ། །འོ་ན། རྣམ་པར་ངེས་པ་ལས། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱང་འགལ་བ་ཡིན་ཏེ། ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཚད་མས་གནོད་འགལ་ལ་བསམས་པ་ཡིན་ཏེ། དེའི་དེ་མ་ཐག་ཏུ་དེ་ཉིད་བཤད་པའི་ཕྱིར་དང༌། འགལ་དམིགས་ཀྱི་གཏན་ཚིགས་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷན་ཅིག་མི་གནས་པའི་འགལ་བ་བཤད་པ་དང༌། ཕན་ཚུན་སྤངས་འགལ་གྱི་དགག་སྒྲུབ་བཤད་པའོ། །དང་པོ་ལ་བཞི་སྟེ། མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་ཟློག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལ་གསུམ་ལས། གཞན་ལུགས་དགག་པ་ནི། ལོ་ཙྪ་བ་ཆེན་པོ། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་དུ། དངོས་པོ་གཉིས་ལ་གནས་པའི་ཆོས་གནོད་བྱ་གནོད་བྱེད་ཅེས་འདོད་པ་དཔྱད་ན་འཐད་པ་མ་ཡིན་ཏེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང༌། ཡ་གྱལ་འགོད་ན་རྒྱུ་འབྲས་ཀྱི་མཚན་ཉིད་ལྟར་མ་ཁྱབ་པའི་ཕྱིར་རོ། །ཞེས་འགྲེལ་པར་འབྱུང་བ་འདིའི་དོན་ནི། འགལ་བ་དོན་ལ་གྲུབ་པ་འགོག་བྱེད་ཀྱི་གཞུང་དུ་སྦྱོར་ན་མ་གཏོགས། ཅུང་བཤད་དཀའ་བར་སྣང་ཡང༌། རེ་ཤིག་འདི་ལྟར། གནོད་བྱ་གནོད་བྱེད་དུ་གྱུར་པའི་ཚ་གྲང་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་གནོད་བྱ་ཡང་གནོད་བྱེད་དང་ལྷན་ཅིག་མི་གནས་འགལ་དུ་ཁས་བླངས་པར་སོང་བས། གནོད་བྱེད་ཆོས་ཅན། རང་གི་གནོད་བྱེད་དེ་ལ་གནོད་བྱེད་དུ་ཐལ། ཁྱོད་དེ་དང་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར་དང༌། དེ་ཁྱོད་ཀྱི་འགལ་ཟླ་ཡིན་པའི་ཕྱིར། དེས་ན། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་ནི་གནོད་བྱེད་དང་ལྷན་ཅིག་མི་གནས་པ་ཡིན་གྱི། མི་གནས་པའི་འགལ་བར་ཁས་མི་བླང་ངོ༌། །ཡང་ན། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་དང་གནོད་བྱེད་གཉིས་དུས་མཉམ་དུ་ཐལ། མཚན་ཉིད་དེ་ལྟར་འཇོག་རིགས་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། ཇི་སྲིད་ཡུལ་དེ་ནུས་མེད་དུ་མ་བྱས་པ་དེ་སྲིད་དུ་གནོད་བྱར་གཞག་མི་ནུས་པའི་ཕྱིར། གཉིས་པ་རང་ལུགས་ནི། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་གནོད་བྱེད་གཉིས་དུས་མི་མཉམ་པ་དེས་ན། གནོད་བྱ་གནོད་བྱེད་གཉིས་རྒྱུ་འབྲས་བཞིན་དུ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། གནོད་བྱེད་གང་གིས་རང་གི་གནོད་བྱའི་རྒྱུན་ནུས་མེད་དུ་སྐྱེད་པའི་རྒྱུ་ལ་གནོད་བྱེད་ཅེས་ཟེར་བའི་ཕྱིར། གཉིས་པོའི་མཚན་གཞི་ནི། ཚ་རེག་གིས་གནོད་པ་བྱས་པའི་སྟོབས་ཀྱིས་ནུས་མེད་དུ་སྐྱེས་པའི་གྲང་རེག་གི་རྒྱུན་དང༌། དེ་ལ་གནོད་བྱེད་ཀྱི་ཚ་རེག་ལྟ་བུ་ནི་དོན་གྱི་དབང་དུ་བྱས་པ་དང༌། བློའི་དབང་དུ་བྱས་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་རང་གི་བྱེད་པ་མ་ཉམས་པ་དེ་སྲིད་དུ། སྒྲ་རྟག་འཛིན་གྱི་རྟོག་པ་མ་འོངས་པ་སྐྱེ་བ་ལ་གེགས་བྱས་པའི་དུས་ཀྱི་རྟོག་པ་མ་འོངས་པ་རྣམས་ནི་གནོད་བྱ་དང༌། ཅིག་ཤོས་དེའི་གནོད་བྱེད་དོ། །དེ་བཞིན་དུ། སྣང་བས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་མུན་པ་མ་འོངས་པ་དེ་ཉིད་དེའི་གནོད་བྱ་ཡིན་གྱི། མུན་པ་འདས་པ་དང་ད་ལྟར་བ་ནི་མ་ཡིན་ཏེ། སྣང་བ་དང་དུས་མཉམ་པའི་མུན་པ་ད་ལྟར་བ་མེད་ཅིང༌། འདས་པ་ལ་ནི་གནོད་པ་མ་བྱས་པའི་ཕྱིར། འོ་ན། སྣང་བས་རང་གི་བསལ་བྱ་མུན་པ་ལ་གནོད་པ་མ་བྱས་པར་ཐལ། རང་གི་གནོད་བྱ་འདས་པ་དང༌། ད་ལྟར་བ་ལ་ནི་གནོད་པ་མ་བྱས་ཤིང༌། མ་འོངས་པ་ནི་མ་སྐྱེས་པས་གནོད་པ་བྱ་རུང་དུ་མ་དམིགས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྣང་བ་ད་ལྟར་བས། མུན་པ་འདས་པ་དེའི་རྒྱུན་སྐྱེ་བའི་ནུས་མེད་དུ་བྱས་པ་ལ་གནོད་པ་བྱས་པའི་དོན་དུ་འཇོག་པའི་ཕྱིར། དཔེར་ན། མཐོང་ལམ་བར་ཆད་མེད་ལམ་དེས་མཐོང་སྤང་རྟོག་པ་སྔ་མ་སྐྱེ་བའི་རྒྱུན་ནུས་མེད་དུ་བྱས་པ་ལ་གནོད་པ་བྱས་པར་འཇོག་པ་བཞིན་ནོ། །མདོར་ན། བློ་དང་དོན་གང་ཡིན་ཀྱང་རུང༌། །གནོད་བྱ་ནི་གནོད་བྱེད་དེ་ལ་ལྟོས་པའི་མ་འོངས་པ་ཁོ་ནར་ངེས་ལ། གནོད་པ་བྱས་པའི་དོན་ནི། མ་འོངས་པ་སྐྱེ་རུང་དེ་སྐྱེ་བ་ལ་གེགས་བྱས་པའོ། །གཞུང་འདིའི་རྩ་འགྲེལ་གྱི་སྒྲ་ཇི་བཞིན་པ་ལ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་གནོད་བྱེད་གཉིས་རྒྱུ་འབྲས་སུ་བཤད་པ་ལྟ་བུར་སྣང་ཡང༌། དེར་ཁས་བླང་དུ་མི་རུང་སྟེ། རྒྱུས་རང་གི་འབྲས་བུ་ལ་གནོད་པ་བྱེད་པ་མི་སྲིད་པའི་ཕྱིར། དེས་ན། ཚ་རེག་དང་ཕྲད་སྟོབས་ཀྱིས་ཉམས་པའི་གྲང་རེག་ནུས་མེད་ནི་ཚ་རེག་དེའི་འབྲས་བུ་དང༌། ནུས་མེད་དེའི་རྒྱུན་དུ་གྱུར་པའི་གྲང་རེག་ནི་དེའི་གནོད་བྱའོ། །དེ་ལ་བསམས་ནས། སྦྱོར་བ་འགོད་པ་ན། གྲང་རེག་རྒྱུན་ཆགས་པ་མེད་དེ། ཞེས་འགོད་པ་ཡིན་ནོ། །གཉིས་པ་འགལ་བ་གནས་པའི་ཡུལ་ངོས་བཟུང་བ་ལ་གཉིས་ལས། དང་པོ་དངོས་ཀྱི་དོན་ནི། ལྷན་ཅིག་མི་གནས་པའི་འགལ་བ་ཇི་སྙེད་པ། དངོས་པོར་གྱུར་པའི་གནོད་བྱེད་དང་གནོད་བྱ་གཉིས་ལ་འཇུག་ཅིང༌། དེ་ཡང་རྒྱུན་ཡིན་གྱི། སྐད་ཅིག་གཅིག་ཁོ་ན་མ་ཡིན་ཏེ། གནོད་བྱེད་དང་གནོད་བྱ་ནུས་མེད་གཉིས་པོ་བསྐྱེད་བྱ་དང་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་རྩོད་པ་སྤང་བ་ལ་གཉིས་ཏེ། ཡུལ་ལ་བརྟགས་པའི་རྩོད་པ་སྤང་བ་དང༌། རྫས་ལ་བརྟགས་པའི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ། ཚ་གྲང་གི་སྐད་ཅིག་མི་འགལ་ལ། རྒྱུན་རྫས་སུ་མ་གྲུབ་པ་དེས་ན། ལྷན་ཅིག་མི་གནས་པའི་འགལ་བ་འདི་མི་འཐད་ལོ། །དེ་མི་འཐད་པའི་ཉེས་པ་མེད་དེ། ཚ་རེག་དང་ཕྲད་པའི་གྲང་རེག་གི་སྐད་ཅིག་སྔ་མ་སྔ་མ་ལས། སྔོན་མེད་པའི་སྐད་ཅིག་ཕྱི་མ་ཕྱི་མ་སྐྱེ་བ་དེ་ལ་རྒྱུན་དུ་སྒྲོ་བཏགས་པ་དེ་གནོད་བྱེད་ཀྱིས་ཟློག་པར་བྱེད་པ་ལ་འགལ་བ་དེར་བཞག་པའི་ཕྱིར། གཉིས་པ་ནི། གལ་ཏེ། ཚ་གྲང་གི་རྡུལ་ཕྲན་འགལ་བ་ལྷན་ཅིག་ཏུ་གནས་ན། ཚ་གྲང་གཉིས་ལྷན་ཅིག་ཏུ་མི་གནས་པར་འགལ་ལ། མི་གནས་ན་ནི། ཕྲད་དུས་དེ་ཉིད་དུ་གཅིག་གནོད་བྱ་དེ་བཅོམ་ཟིན་པར་སོང་བས། རྒྱུ་འབྲས་དུས་མཉམ་པར་འགྱུར་རོ་ཞེ་ན། ལན་ལ་གཉིས་ལས། གཞན་ལན་མི་འཐད་པ་ནི། གྲངས་ཅན་པ་ལ་ལ། གནོད་བྱ་གྲང་རེག་གི་རྡུལ་དེ་ཚ་རེག་གི་ཁོངས་སུ་ཉེ་བར་ཞི་བར་འདོད། བྱེ་བྲག་པ་ཁ་ཅིག ཚ་གྲང་གཉིས་ཕྲད་ནས། གནོད་བྱའི་རྡུལ་དེ་གནོད་བྱེད་ཀྱི་རྡུལ་དུ་སྒྱུར་བར་འདོད། ཉན་ཐོས་པ་འགའ་ཞིག གནོད་བྱ་གནོད་བྱེད་ཀྱི་རྡུལ་གཉིས་ཕྲད་པ་མེད་པར། གནོད་པ་བྱེད་པའི་ཚེ་སྐོར་བ་བར་བཅས་སུ་ཡོད་ལ། དེའི་ཚེ་གནོད་བྱེད་ཀྱི་རྡུལ་གྱིས་གནོད་བྱའི་རྡུལ་གཞན་འབྱུང་བའི་གོ་བཀག་པས། གནོད་བྱའི་རྡུལ་རགས་པ་རྩོམ་མ་ནུས་སོ། །ཞེས་འདོད། རྡུལ་ཕྲན་རྟག་སྨྲ་བ་དེ་དག་གི་འདོད་པ་གསུམ་ཀ་འཁྲུལ་བ་ཡིན་ཏེ། ཚ་གྲང་གི་རྡུལ་གཉིས་ཡུན་རིང་པོར་ལྷན་ཅིག་ཏུ་གནས་པ་དེ་ལྟ་ན། ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ཡིན་པ་ཉམས་ལ། གནོད་བྱའི་རྡུལ་གནོད་བྱེད་ཀྱི་རྡུལ་དུ་སྒྱུར་ན། རྟག་པར་འདོད་པ་འགལ་བས་སོ། །ཉན་ཐོས་སྡེ་པ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཁས་བླངས་ནས། དེ་སིལ་བུར་འཇིག་པ་ཉིད་དུ་མི་འདོད་པ་ཙམ་ལ་རྟག་སྨྲ་བར་བཏགས་པའོ། །གཉིས་པ་རང་གི་ལན་ནི། གཞན་གྱི་འདོད་པ་མི་འཐད་པ་དེས་ན། ཚ་གྲང་གི་རྡུལ་གཉིས་སྐད་ཅིག་མ་གཅིག་ཙམ་ལྷན་ཅིག་ཏུ་གནས་ཀྱང༌། ལྷན་ཅིག་ཏུ་མི་གནས་པར་བཤད་པའི་རྣམ་གཞག་ལ་འགལ་བ་མེད་དེ། གནོད་བྱེད་ཚ་རེག་དང་ཕྲད་པའི་གྲང་རེག་གི་རྡུལ་ཕྲན་ལས། དེའི་རྒྱུན་དུ་གྱུར་པའི་རྡུལ་ཕྲན་ཕྱི་མ་ནུས་མེད་དུ་སྐྱེ་བའི་ཕྱིར། གསུམ་པ་གནོད་བྱ་ཟློག་པའི་དུས་ལ་གསུམ་ལས། གཞན་ལུགས་དགག་པ་ནི། སློབ་དཔོན་ཕྱྭ་པ་ན་རེ། སྤང་བྱའི་ཁྱད་པར་ལ་ལ། གཉེན་པོའི་བྱ་བ་རྫོགས་པའི་སྐད་ཅིག་གསུམ་པ་ལ་ལྡོག་པ་དང༌། སྤང་བྱའི་ཁྱད་པར་བདག་འཛིན་ལྟ་བུ་འགའ་ཞིག ཡུན་རིང་པོ་བསྐལ་པ་གྲངས་མེད་གསུམ་དུ་འགྲོགས་ནས། རྒྱུན་གྱི་ཐ་མར་ལྡོག་གོ །ཞེས་ཟེར། ལུགས་གཉིས་པ་དེ་འཐད་པ་མ་ཡིན་ཏེ། ཡུན་རིང་པོ་བསྐལ་པ་གྲངས་མེད་གསུམ་དུ་འགྲོགས་པའི་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་དེ་ངོ་མཚར་ཆེ་བ་སྟེ། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ་བས་སོ། །དོན་འདི་ཡང༌། ཕྱྭ་བསྡུས་ལས། གནོད་བྱ་ཟློག་པའི་དུས་ལ་བཞི་སྟེ། ངོ་བོས་གནོད་པའི་ལྡོག་དུས་དང༌། རྒྱུས་གནོད་པའི་ལྡོག་དུས་དང༌། དུས་ངེས་བྱེད་ཀྱི་ཚད་མ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གཉེན་པོ་སྟོབས་ལྡན་དང༌། གནོད་བྱ་སྐད་ཅིག་དང་པོ་ལ་ཚོགས། གཉིས་པ་ལ་ནུས་པ་མེད་པར་བྱས་ནས། གསུམ་པ་ལ་ལྡོག་པ་དང༌། གསུམ་པ་ལ་ནུས་པ་མེད་པར་བྱས་ནས། བཞི་པ་ལ་ལྡོག་པ་དང༌། བཞི་པ་ལ་དེར་བྱས་ནས། ལྔ་པ་ལ་ལྡོག་པ་དང༌། ཤིན་ཏུ་རིང་བར་འགྲོགས་ཏེ། ནམ་ཞིག་ལྡོག་པ་ཡང་ཡོད་དོ། །རྒྱུས་གནོད་པ་བྱས་པ་ནི། སྐད་ཅིག་གཉིས་པར་ལྡོག་སྟེ། མཐོང་ལམ་གྱི་རྒྱུ་ཆོས་མཆོག་གིས་གནོད་པ་བྱས་པའི་མཐོང་སྤང༌། མཐོང་ལམ་སྐྱེས་པའི་སྐད་ཅིག་གཉིས་པར་ལྡོག་པ་ལྟ་བུའོ། །བརྒྱུད་པའི་རྒྱུས་གནོད་པ་བྱས་པ་ནི། སྐད་ཅིག་དང་པོ་ནས་ལྡོག་པ་ཡིན་ཏེ། སྣང་བ་སྐྱེས་མ་ཐག་ཏུ་མུན་པ་ལྡོག་པ་ལྟ་བུའོ། །གསུམ་པ་ནི། ངོ་བོས་གནོད་པ་བྱས་པའི་གནོད་བྱ་གང་ཡིན་པ་དེ་དག གནོད་བྱེད་དང་ཕྲད་དུས་ཀྱི་སྐད་ཅིག་དང་པོ་དང་གཉིས་པ་ལ་མི་ལྡོག་སྟེ། གཞན་དུ་ན། གནོད་བྱ་གྲང་རེག་ནུས་མེད་དེ། གནོད་བྱེད་ཚ་རེག་གི་སྔར་བྱུང་བ་དང༌། དུས་མཉམ་པ་གང་རུང་དུ་ཐལ་བར་འགྱུར་ལ། འདོད་ན། རྒྱུ་འབྲས་མ་ཡིན་པར་འགྱུར་ཞིང༌། དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ནི། གནོད་བྱ་ནུས་མེད་ཀྱི་རྒྱུ་མ་ཡིན་པ་ནི་གནོད་བྱེད་དུ་མི་རུང་བའི་ཕྱིར་རོ། །ཞེས་བཤད་ལ། ལུགས་དེ་ནས་བཤད་པའི་དངོས་རྒྱུས་གནོད་པ་བྱས་པ་དང༌། བརྒྱུད་རྒྱུས་གནོད་པ་བྱས་པའི་ཚེ་ན། གནོད་པ་བྱེད་མཁན་དེ་ཉིད་གནོད་བྱེད་དུ་མི་འདོད་པར། དེའི་དངོས་འབྲས་དང༌། བརྒྱུད་འབྲས་གནོད་བྱེད་དུ་འདོད་པ་ནི། གཞུང་འདིར་ངེས་པར་འགོག་དགོས་པ་ནི། ཇི་སྐད་དུ། ངེས་པ་སྐྱེས་པས་སྒྲོ་འདོགས་ཕྱིས། །ཞེས་པ་རྩ་འགྲེལ་གྱི་སྐབས་སུ་གསལ་བ་དེ་ཉིད། ངེས་པར་ཁས་ལེན་རྒྱུ་ཡིན་མོད་ཀྱང༌། འགྲེལ་བར་སྣང་མུན་གྱི་སྐྱེ་འགག་འཆད་པའི་སྐབས་སུ། ཕྱོགས་སྔ་མ་དང་འདྲེ་བ་ལ་ཁད་ཉེ་བ་བག་ཙམ་ཞིག་སྣང་ངོ༌། །ཡང༌། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་དང༌། ཆོས་ཀྱི་བདག་འཛིན་གྱིས་ས་བོན་ཤེས་རྒྱུད་གཅིག་ལ་ཡུན་རིང་པོ་ལྷན་ཅིག་ཏུ་གནས་པར་ཁས་ལེན་ན། དེ་ལྟར་གནས་པ་དེ་ཉིད་ཀྱིས་ལྷན་ཅིག་མི་གནས་འགལ་དུ་མི་རུང་བ་ཉིད་ཀྱི་ཕྱིར། དེ་དང་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་གཉིས་ལྷན་ཅིག་མི་གནས་འགལ་དུ་ཁས་ལེན་དགོས་པ་ཡིན་ནོ། །འོན་ཀྱང་ཁོ་བོ་ཅག་ནི། ཇི་སྲིད་སྤང་བྱའི་ས་བོན་གྱི་རྣམ་གཞག་ཁས་ལེན་པ་དེ་སྲིད་དུ། ཀུན་གཞིའི་རྣམ་ཤེས་ཁས་ལེན་ལ། ཡེ་ཤེས་ནི་ཀུན་གཞིའི་རྣམ་ཤེས་སུ་མི་འདོད་པས། གཉིས་པོ་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཆར་དུ་གནས་པར་འདོད་ཀྱང༌། ཤེས་རྒྱུད་གཅིག་ལ་གནས་པར་མི་འདོད་དོ། །གཉིས་པ་རང་གི་ལུགས་ལ། དོན་གྱི་ལྷན་ཅིག་མི་གནས་འགལ་གྱི་དབང་དུ་བྱས་པའི་གནོད་བྱ་ལྡོག་པའི་དུས་ནི། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེས། སྐད་ཅིག་གསུམ་པ་ལ་གྲང་རེག་གི་རྒྱུན་ངེས་པར་ལྡོག་དགོས་པ་ཡིན་ཏེ། དེར་མ་ལོག་ན་དེའི་སྐབས་ཀྱི་ཚ་གྲང་གཉིས་པོ་དེ་ལྷན་ཅིག་མི་གནས་འགལ་དུ་བཞག་མི་ནུས་པའི་ཕྱིར། འོ་ན། ཚ་རེག་ནུས་པ་ཆེ་ཆུང་གི་ཁྱད་པར་ལས། གྲང་རེག་གི་སྟོབས་འཇོམས་པ་ལ་མྱུར་བུལ་གྱི་ཁྱད་པར་བྱུང་བ་དེའི་ཚེ། གནས་སྐབས་གཉིས་པོ་དེར། ཚ་གྲང་གཉིས་པོ་ལྷན་ཅིག་མི་གནས་འགལ་ཡིན་མིན་དུ་འཇོག་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རགས་པའི་རྣམ་གཞག་ནི། གང་རང་དུས་ཀྱི་སྐད་ཅིག་གསུམ་པར། རང་གི་གནོད་བྱ་གྲང་རེག་ལྡོག་མི་ནུས་ན། དེའི་ཚེ་ཚ་གྲང་གཉིས་པོ་ལྷན་ཅིག་མི་གནས་འགལ་དུ་ཁས་མི་ལེན་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར། ཞིབ་མོར་ན། བུལ་བ་དེའི་ཚེ་ཡང༌། ཚ་རེག་སྔ་མ་སྔ་མས་རང་རང་གིས་སེལ་བར་ནུས་པའི་གནོད་བྱ་རྣམས། རང་དུས་ཀྱི་སྐད་ཅིག་གསུམ་པར་བསལ་ཟིན་པ་ཡིན་མོད། དེ་ལྟ་ན་ཡང༌། དུས་དེར་གྲང་རེག་རྒྱུན་ཆད་མི་དགོས་ཏེ། དཔེར་ན། སྒོམ་ལམ་བར་ཆད་མེད་ལམ་རྣམ་པ་དགུས་རང་རང་གི་སྤང་བྱ་སེལ་བ་བཞིན་ནོ། །དོན་གྱི་གནོད་བྱ་ལྡོག་པའི་དུས་བཤད་མ་ཐག་པ་འདི་ཡང༌། མཚན་གཞི་ངོས་བཟུང་བ་ཡིན་གྱི། དེར་ངེས་པ་མ་ཡིན་ཏེ། སྣང་བ་ནི་རང་གི་བསལ་བྱ་མུན་པ་དང་འཕྲད་པ་མེད་ཅིང༌། རང་དུས་དེ་ཉིད་དུ་རང་གི་བསལ་བྱ་བསལ་ཟིན་པས། དེ་སེལ་བ་ལ་སྐད་ཅིག་གསུམ་མི་ཐོགས་པའི་ཕྱིར། འདི་ཡང་མུན་པ་སྔ་མའི་རྒྱུན་མ་འོངས་པ་སྐྱེ་མ་ནུས་པ་ལ། སྣང་བས་མུན་པ་སེལ་ཞེས་བཏགས་པ་ཡིན་ཏེ། རང་དུས་སུ་འགགས་ཟིན་པའི་མུན་པ་དང༌། རང་འདས་ཟིན་པའི་དུས་སུ་སྐྱེ་བའི་མུན་པ་ནི་སྣང་བས་སེལ་མི་ནུས་པའི་ཕྱིར། ཡང༌། སྣང་བའི་བརྒྱུད་རྒྱུ་མུན་པའི་གནོད་བྱེད་དུ་ཁས་ལེན་པ་བ་དེ་ནི། དེ་དང་དེའི་གནོད་བྱ་གཉིས་སྐད་ཅིག་དང་པོ་ལ་ཕྲད་ནས། གསུམ་པ་ལ་ལྡོག་པར་ཁས་ལེན་རིགས་པས། སྣང་བའི་བརྒྱུད་རྒྱུ་དེ་ཉིད་མུན་པ་དང་ལྷན་ཅིག་མི་གནས་འགལ་དུ་ཁས་ལེན་རིགས་སོ། །གཉིས་པ་བློ་ཡི་གནོད་བྱ་ལྡོག་པའི་དུས་ནི། གནོད་བྱེད་ངེས་པའི་ཤེས་པ་སྐྱེས་པས་དེའི་བྱེད་པ་མ་ཉམས་པ་དེ་སྲིད་དུ། དེའི་གནོད་བྱ་སྒྲོ་འདོགས་ཕྱིས་མི་སྐྱེ་བར་བྱས་པ་ནི་དེའི་མཚན་གཞི་ཡིན་ནོ། །ཆོས་མཆོག་གི་ཡེ་ཤེས་མཐོང་སྤང་རྟོག་པའི་སྤོང་གཉེན་དུ་འདོད་ནའང༌། རང་དུས་སུ་དེའི་བསལ་བྱ་འགགས་ཟིན་པ་ཡིན་གྱི། མཐོང་ལམ་བར་ཆད་མེད་ལམ་སྐྱེས་པ་ལ་ལྟོས་པར་ཁས་མི་ལེན་ནོ། །འོན་ཀྱང༌། ས་བོན་གྱིས་ནི་དམིགས་རྣམ་མི་འཛིན་པས། གནོད་བྱ་དེ་ལྡོག་པའི་དུས་ནི། ཚ་གྲང་ལྟ་བུའི་དོན་གྱི་གནོད་བྱ་ལྡོག་པའི་ཚུལ་དང་མཚུངས་པར་ཁས་ལེན་དགོས་པས། དེ་ནི་འདིར་བཤད་པའི་བློའི་གནོད་བྱ་ལྡོག་དུས་ཀྱི་ནང་དུ་མ་འདུས་པར། འོག་ནས། ས་བོན་སྤོང་བའི་གཉེན་པོའང་ཡོད། །ཅེས་པའི་སྐབས་སུ་འབྱུང་ངོ༌། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། དོན་གྱི་འགལ་བ་ལྡོག་དུས་ལ་རྩོད་པ་སྤང་བ་དང༌། བློའི་འགལ་བ་ལྡོག་དུས་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས། ཆ་ཡོད་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། གལ་ཏེ་སྐད་ཅིག་མ་གསུམ་པ་ལ་ལྡོག་ཅེས་པའི་སྐད་ཅིག་གཅིག་ལ་ཆ་ཤས་ཡོད་དམ་མེད། ཆ་ཤས་མེད་ན་རགས་པའི་རྒྱུན་རྣམས་རྩོམ་པ་མེད་པར་འགྱུར་ལ། ཆ་ཤས་ཡོད་ན་ཐུགས་པ་མེད་པས་སྐད་ཅིག་གསུམ་པ་ལ་གནོད་བྱ་ལྡོག་པ་ཡིན་ནོ། །ཞེས་པའི་ངེས་བཟུང་དཀའོ། །ཞེ་ན། སྐད་ཅིག་གཅིག་ལ་ནི་སྔ་ཕྱིའི་ཆ་ཤས་མེད་ལ། དེ་ལྟ་ན་ཡང༌། རྒྱུན་མེད་པར་ཐལ་བའི་ཉེས་པས་མི་གནོད་དེ། རྒྱུན་ཡང་སྐད་ཅིག་གི་ཕྲེང་བ་བར་མ་ཆད་པར་སྐྱེས་ཙམ་ལ་འཇོག་པ་ཡིན་པའི་ཕྱིར། དེས་ན། གནོད་བྱེད་ཚ་རེག་དང་ཕྲད་པའི་གྲང་རེག་ནི་སྐད་ཅིག་གསུམ་པ་ཉིད་ལ་ལྡོག་པ་ཡིན་ཏེ། རྡུལ་ཆ་བཅས་སུ་ཁས་ལེན་དགོས་པ་དང༌། སྐད་ཅིག་ཆ་བཅས་སུ་ཁས་ལེན་དགོས་པ་གཉིས་རིགས་པ་མི་མཚུངས་པས་ནའོ། །འདིར་ཕྱྭ་བསྡུས་ལས། དངོས་པོ་མཐའ་དག་ལ། ཐོག་མ་དང༌། དབུས་དང༌། ཐ་མའི་ཆ་གསུམ་མེད་པ་མི་སྲིད་དེ། ཆ་ཐུག་པ་མེད་པ་ཡིན་ནོ། །ཞེས་བཤད་ལ། འདི་ནི་སྡེ་བདུན་མཛད་པའི་རང་ལུགས་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སུ་འགྲེལ་པར་འདོད་པ་ཡིན་ལ། དེ་འགོག་པ་ནི། འགྲེལ་པ་ལས། གང་དག་ཆོས་ཀྱི་གྲགས་པའི་རྣམ་གཞག་ཁས་ལེན་བཞིན་དུ། སྐད་ཅིག་ཆ་ཤས་ཅན་དུ་འདོད་པ་ནི་རིགས་པའི་རྭ་བ་ལས་འདས་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནུས་པ་ཐོགས་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། གལ་ཏེ། གནོད་བྱེད་ཚ་རེག་དང་ཕྲད་པའི་གྲང་རེག་རང་གི་འབྲས་བུའི་རྒྱུ་ནུས་པ་ཐོགས་མེད་དེས། རང་འབྲས་གྲང་རེག་ནུས་ཅན་སྐྱེད་དམ་ནུས་མེད་སྐྱེད། གཉིས་ཀ་ལྟར་ཡང༌། ཚ་རེག་གི་རྒྱུན་ཕྱི་མ་རྣམས་ལ་དགོས་ནུས་མེད་པར་འགྱུར་རོ། །ཞེ་ན། ཉེས་པ་དེ་འཇུག་པ་མ་ཡིན་ཏེ། དེ་འདྲའི་དུས་ཀྱི་གྲང་རེག་ནུས་པ་ཐོགས་མེད་དེ། རང་འབྲས་སྐད་ཅིག་གཉིས་པའི་ཉེར་ལེན་ཡིན་ལ། ལྷན་ཅིག་བྱེད་རྐྱེན་ཚ་རེག་གམ་གྲང་རེག་སྟོབས་ཆེན་གང་དང་གང་ཕྲད་པ་དེ་དང་དེ་ཡིས་དེ་དང་མཐུན་པའི་འབྲས་བུ་འབྱིན་པའི་ཕྱིར་རོ། །གཉིས་པ་ནི། ངེས་ཤེས་ཀྱིས་སྤང་བྱ་སྒྲོ་འདོགས་ཀྱི་ངོ་བོའམ་ས་བོན་སྤོང༌། གཉིས་ཀ་ལྟར་ཡང་མི་འཐད་དེ། མངོན་གྱུར་ནི་གཞན་ལ་ཡིད་གཏད་པས་ཀྱང་ལྡོག་པས། ཚད་མས་དྲངས་པའི་ངེས་པ་ལ་ལྟོས་མི་དགོས། ས་བོན་སྤོང་བའི་ནུས་པ་ནི་དེ་ལ་མེད་པའི་ཕྱིར། ཞེས་ཟེར་རོ། །སྤྱིར་ངེས་འབྱེད་ཆ་མཐུན་ལྟ་བུ་རྟོག་པ་མངོན་གྱུར་སྤོང་བའི་གཉེན་པོ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལྟ་བུ་ས་བོན་སྤོང་བའི་གཉེན་པོའང་ཡོད་མོད། ངེས་པར་སྒྲོ་འདོགས་སེལ་བའི་ཚུལ་གོང་དུ་བཤད་པ་དེ་ནི་གཉིས་ཀ་མ་ཡིན་ཏེ། དེས་དེ་སྤངས་པས་ཐོབ་པའི་སོ་སོར་བརྟགས་འགོག་ཁས་མི་ལེན་པའི་ཕྱིར། འོ་ན་ཅི་ཞེ་ན། ཇི་སྲིད་ཚད་མ་ལས་བྱུང་བའི་ངེས་པ་ཡོད་པ་དེ་སྲིད་དུ། དེའི་བསལ་བྱ་སྒྲོ་འདོགས་སྐྱེ་བའི་གོ་སྐབས་མ་རྙེད་པའོ། །འོ་ན། སྒྲོ་འདོགས་ཀྱིས་ཀྱང་ངེས་ཤེས་སེལ་བར་ཐལ་ལོ། །ཞེ་ན། དེ་དང་དེ་རྟོགས་པའི་ཚད་མ་དྲན་ལམ་ན་མེད་པའི་གང་ཟག་ལ་ནི་དེ་ལྟར་ཧ་ཅང་ཐལ་བ་མེད་ལ། ཚད་མས་དྲན་ལམ་དུ་ཡོད་པ་ལ་ནི་དེ་དེས་སེལ་བ་མེད་དེ། ཚད་མ་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར། བཞི་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ་སྟེ། དོན་ལ་འགལ་བ་དགག བློ་ངོར་འགལ་བ་སྒྲུབ། འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་ནས་དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འབྲེལ་པ་བཞིན་དུ་འགལ་བ་ཡང་དངོས་པོའི་དོན་ལ་གྲུབ་པ་མེད་དེ། གནོད་བྱེད་ཡོད་པ་ན་གནོད་བྱ་མ་སྐྱེས། དེ་སྐྱེས་པ་ན་གནོད་བྱེད་འགགས། དུས་མཉམ་པའི་ཚ་གྲང་ལྟ་བུ་ནི་འགལ་འབྲེལ་གཉིས་ཀ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་ན་ཡང༌། སེལ་ངོར་དེའི་རྣམ་གཞག་མེད་པ་མ་ཡིན་ཏེ། རྣམ་པར་རྟོག་པས་སྒྲོ་བཏགས་ནས་ཚ་གྲང་གི་རྒྱུན་འགལ་བ་ཉིད་དུ་རྣམ་པར་གཞག་པའི་ཕྱིར། གསུམ་པ་ལ་དངོས་དང༌། རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། གནོད་བྱེད་ཚ་རེག་དང༌། གནོད་བྱ་གྲང་རེག་ནུས་མེད་གཉིས། སྣང་དང་མི་སྣང་མ་རྟོགས་པ་སྟེ་དེ་གཉིས་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ལས་གཞན་དུ་གྱུར་པའི་ཚ་གྲང་འགལ་བར་ངེས་བྱེད་ཀྱི་ཚད་མ་ཡོད་པ་མ་ཡིན་ཏེ། གཉིས་པོ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ཀྱིས་ཚ་གྲང་གི་རྒྱུན་ལྷན་ཅིག་མི་གནས་འགལ་དུ་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ལས། རྩོད་པ་ནི། ཚ་གྲང་འགལ་བར་མི་འགྲུབ་སྟེ། གཞི་འགའ་ཞིག་ཏུ་གྲང་རེག་འགོག་པ་ལ། མེ་ཙམ་ནི་རྟགས་སུ་བཀོད་ན། ཚ་གྲང་ཕྲད་དུས་ཀྱི་མེས་ཁྱབ་པ་མ་ངེས་ལ། མེ་སྟོབས་ལྡན་རྟགས་སུ་བཀོད་ན་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་ཏེ། དེའི་ཚེ། གྲང་རེག་སྣང་དུ་རུང་ན་སྣང་རུང་མ་དམིགས་པས་ཁེགས་ཤིང༌། སྣང་དུ་མི་རུང་ན། གྲང་རེག་ལས་མེ་སྟོབས་ཆེ་བར་མི་ངེས་པའི་ཕྱིར་ཞེ་ན། ལན་ལ་གཉིས་ལས། གཞན་ལན་མི་འཐད་པ་ནི། ཕྱྭ་པ་ལ་སོགས་པ་ཁ་ཅིག་ནི། མེ་སྟོབས་ལྡན་པ་རྟགས་སུ་འགོད་ཅེས་ཟེར་ལ། དེ་ལ་གཞན་གྱི་མ་བརྟགས་པའི་ཉེས་པ་མི་འཇུག་སྟེ། དགག་བྱ་གྲང་རེག་མེ་བས་སྟོབས་ཆེ་བའམ་སྙམ་པ་ནི། སྣང་རུང་མ་དམིགས་པས་ཁེགས་ཤིང༌། སྟོབས་ཆུང་བ་ནི་ཡོད་ཀྱང་སྣང་དུ་མི་རུང་བས། དེ་འགོག་པ་ལ་མེ་སྟོབས་ལྡན་རྟགས་སུ་འགོད་དགོས་པས་སོ། །ཞེས་ཟེར་བ་མི་འཐད་དེ། མེ་སྟོབས་ལྡན་རྟགས་སུ་འགོད་དགོས་པའི་གཏན་ཚིགས་དེའི་ཁྱབ་པ་འགལ་བའི་ཕྱིར་རོ། །རང་ལན་ནི། གཞི་འགའ་ཞིག་ཏུ་གྲང་རེག་གི་རྒྱུན་འགོག་པ་ལ། རྟགས་རང་གི་ངོ་བོ་མེ་ཙམ་བཀོད་པས་ཆོག་པ་ཡིན་ཏེ། སྐབས་དེར་སྣང་རུང་གི་གྲང་རེག་སྟོབས་ཅན་དང་སྟོབས་མཉམ་འགོག་པ་ཡིན་ན་ཁྱབ་པ་འཁྲུལ་ཡང༌། སྣང་མི་རུང་གི་གྲང་རེག་སྟོབས་ཆུང་གི་རྒྱུན་འགོག་པ་ཡིན་པས་སོ། །འདིར་སྟོབས་ལྡན་པ་ཁོ་ན་ངེས་པར་འགོད་དགོས་པ་ལ་གནོད་བྱེད་བརྗོད་པ་ཡིན་གྱི། སྟོབས་ལྡན་པ་འགོད་པ་ལ་སྐྱོན་ཡོད་པར་སྟོན་པ་ནི་མ་ཡིན་ནོ། །དེ་ཡང༌། མེ་ཡིན་ན་རང་གི་གནོད་བྱ་གྲང་རེག་ནུས་མེད་དུ་སྐྱེད་བྱེད་དང༌། གྲང་རེག་ཡིན་ན་རང་གི་གནོད་བྱ་ཚ་རེག་ནུས་མེད་དུ་བྱེད་པས་ཁྱབ་སྟེ། དེ་དང་དེར་མི་བྱེད་ན། ཚ་གྲང་རང་གི་ངོ་བོ་མངོན་སུམ་ལ་སྣང་དུ་མི་རུང་བས་སོ། །དེ་ཡང་མེའི་རང་དུས་སུ་རང་ཉིད་སྐྱེ་བ་ལ་གེགས་བྱེད་ཀྱི་གྲང་རེག་ནུས་མེད་དུ་སོང་བ་ཡིན་ལ། དེ་ཡང་མེའི་རྒྱུ་ནུས་པ་ཐོགས་མེད་ཀྱིས་བཞག་པའི་ལག་རྗེས་ཡིན་གྱི། མེ་རང་གི་འབྲས་བུར་ཁས་ལེན་པ་ནི་མ་ཡིན་ནོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ་གཉིས་ཏེ། གཞན་གྱི་འདོད་ཚུལ་དགག་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། རྔོག་ལོ་ཙྪ་བ་ཆེན་པོ་རྗེས་འབྲང་དང་བཅས་པ་དག་ན་རེ། ཆོས་གང་ཞིག ཆོས་གཞན་གྱིས་དབེན་པ་དེ། ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། དབྱེ་ན་དངོས་འགལ་དང༌། བརྒྱུད་འགལ་གཉིས། དང་པོ་ལ། རྫས་དངོས་འགལ་དང༌། ལྡོག་པ་དངོས་འགལ་གཉིས་ལས། དང་པོ་ནི། རྟག་མི་རྟག་ལྟ་བུ་དང༌། གཉིས་པ་ནི་མེད་དགག་ཡིན་མིན་ལྟ་བུའོ། །གཉིས་པ་བརྒྱུད་འགལ་ལ་ཡང་དངོས་འགལ་གྱིས་ཁྱད་པར་དུ་བྱས་མ་བྱས་གཉིས་ལས། དང་པོ་ལ། རྫས་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་སྔོ་མིན་དང༌། ཨུཏྤ་ལའི་སྔོན་པོ་ལྟ་བུ་དང༌། ལྡོག་པ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ། མེད་དགག་དང༌། ཤེས་བྱའི་ལྡོག་པ་ལྟ་བུ་དང༌། གཉིས་པ་དེས་ཁྱད་པར་དུ་མ་བྱས་པ་ལ། རྫས་བརྒྱུད་འགལ་ནི། བྱས་པ་དང༌། རྟག་པ་ལྟ་བུ་དང༌། ལྡོག་པ་བརྒྱུད་འགལ་ནི། བྱས་ལྡོག་དང༌། མི་རྟག་པའི་ལྡོག་པ་ལྟ་བུ་སྟེ་རྣམ་པ་དྲུག་གོ །ཞེས་ཟེར་རོ། །དེ་མི་འཐད་པ་ལ་གསུམ་སྟེ། ཧ་ཅང་ཐལ་བ་དངོས་དང༌། དེའི་ཉེས་སྤོང་དགག་པ་དང༌། ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། ཞེས་པའི་གཞུང་དོན་དང་མི་འགལ་བའི་ཚུལ་བཤད་པའོ། །དང་པོ་ནི། ཆོས་གང་ཞིག ཆོས་གཞན་གྱིས་དབེན་པ་ཙམ། སྤྱིར་འགལ་བའི་མཚན་ཉིད་ཡིན་ན། མེ་དུ་ལ་སོགས་པའི་བྱུང་འབྲེལ་པ་རྣམས་ཀྱང་འགལ་བར་འགྱུར་ལ། དེ་འདྲ་དེ་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད་ཡིན་ན། ཚ་གྲང་ལ་སོགས་པའི་ལྷན་ཅིག་མི་གནས་འགལ་མཐའ་དག་ཀྱང༌། ཕན་ཚུན་སྤངས་འགལ་ཉིད་དུ་ཐལ་བར་འགྱུར་ལ། སྔ་མ་ལ་འདོད་ན། བོད་སྔ་མ་རྣམས་རང་ཉིད་ཀྱིས། འགལ་ན་འགོག་པ་དང༌། འབྲེལ་ན་སྒྲུབ་པའི་རྣམ་གཞག་ཁས་བླངས་པ་འཇིག་པར་འགྱུར་རོ། །རང་ལུགས་ལ་ཡང༌། ཕྱོགས་ཆོས་གྲུབ་པ་གཞིར་བྱས་ལ། འགལ་ན་འགོག་པ་དང༌། འབྲེལ་ན་སྒྲུབ་པའི་རྣམ་གཞག་ཁས་ལེན་པ་ཡིན་ནོ། །ཕྱི་མ་ལ་འདོད་ན། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་ཇི་སྙེད་པ། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་བ་ལས། དེ་ཡང་ཁྱེད་ཀྱིས་མི་འདོད་དོ། །གཉིས་པ་ནི། མེ་དུ་དང་སྔོ་སེར་ལ་སོགས་པའི་ཆོས་ཐ་དད་པ་རྣམས་འབྲེལ་ལམ། མ་འབྲེལ་ཡང་རུང༌། དུ་བ་ཡིན་པའི་རྟགས་ཀྱིས། ཙནྡན་གྱི་དུ་བ་མེའི་ངོ་བོ་ཡིན་པ་དང༌། སྔོན་པོ་ཡིན་པའི་རྟགས་ཀྱིས། བཻ་ཌཱུརྻའི་ཁ་དོག་སེར་པོ་ཡིན་པ་སོགས་འགོག་ལ། དེ་ཡང་འགལ་བའི་སྟོབས་ཀྱིས་ཡིན་ཞིང༌། དུ་བ་ཡོད་པའི་རྟགས་ཀྱིས་མེ་མི་ལྡན་དུ་སྒྲུབ་ནུས་པ་ནི་འབྲེལ་པའི་སྟོབས་ཀྱིས་ཡིན་པས། མེ་དུ་ལྟ་བུ་འགལ་འབྲེལ་གཉིས་ཀ་ཡིན་ནོ། །ཞེ་ན། འོ་ན། སྣང་རུང་དུ་མེད་པ་སྟེ་མ་དམིགས་པའི་གཏན་ཚིགས་རྣམས་ནུས་པ་མེད་པར་འགྱུར་ཏེ། དགག་བྱ་ཡོད་ཀྱང༌། སྣང་དུ་རུང་བ་རྣམས་ཀྱང་འགལ་བ་དམིགས་པས་འགོག་པའི་ཕྱིར། འདིའི་ངག་དོན་ནི། ཙནྡན་གྱི་དུ་བའི་སྟེང་དུ་མེ་དང༌། བཻ་ཌཱུརྻའི་ཁ་དོག་གི་སྟེང་དུ་སེར་པོ་ཡོད་ཀྱང༌། སྣང་མི་རུང་ཡིན་པར་འགྱུར་ཏེ། ཤེས་འདོད་ཆོས་ཅན། དེ་དང་དེའི་སྟེང་དུ་དགག་བྱ་དེ་དང་དེ་འགོག་པ་ལ་འགལ་དམིགས་ཀྱི་གཏན་ཚིགས་འཇུག་པའི་ཕྱིར། ཡང༌། འདུས་མ་བྱས་ཀྱི་ནམ་མཁའ་མི་རྟག་པ་ཡིན་པ་འགོག་པ་ལ། རྟག་པ་ཡིན་པ་གཏན་ཚིགས་ཡང་དག་ཏུ་རུང་བར་འགྱུར་ཏེ། དེ་གཉིས་འགལ་བ་གང་ཞིག འགལ་བའི་སྟོབས་ཀྱིས་འགོག་ནུས་པར་ཁས་བླངས་པའི་ཕྱིར། དེ་ལྟར་བཤད་པ་ན། དེང་སང་གི་རྟོག་གེ་པ་རྣམས། ཀ་བ་མ་ཡིན་པའི་སྒྲུབ་བྱེད་དུ་བུམ་པ་ཡིན་པ་དང༌། སེར་པོ་མ་ཡིན་པའི་སྒྲུབ་བྱེད་དུ་སྔོན་པོ་ཡིན་པ་སོགས་འགོད་པ་ནི་དགག་པའི་གཏན་ཚིགས་ལས་འོས་མི་འདུག་པས། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པ་གཉིས་ལས་གང་ཡིན་ཞེས་བརྟགས་ན། རྟོག་གེའི་རིང་ལུགས་ལས་ཉམས་སོ། །གལ་ཏེ། དེ་དག་ལ་ཕྱོགས་ཆོས་མི་འགྲུབ་པ་སྐྱོན་དུ་སོང་བ་ཡིན་གྱི། འགལ་བ་དངོས་ཡིན་པ་ལ་སྐྱོན་ཆགས་པ་མ་ཡིན་ནོ་ཞེ་ན། རྒྱུ་མཚན་དེ་ཉིད་ཀྱིས་འགལ་བ་མཚན་ཉིད་པ་མ་ཡིན་པར་གྲུབ་སྟེ། ཕྱོགས་ཆོས་ཚད་མས་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པས། འགལ་དམིགས་ཀྱི་གཏན་ཚིགས་སྦྱར་དུ་མ་རུང་བའི་ཕྱིར། གསུམ་པ་ནི། ཀ་བུམ་དང༌། སྔོ་སེར་ལ་སོགས་པ་མི་འགལ་ན། ཇི་སྐད་དུ། ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །ཞེས་དང༌། དེའི་རང་འགྲེལ་དུ། ཡང་ན། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ན། རྟག་པ་དང་མི་རྟག་པ་བཞིན་ནོ། །ཞེས་གསུངས་པ་དང་འགལ་བར་འགྱུར་ཏེ། མེ་ཡིན་མིན་དང༌། སྔོན་པོ་ཡིན་མིན་ལྟ་བུས་དངོས་འགལ་གྱི་གོ་ཆོད་ན། མེ་དུ་དང་སྔོ་སེར་ལ་སོགས་ལ་སོགས་པས་བརྒྱུད་འགལ་གྱི་གོ་མི་ཆོད་པར་འགལ་བའི་ཕྱིར་ཞེ་ན། གཞུང་ལས། ཕན་ཚུན་སྤངས་པའི་ཐ་དད་ལ་འགལ་བར་གསུངས་པ་ནི་བཏགས་པ་བ་ཡིན་ཏེ། དཔེར་ན། རྟ་དང་འབྲེལ་བའི་བ་ལང་ཞེས་བརྗོད་པ་བཞིན་ནོ། །འོ་ན་ཇི་སྐད་དུ། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་པས་སྒྲ་མི་རྟག་པ་ལྟ་བུ་སྒྲ་རྟག་པ་ལ་གནོད་བྱེད་དུ་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡུལ་ཅན་ཚད་མ་དེ་ཉིད་དེའི་ཡུལ་གྱི་ལོག་ཕྱོགས་ལ་གནོད་བྱེད་དུ་བསྟན་པ་ཡིན་པས་སོ། །འདི་ལ་ནི་ཚད་མས་གནོད་འགལ་ཞེས་བྱ་ཡི། ཕན་ཚུན་སྤངས་འགལ་ཞེས་ནི་མི་བྱ་སྟེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་བཞག་པ་ལ་གསུམ་ལས། དང་པོ་གཅིག་དང་ཐ་དད་ཀྱི་རྣམ་གཞག་ནི། རྒྱུ་གཅིག་དང་ཐ་དད་ལས་སྐྱེས་པ་དང༌། རྟོག་པའི་ཤེས་པས་གཅིག་དང་ཐ་དད་དུ་འཛིན་པའི་དབྱེ་བ་ཡིས་ཐ་དད་དང་ཐ་དད་མ་ཡིན་པའི་རྣམ་གཞག་འཇོག་པར་བྱེད་དེ། རྫས་གཅིག་དང་ཐ་དད་དང༌། ལྡོག་པ་གཅིག་དང་ཐ་དད་དུ་འཇོག་པ་ནི། དབྱེ་བ་དེ་ལ་རག་ལས་པའི་ཕྱིར། གཉིས་པ་ཐ་དད་ལ་འགལ་འབྲེལ་འཇོག་པའི་ཚུལ་ནི། ཐ་དད་པ་གཞིར་བྱས་པ་ལ། དེས་ཕན་འདོགས་ན་འབྲེལ་པ་དང༌། དེ་ལ་གནོད་པ་བྱེད་ན་འགལ་བ་དང༌། གཉིས་ཀ་མ་ཡིན་ན་ཐ་དད་པ་སྟེ་ཕན་ཚུན་སྤངས་པ་ཙམ་མོ། །བོད་སྔ་ཕྱི་ཀུན་གྱིས་ཕན་ཚུན་སྤངས་པའི་དངོས་འགལ་དུ་འདོད་པའི་སྒྲ་མི་རྟག་པ་ལྟ་བུ་ནི། སྒྲ་རྟག་པ་ལྟ་བུ་ལ་གནོད་བྱེད་མ་ཡིན་ཏེ། གནོད་བྱ་ཚད་མས་མ་དམིགས་པས། ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། ཞེས་པའི་དོན་མི་གནས་པའི་ཕྱིར། དེས་ན་ལུགས་འདིར་དེ་དེ་དང་དངོས་འགལ་མ་ཡིན་པར་གྲུབ་བོ། །གསུམ་པ་ཕན་ཚུན་སྤངས་འགལ་བཤད་པ་ལ་གསུམ་སྟེ། ཕན་ཚུན་སྤངས་པ་དངོས་བཤད་པ་དང༌། དེས་ཁྱད་པར་དུ་བྱས་པའི་འགལ་བ་བཤད་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། རང་མིན་ཏེ་རང་གི་འགལ་བ་མི་མཐུན་ཕྱོགས་བཀག་ཙམ་དེ། དེ་དང་ཕན་ཚུན་སྤངས་པའི་དངོས་འགལ་གྱི་མཚན་ཉིད། ཅེས་སམ། ཡང་ན། དེ་དང་ཕན་ཚུན་སྤངས་པ་དངོས་ཡིན་པའི་མཚན་ཉིད་དོ། །དཔེར་ན། དངོས་པོ་ཡོད་མེད་དང༌། བུམ་པ་ཡིན་མིན་ལ་སོགས་པ་རྣམས་སོ། །གཉིས་པ་ནི། བརྒྱུད་འགལ་ལམ། ཕན་ཚུན་སྤངས་པས་ཁྱད་པར་དུ་བྱས་པའི་འགལ་བ་ནི། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར། རང་མིན་ཏེ་རང་གི་འགལ་བ་མི་མཐུན་ཕྱོགས་དེའི་ཁྱབ་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའོ། །མཚན་གཞི་ནི། བྱས་པ་དང་རྟག་པ་ལྟ་བུ་དང༌། ལྟོས་བཅས་དང་ངེས་དངོས་བཞིན་ནོ། །དེས་ན་གཞུང་འདི་ལྟར་འདོན་ཏེ། རང་མིན་འགོག་པ་སྤངས་འགལ་དངོས། །གནོད་འདུལ་རང་མིན་ཁྱབ་བྱ་འགོག །ཅེས་སོ། །དངོས་འགལ་ཡིན་ཞེས་པ་མ་བཅོས་ཀྱང་རུང་ཙམ་ཡིན་མོད། ཁྱབ་བྱེད་འགོག་ཅེས་པ་ནི། ངེས་པར་འཆོས་དགོས་ཏེ། སྒྲ་ཇི་བཞིན་པར་གཞག་ན་དོན་ལོག་པར་སྟོན་པས་སོ། །དེས་ན་ལུགས་འདིར་ཡོད་མེད་དང་ཤེས་བྱ་ཡིན་མིན་ལྟ་བུ་ནི་ཕན་ཚུན་སྤངས་པ་དངོས་ཡིན་ཀྱང་འགལ་བ་མ་ཡིན་པས་ཕན་ཚུན་གཅིག་ཅིག་ཤོས་ཡིན་པ་འགོག་པའི་ཚེ། སྣང་རུང་མ་དམིགས་པའི་གཏན་ཚིགས་ཁོ་ན་འཇུག་པ་ཡིན་གྱི་འགལ་དམིགས་ཀྱི་གཏན་ཚིགས་མི་འཇུག ངེས་དངོས་དང་ལྟོས་བཅས་ལྟ་བུ་ཕན་ཚུན་སྤངས་འགལ་དངོས་ཡིན་པ་རྣམས་ནི་ཕན་ཚུན་དུ་གཅིག་ཅིག་ཤོས་ཡིན་པ་འགོག་པ་ན་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་བ་ཡིན་ཞེས་པ་འདི་ཉིད་ངེས་པའི་དོན་དུ་གཟུང་དགོས་པར་འོག་ནས་དོན་བསྡུའི་གཞུང་གིས་གསལ་བར་སྟོན་ལ། རང་མིན་འགོག་པ་ཞེས་པའི་རྐང་པ་གཉིས་པོ་འདི་ལ། ཕྱོགས་སྔ་མའི་འདྲེས་ཅུང་ཟད་ཀྱང་སྣང་སྟེ། ཕྱྭ་བསྡུས་ལས། བཟློག་པ་བཀག་པའི་ལྡོག་པ་དེ་ཉིད་དུ་ངེས་པར་བྱ་བ་ནི་དངོས་འགལ་ཡིན་ཏེ། རྟག་པ་དང་འགལ་བའི་མི་རྟག་པ་ལྟ་བུའོ། །བཟློག་པ་བཀག་པའི་ཁྱབ་བྱ་ངེས་པར་བྱ་བ་ནི་བརྒྱུད་འགལ་ཏེ། རྟག་པ་དང་འགལ་བའི་བྱས་པ་ལྟ་བུའོ། །ཞེས་བཤད་པ་དང་དོན་གཅིག་ཏུ་སྣང་བས་སོ། །མདོར་ན། ཕན་ཚུན་སྤངས་པའི་དངོས་འགལ་དུ་བཤད་པ་དེ་དངོས་འགལ་གོ་ཆོད་པོ་ཡིན་ན། དེའི་བརྒྱུད་འགལ་དུ་འཆད་པ་མཐའ་དག་ཀྱང་འགལ་བ་གོ་ཆོད་པོར་འགྱུར་ལ། དེ་ལྟ་ན། བོད་སྔ་མས། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་དང་མཚུངས་པར་སྦྱར་བ་དེ་དག ལུགས་འདིར་ཡང་ཁས་ལེན་དགོས་པ་ལས། དེ་ཁས་མི་ལེན་པའི་ཚུལ་འོག་ནས་རྒྱས་པར་འབྱུང་ངོ༌། །འོ་ན། རང་ལུགས་ལ། དངོས་འགལ་དང་བརྒྱུད་འགལ་གྱི་མཚན་ཉིད་དང་མཚན་གཞི་ཇི་ལྟ་བུ་ཞེ་ན། མཚན་ཉིད་ནི། དོན་དེ་ལ་དངོས་སུ་གནོད་བྱེད་དང༌། བརྒྱུད་ནས་གནོད་བྱེད་དོ། །དངོས་འགལ་གྱི་མཚན་གཞི་ནི། མེ་དང༌། དེའི་གནོད་བྱ་གྲང་རེག་ནུས་མེད་ཀྱི་རྒྱུན་ལྟ་བུའོ། །བརྒྱུད་འགལ་གྱི་མཚན་གཞི་ལ་གཉིས་ཏེ། དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དང༌། ཕན་ཚུན་སྤངས་པས་ཁྱད་པར་དུ་བྱས་པའོ། །དང་པོ་ནི། དུ་བ་དང་ཕྲད་འབྲས་སྤུ་ལོང་བྱེད་ལྟ་བུ་ལ་སོགས་པའོ། །གཉིས་པ་ལ། ཚད་མས་གནོད་འགལ་ཡིན་མིན་གཉིས་ལས། དང་པོ་ནི། བྱས་པ་དང་རྟག་པ་ལྟ་བུ་སྟེ། འགལ་བ་དངོས་ཡིན་ལ། གཉིས་པ་ནི་སྔོ་སེར་ལྟ་བུ་སྟེ་བཏགས་པ་བར་བཤད་དོ། །གལ་ཏེ། གཉིས་མིན་གྱི་ཕུང་གསུམ་སྲིད་ན་དངོས་འགལ་ཡིན་པ་ཉམས་སོ། །ཞེ་ན། དེ་ལ་དེ་དགོས་པ་སྡེ་བདུན་མཛད་པའི་གཞུང་གང་གིས་ཀྱང་མ་བསྟན་པས་ལུང་མེད་པ་དང༌། དངོས་སུ་གནོད་པ་མི་བྱེད་ན། ཕུང་གསུམ་ཁེགས་པ་ཙམ་གྱིས་འགལ་བར་བཞག་མི་ནུས་ཏེ། མོ་གཤམ་གྱི་བུ་ཡིན་མིན་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། འོ་ན་སྔོ་སེར་སོགས་ཕན་ཚུན་དུ་གཅིག་གྲུབ་པས་ཅིག་ཤོས་ཡིན་པ་མི་ཁེགས་པར་ཐལ། དེ་དག་དངོས་འགལ་དང༌། དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་གཉིས་གང་རུང་མ་ཡིན་པའི་ཕྱིར། ཞེ་ན། སྔོན་པོ་ཆོས་ཅན། ཁྱོད་སེར་པོ་དང་འགལ་བ་མ་ཡིན་ཀྱང༌། རང་ཉིད་སྔོན་པོར་གྲུབ་པ་ན། སེར་པོ་ཡིན་པ་ཤུགས་ལ་ཁེགས་ཏེ། ཁྱོད་དང་སེར་པོ་གཉིས་ཕན་ཚུན་སྤངས་པ་ཡིན་པའི་རྒྱུ་མཚན་གྱིས། ཁྱོད་ལ་སེར་པོ་སྣང་རུང་མ་དམིགས་པའི་ཕྱིར། དེ་དག་གི་མཇུག་བསྡུ་བ་ནི། ཕན་ཚུན་སྤངས་འགལ་གཅིག་པ་བཀག །དེ་ཡིན་དེས་ཡིན་གྱིས་འགོག །ཅེས་པ། བྱས་པ་དང་རྟག་པ་ལྟ་བུའི་དབང་དུ་བྱས་པ་ཡིན་ཏེ། དེ་གཉིས་གང་རུང་གཅིག་དངོས་པོར་གྲུབ་ཅིང༌། ཅིག་ཤོས་མ་གྲུབ་པས་གཅིག་པ་བཀག་པའི་ཐ་དད་དུ་བཞག་ཅིང༌། སྒྲའི་སྟེང་དུ་རྟག་པ་དེ་ཡིན་པ། དེ་མ་ཡིན་བྱས་པའི་རྟགས་ཀྱིས་འགོག་ནུས་པས། གཉིས་པོ་འགལ་བར་བཞག་པའི་ཕྱིར། ཕན་ཚུན་སྤངས་པའི་དངོས་པོ་གཉིས། །ཡིན་པ་སྣང་རུང་མེད་པས་ཁེགས། །ཞེས་པ་ཀ་བུམ་ལྟ་བུའི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ་གཉིས་པོ་ཕན་ཚུན་སྤངས་པ་ཡིན་ཏེ། གཅིག་ལ་གཅིག་སྣང་རུང་མ་དམིགས་པའི་ཕྱིར། འགལ་བ་མ་ཡིན་ཏེ། དངོས་དང་བརྒྱུད་པ་གང་གི་སྒོ་ནས་ཀྱང་མི་མཐུན་པར་གནས་པ་མེད་པའི་ཕྱིར། བོད་སྔ་མས། ཀ་བུམ་ལྟ་བུ་ལ་དངོས་འགལ་གྱིས་ཁྱད་པར་དུ་མ་བྱས་པའི་བརྒྱུད་འགལ་ཞེས་འཆད་པ་ནི། རང་གི་ཚིག་གེགས་བྱེད་དུ་སོང་བ་ཡིན་ཏེ། དངོས་འགལ་གྱིས་ཁྱད་པར་དུ་མ་བྱས་ན། བརྒྱུད་འགལ་གྱི་གོ་དོན་མི་ཚང་བའི་ཕྱིར་རོ། །འདིར་སྨྲས་པ། གཞུང་འདིའི་རྣམ་བཤད་ཕལ་ཆེར་གྱིས། །འགལ་བ་བརྟག་པའི་རབ་བྱེད་འདི། །གཞན་གྱི་ཕྱོགས་དང་མཐུན་བཤད་ཀྱི། །གཞུང་འདིའི་རྩ་འགྲེལ་བཞིན་མ་བཤད། །གང་འདིར་གཞན་གྲགས་ཁྱད་བསད་ནས། །སྡེ་བདུན་མཛད་པའི་རིགས་པ་ཡི། །གནམ་ཐིག་འཁྱོག་པོ་མིན་བཏབ་པས། །གཞུང་འདིར་མི་འདོད་རས་མར་དོར། །རྣམ་འགྲེལ་མཛད་གཞུང་དངོས་བསྟན་ལ། །ཕན་ཚུན་སྤངས་འགལ་ལྷན་ཅིག་ཏུ། །མི་གནས་ཚད་མས་གནོད་འགལ་གསུམ། །རྣམ་དབྱེ་མ་འདྲེས་སོ་སོར་བཤད། །རྔོག་ལོ་འགལ་བ་གསུམ་ཆར་ཡང༌། །ཕན་ཚུན་སྤངས་འགལ་ནང་དུ་བསྡུད། །ཕྱྭ་པ་ཚད་མས་གནོད་འགལ་ཡང༌། །ཕན་ཚུན་སྤངས་པར་བསྡུ་མོད་ཀྱང༌། །མེ་ཡོད་མེ་མེད་དེ་རྒྱུ་དང༌། །དེ་འབྲས་ལ་སོགས་གཞན་ཡང་འཆད། །གཞུང་འདིར་ཕན་ཚུན་སྤངས་པ་ཡི། །དངོས་འགལ་ཞེས་པ་མི་འདོད་ཅིང༌། །དེ་ཡིས་ཁྱད་པར་བྱས་པ་ནི། །ཚད་མས་གནོད་པའི་འགལ་ཁོ་ན། །ཚད་མ་རིགས་པའི་གཏེར་ལས་འགལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བདུན་པ་རྣམ་པར་བཤད་པའོ།། །།གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ཀྱི་རྣམ་གཞག་དང༌། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་མཚན་མཚོན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་ཕབ་པའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པར་སྒྲུབ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་གོ །དང་པོ་ནི། གཞུང་འདིར་ཚད་མའི་མཚན་ཉིད་འཆད་པའི་སྔོན་དུ། སྤྱིར་མཚན་མཚོན་གཞི་གསུམ་པོ་དེའི་རྣམ་གཞག་བཤད་པའི་རྒྱུ་མཚན་ཡོད་དེ། ཤེས་བྱ་ཀུན་ལ་ཆོས་གསུམ་གྱིས་ཁྱབ་པའི་ཕྱིར་རོ། །ཆོས་མངོན་པ་དང་ཤེར་ཕྱིན་གྱི་མདོར་ཆོས་རྣམས་ཀྱི་མཚན་ཉིད་གསུངས་པ་ནི། མཚན་གཞི་དེ་དང་དེའི་མཚན་ཉིད་དུ་བཞག་པ་ཡིན་གྱི། མཚོན་བྱའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། མདོ་དེ་དག་ན་བོད་ཀྱི་རྟོག་གེ་ལ་གྲགས་པ་ལྟར་མཚན་མཚོན་གཞི་གསུམ་གྱི་རྣམ་པར་བཞག་པ་མེད་པའི་ཕྱིར། དེ་བས་ན་ལུགས་དེར། མཚན་གཞི་གཟུགས་ལྟ་བུའི་མཚན་ཉིད་དུ་བཞག་པའི་གཟུགས་རུང་ལྟ་བུ་དེ་ལའང་མཚན་ཉིད་མི་སྲིད་པ་མ་ཡིན་ཏེ། དེ་དག་ཀྱང་ཀུན་བཏགས་སོགས་གསུམ་གྱིས་མཚོན་པའི་གཞིར་གྱུར་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་དེ་ཁོའི་མཚན་ཉིད་ཡིན་པ་ལ། ཁོ་དེའི་མཚོན་བྱ་ཡིན་དགོས་པ་ནི་མདོ་དང་མངོན་པའི་བརྡ་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ངོ་བོ་ངོས་བཟུང༌། དེར་འཇོག་པའི་འཐད་པ། སོ་སོའི་མཚན་ཉིད་དོ། །དང་པོ་ནི། མཚན་ཉིད་ནི་འདིས་གོ་བར་བྱེད་པ་དོན་གྱི་ཆོས་ཏེ། ནོག་ལྐོག་ཤལ་ལྟ་བུའོ། །མཚོན་བྱ་ནི་འདི་གོ་བར་བྱ་བ་བློའི་ཆོས་ཏེ། བ་ལང་གི་ཐ་སྙད་ལྟ་བུའོ། །གཉིས་པོ་དེ་དག་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཀྱང་ཡིན་ཏེ། དོན་རྒྱུ་མཚན་དུ་བྱས་ནས་མིང་བཏགས་པའི་ཕྱིར་རོ། །མཚན་གཞི་ནི། འདི་ལ་གོ་བར་བྱ་བ་རྟེན་གྱི་ཆོས་ཏེ། ནོག་སོགས་འདུས་པའི་དཀར་ཟལ་ལྟ་བུའོ། །སོང་ཚོད་ཀྱི་ཆོས་གསུམ་ཀ་གཞན་སེལ་དུ་མཚུངས་ཀྱང༌། རློམ་ཚོད་ལ་བློ་ཆོས་དང་དོན་ཆོས་སོ་སོར་ཕྱེ་བ་ཡིན་ཏེ། རློམ་ཚོད་ཀྱི་མཚོན་བྱ་ནི། སྤྱིར་དངོས་པོ་ཡིན་ཀྱང༌། མིང་ཡིན་པས་བཏགས་ཡོད་དུ་ངེས་པའི་ཕྱིར་རོ། །འོ་ན་དོན་བྱེད་ནུས་སྟོང་ལྟ་བུ་གཞན་སེལ་ཁོ་ནས་ཡིན་ནམ། དོན་གྱི་ཆོས་སུ་ཇི་ལྟར་བཞག་ཅེ་ན། ཐ་སྙད་འདོགས་པའི་རྒྱུ་མཚན་ཡིན་པ་ལ་བསམས་ནས། སེལ་ངོའི་དོན་ཆོས་ལ་དོན་ཆོས་སུ་བཏགས་པའོ། །འདི་དོན་ཆོས་མཚན་ཉིད་པ་མ་ཡིན་ཏེ། སེལ་ངོའི་རྫས་ཡོད་བཞིན་ནོ། །གཉིས་པ་ནི། ཆོས་གསུམ་སོ་སོར་འཇོག་པ་ལའང་རྒྱུ་མཚན་དགོས་ཏེ། མེད་ན་གསུམ་པོ་ཐམས་ཅད་ཕན་ཚུན་དུ་འཆོལ་བར་འགྱུར་བའི་ཕྱིར། གསུམ་པ་ལ། མཚན་ཉིད་ཀྱི་མཚན་ཉིད་བཤད་པ་སོགས་གསུམ་ལས། དང་པོ་ལ་གསུམ་སྟེ། མཚན་ཉིད་ལ་མཚན་ཉིད་མི་དགོས་པར་འདོད་པ་དགག དགོས་པའི་མཚན་ཉིད་བཞག བསལ་བྱ་སྐྱོན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་ལས། གཞན་ལུགས་དགག་པ་ནི། གངས་པ་ཤེའུ་སོགས། མཚན་ཉིད་ལ་མཚན་ཉིད་གཞན་མི་དགོས་ཏེ། རྫས་ཡོད་ཡིན་པའི་ཕྱིར་དང༌། དགོས་ན་ཐུག་མེད་དུ་འགྱུར་བས་སོ། །ཞེས་ཟེར། ཕྱྭ་པ་སོགས་ཁ་ཅིག མཚན་ཉིད་ཀྱི་དོན་ལ་མཚན་ཉིད་མི་དགོས་ཀྱང༌། ཐ་སྙད་ལ་དགོས་ཏེ། དཔེར་ན། སྔོན་པོ་མངོན་གྱུར་ཡིན་པའི་དོན་རྟགས་ཀྱིས་སྒྲུབ་མི་དགོས་ཀྱང༌། ཐ་སྙད་རྟགས་ཀྱིས་སྒྲུབ་དགོས་པ་བཞིན་ནོ། །རྩང་ནག་པ་སོགས་གཞན་དག་ནི། མཚན་ཉིད་ཀྱི་དོན་ལའང་མཚན་ཉིད་དགོས་ཏེ། དཔེར་ན། བ་ལང་གི་ཐ་སྙད་དེ་ཐ་སྙད་གཉིས་པའི་མཚན་ཉིད་ཡིན་ཀྱང༌། དེའི་མཚན་ཉིད་དུ་ནོག་ལྐོག་ཤལ་དགོས་པ་བཞིན་ནོ། །མཚན་ཉིད་ལ་མཚན་ཉིད་དགོས་པ་དེ་དང་འདྲ་བར། མཚོན་བྱ་ལ་ཡང་མཚོན་བྱ་དགོས་ཏེ། བ་ལང་གི་ཐ་སྙད་ལ་ཐ་སྙད་གཉིས་པ་དགོས་པ་བཞིན་ནོ། །དེས་ན། མཚན་ཉིད་ཀྱི་དོན་ལ་ཐུག་པ་ཡོད་ཀྱང༌། ཐ་སྙད་ཐུག་མེད་དུ་འགྱུར་ཏེ། མཚན་ཉིད་ཀྱི་མཚན་ཉིད་འཇོག་དགོས་པ་བཞིན་དུ། དེའི་མཚན་ཉིད་ཀྱི་མཚན་ཉིད་བཞག་དགོས་པ་སོགས་ཡིད་ཀྱི་སྤུ་རིས་ཟིན་ཞིང༌། ཚིག་གི་བརྗོད་པ་མ་འཁྲུལ་བ་དེ་སྲིད་དུ། མཚན་ཉིད་བཞག་དགོས་པས་སོ། །དེ་བཞིན་དུ། མཚོན་བྱའི་ཐ་སྙད་ལ་ཡང་ཐུག་པ་མེད་དེ། དཔེར་ན། བ་ལང་གི་ཐ་སྙད་ལ་དེའི་ཐ་སྙད་ཀྱི་ཐ་སྙད་ཅེས་མིང་འདོགས་པ་བཞིན་དུ། ཐ་སྙད་གཉིས་པ་དེ་ལ་ཡང་མིང་གཞན་ཞིག་འདོགས་དགོས་པ་སོགས་ཡིད་ཀྱི་སྤུ་རིས་ཟིན་པ་དེ་སྲིད་དུའོ། །དེ་དག་གི་ཤེས་བྱེད་ཀྱང༌། དཔེར་ན། རྟགས་ཐུག་མེད་ཡིན་པ་དང་འདྲ་སྟེ། ལ་མེ་ལྡན་དུ་སྒྲུབ་པ་ལ། དུ་བ་རྟགས་སུ་བཀོད་ནས། དེ་གཏན་ཚིགས་སུ་སྒྲུབ་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས། སྤྱིའི་སྦྱོར་བ་དེ་སྦྱོར་བ་གསུམ་པའི་ཚེ། གཞི་རྟགས་ཐ་དད་མེད་པར་ཐུག་ཀྱང༌། བྱེ་བྲག་གི་སྦྱོར་བ་ཐུག་མེད་དུ་འཆད་ནུས་པ་བཞིན་ནོ། །ཞེས་ཟེར་རོ། །དེ་དགག་པ་ལ། མཚན་ཉིད་ཐུག་མེད་དགག་པ་དང༌། མཚོན་བྱ་ཐུག་མེད་དགག་པའོ། །དང་པོ་ནི། དེ་ལྟར་ན། ཕྱོགས་སྔ་མའི་འདོད་པ་འགྲེལ་པ་འདིར་འབྱུང་བ་ལ་བལྟས་ན། དོན་བྱེད་ནུས་པ་ལ་མཚན་ཉིད་དང༌། དངོས་པོ་ལ་མཚོན་བྱ་དགོས་པར་འདོད་པ་ནི་མ་ཡིན་གྱི། དངོས་པོའི་མཚན་ཉིད་རང་ལྡོག་དང༌། དེའི་མཚན་ཉིད་ཀྱི་མཚན་ཉིད་རང་ལྡོག་དང༌། དེའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་རང་ལྡོག་ནས་མཚན་ཉིད་དགོས་པ་དང༌། ཡང་དངོས་པོའི་ཐ་སྙད་ཀྱི་མཚོན་བྱ་ནི། དེའི་ཐ་སྙད་ཀྱི་ཐ་སྙད་ཡིན་ལ། དེའི་ཡང་མཚོན་བྱ་ནི། དངོས་པོའི་ཐ་སྙད་ཀྱི་ཐ་སྙད་ཀྱི་ཐ་སྙད་ཅེས་པ་སོགས་སུ་འདོད་པ་ཡིན་ནོ། །ཕྱོགས་སྔ་འདི་འགོག་བྱེད་ཀྱི་རིགས་པ་ནི། ཇི་སྐད་དུ། རྣམ་འཇོག་རྒྱུ་ནི་མ་ངེས་པར། །ཞེས་སོགས་ཡིན་ལ། འདིའི་དོན། རྣམ་བཤད་བྱེད་པ་ཀུན་གྱིས་རྗེས་ཟློས་དབྱངས་སུ་ལེན་པར་བྱེད་མོད། རིགས་པ་འདི་ཕྱོགས་སྔ་ལ་གནོད་བྱེད་དུ་འཇུག་པའི་ཚུལ་དཔྱིས་ཕྱིན་པ་མ་བྱུང་བས། ཕྱོགས་སྔ་ཕྱིའི་ཚུལ་ལ་ཡང་དང་ཡང་དུ་བརྟག་པར་བྱ་དགོས་སོ། །རེ་ཤིག་འགྲེལ་པའི་ལུགས་བཞིན་འཆད་པ་ནི། མཚན་ཉིད་ཐུག་མེད་དུ་འདོད་པ་མི་འཐད་དེ། རྣམ་འཇོག་གི་རྒྱུ་ནི་མ་ངེས་པར། རྣམ་གཞག་གི་འབྲས་བུ་ངེས་ན་ནི། མཚན་ཉིད་དགོས་པ་མེད་པར་འགྱུར་ལ། མི་ངེས་ན་ནི། མཚན་ཉིད་ཐུག་མེད་དུ་འདོད་པ་འཇིག་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཐུག་མེད་ཀྱི་ཕྱི་མཐའ་ངེས་པ་མི་སྲིད་པས། རྩ་བའི་མཚན་ཉིད་ངེས་པ་མི་སྲིད་ལ། དེ་མ་ངེས་པར་རྩ་བའི་མཚོན་བྱ་གང་ཡིན་པ་དེ་ངེས་པ་མི་སྲིད་པར་འགྱུར་བའོ། །དེ་བཞིན་དུ་ཡང༌། འདི་ལྟར། རྟགས་ཀྱི་སྒྲུབ་བྱེད་མ་ངེས་པར། །དང་པོའི་གཏན་ཚིགས་ངེས་ན་ནི། །སྒྲུབ་བྱེད་དགོས་པ་མེད་པར་འགྱུར། །མི་ངེས་ན་ནི་ཐུག་མེད་འཇིག །ཅེས་སྦྱར་རོ། །དེ་དག་གིས་ཉེས་སྤོང་ནི། རྟགས་ཀྱི་མཚན་གཞིས་བསྒྲུབ་བྱའི་དོན། །སྒྲུབ་ཕྱིར་ཐུག་མེད་སྐྱོན་མེད་ན། །ཞེས་དང༌། མཚན་ཉིད་སོ་སོའི་མཚན་གཞི་ཡིས། །ངེས་ཕྱིར་ཐུག་མེད་སྐྱོན་མེད་ན། །ཞེས་སྦྱར་ནས། གལ་ཏེ་རྟགས་དང་མཚན་ཉིད་ཀྱི་མཚན་གཞིས། རང་རང་གི་བསྒྲུབ་བྱའི་དོན་སྒྲུབ་པའི་ཕྱིར། རྟགས་དང་མཚན་ཉིད་ཐུག་མེད་དུ་ཁས་བླངས་པ་ལ། རྣམ་འཇོག་གི་རྒྱུའི་ཕྱི་མཐའ་ངེས་པ་མི་སྲིད་པའི་རྒྱུ་མཚན་གྱིས། རྣམ་གཞག་གི་འབྲས་བུ་ངེས་པ་མི་སྲིད་པར་ཐལ་བའི་སྐྱོན་མེད་དོ། །ཞེ་ན། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་དང༌། བ་ལང་གི་མཚན་ཉིད་ལྐོག་ཤལ་མ་ངེས་ཀྱང༌། མཚན་གཞི་བྱས་པ་དང་དཀར་ཟལ་ངེས་པ་ཙམ་གྱིས། སྒྲ་མི་རྟག་པ་ལྟ་བུའི་བསྒྲུབ་བྱ་དང༌། བ་ལང་གི་ཐ་སྙད་ལྟ་བུའི་མཚོན་བྱ་རྟོགས་པར་འགྱུར་ཏེ། དེ་དང་དེ་ངེས་པ་ལ་རང་རང་གི་མཚན་གཞི་ངེས་པ་ཙམ་གྱིས་ཆོག་པའི་ཕྱིར་ཞེས་པ་ནི། གཞུང་འགྲེལ་གྱི་སྒྲ་ཇི་བཞིན་པ་དེ་ཉིད་བཤད་པའོ། །འདིར་ཚུལ་གསུམ་ལྐོག་ཤལ། ཞེས་སོགས་ཀྱི་རྐང་པ་གཉིས་ཅུང་མ་དག་པར་སྣང་སྟེ། ཕྱོགས་སྔ་མའི་ཁས་བླངས་དང་མ་འབྲེལ་བའི་ཕྱིར། ཇི་ལྟར་ཞེ་ན། རྟགས་ཀྱི་མཚན་གཞིས་བསྒྲུབ་བྱའི་དོན། ཞེས་པར། ཉེས་སྤོང་གི་གོ་བ་ནི། རྟགས་དང་མཚན་ཉིད་ཀྱི་ཕ་མཐའ་ངེས་པ་མི་སྲིད་པའི་རྒྱུ་མཚན་གྱིས། གནས་སྐབས་ཀྱི་བསྒྲུབ་བྱ་དང་མཚོན་བྱ་མི་ངེས་པར་ཐལ་བའི་སྐྱོན་མི་འཇུག་སྟེ། རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུའི་སྟེང་དུ་ཚུལ་གསུམ་ངེས་པ་ན། བསྒྲུབ་བྱ་འགྲུབ་པ་དང༌། མཚན་ཉིད་ཀྱི་མཚན་གཞི་དོན་བྱེད་ནུས་པ་དང༌། དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བ་ལྟ་བུ་ལ་ནི། མཚན་ཉིད་ཐུག་མེད་དུ་སྦྱོར་མི་དགོས་པས། དེ་དག་ནམ་ངེས་པའི་ཚེ། མཚོན་བྱ་དངོས་པོའི་ཐ་སྙད་དང༌། དངོས་པོའི་མཚན་ཉིད་ཀྱི་ཐ་སྙད་ཀྱང་གོ་ནུས་པའི་ཕྱིར། ཞེས་པ་ཡིན་ལ། དེ་འགོག་བྱེད་ཀྱི་རིགས་པ་ནི། འདི་ལྟར། ཚུལ་གསུམ་རྫས་ཡོད་མ་ངེས་ཀྱང༌། །བྱས་དང་ལྐོག་ཤལ་ངེས་ཙམ་གྱིས། །རྟགས་དང་མཚན་ཉིད་ངེས་པར་འགྱུར། །ཞེས་སྦྱར་ན་འབྱོར་བ་ཡིན་ཏེ། ཕྱོགས་སྔ་མས། བྱས་པ་རྟགས་ཀྱི་མཚན་གཞི་དང༌། ནོག་ལྐོག་ཤལ་མཚན་ཉིད་ཀྱི་མཚན་གཞིར་ཁས་བླངས་པའི་ཕྱིར་རོ། །དོན་འདི་དག་ལ་དཀའ་བའི་གནས་འདི་ལྟར་བྱུང་སྟེ། མཚན་ཉིད་ཐུག་མེད་རང་ལུགས་ལ་ཁས་ལེན་དགོས་པ་དང༌། དེའི་གནོད་བྱེད་ཀྱི་ཉེས་པ་སྤོང་ནུས་པ་དང༌། ཉེས་སྤོང་ལ་བརྗོད་པའི་གནོད་བྱེད་དེ་ཡང་འཇུག་དཀའ་བའོ། །དང་པོ་ནི། རང་ལུགས་གཞིར་བྱས་པ་ལ། དངོས་པོའི་མཚན་ཉིད་ཡོད་དམ་མེད། ཡོད་ན། དེ་མཚན་ཉིད་ཡིན་ནམ། མཚོན་བྱ་ཡིན། མཚོན་བྱ་ཡིན་ན། དེའི་མཚན་ཉིད་ཡོད་དམ་མེད། ཡོད་ན་དངོས་པོའི་མཚན་ཉིད་ཀྱི་མཚན་ཉིད་དེ་ཡང་མཚན་ཉིད་ཡིན་ནམ། མཚོན་བྱ་ཡིན། གཉིས་པ་ལྟར་ན། དེའི་མཚན་ཉིད་ཡོད་དམ་མེད། ཡོད་ན་དངོས་པོའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་དེ་ཡང༌། མཚན་ཉིད་དམ་མཚོན་བྱ་གང་ཡིན། ཞེས་རིམ་པ་བཞིན་དུ་བརྟགས་ན། ཕྱོགས་སྔ་མས་ཁས་བླངས་པའི་ཐུག་མེད་དེར་སོང་བ་ཡིན་ནོ། །གཉིས་པ་ནི། འདོད་པ་དེ་ལ། རྣམ་འཇོག་རྒྱུ་ནི་མ་ངེས་པར། །ཞེས་སོགས་ཀྱི་གནོད་བྱེད་འཇུག་པ་མ་ཡིན་ཏེ། ཐུག་མེད་ཀྱི་ཕ་མཐའ་མ་ཆོད་ཀྱང༌། དོན་བྱེད་ནུས་པ་ངེས་པའི་ཚེ་ན་དངོས་པོ་ངེས་པ་ཡིན་གྱི། དངོས་པོ་ངེས་པ་ལ་དངོས་པོའི་མཚན་ཉིད་ཀྱི་རང་ལྡོག་ནས་ངེས་མ་དགོས་པ་དང༌། དེ་བཞིན་དུ། དངོས་པོའི་མཚན་ཉིད་ངེས་པ་ལ་ཡང༌། དངོས་པོའི་དངོས་འགལ་གཅོད་པའི་དོན་ལྡོག་ངེས་པས་ཆོག་པ་ཡིན་གྱི། དངོས་པོའི་མཚན་ཉིད་ཀྱི་མཚན་ཉིད་རང་ལྡོག་ནས་ངེས་པ་ལ་མི་ལྟོས་པའི་ཕྱིར། ཞེས་པ་འདིས་སྤོང་བར་མ་ནུས་པའི་ཉེས་པ་མ་བརྗོད་པའི་ཕྱིར། གསུམ་པ་ནི། སྐྱོན་སྤོང་བཤད་མ་ཐག་པ་དེ་ལ། ཇི་སྐད་དུ། ཚུལ་གསུམ་ལྐོག་ཤལ་མ་ངེས་ཀྱང༌། །ཞེས་སོགས་ཀྱི་གནོད་བྱེད་འཇུག་པ་མ་ཡིན་ཏེ། རྟགས་ཡང་དག་གི་མཚན་ཉིད་ཀྱི་རང་ལྡོག་ནས་དེའི་མཚན་ཉིད་དུ་ཁས་མི་ལེན་པ་དང༌། བ་ལང་གི་མཚན་ཉིད་ཀྱི་རང་ལྡོག་ནས་དེའི་མཚན་ཉིད་དུ་ཁས་མ་བླངས་པའི་ཕྱིར། ཞེས་རྟགས་ན། རང་ལུགས་ཀྱི་ངེས་པའི་དོན་ཕྱོགས་སྔ་མའི་རྗེས་སུ་འཇུག་དགོས་པའི་ཉེས་དམིགས་སྣང་བས། དད་པ་ཙམ་གྱི་རྗེས་སུ་འབྲང་བ་མ་ཡིན་པར། ཆོས་ཀྱི་རྗེས་སུ་འབྲང་བའི་བློས་རྟོག་ཅིང་དཔྱོད་པར་བྱའོ། །དེ་ལྟར་དཔྱད་པ་ན། དངོས་པོའི་མཚན་ཉིད་ཀྱི་མཚན་ཉིད་དགོས་ཀྱང༌། མཚན་ཉིད་གཉིས་པའི་རང་ལྡོག་དེ་ལ་མཚན་ཉིད་མི་དགོས་ཏེ། དཔེར་ན། དངོས་པོའི་འབྲས་བུ་ལ་མཚན་ཉིད་དགོས་ཀྱང༌། འབྲས་བུའི་འབྲས་བུ་ལ་མཚན་ཉིད་གཉིས་པ་བཞག་མི་དགོས་པ་བཞིན་ནོ། །མི་དགོས་པའི་ཤེས་བྱེད་ཀྱང༌། དངོས་པོའི་འབྲས་བུའི་མཚན་ཉིད་ཤེས་པ་ཉིད་ཀྱིས་དེའི་མཚན་ཉིད་མ་བཞག་ཀྱང་གོ་ནུས་པའོ། །དེས་ན། ཐ་སྙད་སྲིད་ཚད་ལ་མཚན་ཉིད་འཇོག་དགོས་པ་མ་ཡིན་ཏེ། དེ་མ་བཞག་ཀྱང་གོ་ནུས་པ་དུ་མ་མཐོང་བའི་ཕྱིར། དཔེར་ན། བུམ་པའི་ལྡོག་པའི་ལྡོག་པ་བཞིན་ནོ། །དེའི་ཕྱིར་ཐ་སྙད་ལ་མཚོན་བྱས་མ་ཁྱབ་སྟེ། མཚན་ཉིད་མི་དགོས་པའི་ཐ་སྙད་དུ་མ་དམིགས་པའི་ཕྱིར། དེ་བས་ན། ཡོད་པ་ལ་མཚན་མཚོན་གང་རུང་གིས་མ་ཁྱབ་པར་རིག་པར་བྱའོ། །དེ་ལྟར་བཤད་པ་དེ་ནི་རང་ལ་སྐྱོན་མི་འཇུག་པའི་ཚུལ་ལོ། །གཞུང་འདིར་འབྱུང་བའི་ཉེས་པ་དེ་གཞན་ལ་འཇུག་པའི་ཚུལ་ནི། མཚན་ཉིད་ཐུག་མེད་ཀྱིས་མཚོན་དགོས་པའི་མཚོན་བྱའི་ཕ་མཐའ་དེ་ངེས་པ་སྲིད་དམ་མི་སྲིད། སྲིད་ན་མཚན་ཉིད་ཐུག་མེད་ཀྱི་ཕ་མཐའ་དེ་ངེས་པ་སྲིད་པར་ཐལ། འདོད་པ་གང་ཞིག དེ་ངེས་པ་དེའི་མཚན་ཉིད་ལ་ལྟོས་པའི་ཕྱིར། མི་ལྟོས་ན་མཚན་ཉིད་བཞག་པ་ལ་དགོས་པ་མེད་པར་འགྱུར་རོ། །མི་སྲིད་ན། མཚན་ཉིད་ཐུག་མེད་ཀྱིས་མཚོན་དགོས་པའི་མཚོན་བྱ་ཐུག་མེད་ཀྱི་ཕ་མཐའ་དེ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་པ་མ་ཡིན་པར་ཐལ། ཁྱོད་ངེས་པ་མི་སྲིད་པའི་ཕྱིར། མ་ཁྱབ་ན། མཚན་ཉིད་བཞག་པ་ལ་དགོས་པ་མེད་པར་འགྱུར་ཞིང༌། འདོད་ན། མཚན་ཉིད་ཐུག་མེད་འཇིག་གོ །ཞེས་པ་ནི། རྣམ་འཇོག་རྒྱུ་ནི། ཞེས་སོགས་ཀྱི་དོན་ནོ། །དེའི་ཉེས་སྤོང་ནི། རྟགས་ཀྱི་མཚན་གཞི། ཞེས་སོགས་ཏེ། དོན་ནི་གོང་དུ་བཤད་ཟིན་པ་དེ་ཉིད་དོ། །དེ་ལ་འོ་ན། མཚན་ཉིད་ཐུག་མེད་དུ་བཞག་མི་དགོས་ཏེ། མཚན་གཞི་སོ་སོས་གནས་སྐབས་ཀྱི་མཚོན་བྱའམ། ཐ་སྙད་མ་ལུས་པ་གོ་ནུས་པའི་ཕྱིར། ཞེས་པ་ནི། ཚུལ་གསུམ་ལྐོག་ཤལ་མ་ངེས་ཀྱང༌། ཞེས་སོགས་ཀྱི་ངག་དོན་ཏེ། མཚན་ཉིད་ཐུག་མེད་དུ་དགོས་པར་འདོད་བཞིན་དུ། མཚན་གཞི་སོ་སོ་བ་ངེས་པ་ཙམ་གྱིས་མཚོན་བྱ་ངེས་པར་འདོད་ན། དཀར་ཟལ་ལ་སོགས་པའི་མཚན་གཞི་ཐམས་ཅད་ལ་ཧ་ཅང་ཐལ་བ་འཕེན་པའོ། །མདོར་ན། རྟགས་ཀྱི་མཚན་གཞིས་བསྒྲུབ་བྱའི་དོན། །ཞེས་སོགས་རང་ལུགས་ལ་གང་ཚད་གྲུབ་ཏུ་ཁས་ལེན་དགོས་མོད། ཕྱོགས་སྔ་མ་ལ་ཁས་བླངས་ནང་འགལ་ཡོད་པའི་དབང་དུ་བྱས་ནས་ཧ་ཅང་ཐལ་བ་འཕངས་སོ། །གཉིས་པ་མཚོན་བྱ་ཐུག་མེད་དགག་པ་ལ་གཉིས་ལས། ཕྱོགས་སྔ་མ་བརྗོད་པ་ནི། རྩང་ནག་པ་སོགས་ལ་ལ་ན་རེ། བ་ལང་གི་ཐ་སྙད་ལའང༌། སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཞིག་མེད་ན། དེ་ནི་ཤེས་བྱ་མ་ཡིན་པར་འགྱུར་ལ། ཡོད་ན་དེ་ཉིད་ཐ་སྙད་ཕྱི་མ་ཡི་མཚན་ཉིད་ཡིན་ཞེས་འདོད་དོ། །དེའི་དོན་ནི། བ་ལང་གི་ཐ་སྙད་དེ་བ་ལང་གི་ཐ་སྙད་ཀྱི་ཐ་སྙད་ཀྱི་མཚན་ཉིད་དུ་འདོད་པའོ། །དེ་དགག་པ་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། དེ་ལྟ་ཡིན་ན། ཤིང་ལ་ཡང་མཚན་ཉིད་ཐུག་པ་མེད་པར་འགྱུར་ཏེ། ཡལ་ག་ལོ་འདབ་དང་ལྡན་པའི་དངོས་པོ་དེ་ཤིང་གི་མཚན་ཉིད་ཡིན་ལ། དེའི་དུས་ཀྱི་ཡལ་ག་ལའང་ཡལ་ག་མེད་ན། ཤིང་མ་ཡིན་པར་འགྱུར་ལ། ཡལ་ག་ཡོད་ན་དེ་ལའང་ཡལ་ག་དགོས་པའི་ཕྱིར། གལ་ཏེ་ཡལ་ག་ལ་ནི་ཡལ་ག་གཞན་མེད་ཀྱང༌། ཡལ་ག་དེ་ཉིད་ཀྱིས་ཙནྡན་ཤིང་དང་ངོ་བོ་དབྱེར་མེད་དུ་སྒྲུབ་པའི་ཕྱིར་ཐུག་མི་དགོས་སོ། །ཞེ་ན། འོ་ན། བ་ལང་གི་ཐ་སྙད་ལ་ཡང་ཐ་སྙད་ཐུག་མེད་ག་ལ་དགོས་ཏེ། དེ་ལ་ཐ་སྙད་གཉིས་པ་མེད་ན་ཡང༌། མཚན་ཉིད་ནོག་ལྐོག་ཤལ་གྱིས། མཚན་ཉིད་དཀར་ཟལ་སོགས་ལ་ཤེས་བྱ་བ་ལང་གི་ཐ་སྙད་དེ་ངོ་བོ་དབྱེར་མེད་དུ་ལྡན་པར་སྒྲུབ་པའི་ཕྱིར། ངག་དོན་ནི། བ་ལང་གི་ཐ་སྙད་ཆོས་ཅན། ཁྱོད་ཀྱི་ཐ་སྙད་གཉིས་པ་དེ་ཁྱོད་རང་གི་མཚོན་བྱར་མ་བཞག་ཀྱང༌། ཁྱོད་ཤེས་བརྗོད་ཀྱི་ཡུལ་ལས་འདས་པར་མི་འགྱུར་ཏེ། ཁྱོད་ནོག་སོགས་འདུས་པ་རྒྱུ་མཚན་དུ་བྱས་པའི་མིང་ཡིན་པའི་ཕྱིར། དཔེར་ན། ཡལ་ག་ལོ་འདབ་ཅན་ཤིང་དུ་མཚོན་པ་ལ་མཚན་ཉིད་གཉིས་པ་མེད་ན་ཡང༌། ཁོ་རང་ཤིང་གི་མཚན་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཤིང་དུ་འགྲུབ་པ་བཞིན་ནོ། །གཉིས་པ་རྣལ་མའི་ལན་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། མཚན་ཉིད་ལ་མཚན་ཉིད་དགོས་མི་དགོས་དཔྱོད་པའི་སྐབས་འདིར་ཆོས་ཅན། མཚན་ཉིད་ཀྱི་ཐ་སྙད་ལ་མཚན་ཉིད་དགོས་ཤིང༌། དོན་ལ་དགོས་པ་མ་ཡིན་ཏེ། མིང་དོན་གྱི་འབྲེལ་པ་ཤེས་པའི་མཁས་པས། མཚན་ཉིད་ནོག་སོགས་འདུས་པའི་གོང་བུ་ལྟ་བུ་མཐོང་བ་ཙམ་གྱིས་བ་ལང་ངོ་སྙམ་པའི་བློ་སྐྱེ་ལ། དེ་མི་ཤེས་པའི་བླུན་པོ་ལ་བརྡ་དོན་གྱི་འབྲེལ་པ་ནམ་རྟོགས་ཤིང་བསྒྲུབས་པ་དེའི་ཚེ་ན། བ་ལང་གི་ཐ་སྙད་འགྲུབ་པ་ཡིན་གྱི། དོན་མཐོང་བ་ཙམ་གྱིས་མི་འགྲུབ་པའི་ཕྱིར། འོ་ན། བླུན་པོ་ལ་མིང་དོན་གྱི་འབྲེལ་པ་སྒྲུབ་བྱེད་ཀྱི་རིགས་པ་ཇི་ལྟ་བུ་ཞེ་ན། རྩང་ནག་པ། རྟགས་དང་མཚན་ཉིད་ཀྱི་བྱེ་བྲག་གི་སྦྱོར་བ་ཐུག་མེད་དུ་འདོད་པ་ལྟར་ཁས་མི་ལེན་ཏེ། རྟགས་དང་མཚན་ཉིད་གཉིས་ཀ་ལ། སྤྱི་དང་བྱེ་བྲག་གི་སྦྱོར་བ་གཉིས་གཉིས་ཡོད་པ་ཡིན་ཞིང༌། གཉིས་ཀའང་སྦྱོར་བ་གསུམ་པར་ཐུག་པས། བཞི་པ་ཕན་ཆད་བཀོད་པ་ལ་དགོས་ནུས་མེད་པའི་ཕྱིར་རོ། །གསུམ་པོ་གང་ཞེ་ན། ལ་མེ་ལྡན་དུ་སྒྲུབ་པ་ལ། དུ་བ་ཡོད་པ་རྟགས་སུ་བཀོད་པ་ལྟ་བུ་ནི་སྦྱོར་བ་དང་པོའོ། །དུ་བ་གཏན་ཚིགས་སུ་བསྒྲུབ་པ་ལ། ཚུལ་གསུམ་ཚང་བ་རྟགས་སུ་བཀོད་པ་ལྟ་བུ་ནི་གཉིས་པའོ། །གང་ཚུལ་གསུམ་ཚང་བ་ལ་གཏན་ཚིགས་ཡང་དག་གི་བརྡའ་སྦྱར་ཏེ། དཔེར་ན། ཡལ་ག་དང་ལྡན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན། ཞེས་པ་ནི་གསུམ་པ་སྟེ། བྱེ་བྲག་གི་སྦྱོར་བ་ལའང་དེ་བཞིན་ནོ། །གཉིས་པ་རྩོད་པ་སྤང་བ་ནི། གལ་ཏེ་ཚུལ་གསུམ་ལ་ཚུལ་གསུམ་གཉིས་པ་མེད་ན། ཚུལ་གསུམ་དང་པོ་རྟགས་ཡང་དག་མ་ཡིན་པར་འགྱུར་ལ། ཡོད་ན་རྟགས་ཐུག་མེད་ཡིན་ནོ་ལོ། །དུ་བ་གཏན་ཚིགས་སུ་བསྒྲུབ་པ་ལ། རང་ལས་དོན་གཞན་པའི་ཚུལ་གསུམ་འགོད་ན། ཚུལ་གསུམ་གཏན་ཚིགས་སུ་བསྒྲུབ་པ་ལ་ཡང༌། རང་ལས་དོན་གཞན་པའི་ཚུལ་གསུམ་གཉིས་པ་འགོད་དགོས་པས། རྟགས་ཐུག་མེད་དུ་ཐལ་བ་བདེན་ན་ཡང༌། རང་ལུགས་འདིར་ཆོས་ཅན། རྟགས་ཐུག་མེད་དུ་ཁས་ལེན་དགོས་པ་མ་ཡིན་ཏེ། དུ་བ་གཏན་ཚིགས་སུ་སྒྲུབ་བྱེད་ཀྱི་ཚུལ་གསུམ་དེ། ཤེས་འདོད་ཆོས་ཅན་དུ་བ་ཁོ་ནའི་ཆོས་དབྱེར་མེད་ཡིན་གྱི། ཆོས་གཞན་མེད་པའི་ཕྱིར་རོ། །རིགས་པ་འདི་ཡིས་ཆོས་ཅན། མཚན་ཉིད་ཐུག་མེད་དུ་ཐལ་བའི་སྐྱོན་ཡང་བསལ་བ་ཡིན་ཏེ། དོན་བྱེད་ནུས་པ་མཚན་ཉིད་ཀྱི་ཐ་སྙད་བྱ་རུང་དུ་མཚོན་པའི་གཏན་ཚིགས་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་དེ། ཆོས་ཅན་དོན་བྱེད་ནུས་པ་ལ་ངོ་བོ་དབྱེར་མེད་དུ་གྲུབ་པའི་ཕྱིར། གཉིས་པ་དགོས་པའི་མཚན་ཉིད་བཞག་པ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། ལོ་ཙྪ་བ་ཆེན་པོ་ལ་སོགས་པ་ལ་ལ། མཚོན་བྱ་རྣམ་འཇོག་ཅེས་ཟེར་བ་ལ། ཕྱྭ་པ་ན་རེ། གཏན་ཚིགས་ཡང་དག་ལ་ཡང༌། བསྒྲུབ་བྱ་གོ་བྱེད་མཚན་ཉིད་དུ་མཚུངས་པའི་ཕྱིར་ན། སྔ་མ་དེ་རིགས་པ་མ་ཡིན་ནོ། །ཞེས་བཀག་ནས། ཁོང་རང་གི་ལུགས་ལ། རྗེས་འབྲང་འགའ་ཞིག་ནི། རྫས་ཡོད་ཆོས་གསུམ་ཚང་བར་འདོད་ལ། ཁ་ཅིག་ནི། མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་ཞེས་ཟེར། ཕྱི་མ་འདི་མི་འཐད་དེ། མཚན་ཉིད་གོ་བ་མཚོན་བྱ་ངེས་པ་ལ་ལྟོས་པར་སོང་བའི་ཕྱིར། ལུགས་དང་པོ་ལའང་ཆོས་གསུམ་པོ་གང་ལ་བྱེད། རང་ལྡོག་རྫས་ཡོད་ཡིན་པ། དོན་ལྡོག་གཞན་དུ་མ་གྱུར་པ། མཚན་གཞི་ལ་སྲིད་པའོ། །ཞེ་ན། འོ་ན། རྫས་ཡོད་ཀྱི་དོན་གང་ཡིན། མཚན་ཉིད་ཡིན་པའོ་ཞེ་ན། འོ་ན། མཚན་ཉིད་དང་ཆོས་གསུམ་པོ་རྟོགས་པ་ཕན་ཚུན་རྟེན་པར་སོང་བས། དེ་དེའི་མཚན་ཉིད་དུ་མི་རིགས་སོ། །གཉིས་པ་རང་ལུགས་ནི། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་དེ་མཚན་ཉིད་ཀྱི་མཚན་ཉིད་ཡིན་ནོ། །གསུམ་པ་བསལ་བྱ་སྐྱོན་གྱི་དབྱེ་བ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། བོད་བྱང་ཕྱོགས་ཀྱི་རྟོག་གེ་པ་རྣམས་ནི། མཚན་ཉིད་དེའི་སྐྱོན་བསྡུ་ན། རང་ལྡོག་རྫས་སུ་མ་གྲུབ་པ་དང༌། དོན་ལྡོག་གཞན་དུ་འགྱུར་བ་དང༌། མཚན་གཞི་ལ་མི་གནས་པའོ། །དང་པོ་ནི། སྤྱིར་མཚན་ཉིད་མ་ཡིན་པ་སྟེ། བྱས་པ་མི་རྟག་པའི་མཚན་ཉིད་དུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། སྤྱིར་མཚན་ཉིད་ཡིན་ཀྱང༌། ཐ་སྙད་དེའི་མཚན་ཉིད་མ་ཡིན་པ་སྟེ། དཔེར་ན། རྒྱུ་རྐྱེན་ལས་སྐྱེས་པ་དེ་མི་རྟག་པའི་མཚན་ཉིད་དུ་བཀོད་པ་ལྟ་བུའོ། །གསུམ་པ་ལ་བཞི་སྟེ། འགལ་ནས་མི་གནས་པ། ལྡོག་པ་ཐ་དད་མེད་ནས་མི་གནས་པ། དོན་ལྡོག་ཐ་དད་མེད་ནས་མི་གནས་པ། མཚན་གཞིའི་ཕྱོགས་གཅིག་ལ་མ་ཁྱབ་ནས་མི་གནས་པའོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། རིགས་པས་དགག་པ་ནི། མཚན་ཉིད་ཀྱི་སྐྱོན་འདི་དག་སྦྱོར་བར་བཀོད་ནས་རྩི་བ་ཡིན་ནམ། མ་བཀོད་པ་ལ་རྩི་བ་ཡིན། མ་བཀོད་པ་ལ་སྐྱོན་སྦྱོར་ན། མཚན་གཞི་ལ་མི་གནས་པ་སྐྱོན་དུ་བཤད་པ་དོན་མེད་པར་འགྱུར་ཞིང༌། སྦྱོར་བར་བཀོད་ནས་སྐྱོན་རྩི་ན། དོན་ལྡོག་གཞན་འགྱུར་མཚན་ཉིད་ཀྱི་སྐྱོན་དུ་མེད་པར་འགྱུར་ཏེ། དེའི་ཚེ་མི་སྲིད་པའི་ནང་དུ་འདུས་པའི་ཕྱིར་དང༌། སྒྲུབ་ཆོས་དོར་བས་སྟོང་ཉིད་མེད་དགག་ཏུ་མཚོན་པའི་ཚེ། མཚོན་སྦྱོར་དེ་ཕྱོགས་སྔ་མས་སྐྱོན་མེད་དུ་ཁས་བླངས་པ་གང་ཞིག དེའི་ཚེ་དོན་ལྡོག་གཞན་དུ་གྱུར་པའི་ཕྱིར་ཏེ། སྒྲུབ་ཆོས་དོར་བ་དེ་མེད་དགག་གི་ཐ་སྙད་ལ་མི་སྲིད་པའི་ཕྱིར་ཏེ། མེད་དགག་གི་ཐ་སྙད་ནི་དངོས་པོ་ཡིན་པའི་ཕྱིར། འགྲེལ་པའི་གོང་འོག་མང་པོར་སྟོང་ཉིད་མེད་དགག་ཏུ་བཤད་པ་འདི་ཡང༌། ཕྱོགས་སྔ་མས། སྡེ་བདུན་གྱི་མཐར་ཐུག་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སུ་བཀྲལ་ནས། དེ་དེར་འཆད་པ་དང་བསྟུན་པ་ཡིན་གྱི། རང་ལུགས་མ་ཡིན་ཏེ། རང་ལུགས་ལ་དེའི་དགོངས་པ་རྣམ་བརྫུན་དུ་གནས་པས། སྟོང་ཉིད་དངོས་པོར་ཁས་ལེན་དགོས་པའི་ཕྱིར། གལ་ཏེ། དེ་ཙམ་གྱིས་དོན་ལྡོག་གཞན་གྱུར་དུ་བཞག་མི་ནུས་ཏེ། སྒྲུབ་ཆོས་དོར་བ་དེ་མེད་དགག་ལས་གཞན་སུའི་ཡང་མཚན་ཉིད་མ་ཡིན་པའི་ཕྱིར། ཞེ་ན། འོ་ན་མཚན་ཉིད་ཀྱི་སྐྱོན་ལ། སྔ་མ་གཉིས་ཀྱིས་ཆོག་པར་འགྱུར་ཏེ། གཉིས་པོ་དེ་དང་བྲལ་བ་ཙམ་གྱིས་མཚན་ཉིད་སྐྱོན་མེད་དུ་འཇོག་ནུས་པའི་ཕྱིར་རོ། །གཉིས་པ་ལུང་དང་འགལ་བ་ནི། མཚན་ཉིད་ཀྱི་སྐྱོན་ལ། རང་ལྡོག་རྫས་མ་གྲུབ་སོགས་ཀྱི་རྣམ་གཞག་བྱེད་པ་མི་འཐད་དེ། རང་ལྡོག་རྫས་མ་གྲུབ་དང༌། དོན་ལྡོག་གཞན་གྱུར་འདི་དག མཚན་ཉིད་ཀྱི་སྐྱོན་དུ་འཐད་ན་ནི། མཁས་པའི་གཙུག་རྒྱན་རྣམ་གཉིས་ཀྱིས། མཚན་ཉིད་ཀྱི་སྐྱོན་འཆད་པའི་སྐབས་སུ་ཅིས་མི་བཞེད་དེ། དེའི་སྐྱོན་དུ་གསུང་བར་རིགས་པ་ལས་མ་གསུངས་པའི་ཕྱིར་རོ། །རང་ལུགས་བཞག་པ་ནི། མཚན་ཉིད་ཀྱི་ནི་སྤྱིའི་སྐྱོན་ཐམས་ཅད། མ་ཁྱབ། ཁྱབ་ཆེས། མི་སྲིད་གསུམ་དུ་འདུས་པ་ཡིན་ཏེ། སྒྲའི་རྣམ་གཅོད་ཀུན། མི་ལྡན་རྣམ་གཅོད་སོགས་གསུམ་དང༌། དོན་གྱི་རྣམ་གཅོད་ཀུན། མ་ཁྱབ། ཁྱབ་ཆེས། མི་སྲིད་གསུམ་བཅད་པ་འདི་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར། མཚན་གཞི་ནི། དངོས་པོའི་མཚན་ཉིད་དུ་གདུང་འདེགས་ཀྱི་དོན་བྱེད་ནུས་པ་བཀོད་ན་མ་ཁྱབ་པ་དང༌། བློའི་ཡུལ་དུ་བྱ་རུང་བཀོད་ན་ཁྱབ་ཆེས་པ་དང༌། དོན་བྱེད་ནུས་སྟོང་བཀོད་ན་མི་སྲིད་པའོ། །དེ་ལྟར་བཤད་པ་འདི་ཡང༌། བོད་ཀྱི་བསྡུས་པ་དང་མཐུན་པར་མཛད་པ་ཡིན་ལ། རིགས་པའི་དོན་དུ་ན། མཚན་གཞི་ལ་མི་སྲིད་པ་དང༌། སྲིད་ཀྱང་མཐའ་དག་ལ་མ་ཁྱབ་པ་དང༌། དེ་ལ་ཁྱབ་ཀྱང་དེ་མ་ཡིན་པ་གཞན་ལའང་ཡོད་པ་ནི་སྐྱོན་གསུམ་གྱི་ངོས་འཛིན་ཡིན་ལ། དེ་སེལ་བྱེད་ནི་རིམ་པ་ལྟར། མི་སྲིད་པ་དང༌། མི་ལྡན་པ་དང༌། གཞན་དང་ལྡན་པ་རྣམ་པར་གཅོད་པ་སྟེ། གསུམ་པོའི་དཔེ་ནི། གོ་རིམ་བཞིན་དུ། དོན་བྱེད་ནུས་པ་ནི་དངོས་པོ་ལ་སྲིད་དོ། །ཞེས་དང༌། དངོས་པོ་ནི་དོན་བྱེད་ནུས་པ་ཁོ་ནའོ། །ཞེས་དང༌། དོན་བྱེད་ནུས་པ་ནི་དངོས་པོ་ལས་གཞན་ལ་མེད་དོ། །ཞེས་པའོ། །འོ་ན། དང་པོ་དེ་མཚན་གཞི་བུམ་པ་ལ་མ་སྲིད་པས། མི་སྲིད་པའི་སྐྱོན་དུ་སོང་བ་མ་ཡིན་ནམ། ཞེ་ན། མཚོན་སྦྱོར་གྱི་ཁྱད་པར་འགའ་ཞིག་ལ་དེར་སོང་བ་སྲིད་ཀྱང༌། འདི་ནི་མཚོན་སྦྱོར་དུ་མ་བཀོད་པའི་སྐྱོན་གྱི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ་གདུང་འདེགས་ཀྱི་དོན་བྱེད་ནུས་པ་དེ། དངོས་པོའི་མཚན་གཞི་ལ་མི་སྲིད་པ་མ་ཡིན་ཏེ། འགའ་ཞིག་ལ་སྲིད་པའི་ཕྱིར་རོ། །མི་སྲིད་པའང་རྣམ་པ་གཉིས་ཏེ། མཚན་གཞི་ལ་མི་སྲིད་པ་དང༌། མཚོན་བྱ་ལ་མི་སྲིད་པའོ། །དང་པོ་ནི། དོན་བྱེད་ནུས་སྟོང་ལྟ་བུ་ཡིན་ལ། གཉིས་པ་ནི། རྒྱུ་རྐྱེན་ལས་སྐྱེས་པ་དངོས་པོའི་ཐ་སྙད་འཇུག་པའི་གཞིར་མི་རུང་བ་ལྟ་བུའོ། །འོ་ན། མཚན་ཉིད་ཀྱི་སྐྱོན་ལ་དེ་གསུམ་དུ་གྲངས་ངེས་ན། སྐྱོན་དེ་གསུམ་དང་བྲལ་བ་ཙམ་གྱིས། མཚན་ཉིད་སྐྱོན་མེད་དུ་འཇོག་ནུས་སམ། ཞེ་ན། དོན་དེའི་མཚན་ཉིད་དུ་བརྡ་སྦྱར་བ་ཡིན་ཞིང༌། གཞན་གྱི་མཚན་ཉིད་དུ་བརྡ་མ་སྦྱར་བ་གཞིར་བྱས་ལ་སྐྱོན་དེ་གསུམ་དང་བྲལ་ན། མཚན་ཉིད་སྐྱོན་མེད་ཡིན་པས་ཁྱབ་ལ། སྤྱིར་དེ་གསུམ་དང་བྲལ་བ་ཙམ་གྱིས་དེར་གཞག་མི་ནུས་ཏེ། བྱས་པ་དེ་མི་རྟག་པ་ལ་ལྟོས་ནས་དེ་གསུམ་དང་བྲལ་ཡང༌། དེའི་མཚན་ཉིད་སྐྱོན་མེད་དུ་མི་རུང་བའི་ཕྱིར། འགྲེལ་པར་ནི། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །ཞེས་སོགས་ཀྱི་ལུང་ཁུངས་སུ་དྲངས་ནས། འདི་ཡང་མི་སྲིད་པའི་སྐྱོན་དང་མ་བྲལ་བར་བཤད་ལ། དེ་ཡང་མཚན་ཉིད་མཚོན་བྱ་ལ་མི་སྲིད་པའི་དབང་དུ་མཛད་དོ། །འོན་ཀྱང་རྣམ་གཅོད་གསུམ་གྱི་ཟླས་ཕྱེ་བ་ཁོ་ནའོ། །འོ་ན། མཚན་ཉིད་མ་ཡིན་པ་མཚན་ཉིད་ཀྱི་སྐྱོན་དུ་གཞག་དགོས་པར་འགྱུར་ལ། དེ་ལྟ་ན། རང་ལྡོག་རྫས་མ་གྲུབ་མཚན་ཉིད་ཀྱི་སྐྱོན་དུ་གཞག་དགོས་པར་འགྱུར་རོ། །ཞེ་ན་མཚན་ཉིད་ཀྱི་སྐྱོན་རྣམས་ནི། དོན་བྱེད་ནུས་པ་ལྟ་བུ་མཚན་ཉིད་ཡིན་ངོ་ཤེས་པ་ཅིག་གཞིར་བཞག་ནས། དེ་དེའི་མཚོན་ཆོས་ལ་ལྟོས་པའི་སྐྱོན་ཡོད་མེད་རྩི་བ་ཡིན་གྱི། དངོས་པོ་ལྟ་བུ་མཚན་ཉིད་མ་ཡིན་པ་གཅིག་གཞིར་བཟུང་ནས། མཚན་ཉིད་ཀྱི་སྐྱོན་གསུམ་པོ་ཡོད་མེད་དཔྱོད་པ་མ་ཡིན་ཏེ། མཚན་ཉིད་ཀྱི་སྐྱོན་དཔྱོད་པའི་གཞིར་མི་རུང་བའི་ཕྱིར། དཔེར་ན། ཕྱོགས་དང༌། རྟགས་སུ་མ་བཟུང་བ་ལ། དེའི་སྐྱོན་ཡོད་མེད་མི་དཔྱོད་པ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། འོ་ན། སྐྱོན་འདི་དག་མཚན་གཞི་ལ་བཀོད་པ་དང༌། མ་བཀོད་པ་གང་ལ་རྩི་ཞེས་བརྟགས་པའི་ཉེས་པས་འདིར་མི་གནོད་དེ། མཚོན་སྦྱོར་གྱི་སྐྱོན་ཐམས་ཅད་མཚན་གཞི་བཀོད་པ་ལ་རྩི་ལ། སྤྱིར་མཚན་ཉིད་ཀྱི་སྐྱོན་རྩི་བ་ནི་མཚན་གཞི་དག་ཏུ་བཟུང་བ་ལ་མི་ལྟོས་པའི་ཕྱིར། དཔེར་ན། མཚན་གཞི་མ་བཟུང་ཡང༌། དོན་བྱེད་ནུས་སྟོང་དངོས་པོའི་མཚན་ཉིད་དུ་གཞག་ན་མི་སྲིད་པའི་སྐྱོན་དང་བཅས་པ་བཞིན་ནོ། །ཡང་རྩོད་པ་གཉིས་པ། ནོག་ལྐོག་ཤལ་ལ་ལྐོག་ཤལ་གཞན་མི་སྲིད་པ་རྒྱུ་མཚན་དུ་བྱས་ནས། མཚན་ཉིད་མི་སྲིད་པའི་གཞིར་མཚོན་བྱ་ཁེགས་སམ་མི་ཁེགས་ཞེས་སོགས་ཀྱིས་འདིར་མི་གནོད་དེ། ལྐོག་ཤལ་རང་ལ་རང་དབྱེར་མེད་དུ་སྲིད་པའི་ཕྱིར། གཉིས་པ་མཚོན་བྱ་བཤད་པ་ལ། དགག གཞག སྤང་གསུམ་ལས། དང་པོ་ནི། རྩང་ནག་པ་སོགས་ཁ་ཅིག་ན་རེ། སྤྱིར་མཚན་མཚོན་ངོ་བོ་གཅིག་ཅིང༌། དངོས་པོ་གཞིར་བྱས་ལ་རྫས་གཅིག་པ་ཡིན་ཏེ། མཚན་ཉིད་རྟགས་སུ་བཀོད་ནས་ཐ་སྙད་བསྒྲུབ་པ་རྣམས་རང་བཞིན་གྱི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་ཟེར་ཞིང༌། བ་ལང་གི་ཐ་སྙད་ལྟ་བུ་མཚོན་བྱའི་མཚན་གཞིར་འདོད་དོ། །དེ་མི་འཐད་པ་ལ་གསུམ་སྟེ། དབང་ཤེས་རྟོག་བཅས་སུ་ཐལ་བ་དང༌། མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པ་དོན་སྒྲུབ་ཏུ་ཐལ་བ་དང༌། མཚོན་བྱ་རྫས་ཡོད་དུ་ཐལ་བའོ། །དང་པོ་ནི། མཚན་ཉིད་ནོག་ལྐོག་ཤལ་རང་མཚན་མཐོང་བའི་དབང་ཤེས་ཆོས་ཅན། རྟོག་བཅས་ཉིད་དུ་ཐལ་བར་འགྱུར་ཏེ། མཚོན་བྱ་བ་ལང་གི་ཐ་སྙད་དང༌། དོན་ནོག་སོགས་འདུས་པ་བསྲེས་ནས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། མཚོན་བྱ་ཐ་སྙད་ནི་མིང་གིས་ཁྱད་པར་དུ་བྱས་པ་སྟེ་མིང་ཡིན་ལ། མིང་དོན་བསྲེས་ནས་འཛིན་པའི་རིག་པ་ནི་རྟོག་པའི་མཚན་ཉིད་དུ་བཤད་པའི་ཕྱིར། ནོག་སོགས་འདུས་པའི་གོང་བུས། དེ་འདུས་པའི་དཀར་ཟལ་བ་ལང་དུ་སྒྲུབ་པའི་གཏན་ཚིགས་དེ་ཡིན་ན། དོན་སྒྲུབ་ཀྱི་གཏན་ཚིགས་ཡིན་དགོས་པར་ཐལ། དེའི་བསྒྲུབ་བྱའི་ཆོས་སུ་རློམ་ཚོད་དེ་རྫས་སུ་གྲུབ་པའི་ཕྱིར། ཉེས་པ་འདི་ཁྱོད་ཉིད་ལའང་འཇུག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མཚན་ཉིད་དང་མཚོན་བྱ་ལ་བདག་གཅིག་གི་འབྲེལ་པ་གོ་ཆོད་པོ་ཡོད་པར་མི་འདོད་དོ། །གསུམ་པ་ནི། བ་ལང་གི་ཐ་སྙད་ཆོས་ཅན། རྫས་ཡོད་དག་ཏུའང་ཐལ་བར་འགྱུར་ཏེ། རང་གི་མཚན་ཉིད་རྫས་དང་གཅིག་པའི་ཕྱིར། འོ་ན། ཁྱེད་ཀྱང་ཐ་སྙད་དངོས་པོར་ཁས་ལེན་པས། ཉེས་པ་འདི་མཚུངས་པ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། བཏགས་ཡོད་ཀྱི་དངོས་པོ་ཡིན་ན། རང་གི་གདགས་གཞི་རྫས་སུ་གྲུབ་པས་ཁྱབ་ཀྱང༌། རང་ལྡོག་ནས་རྫས་སུ་ཡོད་པས་མ་ཁྱབ་པའི་ཕྱིར། འོ་ན། བ་ལང་ལྟ་བུའི་མིང་དོན་གཉིས་དངོས་པོ་གཅིག་གམ་ཐ་དད་ཅེ་ན། སེལ་ངོར་དངོས་པོ་གཅིག་པ་ཡིན་ཏེ། མཚོན་སྦྱོར་ཡང་དག་ལ་བརྟེན་པའི་རྟོག་པས་མིང་དོན་གཅིག་ཏུ་འཛིན་པའི་ཕྱིར། དོན་ལ་མ་ཡིན་ཏེ། དོན་སྟེངས་སུ་ངོ་བོ་གཅིག་ན་རྫས་གཅིག་དགོས་པའི་ཕྱིར་དང༌། བཏགས་ཡོད་ཀྱི་དངོས་པོ་དོན་ལ་མ་གྲུབ་པའི་ཕྱིར། གཉིས་པ་ནི། བ་ལང་གི་ཐ་སྙད་མཚོན་བྱའི་མཚན་གཞིར་དོན་མཐུན་མོད། ཐ་སྙད་ཀྱི་མཚན་གཞི་གང་ལ་བྱེད་དྲིས་པས། རྩང་ནག་པ་ན་རེ། དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་དེའོ། །ཞེས་ཟེར། དེ་ཆོས་ཅན་མཚོན་བྱའི་མཚན་གཞི་མ་ཡིན་ཏེ། མཚན་ཉིད་དང་ཡུལ་དུས་ངོ་བོ་གཅིག་ཏུ་གྲུབ་པའི་ཕྱིར། ཁྱབ་པ་ཡོད་དེ། བརྡ་སྟེ་མིང་དོན་གྱི་འབྲེལ་པ་དྲན་པ་ལས། ཕྱིས་སྒྲ་རྟོག་འཇུག་པ་ལ་ཐ་སྙད་དུ་གསུངས་པའི་ཕྱིར་ཏེ། གྲགས་པ་བརྡ་ཡི་རྗེས་འགྲོ་ཅན། །དེའང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་སྟེ། །ཞེས། དོན་དང༌། བརྡ་དང༌། ཐ་སྙད་གསུམ་པོ་སྔ་མ་ལས་ཕྱི་མ་འབྱུང་བར་གསུངས་པའི་ཕྱིར་རོ། །དེས་ན་གཞུང་འདི་ལྟར། བརྡ་ལས་འཇུག་པ་ཐ་སྙད་དུ། །གསུངས་ཕྱིར་ཞེན་རུང་ཐ་སྙད་མིན། །ཞེས་སྦྱར་ན་གོ་བདེའོ། །གཉིས་པ་རང་ལུགས་ནི། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་ནི་མཚོན་བྱ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །དེའི་མཚན་གཞི་ནི། རྒྱུ་མཚན་ཏེ་དོན་ལྡོག་ཉིད་ལ་བརྡ་སྦྱར་བའི་མིང་གང་ཡིན་པའོ། །དེ་ལྟར་རྟོགས་ནས་ལུས་ངག་ཡིད་ཀྱི་སྒོ་གསུམ་པོ་ནི་སོ་སོར་འཇུག་པ་གང་ཡིན་པ་དེ། བ་ལང་ལ་སོགས་པ་དེ་དང་དེའི་ཐ་སྙད་ཀྱི་མཚན་གཞི་ཡིན་ནོ། །དེ་ལྟ་བུའི་མཚོན་བྱ་དེ་ཆོས་ཅན། བཏགས་ཡོད་ཉིད་ཡིན་ཏེ། དོན་ལ་ལྟོས་པའི་མིང་ཡིན་པས་སོ། །སྒྲོ་བཏགས་ཡིན་ཏེ། དངོས་པོ་ལ་མ་གྲུབ་པ་གློ་བུར་དུ་སྦྱར་བའི་ཕྱིར། འདིར་མིང་ཞེས་པ་ནི། མཚན་ཉིད་རྒྱུ་མཚན་དུ་བྱས་ནས་བརྡ་སྦྱར་བའི་མིང་སྤྱི་བསལ་བ་ཞེས་བྱ་བ། ལྡན་པ་མ་ཡིན་པའི་འདུ་བྱེད་དུ་གྱུར་པ་ཞིག་ཡིན་གྱི། སྒྲ་རང་གི་མཚན་ཉིད་དང༌། སྒྲ་སྤྱི་ཙམ་དང༌། ཤེས་པ་རང་མཚན་རྣམས་ལ་བྱ་བ་མ་ཡིན་ཏེ། རང་མཚན་རྣམས་བཏགས་ཡོད་དུ་མི་རུང་ཞིང༌། དངོས་མེད་མིང་དུ་མི་རུང་བའི་ཕྱིར། རྩོད་པ་སྤང་བ་ནི། མཚན་མཚོན་རྫས་སམ། ངོ་བོ་གཅིག་པ་མ་ཡིན་ན། བློའི་ཡུལ་དུ་བྱ་རུང་གི་རྟགས་ཀྱིས་བུམ་པ་ཤེས་བྱར་སྒྲུབ་པ་ལྟ་བུ་རང་བཞིན་གྱི་རྟགས་སུ་མི་འཐད་དོ་ལོ། །དེ་ལྟ་ན་ཡང༌། གྲགས་པའི་རྗེས་དཔག་ག་ལ་འགལ་ཏེ། མཚན་མཚོན་གཉིས་ཀྱི་སྒྲའི་དོན་ལ་རྟོག་པ་འཁྲུལ་པས་གཅིག་ཉིད་དུ་བཟུང་བ་དེ་ལ། གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟོག་པས་སོ་སོར་ཕྱེ་ནས་ཐ་སྙད་སྦྱོར་བ་ནི་འཇིག་རྟེན་གྱི་དོན་ཏེ། འཇུག་ཡུལ་ལ་མི་སླུ་བའི་ཕྱིར་རོ། །གསུམ་པ་མཚན་གཞི་ལ། རང་གི་མཚན་ཉིད་ཀྱི་རྟེན་བྱེད་པ་ནི་མཚན་གཞིའི་མཚན་ཉིད་ཡིན་ནོ། །དབྱེ་ན། རང་དོན་རྗེས་དཔག་ལྟ་བུ་རྗེས་དཔག་གི་མཚན་ཉིད་གང་ཡིན་པ་དེའི་མཚན་གཞི་མཚན་ཉིད་པ་དང༌། གཞན་དོན་རྗེས་དཔག་ལྟ་བུ་བཏགས་པ་བ་གཉིས་སོ། །གསུམ་པ་ཆོས་གསུམ་སོ་སོའི་རྣམ་གཞག་ལ་གསུམ་སྟེ། རང་ལྡོག་ངོས་བཟུང་བ། ཇི་ལྟར་འབྲེལ་བའི་ཚུལ། མཚན་མཚོན་གྱི་རྣམ་གཞག་གོ །དང་པོ་ལ་གཞན་ལུགས་དགག་པ་ནི། བོད་ཁ་ཅིག་ཆོས་གསུམ་གྱི་རང་ལྡོག་ནི་སྣང་བའི་སྒྲུབ་པ་ཁོ་ན་ཡིན་ཏེ། རང་གི་རྣམ་པ་རང་དབང་དུ་འཆར་བས་ངེས་རུང་ཡིན་པའི་ཕྱིར། ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཁྱེད་ཀྱི་འདོད་པ་དེ་ལྟ་ཡིན་ན། ཆོས་གསུམ་པོ་རྟོག་མེད་ཀྱི་ཤེས་པའི་ཡུལ་དུ་ཐལ་བར་འགྱུར་ལ། དེ་འདོད་ན། བརྡ་མི་ཤེས་པའི་གང་ཟག་གིས་ཀྱང་ནོག་ལྐོག་ཤལ་མཐོང་བ་ན་བ་ལང་ངོ་སྙམ་པའི་བློ་སྐྱེ་བར་ཐལ་བས་སོ། །གཉིས་པ་རང་ལུགས་ནི། འཆད་པའི་ཚེ་ན་སྣང་བའི་ལྡོག་པ་ནི་ཆོས་གསུམ་ཉིད་མ་ཡིན་ཏེ། སོང་ཚོད་ལ་སེལ་བའི་ཆ་ནས་ཆོས་གསུམ་སོ་སོར་འཇོག་པའི་ཕྱིར། སེལ་བའི་ཆོས་གསུམ་གྱི་ནི་རང་ལྡོག་ལ་སྣང་བའི་སྒྲུབ་པ་མི་སྲིད་ཀྱང༌། སེལ་བའི་སྒྲུབ་པ་དང་དགག་པ་གཉིས་ཀ་ཡོད་དེ། སེལ་ངོའི་དངོས་པོ་དང་དངོས་མེད་གཉིས་ཀ་ལ་ཆོས་གསུམ་གྱི་རྣམ་གཞག་འཆད་པའི་ཕྱིར། གཉིས་པ་ནི། སེལ་ངོར་མཚན་མཚོན་རང་བཞིན་འབྲེལ་པ་ཡིན་ཞེས་བྱ་སྟེ། ནོག་སོགས་འདུས་པ་ལ་བ་ལང་གི་བརྡ་སྦྱར་ཕྱིན་ཆད། ནོག་སོགས་འདུས་པ་མཐོང་བ་ན་བ་ལང་ངོ་ཞེས་རང་བཞིན་གཅིག་ཏུ་འཛིན་པའི་ཕྱིར། མཚན་གཞི་ཕལ་ཆེར་གནས་སྐབས་འབྲེལ་ཞེས་བྱ་སྟེ། དཀར་ཟལ་མཐོང་བ་ན། དེ་ལ་ནོག་ལྐོག་ཤལ་གྱི་བློ་སྐྱེ་ཡང༌། ནག་སྒུར་མཐོང་བ་ན་དཀར་ཟལ་ལ་དེའི་བློ་མི་སྐྱེ་བའི་ཕྱིར། འགྲེལ་པར། མི་རྟག་པ་དང༌། དུས་གཉིས་པར་མི་སྡོད་པ་གཉིས་རང་བཞིན་གཅིག་ཡིན་པ་སྔ་མའི་དཔེར་བཀོད་པ་ནི། སྤྱིར་སེལ་ངོ་དང༌། ཁྱད་པར་མི་རྟག་པའི་ཐ་སྙད་ལ་འཆད་དགོས་པ་ཡིན་ཏེ། སྒྲ་ཇི་བཞིན་པར་བཤད་ན་མཚན་མཚོན་རྫས་གཅིག་པ་སྲིད་པར་འགྱུར་བས་སོ། །མཚན་མཚོན་གཉིས་ལ་ངོ་བོ་གཅིག་པ་མེད་ན། དེ་ལས་བྱུང་བ་ནི་ནམ་ཡང་མ་ཡིན་པས། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཇི་ལྟར་ཡོད་ཅེ་ན། དེ་གཉིས་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པ་མ་ཡིན་ཏེ། རྟོག་པ་འཁྲུལ་པས་མཚན་མཚོན་གཅིག་ཏུ་འཛིན་པ་ཉིད་ཉམས་སུ་མྱོང་བའི་རང་རིག་པས་མཚན་མཚོན་གྱི་འབྲེལ་པ་འགྲུབ་པའི་ཕྱིར། འོ་ན། མཚན་གཞི་དང་མཚོན་བྱའི་འབྲེལ་པ་གང་གིས་འགྲུབ་ཅེ་ན། མཚན་གཞི་དང་ནི་མཚོན་བྱ་ཡི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། མཚན་མཚོན་གྱི་འབྲེལ་པ་ཤེས་ཟིན་མ་རྗེད་པའི་མཁས་པས་ནི། མཚན་ཉིད་མཐོང་བས་གཞི་མཚོན་གྱི་འབྲེལ་པ་འདི་དྲན་ལ། དེ་མི་ཤེས་པ་དང་ཤེས་ཟིན་བརྗེད་པའི་རྨོངས་པ་ལ་ནི་གཞི་མཚོན་གྱི་བརྡ་འབྲེལ་དྲན་པའི་སླད་དུ་ཐ་སྙད་སྒྲུབ་ཀྱི་རྗེས་དཔག་དགོས་པའི་ཕྱིར། འདི་ནི་གཞན་དོན་རྗེས་དཔག་བཏགས་པ་བ་སྟེ་སྦྱོར་བ་གསུམ་པར་ཐུག ཅེས་པ་དེའོ། །གསུམ་པ་སོ་སོའི་རྣམ་གཞག་ལ་གཉིས་ཏེ། ཇི་ལྟར་མཚོན་པའི་ཚུལ། ཕན་ཚུན་ངེས་པའི་རྣམ་གཞག་གོ །དང་པོ་ལ་གཉིས་ཏེ། སྦྱོར་བའི་དབྱེ་བ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཐ་སྙད་སྒྲུབ་ཀྱི་རྗེས་དཔག་ཇི་ལྟ་བུ་ཞེ་ན། མཚན་མཚོན་གཞི་གསུམ་པོ་དེ་ལ་ཐོག་མར་མཚོན་ཚུལ་གཉིས་ཏེ། རང་ལྡོག་ཡིན་པའི་མཚོན་ཚུལ་དང༌། གཞན་ལྡོག་མ་ཡིན་པའི་མཚོན་ཚུལ་ལོ། །དང་པོ་ལ་དྲུག་སྟེ། གསུམ་པོ་རེ་རེ་ལ་སྤྱིའི་མཚན་ཉིད་དང་ནི་སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད་གཉིས་གཉིས་ཡོད་པའི་ཕྱིར། ལྡོག་པ་གཞན་ལྡོག་མ་ཡིན་པར་མཚོན་ཚུལ་ལའང་དྲུག་སྟེ། མཚན་ཉིད་མ་ཡིན་པ་སོགས་གསུམ་པོ་རེ་རེ་ལ་སྤྱིའི་མཚན་ཉིད་དང༌། སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད་གཉིས་གཉིས་སུ་ཕྱེ་བའི་ཕྱིར། དེ་ལྟར་མཚོན་ཚུལ་བཅུ་གཉིས་ལས། སྐྱོན་ཅན་དང་སྐྱོན་མེད་དུ་ཞེ་ན། རང་ལྡོག་ཡིན་པའི་མཚོན་ཚུལ་དྲུག་དང༌། གཞན་ལྡོག་མ་ཡིན་པའི་མཚོན་ཚུལ་དྲུག་གི་སྦྱོར་བ་འདིར་གཏོགས་གསུམ་དང་དགུ་ནི། མཐའ་གཅིག་ཏུ་སྐྱོན་མེད་ཁོ་ན་ཡིན་ལ། སྤྱིའི་སྦྱོར་བ་གསུམ་ལས། མཚན་གཞི་མ་ཡིན་པའི་མཚོན་ཚུལ་ནི། མཐའ་གཅིག་ཏུ་སྐྱོན་ཅན་ཁོ་ན་ཡིན་ཏེ། སྤྱིར་མཚན་གཞིར་མི་རུང་བའི་ཆོས་མི་སྲིད་པའི་ཕྱིར། སྤྱིར་མཚན་ཉིད་མ་ཡིན་པ་དང༌། མཚོན་བྱ་མ་ཡིན་པའི་མཚོན་ཚུལ་གཉིས་ལས། གང་རུང་གཅིག་ལ་སྐྱོན་ཅན་སྲིད་པ་དེའི་ཚེ། ཅིག་ཤོས་སྐྱོན་མེད་ཁོ་ནར་ངེས་ལ། དེའི་ཤེས་བྱེད་ཀྱང༌། རྩ་བ་ནི་མཚན་གཞི་ལ་གསེར་གྱི་ལྟོ་ལྡིར་བ་ལྟ་བུ་མཚན་ཉིད་ཡིན་པ་གཅིག་གཞག་པ་དང༌། གསེར་བུམ་ལྟ་བུ་མཚོན་བྱ་ཡིན་པ་ཞིག་བཟུང་བའི་དབྱེ་བ་ལས་ཡིན་ཏེ། སྤྱིར་ལྟོ་ལྡིར་བ་དང༌། གསེར་གྱི་ལྟོ་ལྡིར་བ་གཉིས། སྤྱིར་མཚན་ཉིད་མ་ཡིན་པར་མཚོན་པ་སྐྱོན་ཅན་ཡིན་ལ། དེའི་ཚེ་ན་གཉིས་པོ་མཚོན་བྱ་མ་ཡིན་པར་མཚོན་པ་སྐྱོན་མེད་དུ་ངེས་པ་དང༌། ཡང་སྤྱིར་ལྟོ་ལྡིར་བ་ཙམ་དང་གསེར་བུམ་གྱི་ཐ་སྙད་གཉིས། སྤྱིར་མཚན་ཉིད་མ་ཡིན་པ་དང༌། མཚོན་བྱ་མ་ཡིན་པ་གཉིས་ཀ་ལ། སྐྱོན་ཅན་དང་སྐྱོན་མེད་ཀྱི་ཆ་གཉིས་གཉིས་སྲིད་པས་སོ། །དེས་ན་གཞུང་འདི་ལྟར། གཞན་ལྡོག་མིན་པའི་སྤྱི་སྦྱོར་ལ། །མཚན་གཞི་མིན་པའི་མཚོན་ཚུལ་ནི། །སྐྱོན་ཅན་དུ་ངེས་མཚན་ཉིད་དང༌། །མཚོན་བྱ་དག་ལ་ཆ་གཉིས་སྲིད། །ཅེས་སྦྱར་ན་གོ་བདེ་བ་ཡིན་ནོ། །གཉིས་པ་རྩོད་པ་སྤང་བ་ལ་གསུམ་སྟེ། རང་ལྡོག་ཡིན་པར་མཚོན་ཚུལ་ལ་རྩོད་པ་སྤང་བ། གཞན་ལྡོག་མ་ཡིན་པའི་མཚོན་ཚུལ་ལ་རྩོད་པ་སྤང་བ། དེས་ན་འགལ་མཚུངས་ཀྱི་སྦྱོར་བ་སྲིད་པའོ། །དང་པོ་ནི། སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་དེ། རྩ་བའི་མཚན་གཞི་དཀར་ཟལ་དང་བ་ལང་གི་ཐ་སྙད་གཉིས་ལ་ཁེགས་ན་ནི། སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞི་ནོག་ལྐོག་ཤལ་ལ་ཡང་ཁེགས་པར་འགྱུར་ལ། མ་ཁེགས་ན་ནི་ཁྱབ་ཆེས་སོ། །ཞེས་ཟེར་ན། ཉེས་པ་མེད་དེ། དེ་འདྲ་དེས་དཀར་ཟལ་དང༌། བ་ལང་གི་ཐ་སྙད་གཉིས་ཀྱི་དོན་ལྡོག་ལ་ཁྱབ་ལ། རང་ལྡོག་ལ་མ་ཁྱབ་པས་ནའོ། །གཉིས་པ་ནི། མཚོན་བྱ་མ་ཡིན་པའི་ཐ་སྙད་དེ་མཚོན་བྱ་ཡིན་ནམ་མིན། ཡིན་ན་མཚོན་བྱའི་མཚན་ཉིད་བཀག་ནས་མཚོན་པ་འགལ་ལོ་ཞེས་དང༌། མཚོན་བྱ་མ་ཡིན་པ་ལ་མཚོན་བྱའི་ཐ་སྙད་ཁེགས་སམ་མི་ཁེགས། མི་ཁེགས་ན། མཚོན་བྱའི་མཚན་ཉིད་བཀག་པ་དེ་ཁོའི་མཚན་ཉིད་དུ་འདོད་པ་འགལ་ཞེས་པ་དང༌། མཚོན་བྱ་མ་ཡིན་པའི་ཐ་སྙད་དེ་མཚོན་བྱའི་མཚན་གཞི་ཡིན་ན། དངོས་འགལ་དངོས་མེད་ཀྱི་ཐ་སྙད་དེ་དངོས་པོའི་མཚན་གཞིར་བཞག་ནས་མཚོན་དུ་རུང་བར་ཐལ་ལོ། །ཞེས་པའི་རྩོད་པ་གསུམ་གྱིས་གནོད་པ་མེད་དེ། མཚོན་བྱ་མ་ཡིན་པའི་ཐ་སྙད་རང་ལྡོག་ནས་མཚོན་བྱ་ཡིན་ལ། དེའི་མཚན་ཉིད་རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་མ་ཡིན་པ་དེ་མཚོན་བྱར་མི་རུང་བའི་ཕྱིར་དང༌། མཚོན་བྱ་མ་ཡིན་པའི་ཐ་སྙད་ལ་མཚོན་བྱའི་མཚན་ཉིད་ཞུགས་ལ། དངོས་མེད་ལ་དངོས་པོའི་མཚན་ཉིད་མ་ཞུགས་པའི་ཕྱིར། འདིར་དངོས་མེད་ཀྱི་ཐ་སྙད་ནི། ཕྱོགས་སྔ་མའི་འདོད་པ་དང་བསྟུན་ནས། དོན་བྱེད་མི་ནུས་པའི་སྒྲ་བློ་འཇུག་རུང་ལ་འཆད་པའི་དབང་དུ་བྱས་ལ། རང་ལུགས་ལ་ནི། དངོས་མེད་ཀྱི་ཐ་སྙད་དངོས་པོའི་མཚན་གཞིར་རུང་བ་ཡིན་ནོ། །གསུམ་པ་ནི། ཇི་སྐད་བཤད་པ་དེས་ན། སྐབས་ལ་ལར་མི་འགལ་ཡང་འགལ་བར་མངོན་པ་དང༌། མ་མཚུངས་ཀྱང་མཚུངས་པར་མངོན་པའི་སྦྱོར་བ་སྲིད་དེ། མཚོན་བྱ་མ་ཡིན་པའི་ཐ་སྙད་མཚོན་བྱར་མཚོན་པ་དང༌། ཤེས་བྱ་མ་ཡིན་པའི་ཐ་སྙད་ཤེས་བྱར་མཚོན་པ་ལྟ་བུ་སྲིད་པའི་ཕྱིར་དང༌། ཤེས་བྱ་ཤེས་བྱར་མཚོན་པ་ལྟ་བུ་སྲིད་པའི་ཕྱིར། འདི་འདྲ་དེ་གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པ་ཡིན་པས། མཚོན་སྦྱོར་ཡང་དག་ཏུ་མི་རུང་ཞེས་སོགས། མཚོན་སྦྱོར་ལ་རྟགས་སྦྱོར་གྱི་སྐྱོན་ཡོན་མཐའ་དག་རྩི་བའི་ཚུལ་འཆད་པ་དག་སྣང་ཡང༌། རིགས་པ་མ་ཡིན་ཏེ། མཚོན་སྦྱོར་དང་རྟགས་སྦྱོར་གྱི་དགོས་ནུས་མི་མཚུངས་པའི་ཚུལ་མ་གོ་བར་སྣང་བའི་ཕྱིར་དང༌། མཚུངས་སུ་ཆུག་ཀྱང༌། གཞི་ཆོས་ཐ་དད་མེད་པ་གཏན་ཚིགས་ཀྱི་སྐྱོན་དུ་མི་རུང་བའི་ཕྱིར། གཉིས་པ་ཕན་ཚུན་ངེས་པའི་རྣམ་གཞག་ལ་གསུམ་སྟེ། དངོས་དང༌། གཞན་དུ་འདོད་པ་མི་འཐད་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། མཚན་མཚོན་གྲངས་མཉམ་པ་དང༌། སེལ་ངོར་ངོ་བོ་གཅིག་པ་ཡིན་ཏེ། མཚན་ཉིད་གཅིག་ལ། མཚོན་བྱ་ཕན་ཚུན་སྤངས་པ་དུ་མ་དང༌། མཚོན་བྱ་གཅིག་ལ། མཚན་ཉིད་ཕན་ཚུན་སྤངས་པ་དུ་མ་མི་སྲིད་པའི་ཕྱིར་དང༌། བརྡ་དྲན་པའི་རྟོག་པས་ངོ་བོ་གཅིག་ཏུ་འཛིན་པའི་ཕྱིར། སེལ་ངོར་རྫས་ཡོད་དང༌། བཏགས་ཡོད་ཉིད་དུ་ངེས་ཏེ། མིང་གི་རྒྱུ་མཚན་དང༌། རྒྱུ་མཚན་ཅན་གྱི་མིང་གཉིས་སུ་ངེས་པའི་ཕྱིར། སྤྱིར་མཚོན་བྱ་གཅིག་ལ། མཚན་ཉིད་ལྡོག་པ་ཐ་དད་པ་དུ་མ་མི་སྲིད་པ་ནི་མ་ཡིན་ཏེ། བདེན་པ་བཞིའི་ཐ་སྙད་ལ། མཚན་ཉིད་མི་རྟག་ལ་སོགས་བཅུ་དྲུག་བཤད་པ་དང༌། འདུས་བྱས་ཀྱི་མཚན་ཉིད། སྐྱེ་གནས་རྒ་འཇིག་བཞི་བཤད་པ་དང༌། ཐེག་ཆེན་སྦྱོར་བའི་ཐ་སྙད་གཅིག་བུ་ལ། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་བདུན་ཅུ་རྩ་ལྔ་བཤད་པའི་ཕྱིར་རོ། །གཉིས་པ་ནི། བོད་སྔ་མ་རྣམས་དངོས་པོ་གཞིར་བྱས་ཀྱི་མཚན་མཚོན་དོན་ལ་རྫས་གཅིག་པ་དང༌། ཉན་ཐོས་སྡེ་པ། འདུས་བྱས་ཀྱི་མཚན་ཉིད། སྐྱེ་གནས་རྒ་འཇིག་བཞི་པོ། མཚན་གཞི་འདུས་བྱས་ལས་རྫས་ཐ་དད་དུ་འདོད་པ་གཉིས་ཀ་མི་འཐད་དེ། རྫས་ཐ་དད་དུས་མཉམ་པ་ལ་འབྲེལ་པ་མེད་པའི་ཕྱིར་དང༌། རྫས་གཅིག་ན། མཚོན་པ་རྫས་ཡོད་དུ་ཐལ་བའི་ཕྱིར། མཚན་མཚོན་གྲངས་མི་མཉམ་པར་འདོད་པ་འཁྲུལ་ཏེ། མཚན་ཉིད་དེས། རང་གི་མཚན་གཞིའི་སྟེང་དུ་མཚོན་བྱ་དེ་མ་ཡིན་ལས་ཐ་དད་དུ་མ་ཕྱེ་ན། མཚན་ཉིད་དུ་མི་རུང་ལ། ཕྱེ་ན་ཡང་དེ་མིན་མཚོན་མི་ནུས་ཏེ། འགལ་བའི་ཕྱིར་རོ། །ཞེས་འགྲེལ་པར་གསུངས་པས། མཚན་ཉིད་གཅིག་ལ་མཚོན་བྱ་འགལ་བ་ཅན་དུ་མ་མི་སྲིད་པའི་དབང་དུ་བྱས་པར་གསལ་ལོ། །གསུམ་པ་ནི། མིང་དོན་དེ་དག་ཕན་ཚུན་ཟློག་པའི་རྣམ་པར་བཞག་པས། རང་གི་ལུགས་བཞག་པ་འདིར་མི་གནོད་དེ། རང་ལུགས་ཀྱི་གྲུབ་མཐའི་རྣམ་གཞག་གཏིང་ཚུགས་པར་སྨྲ་བའི་ཕྱིར། དཔེར་ན་རང་ལུགས་ལ། གསར་དུ་མི་སླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བཞག་པ་ལ། རྒྱང་འཕན་གྱིས་དངོས་པོ་འཛིན་པ་ཚད་མའི་མཚན་ཉིད་དུ་བཤད་ནས། རྗེས་དཔག་ཚད་མ་མ་ཡིན་པར་འཆད་པ་དང༌། རང་ལུགས་ཀྱི་དོན་དམ་བདེན་པ་ལ། ངོ་བོ་ཉིད་མེད་པས་ཀུན་རྫོབ་ཀྱི་མཚན་ཉིད་ཚང་བར་འཆད་ཀྱང༌། རང་ལུགས་ལ་སྐྱོན་ཡོད་པ་མ་ཡིན་པ་ལྟ་བུའོ། །དེ་དག་ལ་འདི་སྐད་ཅེས། མཚན་ཉིད་དང་ནི་མཚན་གཞི་ཡི། །རྣམ་གཞག་རྒྱལ་བའི་བཀའ་དང་ནི། །ཚད་ལྡན་གཞུང་ཡིན་མཚོན་བྱ་ཡི། །རྣམ་གཞག་གསུམ་པ་གསལ་བ་མེད། །མཚན་གཞི་ཉིད་ལ་མཚོན་བྱ་ཞེས། །བཏགས་པ་མངོན་རྟོགས་རྒྱན་ན་སྟེ། །མཚན་ཉིད་དུ་ཡང་བཤད་པ་ནི། །དེ་དང་སྡེ་བདུན་གཞུང་ན་གསལ། །མཚོན་པ་ཞེས་པ་མཚན་གཞི་ལ། །མཚན་ཉིད་ཇི་ལྟར་ཞུགས་པའི་ཚུལ། །ཇི་བཞིན་རྟོགས་པའི་བློ་ཡིན་ཞེས། །མདོ་སྡེའི་རྒྱན་ལས་གསལ་བར་གསུངས། །གཟུགས་ནས་རྣམ་ཀུན་མཁྱེན་བར་གྱི། །མཚན་ཉིད་གསལ་བར་གསུངས་པ་དང༌། །ངོ་བོ་ཉིད་མེད་རྣམ་གསུམ་པོ། །མཚན་ཉིད་ཡིན་ཞེས་གསུངས་པ་ནི། །རང་རང་ལྡན་པའི་མཚན་གཞི་ཡི། །དབང་དུ་བྱས་པའི་མཚན་ཉིད་དེ། །ཡིན་ཁྱབ་མཉམ་པའི་མཚོན་བྱ་ཡི། །རྣམ་གཞག་གསལ་བར་གསུངས་པ་མེད། །སྔོན་བྱོན་བོད་ཀྱི་རྟོག་གེ་པས། །དོན་ལྡོག་རྒྱུ་མཚན་དུ་བྱས་པའི། །མིང་ལ་མཚོན་བྱར་བཏགས་པ་ནི། །གཞུང་དང་འབྲེལ་ཕྱིར་གུས་པས་བླང༌། །དེ་ནས་མཚན་མཚོན་གཞི་གསུམ་པོ། །སོ་སོའི་མཚན་ཉིད་མཚོན་སྦྱོར་དང༌། །དེ་ལས་འཕྲོས་པའི་རྩོད་ལན་སོགས། །རྒྱས་པ་གཞུང་ལས་མ་གསུངས་ཤིང༌། །གཞུང་ལུགས་འཆད་པའི་ཡན་ལག་ཏུ། །མེད་མི་རུང་བ་མ་ཡིན་ཀྱང༌། །ཡིད་ཀྱི་མུན་སེལ་མཛད་པ་པོའི། །རྣམ་དཔྱོད་རྩལ་གྱིས་འབད་པས་བཏོན། །གཞུང་འདིར་མི་མཐུན་ཆ་ཤས་ཙམ། །མ་གཏོགས་དེ་ཉིད་ཐད་སོར་བཞག །དེ་ནས་ལེགས་པར་བཤད་པ་ཡི། །དོན་པོ་འདི་ཡིན་གུས་པས་ལོངས། །མ་ཁྱབ་ཁྱབ་ཆེས་མི་སྲིད་པའི། །སྐྱོན་གསུམ་མཚན་གཞི་ལ་ཡིན་ཏེ། །མཚན་མཚོན་གཉིས་ལ་མ་ཁྱབ་དང༌། །ཁྱབ་ཆེས་སུ་ཡིས་སྤོང་བར་ནུས། །མིང་དང་དོན་གཉིས་ཁྱབ་མཉམ་དུ། །ཡོད་ཅེས་སྨྲ་བ་འཁྲུལ་པའི་གཏམ། །དེས་ན་མཚན་གཞིར་མི་སྲིད་དང༌། །མཚན་གཞི་ཀུན་ལ་མ་ཁྱབ་དང༌། །མཚན་གཞི་མིན་ལ་ཁྱབ་ཆེས་པ། །འདི་གསུམ་སྤོང་བ་གཞུང་ན་གསལ། །འོན་ཀྱང་བོད་ཀྱི་རྟོག་གེ་པས། །མཚོན་སྦྱོར་འགོད་པ་མཚན་ཉིད་དང༌། །མཚོན་ཆོས་ཁྱབ་མཉམ་སྒོ་བཞི་པོ། །ངེས་པར་ཁས་ལེན་བྱེད་ཕྱིར་ཡིན། །ཡང་ན་མཚོན་སྦྱོར་མིང་དོན་གྱི། །འབྲེལ་པ་ཤེས་པའི་ཕྱིར་ཡིན་གྱི། །བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ནི། །སྐྱེད་ཕྱིར་ཡིན་ན་གཞུང་དང་འགལ། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ངོས་བཟུང་བ་དང༌། དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལོ། །དང་པོ་ནི། རྣམ་འགྲེལ་ངེས་གཉིས་སུ་ཚད་མའི་མཚན་ཉིད་སྟོན་པའི་གཞུང་རྣམ་དབྱེ་མི་འདྲ་བ་གསུམ་གསུངས་པ་དེས། བརྗོད་བྱའི་དོན་ཇི་ལྟ་བུ་ཞིག་སྟོན་ཞེ་ན། འདི་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། །སློབ་དཔོན་ལྷ་དབང་བློའི་གསུང་གིས། །ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་པའི་གཞུང་གིས་བསྟན་པའི་མི་སླུ་བའི་རིག་པ་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པའི་གཞུང་གིས་བསྟན་པའི་མ་ཤེས་དོན་གསལ་གྱི་རིག་པ་གཉིས། ཚད་མའི་མཚན་ཉིད་རྣམ་གྲངས་པ་ཡིན་པས། གང་ཡང་རུང་བ་རེ་རེས། མཚན་གཞི་མ་ལུས་པ་ཚད་མར་མཚོན་ནུས། ཞེས་གསུང་བ་དང༌། རྒྱན་མཛད་པ། གཞུང་དང་པོས་ཐ་སྙད་པའི་ཚད་མའི་མཚན་ཉིད་དང༌། གཞུང་གཉིས་པས་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་ཇི་ལྟར་ན། ཐ་སྙད་པའི་ཚད་མ་ནི། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རིག་པའི་ཁྱད་པར་ཞིག་ཡིན་ལ། རྟེན་གྱི་གང་ཟག་ནི་སྐྱེ་འཕགས་གཉིས་ཀ་ལ་ཡོད་ཅིང༌། དེའི་མཚན་ཉིད་ནི། མི་སླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་དོན་ཡིན་ཏེ། བཅད་པའི་དོན་ཐོབ་པ་ཡོད་པའི་ཕྱིར། དོན་དམ་པའི་ཚད་མ་ནི། ཆོས་ཉིད་དོན་དམ་པ་མངོན་སུམ་དུ་མཁྱེན་པའི་བློ་ཞིག་ཡིན་ལ། རྟེན་གྱི་གང་ཟག་ནི་འཕགས་པ་ལ་ཡོད་ཅིང༌། ཡུལ་གྱི་ཁྱད་པར་ནི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བ་དེའོ། །ཚད་མ་དེའི་མཚན་ཉིད་ནི་མ་ཤེས་དོན་གསལ་ཡིན་གྱི། མི་སླུ་བ་མ་ཡིན་ཏེ། བཅད་པའི་དོན་ཐོབ་པ་མེད་པའི་ཕྱིར། ཞེས་ཕྱེ་སྟེ་སླུ་བར་བྱེད་དོ། །སློབ་དཔོན་ཆོས་མཆོག་ནི། རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན། དོན་བྱ་བ་ལ་སླུ་བ་མེད་པའི་ཕྱིར་རོ། །ཞེས་པའི་ཚིག་གསུམ་གྱིས་ཁྱད་པར་གསུམ་བསྟན་པ་ཡིན་ཏེ། ངོ་བོའི་ཁྱད་པར་དོན་ཐོབ་བྱེད་ཀྱི་ནུས་པ། ཡུལ་གྱི་ཁྱད་པར་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པ། བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་བྱེད་དོ། །དེ་ཡང་བཅད་ནས་ཞུགས་པ་ན་འཐོབ་པའི་ནུས་པ་ཡོད་པ་ལ་བྱ་བ་ཡིན་གྱི། རྐང་ལག་ལ་སོགས་པས་དངོས་སུ་འཐོབ་ནུས་པ་ནི་མ་ཡིན་ནོ། །དེ་ལྟར་ཁྱད་པར་གསུམ་ལས་ངོ་བོའི་ཁྱད་པར་གྱིས། རྒྱང་འཕན་ལ་སོགས་དངོས་པོ་འཛིན་པ་ཉིད་ཚད་མའི་མཚན་ཉིད་དུ་འདོད་པ་སེལ། ཡུལ་གྱི་ཁྱད་པར་གྱིས་གཟུང་ཡུལ་དེ་ཉིད་འཇུག་ཡུལ་དུ་བྱས་ནས་འཛིན་པ་སོགས་སེལ་བས། མངོན་རྗེས་གཉིས་ལ་མི་སྲིད་པ་གཅོད། བྱེད་པའི་ཁྱད་པར་གྱིས་བཅད་ཤེས་སེལ་བས་ཁྱབ་ཆེས་པ་གཅོད། མ་ཁྱབ་པ་གཅོད་པ་ཞིག་ཟུར་ནས་ཁ་བསྐང་དགོས་སོ། །དེ་ཡང་གང་ཞེ་ན། དོན་གཅོད་བྱེད་ལ་གནས་པའི་ནུས་པའོ། །བདེན་པའི་དོན་རྟོགས་ནི་ཚད་མའི་འབྲས་བུ་ཡིན་པས་བྱེད་ལས་ཡིན་ཞིང༌། མཚན་ཉིད་མ་ཡིན་ནོ། །ཞེས་གསུང༌། ཕྱྭ་པ་ལ་སོགས་པ་བྲམ་ཟེའི་རྗེས་འབྲང་རྣམས་ནི། བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་ཡིན་ལ། གསུམ་ནི། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་དོན་ལ་འཇུག་པ། འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བ། ངོ་བོའི་ཁྱད་པར་སྒྲོ་འདོགས་སེལ་བའོ། །ཞེས་གསུང་ངོ༌། །གཉིས་པ་ནི། ལུགས་དང་པོ་མི་འཐད་དེ། མཚན་ཉིད་ཁྱབ་ཆེ་ཆུང་གཉིས་ཀྱིས་འཇོག་ན་ནི་མཚོན་བྱ་ཚད་མའི་ཐ་སྙད་གཅིག་བུ་དེ་ཡང་ཁྱབ་ཆེ་ཆུང་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །མཚན་ཉིད་གཉིས་པོ་ལ་ཁྱབ་ཆེ་ཆུང་འདོད་པར་ཡང་ལྷ་དབང་བློ་ཉིད་ལས་ཇི་སྐད་དུ། དེ་ལྟར་ན་ཚད་མའི་མཚན་ཉིད་མི་སླུ་བ་ཅིག་བཤད་དོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་མཚན་ཉིད་གཞན་གཉིས་པ་ཡིན་ནོ་ཞེས་གཉིས་པོ་དོན་མི་གཅིག་པར་བཤད་པ་ཡིན་ནོ། །ལུགས་གཉིས་པ་མི་འཐད་དེ། རྣམ་འགྲེལ་དུ་ཚད་མའི་མཚན་ཉིད་སྟོན་བྱེད་ཀྱི་གཞུང་གོང་འོག་གཉིས་པོས་མཚན་མཚོན་དོན་མི་འདྲ་བ་ཆ་གཉིས་སུ་བསྟན་པར་འདོད་ན་ཡང༌། རྣམ་འགྲེལ་དུ་ཚད་མ་སྤྱིའི་མཚན་ཉིད་ཅིག་བསྟན་པ་མི་སྲིད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་རྒྱན་གྱིས་རྣམ་གྲངས་གཉིས་པ་ལ་མི་སླུ་བ་ཙམ་གྱིས་ཚད་མ་སྤྱིའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ནམ་སྙམ་པ་ལ། མ་ཤེས་དོན་གསལ་ཡང་དགོས་སོ་ཞེས་གཞུང་འོག་མས་སྟོན་པ་ཡིན་ནོ། །ཞེས་འཆད་པ་དེ་ཡང་རིགས་པ་མ་ཡིན་ཏེ། འོ་ན་ཚད་མ་ཡིན་ན་རང་མཚན་གསར་དུ་རྟོགས་པས་ཁྱབ་པ་ཉིད་དུ་ཁས་ལེན་དགོས་པས། རྒྱང་འཕན་གྱིས་དངོས་པོ་འཛིན་པ་ཚད་མའི་མཚན་ཉིད་དུ་བཞག་པ་དང་ཁྱད་པར་མི་ཕྱེད་པའི་ཕྱིར་རོ། །དེར་ཁས་ལེན་དགོས་པའི་ཤེས་བྱེད་ཀྱང༌། རང་མཚན་ལ་མི་སླུ་བ་ནི་གཞུང་གོང་མས་བསྟན་ཟིན་ལ། དེ་ཙམ་གྱིས་ཆོག་གམ་སྙམ་པ་ལ། དེས་མི་ཆོག་པར་གསར་རྟོགས་ཀྱང་དགོས་སོ་ཞེས་གཞུང་ཕྱི་མས་བསྟན་པར་ཁྱེད་ཀྱིས་ཁས་བླངས་པ་གང་ཞིག གཞུང་ཕྱི་མའི་དོན་ནི་ཇི་སྐད་དུ། རང་གི་མཚན་ཉིད་མི་ཤེས་པས། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །ལུགས་གསུམ་པ་མི་འཐད་པ་ལ་གཉིས་ལས། མ་ཁྱབ་པ་གཅོད་ཚུལ་ཟུར་ནས་ཁ་སྐོང་བ་མི་འཐད། བྱེད་ལས་དང་མཚན་གཞི་སོ་སོར་འབྱེད་པ་མི་འཐད་པའོ། །དང་པོ་ནི། རྣམ་ངེས་སུ་ཚད་མའི་མཚན་ཉིད་སྟོན་པའི་གཞུང་འདིར་ཆོས་ཅན། བཅད་པ་དང་མཐུན་པའི་དོན་ལ་མི་སླུ་བ་དེས། ཚད་མའི་ཁྱད་པར་འགའ་ཞིག་ལ་མ་ཁྱབ་པ་གཅོད་པའི་ཚུལ་ཟུར་ནས་ཁ་སྐོང་དགོས་སོ་ཞེས་ཟེར་བ་མི་འཐད་དེ། མཚན་ཉིད་སྟོན་བྱེད་ཀྱི་གཞུང་དེ་ཉིད་ལ་མ་ཁྱབ་པ་གཅོད་པའི་ནུས་པ་མེད་ན། མཚན་ཉིད་དང༌། དེ་སྟོན་བྱེད་ཀྱི་གཞུང་སྐྱོན་ཅན་དུ་འགྱུར་བའི་ཕྱིར། དེ་ཡང་ཆོས་མཆོག་གི་བཞེད་པ་ནི། མི་སླུ་བའི་དོན་ནི་ཐོབ་པ་ལ་བྱེད་དགོས་ལ། དེ་ལྟ་ན་ཡང་བཅད་ཞུགས་ཚང་ཡང་མཐུན་རྐྱེན་མ་ཚང་བའམ། འགལ་རྐྱེན་གྱིས་གེགས་བྱས་ནས་ཐོབ་པའི་ཁྱད་པར་མ་ཚང་བ་འགའ་ཞིག་ཚད་མ་མ་ཡིན་པར་འགྱུར་རོ་སྙམ་པའི་དོགས་པ་སེལ་དགོས་པས། བཅད་པའི་དོན་ལ་མི་སླུ་བའི་ནུས་པ་ཞེས་སྣོན་དགོས་པར་བཞེད་པའོ། །དེ་སྐད་དུ་ཡང༌། ཆོས་མཆོག་ལས། ཤེས་པ་ལ་ཡོད་པའི་ཐོབ་པའི་ནུས་པ་ཡིན་གྱི། རྐང་ལག་ལ་སོགས་པས་ཐོབ་པ་ནི་མ་ཡིན་ནོ། །ཞེས་དང༌། ནུས་པ་ཉིད་ཐོབ་པ་ཡིན་གྱི། ཤེས་པ་ཡུལ་གྱི་དྲུང་དུ་འགྲོ་བའམ། དོན་སྐྱེས་བུའི་དྲུང་དུ་འགུགས་པ་ནི་མ་ཡིན་ནོ། །ཞེས་བཤད་དོ། །རང་ལུགས་འདིར་ནི། མི་སླུ་བའི་དོན་མཐོང་བའི་ནུས་པ་ལ་བཤད་ནས། མི་སླུ་བ་ཞེས་པའི་ཚིག་དེ་ཉིད་ཀྱིས་མ་ཁྱབ་པ་གཅོད་ནུས་པར་བཞེད་དོ། །གཉིས་པ་ནི། སློབ་དཔོན་ཆོས་མཆོག་གིས། །ཚད་མའི་མཚན་ཉིད་སྟོན་པའི་གཞུང་དེས་མཚན་ཉིད་ཀྱི་ངོ་བོ་དང་ཁྱད་པར་གཉིས་བསྟན་པ་ལས། ངོ་བོ་ནི་དོན་འཐོབ་པར་བྱེད་པའི་ནུས་པའོ། །ཁྱད་པར་ལ་གཉིས་ལས། ཡུལ་གྱི་ཁྱད་པར་ནི་ཡོངས་སུ་བཅད་པའི་དོན་གྱི་མཐར་ཐུག་པ་དང༌། བྱེད་པའི་ཁྱད་པར་ཡོངས་སུ་བཅད་ནས་ཞེས་པ་གཞལ་བྱ་རྟོགས་པའི་བྱེད་ལས་ཅན་ནོ། །དེ་ལྟ་ན་རིགས་མི་མཐུན་སེལ་བ་ལ་མི་སླུ་བ་གཅིག་པུས་ཆོག་ཀྱང་ལོག་རྟོག་སེལ་བ་ལ་ཁྱད་པར་གཉིས་བསྟན་པ་ཡིན་ནོ། །ཞེས་གསུངས་ཤིང༌། ལོ་ཙྪ་བ་ཆེན་པོ་ཡང་དོན་དེ་ཉིད་བཞེད་པར་སྣང་ངོ༌། །དེ་འགོག་པ་ནི། རྣམ་ངེས་སུ། དོན་ཡོངས་སུ་བཅད་ནས། ཞེས་དང༌། དོན་བྱ་བ་ལ་སླུ་བ་མེད་པའི་ཕྱིར། ཞེས་པའི་གཞུང་ཚན་པ་གཉིས་ཀྱིས་བྱེད་ལས་དང་མཚན་ཉིད་སོ་སོར་བསྟན་ནོ་ཞེས་གཉིས་སུ་འབྱེད་པ་གཞུང་དེའི་དགོངས་པ་མ་ཡིན་ཏེ། གཞུང་དེས་བཅད་པ་དང་མི་སླུ་བའི་ཚོགས་དོན་མཚན་ཉིད་དུ་བསྟན་པའི་ཕྱིར། ལུགས་བཞི་པ་མི་འཐད་དེ། བདེན་པའི་དོན་རྟོགས་ཆོས་གསུམ་ཚང་བ་ཚད་མའི་མཚན་ཉིད་དུ་འདོད་ན། མི་དགོས་པ་དང༌། མ་ཁྱབ་པ་དང༌། མི་སྲིད་པའི་སྐྱོན་གསུམ་ཡོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ཞེས་པ་མི་དགོས་ཏེ། འཛིན་སྟངས་དོན་ལ་མ་འཁྲུལ་བ་ཡོད་ན་རྟོགས་ཟིན་ལ་འཇུག་པ་མི་སྲིད་པས་ཚིག་དེ་ལ་རྣམ་བཅད་མེད་པའི་ཕྱིར། ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་པས་མངོན་སུམ་ལ་མ་ཁྱབ་སྟེ། རྟོག་མེད་ཀྱི་ཤེས་པས་སྒྲོ་འདོགས་གཅོད་པ་སོ་སོ་སྐྱེ་བོ་ལ་མེད་པའི་ཕྱིར་རོ། །དོན་བདེན་པའི་གོ་དོན་དོན་ཇི་ལྟར་གནས་པ་ལ་འདོད་ན། མངོན་རྗེས་གཉིས་ཀ་ལ་མི་སྲིད་དེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply