རྨུགས་པའི་ངོས་འཛིན་ལུས་སེམས་ལས་སུ་མི་རུང་བ་ཉིད་དུ་བཤད་པ་ལ། ལུས་ལས་སུ་མི་རུང་བ་སེམས་བྱུང་དུ་ཇི་ལྟར་རུང་ཞེས་པའོ། །དེའི་ལན་ནི། ཇི་སྐད་དུ། ལུས་ཀྱི་ཚོར་བ་ཇི་ལྟ་བ་བཞིན་ནོ། །ཞེས་གསུངས། དོན་ནི། སེམས་བྱུང་ཡིན་ཀྱང་དབང་ཤེས་ལྔ་དང་ལྡན་པའི་ཚོར་བ་ལ་ལུས་ཀྱི་ཚོར་བ་ཞེས་འཇོག་པ་བཞིན་དུ། རྣམ་ཤེས་ལྔ་དང་མཚུངས་པར་ལྡན་པའི་རྨུགས་པ་ལ་ལུས་ཀྱི་རྨུགས་པ་ཞེས་བཏགས་སོ། །དོགས་སྤོང་གཉིས་པ་ནི། ཆོས་མངོན་པ་ལས་ཉོན་མོངས་པའི་ས་མང་པོ་པ་བཅུ་བཤད་པ་ཡིན་ཏེ། འདིར་བཤད་པ་དྲུག་པོའི་ནང་ནས་རྨུགས་པ་མ་གཏོགས་པ་ལྔ་དང༌། བརྗེད་ངེས་དང༌། རྣམ་གཡེང་དང༌། ཤེས་བཞིན་མ་ཡིན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལོག་པར་མོས་པ་རྣམས་ཉོན་མོངས་པའི་ས་མང་པོ་པར་བཤད་པས་སོ། །ཞེ་ན། དེའི་ལན་ནི། ཇི་སྐད་དུ། ལྔ་པོ་འདི་དག་ནི་ས་མང་པོ་པ་ཡིན་པའི་ཕྱིར། དཔེར་ན་གཏི་མུག་མེད་པ་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ན། དགེ་བའི་ས་མང་པོ་པར་ངེས་པར་མ་བཟུང་བ་ལྟར་ཉོན་མོངས་པའི་ས་མང་པོ་པ་དག་ཁོ་ན་ཡིན་པར་ངེས་པར་མི་བཟུང་སྟེ། དྲན་པ་ཉོན་མོངས་པ་ཅན་ཁོ་ན་བརྗེད་ངེས་པ་ཡིན་ལ། ཏིང་ངེ་འཛིན་ཉོན་མོངས་པ་ཅན་ཁོ་ན་རྣམ་པར་གཡེང་བ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ཞེས་གསུངས། དེའི་དོན་ནི་གོང་དུ་བཤད་མ་ཐག་པ་ལྟར། ལྔ་པོ་དེ་དག་ནི་ཉོན་མོངས་པའི་ས་པ་ཁོ་ན་མ་ཡིན་ཏེ། སེམས་ཀྱི་ས་མང་པོ་པ་ཡང་ཡིན་པའི་ཕྱིར། དཔེར་ན་གཏི་མུག་མེད་པའི་དགེ་བ་དེ་ཤེས་རབ་ཡིན་པས། དགེ་བ་དང་སེམས་ཀྱི་ས་མང་གཉིས་ཀ་ཡིན་པའི་རྒྱུ་མཚན་གྱིས་དགེ་བའི་ས་མང་ཁོ་ནའི་ནང་དུ་མ་བཤད་པ་བཞིན་ནོ། །དེ་དག་ནི་ཉོན་མོངས་པའི་ས་མང་དུ་འདྲེན་མི་རིགས་པའི་ཉེས་པ་བགྲངས་པ་ཡིན་ལ། འདྲེན་པར་འོས་པ་མ་བགྲངས་པའི་ཉེས་པ་ནི། ཇི་སྐད་དུ། རྨུགས་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པར་འདོད་པས། དེ་ཉོན་མོངས་པའི་ས་མང་པོ་པ་དག་ཏུ་མ་སྟོན་པ་སུ་ཞིག་གིས་ཉེས། ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་མ་སྟོན་ཏེ་རྨུགས་པ་སྤྱོད་པ་ནི་ཏིང་ངེ་འཛིན་མྱུར་དུ་སྐྱེད་པར་འགྱུར་གྱི་རྒོད་པ་སྤྱོད་པ་ནི་མ་ཡིན་ནོ། །ཞེས་ཟེར་རོ། །ཞེས་གྲག་གོ །གང་ཞིག་རྒོད་པ་མི་སྤྱོད་ལ། རྨུགས་པ་སྤྱོད་པ་ཡང་སུ་ཞིག་ཡོད། ཡང་གང་ཞིག་རྨུགས་པ་མི་སྤྱོད་ལ་རྒོད་པ་སྤྱོད་པ་ཡང་སུ་ཞིག་ཡོད་དེ། འདི་དག་ནི་ནམ་དུ་ཡང་ལྷན་ཅིག་སྤྱོད་པ་ཉིད་འདོར་བར་མི་འགྱུར་མོད་ཀྱི། འོན་ཀྱང་གང་ཞིག་གང་ལ་ཤས་ཆེ་བ་དེ་ནི་དེ་སྤྱོད་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཉོན་མོངས་པ་ཤས་ཆེ་བའི་ས་ནི། དྲུག་ཁོ་ནར་གྲུབ་བོ། །ཞེས་གསུངས། དོན་ནི། གཉིས་ཀ་ཡང་ཏིང་ངེ་འཛིན་གྱི་བར་དུ་སྤྱོད་མཉམ་དུ་མཚུངས་ཏེ། བྱིང་རྒོད་གཉིས་ཀ་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སུ་མི་འཆད་པའི་ལུང་གསལ་བ་དང་དག་པ་དག་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་པའོ། །གསུམ་པ་མི་དགེ་བའི་ས་པ་ནི། ཇི་སྐད་དུ། མི་དགེ་ལ་ནི་ཁྲེལ་མེད་དང༌། །ངོ་ཚ་མེད་པའོ། །ཞེས་གསུངས། གཉིས་པོའི་ངོས་འཛིན་ནི། ཇི་སྐད་དུ། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་པའོ། །ལྔ་པ་ལ། དངོས་དང༌། དོགས་པ་སྤང་བའོ། །དང་པོ་ནི། ཇི་སྐད་དུ། ཁྲོ་བ་དང༌། །འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང༌། །སྒྱུ་དང་རྒྱགས་དང་རྣམ་འཚེ་དང༌། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །ཞེས་པའོ། །ཉོན་མོངས་ཆུང་ངུའི་ས་པར་འཇོག་བྱེད་ནི་གསུམ་སྟེ། མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང༌། སྒོམ་པས་སྤང་བར་བྱ་བ་དང༌། ཡིད་ཀྱི་ས་པ་ཁོ་ན་ཡིན་པའོ། །ཙམ་ཞེས་བྱ་བའི་སྒྲས་ནི། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ཐེ་ཚོམ་དང༌། ལྟ་བ་སྟེ། རྩ་བའི་ཉོན་མོངས་པ་གཞན་ལྔ་པོ་དང་མཚུངས་པར་ལྡན་པ་སེལ་བ་ཡིན་ནོ། །དེ་ཡང་སྤྱིར་མ་རིག་པ་ཙམ་དང་མཚུངས་པར་མི་ལྡན་པའི་ཉོན་མོངས་པ་ནི་མི་སྲིད་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པས་དང༌། བཅུ་པོ་ཡང་གཅིག་དང་ལྡན་པ་དེ་ལ་གཞན་དང་མི་ལྡན་པས་ཁྱབ་པའི་ཕྱིར་ན། ཉོན་མོངས་པ་ཆུང་ངུའི་ས་པ་ཞེས་བྱའོ། །དེ་མི་ལྡན་པའི་ཤེས་བྱེད་ཀྱང་འོག་ནས། ཇི་སྐད་དུ། ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཅིག །ཅེས་ཉེར་གཅིག་ལས་ལྷག་པ་མི་འབྱུང་བར་བཤད་དོ། །གཉིས་པ་དོགས་སྤངས་ནི། འོ་ན་འདིར་མངོན་པ་གོང་མར་གྲགས་པའི་རྩ་ཉོན་དྲུག་དང༌། ཉེ་ཉོན་ཉི་ཤུའི་རྣམ་གཞག་མི་འཆད་པར། ཉོན་མོངས་ཆེ་ཆུང་གི་ས་པ་ཙམ་ཞིག་འཆད་པ་ཅི་ཞེ་ན། ལན་ལ། སྤྱིར་བཤད་པ་དང༌། སོ་སོར་ཕྱེ་བའོ། །དང་པོ་ནི། གོང་མར་བཤད་པའི་ཀུན་འགྲོ་དང༌། ཡུལ་ངེས། དགེ་བ་དང༌། གཞན་འགྱུར་གྱི་ཐ་སྙད་རྣམས་ནི། སྤང་བྱ་དང༌། དགེ་མི་དགེ་དང༌། གཙོ་བོ་སེམས་གང་གི་འཁོར་དུ་འབྱུང་སོགས་ངེས་པར་ནུས་པའི་རྣམ་གཞག་ཁྱད་པར་ཅན་ཡིན་ཀྱང་རྩ་ཉོན་དང་ཉེ་ཉོན་གྱི་ཐ་སྙད་ནི་དེ་ཙམ་དུ་མཐའ་ཆོད་པ་མ་ཡིན་པས། འདིར་ཉོན་མོངས་ཆེ་ཆུང་དང་མ་ངེས་པའི་རྣམ་གཞག་བྱས་པ་འདི་ལེགས་པའོ། །ཇི་ལྟར་ཞེ་ན། རྩ་བ་དང་ཉེ་བའི་ཉོན་མོངས་པ་དེ་དག་ལས་དྲུག་ནི། སེམས་ཉོན་མོངས་པ་ཅན་ཐམས་ཅད་ལ་མི་འབྱུང་མི་སྲིད་པའི་ཚུལ་དང༌། བཅུ་ནི་དྲུག་པོ་དེ་དང་འདྲ་བ་མ་ཡིན་གྱི། ཡིད་ཁོ་ནའི་ས་པ་དང༌། སྒོམ་པས་སྤང་བར་བྱ་བ་དང༌། རང་རང་གི་སྟེང་དུ་མ་རིག་པ་ཙམ་དང་ལྡན་གྱི། རྩ་ཉོན་གཞན་དང་མི་ལྡན་པས་ཉོན་མོངས་ཆུང་ངུའི་ས་པར་བཤད་པ་ན། འདོད་ཆགས་ལ་སོགས་པ་ལྔ་པོ་ཉོན་མོངས་པ་ཆེ་ཆུང་གང་དུ་ཡང་མ་ངེས་པར་ཤུགས་ལ་རྟོགས་ནུས་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། རྩ་ཉོན་གྱི་དོགས་གཅོད་དང༌། ཉེ་ཉོན་གྱི་དོགས་གཅོད་དོ། །དང་པོ་ནི། སེམས་བྱུང་གི་སྡེ་ཚན་འཆད་པའི་སྐབས་འདིར། རྩ་ཉོན་གྱི་དབྱེ་བ་སྤྱིར་མ་བཤད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། རྨོངས་དང༌། ཞེས་དང༌། ལྟ་དང་ལྡན། ཞེས་དང༌། ཉོན་མོངས་བཞི་དང་ཞེས་དྲུག་ཀའི་མིང་བཤད་པའི་ཕྱིར། དེ་ལྟ་ན་ཡང་སྡེ་ཚན་ལོགས་པར་མི་འཆད་པ་ནི། ལྟ་བ་ནི་ཤེས་རབ་ཡིན་པས་སེམས་ཀྱི་ས་མང་དུ་འདུས་པ་དང༌། ཆགས་སོགས་བཞི་ནི་འདིར་བཤད་པའི་སྡེ་ཚན་ལྔ་པོ་གང་དུ་ཡང་བསྡུ་མི་ནུས་པ་དང༌། མ་རིག་པ་གཅིག་པུ་ནི་ཉོན་མོངས་ཆེན་པོའི་ས་པར་བཤད་ཟིན་པས་སོ། །གཉིས་པ་ཉེ་ཉོན་གྱི་དོགས་སྤོང་ནི། གཞུང་འགྲེལ་འདིར་ཡང་གོང་མ་པ་དག་ལ་གྲགས་པའི་ཉི་ཤུ་པོ་མ་བཤད་པ་ནི་མ་ཡིན་ཏེ། བཅུ་བདུན་ནི་རྩ་བ་ཉིད་ན་དངོས་སུ་གསལ་ཞིང༌། ཤེས་བཞིན་མ་ཡིན་པ་དང༌། རྣམ་གཡེང་དང༌། བརྗེད་ངེས་གསུམ་ནི། སེམས་ཀྱི་ས་མང་པོ་པའི་ནང་དུ་བསྡུ་བར་འགྲེལ་པ་ཉིད་ལས་བཤད་པའི་ཕྱིར། དེ་ལྟ་ན་ཡང༌། ཉེ་ཉོན་ཞེས་སྡེ་ཚན་གཅིག་ཏུ་བསྡུས་པ་ལས། ཉོན་མོངས་ཆེ་ཆུང་གི་ས་པ་སོ་སོར་ཕྱེ་ན་ལེགས་པ་ཡིན་ཏེ། རྐང་གྲངས་མ་ཚང་བ་མེད་ཀྱི་སྟེང་དུ། སེམས་གང་ལ་ཉོན་མོངས་པ་གང་ཞིག་འབྱུང་བབདེ་བླག་ཏུ་རྟོགས་པར་ནུས་པའི་ཕྱིར། འོ་ན་ཆགས་སོགས་བཞི་པོ་ཡང་ཉོན་མོངས་པ་ཆུང་ངུའི་ས་པར་འགྱུར་ཏེ། གང་རུང་གཅིག་དང་ལྡན་ན་རང་རང་གི་སྟེང་དུ་མ་རིག་པ་མ་གཏོགས། གཞན་བཞི་པོ་དག་དང༌། མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་སྙམ་ན། དེར་ཐལ་བ་མེད་དེ། བག་མེད་པ་ལ་སོགས་པའི་ཉོན་མོངས་པ་ལྔ་པོ་དག་ངེས་པར་ལྡན་པས་ཁྱབ་པའི་ཕྱིར་རོ། །དེ་ཙམ་ཞིག་ནི་ཉོན་མོངས་ཆུང་ངུའི་ས་པ་དག་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་མོད། ཉོན་མོངས་ཆུང་ངུའི་ས་པ་དག་ནི་རྩ་ཉོན་གྱི་ནང་ནས། མ་རིག་པ་གཅིག་པུ་མ་གཏོགས་གཞན་གང་དང་ཡང་མཚུངས་པར་མི་ལྡན་པའོ། །ཆགས་སོགས་ནི་རྩ་བའི་ཉོན་མོངས་པ་གཉིས་གཉིས་དང་མཚུངས་པར་ལྡན་དགོས་པའོ། །དེ་ཙམ་ཞིག་ནི་ལྟ་བ་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་མོད། ཆུང་ངུའི་ས་པར་འཇོག་བྱེད་སྒོམ་པས་སྤང་པར་བྱ་བ་ཁོ་ན་ཡིན་པ་དེ་འདི་ལ་མེད་དོ། །དྲུག་པ་མ་ངེས་པའི་ས་བཤད་པ་ལ། དངོས་དང༌། དོགས་པ་སྤངས་པའོ། །དང་པོ་ནི། རྩ་འགྲེལ་ན་དངོས་སུ་མེད་ཀྱང༌། དོན་གྱིས་ཐོབ་པ་ནི། ཇི་སྐད་དུ། རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང༌། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་པའོ། །སྤྱིར་སེམས་ལས་བྱུང་བ་ཡིན་ཞིང༌། སྡེ་ཚན་ལྔ་པོ་དེར་མ་ངེས་པས་ན་མ་ངེས་པ་ཞེས་བྱའོ། །ཇི་ལྟར་ཞེ་ན། སེམས་ཀྱི་ས་མང་པོ་པ་ནི་མ་ཡིན་ཏེ། སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར། དགེ་བའི་ས་པའང་མ་ཡིན་ཏེ། དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར། མི་དགེ་བ་དང༌། ཉོན་མོངས་པའི་ས་པའང་མ་ཡིན་ཏེ། དེ་དང་དེའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར། ཉོན་མོངས་ཆུང་ངུའི་ས་པ་མ་ཡིན་ཏེ། དེར་འཇོག་བྱེད་ཀྱི་རྒྱུ་མཚན་གསུམ་པོ་མ་ཚང་བའི་ཕྱིར། ཇི་ལྟར་ཞེ་ན། རྟོག་དཔྱོད་གཉིས་ལ་རྒྱུ་མཚན་གསུམ་ཀ་མ་ཚང་བ་དང༌། གཉིད་ལ་དང་པོ་ཚང་ཡང༌། སྒོམ་སྤང་ཁོ་ན་ཡིན་པ་དང༌། མ་རིག་པ་ཙམ་དང༌། མཚུངས་པར་ལྡན་པ་དེ་མ་ཚང༌། ཆགས་སྡང་གཉིས་ལ་མ་རིག་པ་ཙམ་དང་ལྡན་པ་དེ་ཚང་ཡང༌། གཞན་གཉིས་པོ་མ་ཚང་བ་དང༌། ང་རྒྱལ་དང་ཐེ་ཚོམ་ལ་ནི་སྒོམ་སྤངས་ཁོ་ན་ཡིན་པ་དེ་མ་ཚང་བའི་ཕྱིར་རོ། །གཉིས་པ་ནི། འོ་ན་རྩ་འགྲེལ་གཉིས་སུ། དེ་དག་ལ་མ་ངེས་པའི་ས་ཞེས་སུ་མི་འཆད་པ་ཅི་ཞེ་ན། སྡེ་ཚན་ལྔ་པོ་དེ་དང་དེར་འཇོག་བྱེད་ཀྱི་རྒྱུ་མཚན། ཇི་སྐད་དུ། ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་དང༌། བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌། །ཞེས་དང༌། ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། །ཞེས་དང༌། མི་དགེ་ལ་ནི། ཞེས་དངོས་སུ་བསྟན་པ་ན། བརྒྱད་པོ་འདི་དག་དེ་དང་དེའི་ས་པ་མ་ཡིན་པར་དོན་གྱིས་གོ་བའི་ཕྱིར་མ་བཤད་དོ། །འོ་ན་ཉོན་མོངས་ཆུང་ངུའི་ས་པར་འཇོག་བྱེད་འདིར་དངོས་སུ་མ་བཤད་པས། བརྒྱད་པོ་དག་དེར་དོགས་པ་འབྱུང་སྲིད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བཅུ་པོ་དེ་ལ་བཤད་མ་ཐག་པའི་ཆོས་གསུམ་པོ་ཚང་བར་ཕྲ་རྒྱས་བསྟན་པ་ནས་འཆད་པས། བརྒྱད་པོ་ལ་དེ་མ་ཚང་བར་དོན་གྱིས་གོ་ནུས་པའོ། །ཞིབ་མོར་དཔྱད་ན་འདི་ལྟར་ཡིན་ཏེ། སྤྱིར་ཉོན་མོངས་པ་ཆེ་ཆུང་ཞེས་པ་ནི་རྩ་ཉོན་ལ་བྱ་བ་ཡིན་ཏེ། ཉེ་ཉོན་ནི་ཉོན་མོངས་པ་མཚན་ཉིད་པར་མི་འཆད་པའི་ཕྱིར་རོ། །རྩ་ཉོན་ལའང༌། རྣམ་ཤེས་དྲུག་ཀའི་འཁོར་དུ་འབྱུང་བ་དང༌། སྤང་བྱ་གཉིས་ཀའི་རིགས་ཡོད་པ་དང༌། རང་དང་བཅས་པའི་རྩ་ཉོན་གཉིས་ཤིག་ལྷན་ཅིག་ཏུ་འབྱུང་བ་རྣམས་ལ་ནི། ཉོན་མོངས་པ་ཆེན་པོ་ཞེས་བྱ་ལ། ཡིད་ཁོ་ནའི་འཁོར་དུ་འབྱུང་བ་དང༌། སྒོམ་སྤང་ཁོ་ན་ཡིན་པ་དང༌། རྩ་ཉོན་གཞན་དང་མ་འདྲེས་པ་དེ་ལ་ནི་ཉོན་མོངས་པ་ཆུང་ངུ་ཞེས་བྱའོ། །དེ་ལྟར་ཉེ་ཉོན་འདིར་བཤད་པ་བཅུ་བདུན་གྱི་ནང་ནས། རྩ་ཉོན་ཆེན་པོ་དང་ལྷན་ཅིག་པ་དུ། ཆུང་ངུ་དང་ལྷན་ཅིག་པ་དུ། ཞེ་ན། ཆེན་པོ་ལའང་མི་དགེ་བ་ཡིན་མིན་གཉིས་སུ་ཕྱེ་ནས། དང་པོ་དང་ལྷན་ཅིག་པ་ནི་མེད་པ་རྣམ་གཉིས་སོ། །སྤྱིར་རྩ་ཉོན་ཆེན་པོ་ཐམས་ཅད་ཀྱི་འཁོར་དུ་འབྱུང་བ་ནི་མ་དད་པ་ལ་སོགས་པ་ལྔའོ། །རྩ་ཉོན་ཆུང་ངུའི་འཁོར་དུ་འབྱུང་བ་ནི་ཁྲོ་བ་ལ་སོགས་པ་བཅུ་པོ་རྣམས་སོ། །དེའི་ཕྱིར་ཉེ་ཉོན་ལྔ་པོ་དང་བཅུ་པོ་དག་ལ་ཉོན་མོངས་ཆེན་པོའི་ས་པ་དང་ཆུང་ངུའི་ས་པ་ཞེས་བྱའོ། །འོ་ན་ཉོན་མོངས་ཆུང་ངུའི་ས་པ་རྣམས་ཆེན་པོའི་འཁོར་དུ་དང༌། ཆེན་པོའི་ས་པ་རྣམས་ཆུང་ངུའི་འཁོར་དུ་མི་འབྱུང་བའི་ཁྱབ་པ་ངེས་སམ་ཞེ་ན། རྩ་ཉོན་ཆུང་ངུའི་འཁོར་དུ་ནི་ཆེན་པོའི་འཁོར་རྣམས་འབྱུང་སྟེ། མི་དགེ་ལས་ནི་མ་འདྲེས་དང༌། །ལྟ་དང་ལྡན་ལའང་ཉི་ཤུ་འབྱུང༌། །ཞེས་འཆད་པའི་ཕྱིར། ཆེན་པོའི་འཁོར་དུ་ནི་ཅིག་ཤོས་འབྱུང་བར་མ་ངེས་ཏེ། ཇི་སྐད་དུ། ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཅིག །ཞེས་འཆད་པའི་ཕྱིར་རོ། །དེས་ན་ཉོན་མོངས་པ་ཆེ་ཆུང་གཉིས་ཀའི་འཁོར་དུ་འབྱུང་བའི་ཉེ་ཉོན་རྣམས་ལ་ནི་ཆེན་པོའི་ས་པ་ཞེས་བྱ་ལ། ཆེན་པོའི་འཁོར་དུ་འབྱུང་བའི་ངེས་པ་མེད་ཅིང༌། འབྱུང་ཕྱིན་ཆད་ཆུང་ངུའི་འཁོར་དུ་ངེས་པར་འབྱུང་དགོས་པའི་ཕྱིར་ན། ཉོན་མོངས་ཆུང་ངུའི་ས་པ་ཞེས་བྱའོ། །ཆེ་ཆུང་གཉིས་ཀའི་འཁོར་ལ་ཆེན་པོའི་འཁོར་དང༌། ཆུང་ངུའི་ཁོ་ནའི་འཁོར་ལ་ཆུང་ངུའི་འཁོར་ཞེས་འཇོག་པ་འདི་ནི། འཇིག་རྟེན་གྱི་གཞུང་ལུགས་དང་མཐུན་ཞིང༌། ཡང་དེ་ལས་ཟློག་སྟེ། ཆེན་པོ་ཁོ་ནའི་འཁོར་དུ་འབྱུང་བ་ཞིག་ཡོད་ན། ཆེ་ཆུང་གཉིས་ཀའི་འཁོར་ལ་ཆུང་ངུའི་འཁོར་ཞེས་ཐ་སྙད་འཇོག་པར་རིགས་ཀྱང༌། འདིར་ནི་དེ་འདྲ་སྲིད་པ་མ་ཡིན་ཏེ། ཆེན་པོའི་འཁོར་དྲུག་པོ་དེ་དང་མི་ལྡན་པའི་ཉོན་མོངས་ཅན་གྱི་སེམས་མི་སྲིད་པའི་ཕྱིར། གལ་ཏེ་འོ་ན། མངོན་པ་གོང་མར་གཞན་འགྱུར་ཞེས་བཤད་པ་དང༌། འདིར་མ་ངེས་པའི་སར་བཤད་པ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། འདིར་མ་ངེས་པའི་གོ་བ་ནི་སེམས་བྱུང་གི་སྡེ་ཚན་ལྔ་པོ་གང་རུང་དུ་མ་ངེས་ཞེས་བྱ་བ་དེ་ཡིན་ལ། གོང་མའི་ལུགས་ལའང་སེམས་བྱུང་གི་སྡེ་ཚན་དྲུག་པོ་དེ་ལས་གཞན་དུ་གྱུར་པས་ན་གཞན་གྱུར་ཞེས་འཆད་པར་རིགས་ན་ཡང༌། འཆད་པ་པོ་རྣམས་ཀྱིས་ནི་དེར་མི་འཆད་པར། དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་དུ་ཡང་འགྱུར་དུ་རུང་བས། ཞེས་འཆད་པ་ལ་ནི་ཡིད་བརྟན་མེད་དེ། ཀུན་འགྲོ་དང་ཡུལ་ངེས་དག་ཀྱང་དེར་ཐལ་བས་སོ། །འོ་ན་དེར་སྡེ་ཚན་དྲུག་ཏུ་བཤད་པ་དང༌། འདིར་སྡེ་ཚན་ལྔར་བཤད་པའི་རྒྱུ་མཚན་ཁྱད་པར་གང་ཞེ་ན། དེར་བཤད་པ་ནི་སྤྱིར་སེམས་བྱུང་ཐམས་ཅད་སྡེ་ཚན་དྲུག་པོ་དེར་བསྡུས་པ་ཡིན་ལ། འདིར་བཤད་པ་ནི། ཇི་སྐད་དུ། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་གཙོ་སེམས་གང་དང་ངེས་པར་ལྷན་ཅིག་ཏུ་སྐྱེ་བའི་སེམས་བྱུང་གི་སྡེ་ཚན་རྣམས་བཤད་པའོ། །མ་ངེས་པ་བརྒྱད་པོ་རྣམས་ལ་ནི་གཙོ་སེམས་གང་དང་ལྷན་ཅིག་ཏུ་སྐྱེ་བའི་ངེས་པ་ཡང་ཡོད་པ་མ་ཡིན་ཏེ། ཡོད་ན་སྡེ་ཚན་ལྔ་པོ་གང་རུང་དུ་ཐལ་བས་སོ། །འོ་ན་ཉོན་མོངས་ཆུང་ངུའི་ས་པ་བཅུ་པོ་ཡང་མ་ངེས་པའི་ས་པ་ཉིད་དུ་ཐལ་བར་འགྱུར་ཏེ། གཙོ་སེམས་གང་དང་ལྷན་ཅིག་འབྱུང་ངེས་པ་མེད་པའི་ཕྱིར་སྙམ་ན། གཏན་ཚིགས་མ་གྲུབ་སྟེ། སྒོམ་སྤང་དུ་གྱུར་པའི་མ་འདྲེས་པའི་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་གཙོ་སེམས་ཀྱི་འཁོར་དུ་འབྱུང་བའི་ཕྱིར། དེ་དག་གི་ཤེས་བྱེད་ཀྱང་གནས་ལྔ་པ་ནས་བཅུ་པོ་འདི་ཉེ་ཉོན་རང་དབང་ཅན་བཞི་དང༌། དྲི་མ་དྲུག་ཅེས་པའི་སྡེ་ཚན་གཉིས་སུ་བསྡུས་ནས་འདིར་བསྟན་གྱི་འཇོག་བྱེད་ཀྱི་ཆོས་གསུམ་ལྡན་དུ་བཤད་པས་སོ། །དེ་ཡང་ཇི་སྐད་དུ། དེ་ལས་གཞན་ནི་སྒོམ་སྤང་བྱ། །རང་དབང་དེ་བཞིན་དྲི་རྣམས། །ཞེས་དང༌། ཉེ་བའི་ཉོན་མོངས་རང་དབང་ཡང༌། །ཡིད་ཀྱི་རྣམ་ཤེས་ས་པ་ཡིན། །ཞེས་བཅུ་ཀ་ཡང་མ་རིག་པ་ཙམ་དང་མཚུངས་པར་ལྡན་པས་རང་དབང་ཅན་ཡིན་པ་དང༌། རང་དབང་ཅན་གང་ཡིན་ཐམས་ཅད་སྒོམ་སྤངས་དང་ཡིད་ཀྱི་ས་པ་ཁོ་ནར་བཤད་པའི་ཕྱིར་རོ། །གཉིས་པ་ཁམས་གང་ན་གང་ཡོད་པ་ནི། ཇི་སྐད་དུ། དེ་ལས་འགྱོད་གཉིས་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང༌། །ཞེས་དང༌། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ་ཚངས་པས་འབྲིད་ཕྱིར་རོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །གཞན་དག་འདོད་ཁམས་ལས་སྐྱེས་པ། །ཞེས་གསུངས་སོ། །དེ་དག་གི་དོན་ནི། སེམས་བྱུང་བཞི་བཅུ་རྩ་དྲུག་བཤད་པ་དེ་ལས། མ་ངེས་པའི་ནང་གི་འགྱོད་པ་དང༌། གཉིད་ཅེས་བྱ་བ་གཉིས་དང༌། མི་དགེ་བ་རྣམས་ཞེས་པ་མི་དགེ་བའི་ས་པར་བཤད་པ་གཉིས་དང༌། ཁོང་ཁྲོ་བ་དང༌། ཉོན་མོངས་ཆུང་ངུའི་ས་པ་རྣམས་ཀྱི་ནང་ནས། གཡོ་སྒྱུ་གཉིས་དང་རྒྱགས་པ་སྟེ་གསུམ་པོ་མ་གཏོགས་པ་བདུན་སྟེ་བཅུ་གཉིས་པོ་རྣམས་ནི་བསམ་གཏན་དང་པོ་དག་ན་མེད་དེ། འགྱོད་པ་ནི་ཡིད་མི་བདེ་དང་མཚུངས་ལྡན་དུ་འབྱུང་བར་ངེས་ལ། དེར་ནི་ཡིད་མི་བདེ་སྤངས་པའི་ཕྱིར་དང༌། གཉིད་ལ་ཡང་ཆགས་པ་དང་བྲལ་བའི་ཕྱིར་དང༌། ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པས་ཁོང་ཁྲོ་བ་མེད་ལ། དེ་མེད་པས་དེ་ལ་བཏགས་པའི་ཁྲོ་བ་དང༌། འཁོན་དུ་འཛིན་པ་དང༌། ཕྲག་དོག་དང༌། འཚིག་པ་དང༌། རྣམ་པར་འཚེ་བ་རྣམས་མེད་ཅིང༌། མི་དགེ་བ་མེད་པས་མེད་པ་རྣམ་གཉིས་དང་འཆབ་པ་མེད་ཅིང༌། ཡོ་བྱད་ལ་འཛིན་པ་མེད་པས་སེར་སྣའང་མེད་པའི་ཕྱིར་རོ། །བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ཡན་ཆད་ན་རྟོག་པ་དང༌། གཉིས་པ་ཡན་ཆད་ན་དཔྱོད་པའང་མེད་དེ། དེ་དང་དེར་དེ་དག་ལ་ཆགས་པ་དང་བྲལ་བའི་ཕྱིར། ཡང་ཞེས་བྱ་བའི་སྒྲ་ནི་བཤད་མ་ཐག་པ་བཅུ་གཉིས་པོ་དེར་མ་ཟད། གཡོ་སྒྱུ་གཉིས་ཀྱང་མེད་པར་སྟོན་པ་ཡིན་ཏེ། དེ་ཡན་ཆད་དུ་འཁོར་དང་མ་འབྲེལ་བས། དེ་བསླུ་བའི་ཀུན་སློང་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་གང་མེད་པར་བཤད་པ་དེ་དག་གི་ལྷག་མར་གྱུར་པའི་སེམས་ལས་བྱུང་བ་ཇི་སྐད་བཤད་པ་དེ་དག་ནི། ཁམས་གོང་མ་གཉིས་པོ་དག་ན་ཡོད་དོ། །ཞེས་བརྗོད་པར་བྱའོ། །གཙོ་བོ་སེམས་ལའང་རྣམ་པར་ཤེས་པའི་ཚོགས་དྲུག་ལས། སྣ་ལྕེའི་རྣམ་ཤེས་གཉིས་མ་གཏོགས་པ་དག་ཡོད་པར་འཆད་མོད། བསམ་གཏན་གཉིས་པ་ཡན་ཆད་ན་རྣམ་པར་ཤེས་པའི་ཚོགས་དང་པོ་ལྔ་ཆར་ཡང་མེད་པར་འཆད་པ་ཉིད་ཆོས་མངོན་པའི་རྣམ་པར་བཞག་པའོ། །གསུམ་པ་སེམས་གང་གི་འཁོར་དུ་སེམས་བྱུང་དུ་ཞིག་འབྱུང་བ་ལ་གཉིས་ཏེ། གཞུང་དོན་དངོས་དང༌། གཞན་གྱིས་མ་བརྟགས་པའི་རྣམ་པར་དཔྱོད་པ་འགའ་ཞིག་བཅུག་པའོ། །དང་པོ་ནི། ཇི་སྐད་དུ། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་སྤྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་དག་ཏུ་འགྱོད་པ་བསྣན། །མི་དགེ་ལས་ནི་མ་འདྲེས་དང༌། །ལྟ་དང་ལྡན་ལའང་ཉི་ཤུ་འབྱུང༌། །ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཅིག །བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། །གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་གསུངས། དངོས་བསྟན་ནི་འདོད་པའི་སེམས་ཀྱི་དབང་དུ་བྱས་པས་གོ་བར་ཟད་ལ། དེ་ལྟར་བཤད་པ་དེ་དང༌། གོང་དུ་ཇི་ལྟར་བཤད་ཟིན་པའི་རིགས་པས་དཔགས་ན། བསམ་གཏན་རྟོག་དཔྱོད་བཅས་པ་ཡི། །དགེ་བའི་སེམས་ལ་ཉི་ཤུ་གཉིས། །མ་འདྲེས་པ་ཡི་མ་རིག་དང༌། །ལྟ་དང་ལྡན་ལ་རྟོག་དཔྱོད་དང༌། །བཅས་མ་བཅས་པའི་དབྱེ་བ་ཡིས། །བཅོ་བརྒྱད་བཅུ་དྲུག་རིམ་བཞིན་ནོ། །ཉོན་མོངས་གསུམ་དང་རྒྱགས་པ་དང༌། །ལྷན་ཅིག་པ་ལ་གཡོ་སྒྱུ་དང༌། །རྟོག་དཔྱོད་ཡོད་མེད་དབྱེ་བ་ཡིས། །བཅུ་དགུ་བཅུ་བདུན་རིམ་བཞིན་ཏེ། །གོང་མ་རང་རང་བསྣན་པས་སོ། །བསམ་གཏན་དང་པོར་ཉོན་མོངས་པ། །ཆུང་ངུའི་ས་པ་རྣམ་གསུམ་སྟེ། །གོང་དུ་རྒྱགས་པ་གཅིག་པུའོ། །གོང་མ་གཉིས་ཀྱི་སྒྲིབ་པ་ལ། །རྟོག་དཔྱོད་ཡོད་མེད་དབྱེ་བ་ཡིས། །བཅོ་བརྒྱད་བཅུ་དྲུག་རིམ་བཞིན་དེ། །མ་བསྒྲིབས་པ་ལའང་དེར་དབྱེ་བས། །བཅུ་དང་བཅུ་གཉིས་རིམ་བཞིན་ནོ། །སྐབས་དེར་མ་འདྲེས་པའི་མ་རིག་པ་ཞེས་བྱ་བ་ནི། མངོན་པ་གོང་མ་ལས། རྟེན་མ་འདྲེས་པ་དང༌། མཚུངས་ལྡན་མ་འདྲེས་པ་གཉིས་སུ་བཤད་ནས། དང་པོ་ནི། ཉོན་ཡིད་ཁོ་ནའི་འཁོར་དང༌། སྒོམ་སྤངས་ཁོ་ནར་ངེས་པ་ཡིན་ལ། གཉིས་པ་ནི། ཡིད་ཤེས་ཁོ་ནའི་འཁོར་དང༌། བདེན་པ་རྣམས་ལ་རྨོངས་པས་མཐོང་སྤངས་ཁོ་ནར་འདོད་ལ། དེ་ཡང་རྩ་ཉོན་གཞན་དང་མ་འདྲེས་པས་མ་འདྲེས་པ་ཡིན་གྱི། ཉེ་ཉོན་གཞན་དང་མ་འདྲེས་པས་མ་འདྲེས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །ཞེས་བཤད་པས་སོ། །དེ་བཞིན་དུ། ལུགས་འདིར་ཡང༌། མཚུངས་ལྡན་མ་འདྲེས་པས་མ་འདྲེས་པར་འཇོག་པ་དང༌། དེ་ཡང་མཐོང་སྤངས་ཁོ་ནར་འདོད་དགོས་པ་ཡིན་ཏེ། རྟེན་མ་འདྲེས་པ་ནི་འདིར་མི་འདོད་པ་དང༌། ཡུལ་ལ་རྨོངས་པའི་མ་རིག་པ་ནི་ཆགས་སོགས་གཞན་དང་མཚུངས་པར་ལྡན་པ་ལ་འགལ་བ་མེད་པའི་ཕྱིར། གལ་ཏེ་འོ་ན། ཉོན་མོངས་ཆུང་ངུའི་ས་པ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་དེ་མ་འདྲེས་པའི་མ་རིག་པར་འདོད་དགོས་ཏེ། ཆགས་སོགས་གཞན་དང་མཚུངས་པར་མི་ལྡན་པའི་མ་རིག་པ་ཙམ་ཡིན་པའི་ཕྱིར། སྙམ་ན། རྟགས་མ་གྲུབ་སྟེ། ཁྲོ་བ་སོགས་བཅུ་པོ་མ་རིག་པ་ལས་གཞན་དང་མཚུངས་པར་མི་ལྡན་ཡང༌། དེ་དུས་ཀྱི་མ་རིག་པ་དེ་གཞན་དང་མཚུངས་པར་ལྡན་པ་མི་འགལ་བའི་ཕྱིར། དཔེར་ན་ཁོང་ཁྲོ་དེ་འདོད་ཆགས་དང་མཚུངས་པར་མི་ལྡན་ཀྱང༌། དེ་དང་ལྡན་པའི་མ་རིག་པ་དེ་ཆགས་སོགས་དང་མཚུངས་པར་ལྡན་པ་བཞིན་ནོ། །དེ་ཡང་མ་རིག་པ་དེའི་རིགས་ལ་ཆགས་སོགས་ཀུན་དང་མཚུངས་ལྡན་ཡིན་པས་ཚོགས་པ་ཡིན་གྱི། དུས་གཅིག་ཏུ་ཉོན་མོངས་པ་ཀུན་དང་མཚུངས་ལྡན་དུ་ཡོད་དགོས་པ་ནི་མ་ཡིན་ཏེ། གཞན་དུ་ན་ཉོན་མོངས་བཞི་དང༌། མཚུངས་ལྡན་ལ་ཉི་ཤུ་རྩ་གཅིག་གི་གྲངས་ངེས་བྱས་པ་དེ་ཉམས་པར་ཐལ་བས་སོ། །དེས་ན་ཡུལ་ལ་རྨོངས་པའི་མ་རིག་པ་ནི་ཆག་སོགས་གཞན་དང་ལྷན་ཅིག་ཏུ་མི་གནས་པའི་ཚེ་ཡང༌། མ་འདྲེས་པའི་མ་རིག་པར་འཇོག་པ་མ་ཡིན་ཏེ། ཆགས་སོགས་གཞན་དང་མཚུངས་ལྡན་དུ་འབྱུང་བའི་རིགས་ཅན་གྱི་མ་རིག་པ་ཡིན་པའི་ཕྱིར་རོ། །ཡང་ཇི་སྐད་དུ། ལྟ་དང་ལྡན་ལའང་ཉི་ཤུ་འབྱུང༌། །ཞེས་པའི་ལྟ་བ་ནི་ཕྱི་མ་གསུམ་གྱི་དབང་དུ་བྱས་པ་ཡིན་ཏེ། འཇིག་མཐར་གཉིས་ནི་མཐའ་གཅིག་ཏུ་ལུང་མ་བསྟན་ཁོ་ནར་ངེས་པའི་ཕྱིར་རོ། །ཡང་ཇི་སྐད་དུ། ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །ཞེས་པར། མ་རིག་པ་དང་ལྟ་བའི་ལྷག་མར་གྱུར་པའི་ཉོན་མོངས་པ་བཞི་པོ་ནི། ཕན་ཚུན་དུ་མཚུངས་ལྡན་མ་ཡིན་པས་ཁྱབ་པར་སྟོན་པ་ཡིན་ཏེ། འདིར་མཚུངས་ལྡན་དུ་བཤད་པ་རྣམས་ནི་སྲིད་ལྡན་གྱི་དབང་དུ་བྱས་པ་ཡིན་གྱི། ངེས་ལྡན་གྱི་དབང་དུ་བྱས་པ་མ་ཡིན་པས་ན། གཞན་དང་ལྡན་པ་སྲིད་ན་འདིའི་སྐབས་ཀྱི་གྲངས་ངེས་རྣམས་འཆོལ་བར་འགྱུར་བའི་ཕྱིར། ཁྲོ་སོགས་བཅུ་པོ་ཕན་ཚུན་དུ་མི་ལྡན་པས་ཁྱབ་པ་ནི། རྣལ་འབྱོར་སྤྱོད་པ་པ་དག་གི་འདོད་པའང་ཡིན་ཏེ། ཀུན་ལས་བཏུས་ལས། ཇི་སྐད་དུ། ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ནི། ཕུན་ཚུན་མཚུངས་པར་ལྡན་པ་མ་ཡིན་ནོ། །ཞེས་གསུངས་པས་སོ། །འདིའི་དོན་ལ་གཞན་དག གདགས་གཞི་མཚུངས་ལྡན་ཡིན་མིན་གྱི་སྒོ་ནས་འབྱེད་པ་ནི་དགོངས་པ་མ་ཡིན་ཏེ། དེ་ལྟ་ན་གཏི་མུག་གི་ཆར་གཏོགས་པའི་ཉེ་ཉོན་ཐམས་ཅད་ཉེ་ཉོན་ཀུན་དང་མཚུངས་ལྡན་དུ་ཐལ་བས་སོ། །གདགས་གཞི་མི་འགལ་བ་ལ་གདགས་ཆོས་མི་འགལ་བའི་ཁྱབ་པ་མ་ངེས་པ་ཁོ་ནར་མ་ཟད། གདགས་གཞི་འགལ་བ་ལ་འགལ་བའི་ཁྱབ་པ་ཡང་མ་ངེས་ཏེ། རྒོད་པ་འདོད་ཆགས་ཀྱི་ཆར་གཏོགས་སུ་བཤད་ཀྱང༌། ཁོང་ཁྲོ་དང་མཚུངས་ལྡན་དུ་འབྱུང་བར་འདོད་པ་ནི། གོང་མའི་ལུང་དྲངས་མ་ཐག་པ་ལས་སོ། །ཡང་ཆགས་སོགས་བཞི་པོ་ཕན་ཚུན་དུ་མཚུངས་པར་མི་ལྡན་པའི་ཁྱབ་པ་ནི་གོང་མ་བ་དག་གི་བཞེད་པ་མ་ཡིན་ཏེ། ཀུན་ལས་བཏུས་སུ། ཁོང་ཁྲོ་དང་ཐེ་ཚོམ་གཉིས། འདོད་རྒྱལ་ལྟ་བ་གསུམ་དང་ཕན་ཚུན་དུ་མཚུངས་ལྡན་མ་ཡིན་པར་བཤད་ཅིང་གཉིས་པོ་ཕན་ཚུན་དང༌། གསུམ་པོ་ཕན་ཚུན་དུ་མཚུངས་ལྡན་དུ་བཤད་པའི་ཕྱིར། གཉིས་པ་བོད་ཀྱི་སློབ་དཔོན་གཞན་གྱིས་མ་བརྟགས་པའི་དཔྱད་པ་བཅུག་པ་ནི། འདིར་མཚུངས་ལྡན་གྱི་གྲངས་ངེས་བཤད་པ་དེ་དག་ནི། གཙོ་བོ་སེམས་དེ་དང་དེའི་རྒྱུན་ལ་ལྟོས་ནས་འབྱུང་སྲིད་པའི་དབང་དུ་བྱས་ཀྱི། ཅིག་ཆར་དུ་འབྱུང་ངེས་པ་ནི་མ་ཡིན་ཏེ། འཛིན་སྟངས་འགལ་བས་གཅིག་འབྱུང་བ་ལ་ཅིག་ཤོས་ཀྱིས་གེགས་བྱེད་པ་མང་པོ་དམིགས་པའི་ཕྱིར། དཔེར་ན་རྟོག་པ་དང་དཔྱོད་པ་བཞིན་ནོ། །འོ་ན་འདིའི་མཚུངས་ལྡན་རྣམས་འཛིན་སྟངས་མཚུངས་པས་མཚུངས་ལྡན་དུ་གཞག་པར་འགྱུར་རོ། །ཞེ་ན། དེའི་སྒོ་ནས་དེར་འཇོག་པ་མ་ཡིན་ཀྱང༌། འཛིན་སྟངས་འགལ་ན་མཚུངས་པར་མི་ལྡན་དགོས་ཏེ། གཅིག་གིས་ཅིག་ཤོས་འབྱུང་བའི་གོ་འགེགས་པའི་ཕྱིར། དཔེར་ན་འདོད་ཆགས་དང་ཁོང་ཁྲོ་བཞིན་ནོ། །རྒྱུན་ལ་ལྟོས་པ་འདི་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་འདོད་པ་ཡང་ཡིན་ཏེ། རྣམ་འགྲེལ་ལས། ཇི་སྐད་དུ། གཅིག་ཚེ་གསལ་བས་བསྒྲིབས་ན་ཡང༌། །སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཐ་དད་པར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་གཙོ་སེམས་གཅིག་གི་འཁོར་དུ་བྱུང་བའི་ཀུན་འགྲོ་ལྔ་པོ་ཡང་རྒྱུན་ལ་ལྟོས་པར་བཤད་ན། གཞན་རྣམས་ལྟ་ཅི་སྨོས་པའི་ཕྱིར་རོ། །གལ་ཏེ་འོ་ན། རྒྱུན་ལ་ལྟོས་པ་དེ་ལྟ་མོད་ཀྱི། རྣམ་པར་ཤེས་པའི་ཚོགས་ལྔ་དང༌། ཡིད་ཀྱི་ཤེས་པ་ཟག་མེད་ཀྱི་འཁོར་དུ་ས་མང་པོ་པར་བཤད་པ་འདི་དག་ཇི་ལྟར་འབྱུང་སྟེ། དེ་དག་གི་ཕལ་ཆེར་སྒྲ་དོན་འཛིན་པའི་རྟོག་པར་བཤད་པའི་ཕྱིར། དཔེར་ན། ཇི་སྐད་དུ། འདུ་ཤེས་ནི། མཚན་མར་འཛིན་པའི་བདག་ཉིད་དོ། །ཞེས་དང༌། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་བཤད་པ་བཞིན་ནོ། །ཞེ་ན། འདིའི་ལན་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་བསམ་པ་དང༌། རྣལ་འབྱོར་སྤྱོད་པ་པའི་ལུགས་རྣམ་པར་བརྟག་པའོ། །དང་པོ་ནི། སྤྱིར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་སྒྲ་དོན་འཛིན་པའི་རྟོག་བྲལ་དུ་ཁས་ལེན་པ་དང༌། ལྔ་པོ་དེ་དང་དེ་ལ་གཟུགས་སོགས་དོན་ལྔ་པོ་གསལ་བར་སྣང་བ་ཉིད་དུ་ཁས་བླངས་ན། གཟུགས་གསལ་བར་སྣང་བའི་རྟོག་མེད་ཀྱི་ཤེས་པ་དང༌། དེ་མི་གསལ་བར་འཛིན་པའི་དྲན་པ་ལྟ་བུ་མཚུངས་ལྡན་རྣམ་པ་ལྔ་མཚུངས་སུ་ཁས་ལེན་དགོས་ཏེ། གཙོ་འཁོར་དུ་འདོད་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་ནི། དམིགས་པ་དང་རྣམ་པ་མཚུངས་པར་ཁས་ལེན་དུ་མི་རུང་བའི་ཕྱིར། འོ་ན་ཇི་ལྟར་ཁས་ལེན་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔ་པོ་འཁོར་དང་བཅས་པས་ནི་དོན་ལྔ་པོ་གསལ་བར་མཐོང་བ་མ་ཡིན་ཏེ། ཡིན་ན་བར་དུ་ཆོད་པའི་དོན་དག་ཀྱང་མཐོང་བར་ཐལ་བའི་ཕྱིར་རོ། །འོ་ན་གང་གིས་མཐོང་ཞེ་ན། དེའི་རྟེན་དབང་པོ་ལྔ་པོས་མཐོང་བ་ཡིན་ཏེ། ཇི་སྐད་དུ། མིག་གིས་གཟུགས་རྣམས་མཐོང༌། ཞེས་བཤད་པའི་ཕྱིར། རྟོག་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་ཉིད་ཀྱི་སྟེ། དོན་ལྔ་པོ་དེ་དང་དེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དང་དེའི་དམིགས་རྐྱེན་དུ་ཁས་ལེན་པའི་ཕྱིར། ལྟ་བ་པོ་དང་རྟོག་པོ་གཉིས་ཀྱང་རྒྱུ་འབྲས་སུ་ཁས་ལེན་པ་ཡིན་ཏེ། དོན་ལ་བལྟ་བཞིན་པའི་དབང་པོ་ལྔ་པོ་དེ་རྟོག་པ་པོ་ཚོགས་ལྔ་པོའི་བདག་པོའི་རྐྱེན་དུ་འདོད་པའི་ཕྱིར། ཚོགས་ལྔ་པོ་ཡང་སྒྲ་དོན་འཛིན་པའི་རྟོག་པ་ཉིད་དུ་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་འཆད་པའི་ཕྱིར། དེ་ལྟར་ན་དབང་པོའི་ཤེས་པར་འགལ་ལོ་ཞེ་ན། དེ་འགལ་བ་སྡེ་བདུན་མཛད་པའི་གཞུང་ལུགས་ཡིན་མོད། འདིར་ནི་བྱེ་བྲག་པའི་གྲུབ་མཐའ་དང་མཐུན་པར་དབང་ཤེས་རྟོག་པར་འདོད་པའི་ལུགས་ཏེ། འོ་ན་ཇི་སྐད་དུ། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་བཤད་པ་དང་མི་འགལ་ལམ་ཞེ་ན། མ་ཡིན་ཏེ། སྤྱིར་སྒྲ་དོན་འཛིན་པའི་རྟོག་པ་ནི་གསུམ་སྟེ། ངོ་བོ་ཉིད་ཀྱི་དང༌། ངེས་པར་རྟོག་པའི་དང༌། རྗེས་སུ་དྲན་པའི་རྟོག་པའོ། །དང་པོ་ནི། དབང་པོ་གཟུགས་ཅན་ལྔ་ལ་བརྟེན་ཚོགས་ལྔ་པོ་དག་ཡིན་ལ། ཕྱི་མ་གཉིས་ནི་ཡིད་ཀྱི་དབང་པོ་ལ་བརྟེན་པའོ། །དེ་ཡང་ཤེས་རབ་དང་དྲན་པའི་དབྱེ་བ་ལས་ཏེ། ཇི་སྐད་དུ། དེ་དག་ཡིད་ཀྱི་ཤེས་རབ་གཡེང༌། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཅེས་བཤད་པས་སོ། །རྟོག་པ་ལ་དེ་ལྟར་གསུམ་དུ་འབྱེད་པ་དེ་ཡང་བྱེ་བྲག་ཏུ་སྨྲ་བ་སྔ་རབས་པའི་གྲུབ་པའི་མཐའ་ཡིན་ལ། ཐུན་མོང་གི་ཆོས་མངོན་པ་པ་དག་ནི། ངོ་བོ་ཉིད་ཀྱི་རྟོག་པ་དང༌། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་གཞན་མི་འདོད་ཅིང༌། སྒྲ་དོན་འཛིན་པའི་རྟོག་པའི་རྣམ་གཞག་ནི་སྡེ་བདུན་མཛད་པའི་གཞུང་ལུགས་ཁོ་ནའོ། །དེས་ན་འདིར་ནི། བདག་རྐྱེན་དབང་པོ་ལ་རྟེན་པ་དང༌། དོན་རང་མཚན་ལ་དམིགས་པའི་ཤེས་པ་དང༌། རྟོག་པའི་གཞི་མཐུན་ཁས་ལེན་པ་ཡིན་ཏེ། གཙོ་བོ་དབང་ཤེས་དང་མཚུངས་ལྡན་ལྔ་མཚུངས་སུ་གྱུར་པའི་འདུན་མོས་དྲན་པ་དང༌། ཡིད་བྱེད་དང་སེམས་པ་རྣམས་ནི་ཞེན་བློར་ཁས་ལེན་པའི་ཕྱིར་རོ། །དབང་པོའི་ཤེས་པས་དོན་མཐོང་བ་མ་ཡིན་པར། དབང་པོ་གཟུགས་ཅན་པ་ཁོ་ནས་མཐོང་བར་འདོད་ན། བསམ་གཏན་གཉིས་པ་ཡན་ཆད་ཀྱི་མིག་གིས་གཟུགས་ལ་བལྟ་བའི་ཚེ། བསམ་གཏན་དང་པོའི་རྟོག་དཔྱོད་མངོན་དུ་བྱེད་དགོས་པ་མ་ཡིན་པར་ཐལ་བ་དང༌། ཚོགས་ལྔ་པོས་ཕྱི་རོལ་གྱི་དོན་ལྔ་པོ་དམིགས་རྐྱེན་དུ་བྱས་ནས་འཛིན་པར་འཆད་པ་དང་འགལ་ལོ་ཞེ་ན། ཉེས་པ་མེད་དེ། དོན་ལྔ་རྟོགས་པ་ནི་དབང་པོའི་ཤེས་པ་ཁོ་ན་ཡིན་གྱི། དབང་པོས་མ་ཡིན་པའི་ཕྱིར་རོ། །དེས་ན་དབང་པོས་དོན་མཐོང་ཡང་མ་རྟོགས་པ་དང༌། དབང་པོའི་ཤེས་པས་དོན་རྟོགས་ཀྱང་མ་མཐོང་བར་ཁས་ལེན་པ་འདི་ནི། བྱེ་བྲག་པ་དང་བྱེ་བྲག་ཏུ་སྨྲ་བ་གཉིས་ཀའི་འགྲུབ་པའི་མཐར་ཤེས་དགོས་ལ། དེ་ལྟར་ཤེས་པ་དེའི་ཚེ། བྱེ་བྲག་པས། དབང་དོན་ཕྲད་པ་ཚད་མ་དང༌། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་འདོད་པའི་ཚུལ་དང༌། བྱེ་བྲག་ཏུ་སྨྲ་བས། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ་དང༌། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་འདོད་པའི་ཚུལ་ལ་ངེས་པར་རྙེད་པར་འགྱུར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། གཙོ་བོ་དབང་ཤེས་རྟོག་པར་གྱུར་པས་ནི་དོན་གྱི་ངོ་བོ་ཙམ་ཞིག་འཛིན་པ་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྟོག་པ་རྣམས་ཀྱིས་ནི་དོན་གྱི་ཁྱད་པར་དེ་དང་དེ་འཛིན་པའོ། །དེའི་ཚེ་ན་གཙོ་འཁོར་གཉིས་མཚུངས་པར་ལྡན་པ་རྣམ་པ་ལྔས་མཚུངས་པ་ཡིན་ཏེ། གཙོ་བོ་མིག་ཤེས་འཁོར་གྱི་སེམས་བྱུང་དྲན་པ་དེ་ཡང་བདག་རྐྱེན་མིག་གི་དབང་པོ་ལ་བརྟེན། དམིགས་པ་རྡུལ་རྫས་བརྒྱད་འདུས་པའི་བསགས་པ་ལ་དམིགས་ནས། རྣམ་པའི་ཁྱད་པར་དཀར་པོ་ལྟ་བུ་རེ་རེ་བ་འཛིན་པར་བྱེད། དུས་མཉམ་པ་དང་རྫས་ཀྱང་རེ་རེ་བར་མཚུངས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི། འཛིན་སྟངས་མཚུངས་པ་ནི་མ་ཡིན་ཏེ། མཚུངས་ན་གཙོ་འཁོར་ཁྱད་མེད་དུ་ཐལ་བ་དང༌། འཁོར་རྣམས་ཀྱང་འཛིན་སྟངས་མཚུངས་པར་ཐལ་བས་སོ། །གཉིས་པ་ལ་གཉིས་ཏེ། སྤྱིར་དཔྱད་པ་དང༌། རྣམ་འགྲེལ་མཛད་པའི་ལུགས་བྱེ་བྲག་ཏུ་དཔྱད་པའོ། །དང་པོ་ནི། གཙོ་བོ་དབང་ཤེས་ཀྱི་འཁོར་དུ། ཀུན་འགྲོ་དང༌། ཡུལ་ངེས་དང༌། རྟོག་དཔྱོད་འབྱུང་བར་བཤད་པ་རྣམས་ནི། གཙོ་བོ་རྟོག་པར་འདོད་པའམ། འཁོར་དེ་དག་རྟོག་མེད་དུ་འདོད་པ་གཉིས་ལས། གང་ཡང་རུང་བ་ནི་མ་ཡིན་ཏེ། དབང་ཤེས་རྟོག་པར་འདོད་པ། ཐེག་པ་ཆེན་པོ་པ་དག་གི་རང་ལུགས་ལ་མེད་པའི་ཕྱིར་དང༌། ཀུན་འགྲོ་དང་ཡུལ་ངེས་ཀྱི་སེམས་བྱུང་ཕལ་ཆེ་བ་ཞེན་བློ་ཉིད་དུ་འཆད་པ་གཞུང་ལས་གསལ་བའི་ཕྱིར་དང༌། རྟོག་དང་དཔྱོད་པ་ནི་ཡིད་ཀྱི་བརྗོད་པ་ཁོ་ནར་བཤད་ལ། ཡིད་ཀྱི་བརྗོད་པ་ནི་ཡིད་རྟོག་ཁོ་ན་ལ་ངོས་འཛིན་པ། ཐེག་པ་ཆེན་པོ་པ་དག་གི་ལུགས་ཡིན་པའི་ཕྱིར། བྱེ་བྲག་སྨྲ་བའི་གཞུང་ན་ནི་དེ་ལྟར་བཤད་པ་མེད་ཅིང༌། འཆད་ནུས་པ་ཡང་མ་ཡིན་ཏེ། དབང་པོ་གཟུགས་ཅན་ལ་བརྟེན་པའི་རྟོག་དཔྱོད་ཁས་ལེན་པས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། གཙོ་བོ་གཟུགས་འཛིན་དབང་ཤེས་ཀྱི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་ཀྱི་ངོ་བོ་ཙམ་འཛིན་པའི་གཙོ་བོ་ཡིད་རྟོག་དེའི་འཁོར་དུ། ཀུན་འགྲོ་དང༌། ཡུལ་ངེས་དང༌། རྩ་བའི་ཉོན་མོངས་པ་གསུམ་ལ་སོགས་པ་འབྱུང་བ་ཡིན་ལ། དེའི་ཚེ་གཙོ་འཁོར་གཉིས་པོ་རྟེན་བདག་རྐྱེན་མཚུངས་པར་ཁས་མི་ལེན་ཏེ། ལེན་ན་གཉིས་ཀ་མིག་སོགས་དབང་པོ་ལ་བརྟེན་པར་ཁས་ལེན་དགོས་པ་ལས། དེ་ཡང་མི་ལེན་པའི་ཕྱིར། རྣམ་པ་ཞེས་པ་འཛིན་སྟངས་ཀྱི་བྱེ་བྲག་ལ་འཆད་པ་དེའི་ཚེ། རྣམ་པ་མཚུངས་པ་ཡང་མ་ཡིན་ཏེ། མཚུངས་ན། གཙོ་འཁོར་དང༌། འཁོར་རྣམས་ཀྱང་ནང་ཕན་ཚུན་ཁྱད་མེད་དུ་ཐལ་བས་སོ། །དེ་ལྟ་ན་ཡང༌། ཀུན་ལས་བཏུས་སུ་གསུངས་པའི་ལྔ་མཚུངས་ཁས་མི་ལེན་པ་ནི་མ་ཡིན་ཏེ། ཇི་སྐད་དུ། མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་གང་ཞེ་ན། ཞེས་སོགས་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་པས་ཆོག་པའི་ཕྱིར། དེས་ན་གཙོ་བོ་དབང་ཤེས་ཀྱི་དེ་མ་ཐག་འབྲས་ལ་དེའི་མིང་གིས་བཏགས་པའམ། གཙོ་བོ་དབང་ཤེས་ཀྱི་དེ་མ་ཐག་འབྲས་སུ་འབྱུང་བ་ལ། དེའི་འཁོར་དུ་འབྱུང་བའི་མིང་གིས་བཏགས་སོ། །འོ་ན་དབང་ཤེས་ཀྱི་འཁོར་དུ་མཐོང་སྤང་དང༌། ང་རྒྱལ་དང༌། གཉིད་ལ་སོགས་པ་ཡིད་ཤེས་ཁོ་ནའི་ས་པར་བཤད་པ་རྣམས་ཀྱང་འབྱུང་བར་འགྱུར་ཏེ། དབང་ཤེས་ཀྱི་ས་པ་དང༌། ཡིད་ཤེས་ཀྱི་ས་པའི་རྣམ་དབྱེ་སོ་སོ་བ་མེད་པར་ཁས་ལེན་དགོས་པའི་ཕྱིར། ཞེ་ན། གཙོ་འཁོར་གཉིས་ཀ་ཡིད་རྟོག་ཏུ་འདོད་པ་དེའི་ཚེ་ཡང༌། དབང་ཡིད་ཀྱི་ས་པ་སོ་སོར་མ་ངེས་པར་ཐལ་བ་མེད་དེ། དབང་ཤེས་ཀྱི་ས་པར་བཤད་པའི་གཙོ་འཁོར་རྣམས་ཀྱིས་ནི། དབང་ཤེས་རྟོག་མེད་དེ་ཉིད་ཀྱིས་གང་ལ་དམིགས་པའི་དོན་གྱི་ངོ་བོ་དང་ཁྱད་པར་ལ་དམིགས་ནས། དེ་ཉིད་འཛིན་སྟངས་ཀྱི་གཟུང་བྱར་བྱེད་པ་ཡིན་ལ། ཡིད་ཤེས་ཁོ་ནའི་ས་པར་བཤད་པ་རྣམས་ཀྱིས་ནི། དབང་ཤེས་ཀྱིས་དམིགས་པའི་དོན་གྱི་ངོ་ཁྱད་འཛིན་སྟངས་སུ་བྱེད་པ་མ་ཡིན་གྱི། གཙོ་བོ་ཡིད་རྟོག་གིས་གང་ལ་དམིགས་པའི་ངོ་བོ་དང་ཁྱད་པར་ཉིད་འཛིན་སྟངས་སུ་བྱེད་པའི་རྒྱུ་མཚན་གྱིས་ཡིད་ཀྱི་ས་པར་གཞག་པའི་ཕྱིར་དང༌། གཉིད་ནི་ཚོགས་ལྔའི་འཁོར་དུ་མི་འབྱུང་བ་ལ་རྩོད་པ་མེད་པའི་ཕྱིར། དཔེར་ན་འཇིག་ཚོགས་ལ་ལྟ་བས་ནི། ཕུང་པོ་ལྔ་ལ་དམིགས་ནས་དེ་དང་དེར་འཛིན་པ་མ་ཡིན་གྱི། བདག་ཏུ་འཛིན་པ་དང༌། ང་རྒྱལ་གྱིས་ནི་ང་དང་བདག་ལ་དམིགས་པ་ཡིན་གྱི། དབང་ཤེས་ཀྱི་ཡུལ་ལ་དམིགས་པ་མ་ཡིན་པ་དང༌། དབང་ཤེས་གཙོ་འཁོར་གྱིས་ནི། གཟུགས་ཀྱི་ངོ་བོ་ལ་དམིགས་ནས་དེ་ཉིད་དུ་འཛིན་པ་དང༌། ཁྱད་པར་ཡིད་འོང་སོགས་ལ་དམིགས་ནས་དེ་ཉིད་དུ་འཛིན་པ་བཞིན་ནོ། །གཉིས་པ་ནི། རྣམ་འགྲེལ་མཛད་པས། གཙོ་བོ་གཅིག་གི་འཁོར་དུ་ཀུན་འགྲོ་ལྔ་ལས། གང་མངོན་དུ་གྱུར་པ་རེ་རེ་འབྱུང་བ་ཡིན་གྱི། ཐམས་ཅད་ཅིག་ཆར་དུ་འབྱུང་བ་མི་བཞེད་དེ། ཇི་སྐད་དུ། གཅིག་ཚེ་གསལ་བས་བསྒྲིབས་ན་ཡང༌། །སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཞེས་སོགས་བཤད་པའི་ཕྱིར་དང༌། དབང་ལྡན་གྱི་ཚུལ་དུ་ལྡན་པས་མཚུངས་ལྡན་གྱི་གོ་ཆོད་ན་ནི། ཀུན་གཞི་དང་ཉོན་ཡིད་འཁོར་གྱི་ངེས་ལྡན་དུ་བཤད་པ་རྣམས་གྲངས་ཉུང་པར་ཐལ་བའི་ཕྱིར་རོ། །བདག་རྐྱེན་དབང་པོ་ལ་བརྟེན་པ་དང༌། དམིགས་རྐྱེན་དོན་རང་མཚན་ལས་སྐྱེས་པའི་ཤེས་པ་དང༌། རྟོག་པའི་གཞི་མཐུན་པ་མི་བཞེད་དེ། དེ་དང་དེ་རྟགས་སུ་བཀོད་ནས། རང་གི་ཤེས་འདོད་ཆོས་ཅན་རྟོག་བྲལ་དུ་བསྒྲུབ་པར་མཛད་པའི་ཕྱིར། ཆགས་སོགས་གསུམ་དང་རྟོག་མེད་ཀྱི་ཤེས་པའི་གཞི་མཐུན་ཡང་མི་བཞེད་དེ། ཇི་སྐད་དུ། རྣམ་པར་བརྟགས་པའི་ཡུལ་ཡིན་ཕྱིར། །ཡུལ་ཡང་ངེས་བྱེད་མ་ཡིན་ནོ། །ཞེས་དང༌། གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །མ་ཡིན་ཀུན་མ་ངེས་ཕྱིར་རོ། །ཞེས་དང༌། ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར། །ཞེས་ཆགས་སྡང་རྨོངས་གསུམ་རང་རྒྱུ་རྐྱེན་གསུམ་ལས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་ནས། དེ་ལ་མ་ལྟོས་པར། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་ལས་སྐྱེ་བར་འབད་ནས་བསྒྲུབས་པའི་ཕྱིར་རོ། །གཙོ་བོ་དབང་ཤེས་དང༌། དེའི་འཁོར་གྱི་སེམས་བྱུང་གཉིས་ཀ་རྟོག་མེད་ཀྱི་ཤེས་པར་མཚུངས་པ་ཉིད་དུ་བཞེད་པ་ཡང་མ་ཡིན་ཏེ། ཡིན་ན་དེའི་གཙོ་འཁོར་གཉིས་ཀས་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་མཐོང་མཉམ་དུ་མཚུངས་དགོས་པ་ལས། དེ་ལྟར་ཡང་མི་བཞེད་པའི་ཕྱིར་རོ། །དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་འཆད་པས་སོ། །མི་བཞེད་པ་ཡང་ཡིན་ཏེ། བཞེད་ན། ཇི་སྐད་དུ། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་གཙོ་བོས་དོན་གྱི་ཁྱད་པར་མི་འཛིན་པར་བཤད་པ་དང་འགལ་བས་སོ། །འོ་ན་ཇི་ལྟར་བཞེད་ཅེ་ན། དོན་གྱི་ངོ་ཁྱད་ལ་གཉིས་ཏེ། རྫས་ཀྱི་དང༌། ལྡོག་པའི་འོ། །དང་པོ་ནི། གཙོ་བོ་དབང་ཤེས་ཀྱིས་གཉིས་ཀ་ལ་ཡང་དམིགས་པ་ཉིད་དུ་ཁྱད་པར་མེད་དེ། ཇི་སྐད་དུ། ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་པས་སོ། །གཉིས་པའི་དབང་དུ་བྱས་པ་ནི། གཙོ་བོ་དབང་ཤེས་ཀྱིས་དྲངས་པའི་གཙོ་བོ་ཡིད་རྟོག་གིས་ནི་དོན་གྱི་ངོ་བོ་འཛིན་ལ། ཁྱད་པར་མི་འཛིན་ཏེ། སེལ་བས་འཇུག་པ་དང༌། གཙོ་བོའི་གཞི་མཐུན་ཡིན་པའི་ཕྱིར། དེས་དྲངས་པའི་འཁོར་གྱིས་ནི་ངོ་ཁྱད་གཉིས་ཀ་འཛིན་ཏེ། ཁྱད་གཞི་དང༌། ཁྱད་ཆོས་སྦྱར་ནས་འཛིན་པ་ནི་འཁོར་དུ་འཇོག་བྱེད་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཁྱད་པར་ཡང་རེ་རེ་འཛིན་གྱི། ཀུན་འཛིན་པ་མ་ཡིན་ཏེ། སེལ་བས་འཇུག་པའི་ཕྱིར། གཙོ་བོ་གཅིག་གི་འཁོར་དུ་དོན་གྱི་ངོ་བོ་དང་ཁྱད་པར་འཛིན་པའི་སེམས་བྱུང་རིགས་མཐུན་གཉིས་གཅིག་ཆར་དུ་སྐྱེ་བ་མ་ཡིན་ཏེ། ཇི་སྐད་དུ། རྟོག་གཉིས་ཅིག་ཆར་མཐོང་བ་མེད། །ཅེས་དང༌། འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བ་ཡང་དག་རྟོག །ཅེས་སོ། །གཙོ་འཁོར་གཉིས་བཟུང་དོན་གཅིག་ལས་སྐྱེ་བར་ཡང་མི་བཞེད་དེ། ཇི་སྐད་དུ། དོན་གཅིག་ཡིན་ན་གཉིས་དོན་མེད། །ཅེས་འཆད་པས་སོ། །དེས་ན་གཟུགས་ལ་བལྟ་བའི་གཉེན་གྱི་མིག་ཤེས་ཀྱིས་རྫས་སུ་གྱུར་པའི་གཟུགས་ཀྱི་ངོ་བོ་དང༌། དེའི་ཁྱད་པར་ཡིད་འོང་གཉིས་ཀའི་གཟུང་རྣམ་མཐོང་བ་ལ་ཁྱད་པར་མེད་ཀྱང༌། དེས་དྲངས་པའི་ངེས་ཤེས་ལ། ངོ་བོ་ངེས་པ་དང༌། ཁྱད་པར་ངེས་པ་གཉིས་ལས། དང་པོ་ལ་གཙོ་བོ་དང༌། གཉིས་པ་ལ་འཁོར་དུ་བཞག་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་འདོད་དང་མི་འདོད་པར། །སྣང་བ་རྟོག་ཡིན་དོན་བློ་མིན། །དེ་ལའང་འཆི་ལྟས་ལ་སོགས་པས། །མཚམས་སྦྱོར་མེད་སེམས་མཐོང་བ་ཡིན། །ཞེས་འཆད་པས་སོ། །འོ་ན་ཁྱད་པར་མཐོང་བའི་དབང་ཤེས་འཁོར་དུ་མི་འཆད་པ་ཅི་ཞེ་ན། རྫས་ཀྱི་ཁྱད་པར་ནི་ངོ་བོ་ཉིད་དུ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། ཉན་ལ་གཉིས་མེད་སྣང་གྱུར་པ། །དེ་དོན་དོན་བཤད། ཅེས་འཆད་པས་སོ། །དཔེར་ན་སྒྲའི་སྟེང་གི་རྫས་སུ་གྱུར་པའི་མི་རྟག་པ་ནི་སྒྲ་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཉན་ཤེས་དབང་པོའི་མངོན་སུམ་ལ་སྣང་ཡང༌། དེས་དེའི་དོན་གྱི་ཁྱད་པར་འཛིན་པའི་རྒྱུ་མཚན་གྱིས་སེམས་བྱུང་དུ་འཇོག་པ་མ་ཡིན་ཏེ། ལྡོག་པའི་ཁྱད་པར་མི་འཛིན་པའི་ཕྱིར། ཡིད་དུ་འོང་མི་འོང་ལྟ་བུའི་ཁྱད་པར་ལ་རྫས་ལྡོག་གཉིས་ཀ་ཡོད་པ་ལ་བསམས་ནས། ཇི་སྐད་དུ། དེ་ལའང་འཆི་ལྟས་ལ་སོགས་པ། །ཞེས་འང་གི་སྒྲས་གསུངས་སོ། །ཡང་སྒོ་ལྔའི་དབང་ཤེས་ཅིག་ཆར་དུ་སྐྱེས་པ་ནི་སྲིད་ལ། སྐྱེས་པ་དེའི་ཚེ་ལྔ་ཆར་གྱི་འཁོར་དུ་ཀུན་འགྲོ་ལྔ་འབྱུང་བ་ནི་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། ལ་ལར་ཅིག་ཆར་འབྱུང་ཕྱིར་རོ། །ཞེས་ལྔ་པོ་ཅིག་ཆར་སྐྱེ་སྲིད་པ་དང༌། དོན་ཉེ་བ་ལའང་འཛིན་མེད་གང༌། །ཆགས་པས་གཞན་གྱི་ནུས་ཉམས་ཕྱིར། །ཞེས་ཡིད་གཟུགས་མཛེས་ལ་ཆགས་པའི་དུས་སུ་སྒྲ་འཛིན་དབང་ཤེས་འཁོར་གྱི་སེམས་བྱུང་རྣམས་མི་སྐྱེ་བར་བཤད་པ་ལས་སོ། །དུས་དེར་སྒྲ་འཛིན་དབང་ཤེས་མི་སྐྱེ་བར་འདོད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། གཞན་ལ་འཇུག་སེམས་ཅན་གྱི་ཡང༌། །མིག་གིས་གཟུགས་དག་མཐོང་གྱུར་པ། །ཞེས་བཤད་པས་སོ། །དེ་ལྟར་ན་འཁོར་སེམས་བྱུང་མཐའ་དག་རྟོག་པའི་ནང་དུ་བསྡུད་པ་འདི་ནི། ཚུ་རོལ་མཐོང་བ་པ་དག་གི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་འཆད་པས་སོ། །གལ་ཏེ་འོ་ན་རྣལ་འབྱོར་སྤྱོད་པ་པ་དག་གི་ལུགས་འདིར། གཙོ་བོ་རྟོག་པ་དང༌། དེའི་འཁོར་གཉིས་ལ་དུས་མཚུངས་པ་འབྱུང་མོད། གཙོ་བོ་དབང་ཤེས་དང་དེའི་འཁོར་ལ་དུས་མཚུངས་པ་ཇི་ལྟར་འབྱུང་སྟེ། རྒྱུ་འབྲས་སུ་ཁས་ལེན་དགོས་པས་སོ། །ཞེ་ན། ཉེས་པ་མེད་དེ། མར་མེ་དང་འོད་བཞིན་ནོ། །དེ་ཡང་འདི་ལྟར། ཇི་སྲིད་གཙོ་བོ་གཟུགས་འཛིན་དབང་ཤེས་ཀྱི་རྒྱུན་ཇི་ལྟར་ཡོད་པ་དེ་སྲིད་དུ། གཟུགས་དེའི་ཁྱད་པར་ཡིད་འོང་ལ་ཆགས་པའི་འདོད་ཆགས་ཀྱི་རྒྱུན་འཇུག་པ་དང༌། གཙོ་བོའི་རྒྱུན་འགགས་པའི་ཚེ་འཁོར་ཆགས་པ་དེའི་རྒྱུན་འགགས་པའམ། མ་འགགས་ཀྱང་རུང་སྟེ། གཙོ་འཁོར་དུས་མཉམ་འཇོག་པ་བཞིན་ནོ། །འོ་ན་ཇི་སྐད་དུ། རྣམ་ཤེས་རྒྱུ་ལས་གཞན་མིན་སྐྱེས། །ཞེས་གཙོ་བོ་དབང་ཤེས་དང་དེའི་འཁོར་གྱི་ཚོར་བ་གཉིས་ཀ་རྐྱེན་གསུམ་གྱི་ཚོགས་པ་གཅིག་ལས་དངོས་སུ་སྐྱེས་པར་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཟུགས་འཛིན་མིག་ཤེས་སྐད་ཅིག་དང་པོའི་དངོས་རྒྱུར་གྱུར་པའི་ཡུལ་དབང་གཉིས་དང་ཡིད་བྱེད་གསུམ་འདུས་པ་ལས། ཐོག་མར་རེག་པ་སྐྱེ། དེ་ལས་ཚོར་བ་སྐྱེ་དགོས་པའི་ཕྱིར། འོ་ན་རེག་པ་ཉིད་རྟོག་མེད་ཀྱི་ཤེས་པར་ཐལ་ཏེ། རྐྱེན་གསུམ་ལས་དངོས་སུ་སྐྱེ་བའི་ཕྱིར། ཞེ་ན། རེག་པ་ཡང་གཟུགས་སོགས་དམིགས་པའི་རྐྱེན་དུ་བྱས་པ་ལས་སྐྱེ་བ་ནི་མ་ཡིན་ཏེ། ཡུལ་དབང་ཕྲད་པ་ལས་བྱུང་བའི་འགྱུར་བ་གཅོད་བྱེད་དུ་བཤད་པའི་ཕྱིར། འགྱུར་བ་དེ་ཡང་གང་ཞེ་ན། ཡིད་དུ་འོང་མི་འོང་བར་མ་གསུམ་མོ། །རེག་པས་འགྱུར་བ་དེ་ལྟར་བཅད་པ་ལས་ཚོར་བ་སྐྱེ་བར་བཤད་པ་ཡིན་གྱི། བདག་རྐྱེན་དབང་པོས་བྱས་པ་དང༌། གཟུགས་ཀྱིས་དམིགས་རྐྱེན་བྱས་པ་ལས་སྐྱེས་པར་འདྲ་ན་ནི། གཙོ་འཁོར་ཐམས་ཅད་ཀྱང་འཛིན་སྟངས་ཁྱད་པར་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལ་བསམས་ནས། ཇི་སྐད་དུ། དེ་དག་ཉིད་ཀྱི་ཁྱད་པར་ལས། །བདེ་སྡུག་ལ་སོགས་ཐ་དད་ཡིན། །ཞེས་གསུངས་སོ། །དེས་ན་མིག་ཤེས་སྐད་ཅིག་དང་པོ་དང༌། དེའི་འཁོར་གྱི་རེག་པ་དུས་མི་མཉམ་ན་ནི་དམ་བཅའ་ཉམས་ལ། མཉམ་ན་དེའི་འཁོར་གྱི་ཚོར་འདུ་སོགས་དང་མཉམ་པའི་གོ་སྐབས་མེད་དེ། དེ་ལ་དེའི་འཁོར་གྱི་རེག་པ་སྔོན་དུ་འགྲོ་དགོས་པར་བཤད་པས་སོ། །དེས་ན་གཙོ་བོ་དབང་ཤེས་ནི་རྐྱེན་གསུམ་གྱིས་རྟོག་མེད་ཀྱི་ཤེས་པར་བསྐྱེད་ལ་འཁོར་ཚོར་འདུ་རེག་པ་གསུམ་ནི་སེམས་པ་དང་ཡིད་ལ་བྱེད་པ་སྔ་མས་སྒྲ་དོན་འཛིན་པའི་རྟོག་པར་བསྐྱེད་པའོ། །དེ་ཡང་གཙོ་བོས་གང་ལ་དམིགས་པའི་ཡུལ་དེ་ལ་དམིགས་ནས་སྐྱེ་བ་ལ་བསམས་ནས། ཇི་སྐད་དུ། དེ་ལས་དེ་སྐྱེ་གཞན་ལས་མིན། །ཞེས་གསུངས་པ་ཡིན་ནོ། །སྨྲས་པ། སེམས་དང་སེམས་ལས་བྱུང་བ་ཡི། །རྣམ་གཞག་རྣམ་པར་དཔྱད་པ་འདི། །གཞན་དང་གཞན་དུ་མ་གྲགས་པ། །གཞུང་བཞིན་གཞུང་གི་དགོངས་པར་བཤད།། །།གཉིས་པ་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་སྐྱེ་ཚུལ་ལ་གཉིས་ཏེ། རྐང་གྲངས་མདོར་བསྟན་པ་དང༌། རྟོགས་དཀའ་བ་སོ་སོའི་རྣམ་གཞག་བཤད་པའོ། །དང་པོ་ལ་སྤྱིའི་ངོ་བོ་ནི། ལྡན་པ་མ་ཡིན། ཞེས་པས་ནི་མིང་གཞིའི་ཕུང་པོ་བསལ་ལ། འདུ་བྱེད་ཅེས་པས་ནི། གཟུགས་ཀྱི་ཕུང་པོ་བསལ་ནས་འདུས་བྱས་ཀྱི་དངོས་པོ་ཞིག་ཡིན་པར་བསྟན་ནོ། །དབྱེ་བ་ནི། ཇི་སྐད་དུ། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང༌། །འདུ་ཤེས་མེད་སྙོམས་འཇུག་དག་དང༌། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང༌། །ཞེས་སོ། །སོགས་པའི་སྒྲས་ནི། ཚིག་དང་ཡི་གེ་བསྡུད་པ་ཁོ་ནར་མ་ཟད། དགེ་འདུན་གྱི་དབྱེན་ལྟ་བུ་གཞུང་ཉིད་དུ་གསལ་བ་ཁ་ཅིག་བསྡུད་ལ། གཞན་དག་ཆུད་མི་ཟ་ཡང་བསྡུད་ཅེས་ཟེར་བ་ནི། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་གཞུང་གི་ཐ་སྙད་ལ་ཆུད་མི་ཟ་ཞེས་པ་མི་འབྱུང་ཞིང༌། མང་བཀུར་བ་དག་གི་འདོད་པར་དབུ་མ་རྩ་བའི་འགྲེལ་པ་བཤད་དོ། །འདིར་བཤད་པའི་ཐོབ་པ་བཅུ་བཞི་པོ་ཐམས་ཅད་བྱེ་བྲག་ཏུ་སྨྲ་བས་རྫས་གྲུབ་ཏུ་ཁས་ལེན་ནོ། །ཞེས་འཆད་པ་དག་སྣང་ཡང༌། ཐོབ་མ་ཐོབ་དང་མཚན་ཉིད་ལ་སོགས་པ། ཁ་ཅིག་རྫས་སུ་བཤད་མོད། གཞན་དག་ལ་ནི་ངེས་པ་མེད་དེ། རགས་རྒྱུན་གྱི་དངོས་པོ་རྫས་སུ་མི་འདོད་པའི་རིགས་པ་ལས་དང༌། སོ་སོ་སྐྱེ་བོ་ཡང་གང་ཟག་ཏུ་འདོད་ན་བཏགས་ཡོད་དུ་བཤད་པའི་ལུང་ལས་སོ། །དེ་ལྟར་ན་ཡང་ཐམས་ཅད་ཀྱི་ཚིག་གི་མཐར་ཉིད་ཅེས་སྦྱར་ན་རྫས་སུ་བཤད་རུང་བ་ཙམ་མོ། །གཉིས་པ་ལ་རྟོགས་དཀའ་བ་དག་རེ་རེ་ནས་བཤད་པར་བྱ་བ་ལས། དང་པོ་ཐོབ་མ་ཐོབ་ཀྱི་རྣམ་པར་བཞག་པ་ལ། སྒྲུབ་བྱེད་དང༌། དེས་གྲུབ་པའི་ཆོས་ཀྱི་ངོ་བོ་བཤད་པའོ། །དང་པོ་ལ། ལུང་རིགས་གཉིས་ལས། དང་པོ་ནི། མདོ་ལས། དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་ཅིང༌། སོ་སོར་ཐོབ་ལ། ཀུན་ཏུ་ལྡན་པས་ན། ཡན་ལག་ལྔ་སྤངས་པའི་འཕགས་པར་འགྱུར་རོ། །ཞེས་སོགས་རྒྱས་པར་གསུངས་སོ། །དེར་མི་སློབ་པའི་ཆོས་བཅུ་ནི་འཕགས་ལམ་བརྒྱད་དང༌། ཡང་དག་པའི་རྣམ་གྲོལ་དང་ཡེ་ཤེས་སོ། །སོ་སོར་ཐོབ་པ་དང༌། ཀུན་ཏུ་ལྡན་པ་ཞེས་པས་ནི། རྙེད་པ་དང་ལྡན་པའི་ཐོབ་པ་གཉིས་ངོས་བཟུང་བའོ། །ཡན་ལག་ལྔ་ནི་འདོད་ཆགས་གཉིས་དང༌། རྒོད་པ་དང༌། ང་རྒྱལ་དང༌། རྨོངས་པའོ། །ཡང་ན་ཐ་མའི་ཆ་མཐུན་ལྔ་ལ་འཆད་པ་དག་ཀྱང་ཡོད་མོད། མི་སློབ་པའི་ཆོས་བཅུ་དང་ལྡན་པ་ལ་བཤད་པས་གོང་མའི་ཆ་མཐུན་ལྔ་ཉིད་དང་འབྲེལ་ལོ། །རིགས་པའི་སྒྲུབ་བྱེད་ནི། ཐོབ་པ་རྫས་སུ་མེད་ན། འཕགས་པས་འཇིག་རྟེན་པའི་ཡིད་མངོན་དུ་བྱས་པའི་ཚེ། སོ་སོ་སྐྱེ་བོ་དང་ཁྱད་མེད་དུ་འགྱུར་ཏེ། དེའི་ཚེ་འཕགས་ལམ་མངོན་གྱུར་དུ་མེད་ཅིང༌། དེའི་ཐོབ་པ་ཡང་རྫས་སུ་མེད་པའི་ཕྱིར་རོ། །རྒྱུན་ཞུགས་དང་ཕྱིར་འོང་སོགས་ཀྱི་སྤངས་པ་ལ་ཡང་ཁྱད་པར་མེད་པ་ཉིད་དུ་འགྱུར་ཏེ། སྤངས་པའི་ཁྱད་པར་རྒྱུད་ལ་མ་ལྡན་པར་བྱེད་པའི་ཐོབ་པ་རྫས་སུ་མེད་པའི་ཕྱིར་དང༌། སྤངས་པ་འདུས་མ་བྱས་ནི་རྒྱུད་ལ་མི་འབྱུང་བའི་ཕྱིར། ཞེས་འཆད་པ་ཡིན་ནོ། །དེ་ལ་སློབ་དཔོན་གྱིས་རྒོལ་བ་ནི། གཉིས་ཏེ། ལུང་ལ་དང༌། རིགས་པ་ལ་རྒོལ་བའོ། །དང་པོ་ནི། འོ་ན་སེམས་ཅན་དུ་མི་སྟོན་པ་དང༌། རྒྱུད་གཞན་གྱིས་བསྡུས་པ་དང་ཡང་ལྡན་པར་འགྱུར་ཏེ། མདོ་ལས། དགེ་སློང་དག འཁོར་ལོ་སྒྱུར་བའི་རྒྱལ་པོ། རིན་པོ་ཆེ་སྣ་བདུན་དང་ལྡན་པ། ཞེས་འབྱུང་བའི་ཕྱིར། གཉིས་པ་ནི། ཐོབ་མ་ཐོབ་ཀྱི་ཆོས་རྫས་གཞན་ཡོད་པ་མ་ཡིན་ཏེ། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་གསུམ་གྱིས་མ་དམིགས་པའི་ཕྱིར། དང་པོས་མ་དམིགས་ཏེ། གཟུགས་སྒྲ་ལ་སོགས་པ་ལྟར་གཞན་རིགས་པའི་མངོན་སུམ་གྱིས་ཀྱང་མ་དམིགས། འདོད་ཆགས་ལ་སོགས་པ་ལྟར་རང་རིག་པའི་མངོན་སུམ་གྱིས་ཀྱང་མ་དམིགས་པའི་ཕྱིར། ལུང་གིས་མ་དམིགས་པར་ནི་བཤད་མ་ཐག་པ་དེ་ཉིད་ཡིན་ལ། རྗེས་དཔག་གིས་མ་དམིགས་པ་དང་རིགས་པ་ལ་རྒོལ་བ་ལྷན་ཅིག་ཏུ་བཤད་པ་ལ་གཉིས་ཏེ། དོགས་པ་བསུ་བའི་རིགས་པ་མི་འཐད་པ་དང༌། དངོས་སུ་འཕངས་པའི་རིགས་པ་མི་འཐད་པའོ། །དང་པོ་ནི། ཐོབ་པ་མེད་ན་ཐོབ་བྱའི་ཆོས་མི་འབྱུང་བའི་འབྲེལ་གང་ཡིན། ཐོབ་པ་ཐོབ་བྱའི་ཆོས་ཀྱི་སྐྱེད་བྱེད་ཀྱི་རྒྱུའམ་འཇོག་བྱེད་ཀྱི་རྒྱུར་བརྟག་གྲངས་ན། དང་པོ་མི་འཐད་དེ། འདུས་མ་བྱས་རྣམས་ལ་སྐྱེད་བྱེད་ཀྱི་རྒྱུ་མེད་པས་ཐོབ་པ་མེད་པར་ཐལ་བ་དང༌། སྡུག་བསྔལ་ལ་ཆོས་བཟོད་ལྟ་བུ་མ་ཐོབ་པ་རྣམས་དང༌། ས་འཕོས་པ་དང༌། འདོད་ཆགས་དང་བྲལ་བས་ཐོབ་པ་བཏང་ཟིན་པ་རྣམས་ཀྱང་མི་སྐྱེ་བར་འགྱུར་ཏེ། དེ་དག་སྐྱེད་བྱེད་ཀྱི་ཐོབ་པ་སྔོན་དུ་སོང་བ་མེད་པའི་ཕྱིར་རོ། །གཞན་ཡང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ཞེས་བྱ་བའི་ཆོས་རྫས་གཞན་ཞིག་བརྟགས་པ་དོན་མེད་པར་འགྱུར་ཏེ། ཐོབ་པས་ཐོབ་བྱའི་ཆོས་རྣམས་སྐྱེ་བར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཐོབ་པ་ནི་ཐོབ་བྱའི་ཆོས་རྣམ་པར་འཇོག་པའི་རྒྱུ་ཡིན་ཏེ། ཐོབ་པ་མེད་ན་སྐྱེ་འཕགས་ཀྱི་དབྱེ་བ་མི་རུང་བར་འགྱུར་རོ། །ཞེས་ཟེར་བ་དེ་ནི་མི་རིགས་ཏེ། དེའི་དབྱེ་བ་ནི་ཉོན་མོངས་པ་སྤངས་མ་སྤངས་ཀྱི་དབྱེ་བ་ལས་འཇོག་པས་སོ། །བྱེ་སྨྲ་ན་རེ། ཐོབ་པ་མེད་ན་དེ་སྤངས་མ་སྤངས་ཀྱང་མི་འབྱུང་སྟེ། ཐོབ་པ་ཆད་མ་ཆད་ལས་སྤངས་མ་སྤངས་སུ་འཇོག་པས་སོ། །ཤེ་ན། དེ་ལས་དེར་འཇོག་པ་མ་ཡིན་ཏེ། ཉོན་མོངས་པ་རྣམས་ནི་ས་བོན་དུ་གྱུར་མ་གྱུར་གྱི་སྒོ་ནས་དེ་དང་དེར་འཇོག་པའི་ཕྱིར། དེ་ཡང་འཇིག་རྟེན་པ་དང་དེ་ལས་འདས་པའི་ལམ་གཉིས་ཀྱིས་དེའི་ས་བོན་གྱི་དངོས་པོ་ཉམས་པར་བྱས་པ་ན་དེ་སྤངས་པ་ཞེས་བྱ་ཞིང༌། དེ་ལ་མི་ལྡན་པ་ཞེས་ཀྱང་བཏགས་སོ། །དེ་དེར་མ་བྱས་པ་ན་ནི་དེ་མ་སྤངས་པ་ཞེས་བྱ་ཞིང༌། དེ་ཉིད་ལ་མི་ལྡན་པ་ཞེས་ཀྱང་བྱའོ། །དགེ་བའི་ཆོས་རྣམས་ལ་ནི་གཉིས་ཏེ། སྐྱེས་ཐོབ་དང༌། སྦྱོར་བྱུང་ངོ༌། །དང་པོ་ལ་ནི། ས་བོན་དང་ལྡན་པས་ལྡན་པར་འཇོག་པ་དང༌། དབང་དང་མི་ལྡན་པས་མི་ལྡན་པར་འཇོག་པ་གཉིས་ཀ་ཡོད་དེ། ལོག་ལྟས་དགེ་རྩ་བཅད་པའི་རྒྱུད་ལའོ། །ལོག་ལྟས་དགེ་རྩའི་ས་བོན་འཇོམས་པ་ནི་མ་ཡིན་ཏེ། སྦྱོར་བྱུང་ནི་དབང་དང་ལྡན་པས་ལྡན་པར་འཇོག་པ་ཡིན་གྱི། ས་བོན་དང་ལྡན་པས་དེར་འཇོག་པ་མ་ཡིན་ཏེ། སྦྱོར་བྱུང་གི་ས་བོན་ནི་སྐྱེས་ཐོབ་ཉིད་ལས་མ་འདས་པའི་ཕྱིར་རོ། །ཞེས་འཆད་པར་བྱེད་དོ། །གཉིས་པ། དེས་གྲུབ་པའི་ཆོས་ཀྱི་རྣམ་གཞག་ལ། ངོ་བོ་ངོས་བཟུང་བ། སོ་སོའི་དབྱེ་བ། ཁྱད་པར་གྱི་ཆོས་བཤད་པ་རྣམས་སོ། །དང་པོ་ནི། ཐོབ་པ་དང་མ་ཐོབ་པ་ཞེས་བྱ་བ་གཉིས་པོ་འདི་རྒྱུད་ཀྱིས་མ་བསྡུས་པའི་ཆོས་སམ། རྒྱུད་གཞན་གྱི་ཆོས་རྣམས་ལ་ནི་མི་འཇོག་སྟེ། ཐོབ་མ་ཐོབ་ཀྱི་རྒྱུད་ལ་ཐོབ་མ་ཐོབ་ལ་ཟེར་བ་ཡིན་ལ། རྒྱུད་ཀྱིས་མ་བསྡུས་པའི་གོས་དང༌། རྒྱན་དང༌། ཁང་བཟང་ལ་སོགས་པ་རྣམས་ནི་རྒྱུད་ལ་ལྡན་པར་འགལ་བའི་ཕྱིར་དང༌། གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་གཞན་གྱི་རྒྱུད་ལ་ལྡན་པར་འགལ་བའི་ཕྱིར་རོ། །ཞེས་སྤྱིར་བཏང་ནས། འོ་ན་འདུས་མ་བྱས་ལ་ཐོབ་མ་ཐོབ་མི་འཇོག་པར་འགྱུར་ཏེ། རྒྱུད་ཀྱིས་མ་བསྡུས་པའི་ཕྱིར། ཞེ་ན། འདུས་མ་བྱས་གསུམ་ལས། ནམ་མཁའ་ལ་ནི་ཐོབ་པ་མི་སྲིད་ལ། འགོག་པ་གཉིས་ཀྱི་ངོ་བོ་རྒྱུད་ཀྱིས་མ་བསྡུས་ཀྱང༌། དགག་བྱ་སེམས་ཅན་གྱི་རྒྱུན་དུ་གཏོགས་པ་དང༌། རྟགས་འགོག་འཐོབ་བྱེད་ཀྱི་རྒྱུ་གཉེན་པོ་དང༌། རྟགས་མིན་འཐོབ་བྱེད་ཀྱི་རྒྱུ་རྐྱེན་མ་ཚང་བ་ཉིད་ཅེས་བྱ་བ་དེ་སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་རྒྱུ་མཚན་ལས་སོ། །འོ་ན་འགོག་པ་གཉིས་དང་སུ་ཞིག་ལྡན་ཞེ་ན། སོ་སོར་བརྟགས་འགོག་དང་ལྡན་པ་ནི། འཆིང་བ་མཐའ་དག་དང་ལྡན་པས་ཟག་མེད་སྐད་ཅིག་དང་པོ་མངོན་དུ་བྱས་མ་ཐག་པའི་ཚེ་མ་གཏོགས་པའི་འཕགས་པ་ཐམས་ཅད་དང༌། སོ་སོ་སྐྱེ་བོ་ཁ་ཅིག་ཀྱང་ལྡན་ནོ། །དེའི་ཤེས་བྱེད་ཀྱང༌། སྡུག་བསྔལ་ལ་ཆོས་ཤེས་ཡན་ཆད་དུ་འདོད་པའི་སྡུག་བསྔལ་མཐོང་སྤངས་སྤངས་པའི་སྤངས་པ་གཏོང་མི་སྲིད་པའི་ཕྱིར་དང༌། ཅི་ཡང་མེད་མན་ཆད་ལ་ཆགས་པ་དང་བྲལ་བའི་སོ་སོ་སྐྱེ་བོ་དག་སྲིད་པའི་ཕྱིར། ཐེག་པ་ཆེན་པོ་པ་དག་གི་སྤངས་པ་འཇོག་ལུགས་དང་འདྲ་བ་མ་ཡིན་ཏེ། དེར་ནི་ས་བོན་སྤངས་པའི་སྒོ་ནས་འཇོག་ལ། འདིར་ཐོབ་པ་གཅད་པ་ཙམ་གྱིས་ཆོག་པའི་ཕྱིར་དང༌། དེའི་ཐོབ་པ་མ་བཅད་པ་དེ་སྲིད་དུ་དེ་དང་བྲལ་བར་མི་འཇོག་པའི་ཕྱིར་དང༌། བསམ་གཏན་དང་པོའི་དངོས་གཞི་རྒྱུད་ལ་སྐྱེས་པའི་ཚེ། འདོད་པའི་འདོད་ཆགས་དང་བྲལ་བར་འཇོག་པའི་ཕྱིར་རོ། །སོ་སོར་བརྟགས་མིན་གྱི་འགོག་པ་དང་ནི་སེམས་ཅན་ཐམས་ཅད་ལྡན་ཏེ། དགག་བྱ་ཟག་བཅས་དང་ཟག་མེད་གང་དང་གི་རྐྱེན་མ་ཚང་བ་ཉིད་ཅེས་བྱ་བ་དེ་དང་མི་ལྡན་པའི་སེམས་ཅན་མི་སྲིད་པའི་ཕྱིར་རོ། །དེ་ལ་དགོངས་ནས། ཆོས་མངོན་པ་ལས། ཟག་པ་མེད་པའི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སེམས་ཅན་ཐམས་ཅད་དོ། །ཞེས་འབྱུང་བར་གྲགས་སོ། །གལ་ཏེ་སྐྲ་དང་སེན་མོ་ལ་སོགས་པ་དང་ཡང་ལྡན་པར་བཤད་པས། རྒྱུད་དུ་གཏོགས་པར་ཁས་ལེན་ནམ་ཞེ་ན། ལེན་པ་ཡིན་ཏེ། རྟེན་དབང་པོ་གཟུགས་ཅན་ལ་ཕན་གནོད་ཀྱིས་དེ་དག་ལ་ཕན་གནོད་དུ་འགྱུར་བའི་ཕྱིར། དེ་ལྟར་ན་གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་དོ། །ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །འོ་ན་ཐོབ་པ་མེད་པ་ཉིད་མ་ཐོབ་པ་མ་ཡིན་ནམ་ཞེ་ན། ཐོབ་པ་དང་མ་ཐོབ་པ་ཞེས་བྱ་བ་ཕན་ཚུན་སྤངས་པའི་འགལ་བ་དང༌། མ་ཐོབ་པ་ཞེས་བྱ་བ་ཐོབ་པ་བཀག་ཙམ་གྱི་གཞན་སེལ་ལ་བཤད་ན་དེ་ལྟར་ཡིན་ཀྱང༌། འདིར་ནི་གཉིས་པོ་དེ་རྫས་གཞན་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ཉིད་དུ་ཁས་ལེན་པས་ཉེས་པ་དེ་མེད་དོ། །གཉིས་པ་དབྱེ་བ་ནི། ཇི་སྐད་དུ། ཐོབ་པ་རྙེད་དང་ལྡན་པའོ། །ཞེས་པ། ཐོབ་པ་ནི་གཉིས་ཏེ། རྙེད་པ་དང༌། ལྡན་པའོ། །དང་པོ་ལ་གཉིས་ཏེ། སྔར་མ་ཐོབ་པ་ལས་རྙེད་པ་དང༌། སྔར་ཐོབ་པ་ལས་རྣམ་པར་ཉམས་ནས་རྙེད་པའོ། །དང་པོ་ནི། ཟག་མེད་སྐད་ཅིག་དང་པོ་ལྟ་བུ་དང༌། གཉིས་པ་ནི། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པ་ཐོབ་པའི་ཚེ་ལྟ་བུའོ། །དེ་དག་གི་ཤེས་བྱེད་ཀྱང་དང་པོ་ནི་སྔོན་སོ་སོ་སྐྱེ་བོའི་རྒྱུད་ལ་སྐྱེ་མ་མྱོང་བའི་ཕྱིར་དང༌། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་རྒྱུད་ལ་སྐྱེ་མ་མྱོང་བའི་སེམས་ཅན་མི་སྲིད་པའི་ཕྱིར། གཉིས་པ་ནི། གསར་དུ་རྙེད་པ་དེའི་རྒྱུན་མ་ཆད་པར་ལྡན་པ་སྟེ། རྙེད་པ་དེའི་སྐད་ཅིག་གཉིས་པ་ཕན་ཆད་དོ། །དེའི་ཕྱིར་རྙེད་པ་དང་ལྡན་པ་མི་འགལ་ཡང༌། རྙེད་པའི་ཐོབ་པ་དང་ལྡན་པའི་ཐོབ་པ་ལ་ནི་གཞི་མཐུན་མི་སྲིད་པར་ཁས་ལེན་ནོ། །དེ་ལྟར་གཉིས་སུ་ངེས་སམ་ཞེ་ན། སོ་སོ་སྐྱེ་བོ་རྣམས་ལ། སྲིད་རྩེའི་ཉོན་མོངས་ཡེ་ནས་ལྡན་པ་ཞེས་བྱ་བ་ཞིག་ཁས་ལེན་ཏེ། དེའི་གཉེན་པོ་སྐྱེ་མ་མྱོང་བའི་ཕྱིར་རོ། །འདི་དང་པོ་གཉིས་སུ་མ་འདུས་ཏེ། སྲིད་རྩེའི་ཉོན་མོངས་དང་པོར་རྙེད་པའི་ས་མཚམས་བཟུང་དུ་མེད་ལ། དེ་མེད་པས་དེའི་སྐད་ཅིག་མ་གཉིས་པ་ཕན་ཆད་ལྡན་པའི་ཐོབ་པ་ཡིན་ནོ། །ཞེས་ཀྱང་འཆད་མི་ནུས་པའི་ཕྱིར་རོ། །ཐོབ་པའི་མིང་ཅན་གསུམ་པོ་དེ་ཁོ་ནར་ངེས་སམ་ཞེ་ན། མ་ངེས་ཏེ། ཇི་སྐད་དུ། རྙེད་དང་བསྟེན་ཞེས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་པའོ། །གཉེན་པོ་དང་ནི་ཐག་བསྲིང་པའི། །ཐོབ་པ་ཟག་དང་བཅས་པའི་ཡིན། །ཞེས་བཞི་བཤད་པ་དང༌། དེའི་ཐད་ཀྱི་འགྲེལ་པར། བཞི་པོ་དེའི་སྟེང་དུ་སྡོམ་པ་ཐོབ་པ་དང་རྣམ་པར་འཇིག་པ་ཐོབ་པ་སྟེ། དྲུག་བཤད་དོ། །དང་པོ་གཉིས་ནི་ཐོབ་པ་མཚན་ཉིད་པ་སྟེ། ཐོབ་བྱའི་ཆོས་དགེ་བ་འདུས་བྱས་རྣམས། དང་པོར་རྙེད་པ་དང༌། ཕྱིས་གོམས་པའི་གནས་སྐབས་ཀྱི་ཐོབ་པ་ཡིན་པའི་ཕྱིར། འདུས་མ་བྱས་དང༌། མི་དགེ་བ་དང་ལུང་མ་བསྟན་ལ་ཐོབ་པ་འདི་གཉིས་མི་འཇོག་པ་ཅི་ཞེ་ན། འདིར་བསྟན་གྱི་རྙེད་པ་ནི་མ་འོངས་པ་རྙེད་པ་དང༌། བསྟེན་པ་ནི་ད་ལྟར་བ་མངོན་དུ་བྱས་པ་ལ་འདོད་ལ། འདུས་མ་བྱས་ནི་དུས་ཀྱིས་མ་བསྡུས་པའི་རྒྱུ་མཚན་ལས་དང༌། མ་སྒྲིབ་ལུང་མ་བསྟན་ལ། ཇི་སྐད་དུ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །ཞེས་ཐོབ་པ་སྔར་སྐྱེ་མེད་པར་བཤད་པ་དང༌། ཉོན་མོངས་ཅན་ནི་སྔོན་རྙེད་པ་མྱོང་བ་མི་སྲིད་པ་དང༌། དགེ་བ་ཟག་བཅས་རྣམས་ལ་ནི་ཐོབ་པ་བཞི་ཀ་ཡོད་པར་འགྲེལ་པ་ནས་འཆད་པའི་ཕྱིར། ཐོབ་པ་ཕྱི་མ་གཉིས་ནི་བཏགས་པ་བ་ཡིན་ཏེ། ཆོས་ཟག་བཅས་དེ་དང་དེའི་སྤོང་གཉེན་དང་ཐག་སྲིང་གི་གཉེན་པོ་མངོན་དུ་གྱུར་པ་ལ་དེ་ཐོབ་པའི་མིང་གིས་བཏགས་པ་ཡིན་པའི་ཕྱིར། དེ་ཡང་འདི་ལྟར། འདུས་བྱས་ཀྱིས་དགེ་བ་མ་འོངས་པ་རྣམས་ལ་ནི་རྙེད་ཐོབ་ཁོ་ན་ཡོད་ཀྱི། བསྟེན་ཐོབ་མེད་དེ། མ་སྐྱེས་པའི་ཕྱིར། ད་ལྟར་འབྱུང་བ་རྣམས་ལ་ནི་རྙེད་བསྟེན་གཉིས་ཀ་ཡོད་དེ། རྙེད་ཟིན་མ་བཏང་བ་ཡོད་པའི་ཕྱིར། ཉོན་མོངས་ཅན་རྣམས་ལ་ནི་གཉེན་པོ་ཐོབ་པ་དང༌། ཐག་བསྲིང་པའི་གཉེན་པོ་གཉིས་ཡོད་ཀྱི། རྙེད་བསྟེན་གཉིས་མ་བཤད་པ་ནི། ཁ་ཅིག དོན་གྱིས་གོ་བས་མ་བཤད་པ་ཡིན་ཞེས་ཟེར་ཡང༌། འདིར་བསྟན་གྱི་རྙེད་པ་ནི། སྤྱིར་རྙེད་མ་མྱོང་བ་ཞིག་རྙེད་པའི་དབང་དུ་བྱས་པ་དང༌། བྱེ་བྲག་ཏུ་དགེ་བ་སྦྱོར་བྱུང་གི་རྙེད་ཚུལ་འཆད་པའི་སྐབས་ཡིན་པ་དང༌། ཉོན་མོངས་ཅན་ལ་ནི་སྔོན་རྙེད་མ་མྱོང་བ་མི་སྲིད་པའི་ཕྱིར། དགེ་བ་ཟག་བཅས་ད་ལྟར་བ་རྣམས་ནི་འདིར་བསྟན་གྱི་ཐོབ་པ་བཞི་ཀ་དང་བཅས་པའོ། །དགེ་བ་ཟག་མེད་རྣམས་ལ་ནི་རྙེད་བསྟེན་གཉིས་ཡོད་ཀྱི། ཕྱི་མ་གཉིས་མེད་དེ། སྤོང་བྱེད་ཀྱི་གཉེན་པོ་མེད་པའི་ཕྱིར། ཉོན་མོངས་ཅན་རྣམས་ལ་ནི་དང་པོ་གཉིས་མེད་དེ། ཇི་སྐད་དུ། སྔོན་རྙེད་མི་ཐོབ་བོ། །ཞེས་དང༌། རྣམ་པར་ཉམས་ན་སྔོན་རྙེད་འཐོབ། །ཅེས་སྔོན་འཐོབ་མ་མྱོང་བ་ཞིག་རྙེད་པ་དང༌། དེའི་རྒྱུན་མངོན་དུ་བྱེད་པ་ལ་རྙེད་བསྟེན་དུ་བཤད་པའི་ཕྱིར་རོ། །ལྔ་པ་སྡོམ་པ་ཐོབ་པ་ནི་དབང་པོའི་སྡོམ་པ་སྟེ། ཇི་སྐད་དུ། ཤེས་བཞིན་དང་ནི་དྲན་དག་ཉིད། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །རྣམ་པར་འཇིག་པ་ཐོབ་པ་ནི་ལུས་དྲན་པ་ཉེར་བར་བཞག་པ་ཐོབ་པ་སྟེ། འདི་གཉིས་ཀྱང་སྔ་མ་གཉིས་ཀྱི་ནང་དུ་འདུས་ཏེ། གཉེན་པོ་དང་ཐག་བསྲིང་བ་གང་རུང་ལས་མ་འདས་པའི་ཕྱིར། གསུམ་པ་རྣམ་གཞག་གཏན་ལ་ཕབ་པ་ལ། གཉིས་ཏེ། ཐོབ་པ་བཤད་པ་དང༌། མ་ཐོབ་པ་བཤད་པའོ། །དང་པོ་ལ་གཉིས་ཏེ་སྤྱིར་བསྟན་པ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ལ་བཞི་སྟེ། དུས་ཀྱིས་ཁྱད་པར། དགེ་སོགས་ཀྱི་ཁྱད་པར། ཁམས་ཀྱི་ཁྱད་པར། སློབ་སོགས་ཀྱི་ཁྱད་པར་རོ། །དང་པོ་ནི། ཇི་སྐད་དུ། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་པ་ཐོབ་བྱའི་ཆོས་དུས་གསུམ་པོ་རེ་རེ་ཞིང༌། ཐོབ་པ་ཁྱུ་མཆོག་ལྟར་དང་ལ་ལྡིང་བ་དང༌། གྲིབ་མ་ལྟར་མཉམ་དུ་འཇུག་པ་དང༌། བེའུ་ལྟར་ཕྱི་བཞིན་དུ་འབྲང་བ་གསུམ་གསུམ་དུ་ཡོད་ཅེས་པ་ཡིན་ལ། ཁ་ཅིག་ན་རེ། ཐོབ་བྱའི་ཆོས་མ་འོངས་པ་ལ་ཐོབ་པ་འདས་ད་ལྟར་བ་གཉིས་ཡོད་ཀྱང༌། མ་འོངས་པ་ནི་མེད་དེ། མ་འོངས་པ་ལ་སྔ་ཕྱི་མེད་པའི་ཕྱིར། ཞེས་ཟེར་ཡང་མ་འོངས་པ་ནི་གཉིས་ཏེ། མི་སྐྱེ་བའི་ཆོས་ཅན་དང༌། སྐྱེ་བའི་ཆོས་ཅན་ནོ། །དང་པོ་ལ་ཐོབ་པ། འདས་ད་ལྟར་གཉིས་སྲིད་ཀྱང༌། མ་འོངས་པ་ནི་མི་སྲིད་དེ། རང་དུས་ནས་སྔ་ཕྱི་མེད་ཅིང༌། ད་ལྟར་བའི་གོ་སར་འཕོས་པ་ཡང་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་ནི་གསུམ་ཀ་སྲིད་དེ། དེ་ད་ལྟར་བའི་གོ་སར་འཕོས་པ་སྲིད་ལ། དེའི་ཐོབ་པ་མ་འོངས་པའི་གོ་ས་ན་ཡོད་པ་སྲིད་པའི་ཕྱིར་རོ། །འོ་ན་མི་སྐྱེ་བའི་ཆོས་ཅན་གྱི་ཐོབ་པ་འདས་པ་དང་ད་ལྟར་བ་ཇི་ལྟར་སྲིད་དེ། དེའི་ཐོབ་པ་སྐྱེ་བའི་ཆོས་ཅན་ཡིན་དེ་མི་སྐྱེ་བ་ཆོས་ཅན་དུ་འགལ་བའི་ཕྱིར། ཞེ་ན། འགལ་བ་མ་ཡིན་ཏེ། ཇི་སྐད་དུ། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་འཐོབ་དེ་ཉིད་ལ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང༌། །དེ་ནི་མི་སྐྱེའི་ཆོས་ཅན་ཡིན། །ཞེས་བཤད་པས་སོ། །ཐོབ་བྱའི་ཆོས་དུས་ཀྱིས་མ་བསྡུས་པ་ལའང་ཐོབ་པ་དུས་གསུམ་པ་སྲིད་དེ། འགོག་པ་གཉིས་ཀྱི་ཐོབ་པ་འདུས་བྱས་སུ་ཁས་ལེན་དགོས་པས་སོ། །གཉིས་པ་ནི་ཇི་སྐད་དུ། དགེ་ལ་སོགས་ཀྱི་དགེ་ལ་སོགས། །ཞེས་བཤད་པ་དེ་ནི་དམིགས་བསལ་མེད་པར་ཁས་ལེན་དགོས་པ་ཡིན་ཏེ། གཞན་དུ་ན། ཆགས་བྲལ་ལ་མི་དགེ་བ་ལྡན་པར་ཐལ་བ་དང༌། དགེ་རྩ་ཆད་པ་ལ་དགེ་བའི་ཆོས་ལྡན་པར་ཐལ་བས་སོ། །འོ་ན་ཐོབ་བྱའི་ཆོས་དགེ་བ་བཞི་པོ་གང་ཡིན་པ་དེའི་ཐོབ་པ་ཡང་དེ་དང་དེར་ངེས་སམ་ཞེ་ན། མ་ཡིན་ཏེ། ཆོས་དོན་དམ་པའི་དགེ་བ་ཡིན་པ་ལ་ནི། དེའི་ཐོབ་པ་དོན་དམ་པའི་བདེན་པར་འགལ་བ་ཡིན་ལ། ཆོས་དགེ་བ་དང་མི་དགེ་བ་གསུམ་པོ་གང་གི་ཡང་ཐོབ་པ་ནི་ཀུན་སློང་གི་དགེ་མི་དགེར་གཞག་དགོས་པ་ཡིན་ཏེ། ཇི་སྐད་དུ། བྱ་བ་ལ་སོགས་ཀུན་སློང་བས། །ཤེས་པས་སོགས་ཀྱི་སྒྲས། ཐོབ་པ་དང༌། སྐྱེས་སོགས་དང༌། འགོག་པ་རྣམས་དོན་པར་བཤད་པའི་ཕྱིར། གསུམ་པ་ནི། དེར་གཏོགས་རྣམས་ཀྱི་རང་ཁམས་པ། །ཞེས་པ་ཐོབ་བྱའི་ཆོས་གང་དུ་གཏོགས་པའི་ཁམས་གང་དུ་ཐོབ་པ་ཡང་དེར་གཏོགས་པ་ཡིན་ཏེ། དཔེར་ན་འདོད་པའི་རྟེན་ལ་གཟུགས་དང་གཟུགས་མེད་པའི་སས་བསྡུས་པའི་ཆོས་སྐྱེས་པ་དེའི་ཚེ་ལྟ་བུའོ། །དེར་ནི་ཆོས་དབང་བཙན་པ་ཡིན་གྱི། རྟེན་དབང་བཙན་པ་མ་ཡིན་པས་སོ། །གཟུགས་མེད་ཀྱི་རྟེན་ལ་ནི་ཁམས་འོག་མ་གཉིས་ཀྱིས་བསྡུས་པའི་ཆོས་མངོན་དུ་བྱེད་པ་མི་སྲིད་དོ། །དེ་ལྟ་མོད་ཀྱི། གཟུགས་མེད་ཀྱི་འཕགས་པའི་རྟེན་ལ་བསམ་གཏན་གྱི་སྙོམས་པར་འཇུག་པ་ཟག་མེད་དང་ནི་ལྡན་པར་ཁས་ལེན་པ་ལ་རྩོད་པ་མེད་དོ། །མ་གཏོགས་རྣམས་ཀྱིས་རྣམ་པ་བཞི། །ཞེས་པ། འགོག་པ་གཉིས་ཀྱི་ཐོབ་པ་ལ་ནི་ཁམས་གསུམ་དུ་གཏོགས་པ་དང༌། ཟག་པ་མེད་པ་སྟེ་བཞིའོ། །དེ་ཡང་བརྟགས་མིན་གྱི་འགོག་པའི་ཐོབ་པ་ནི། རྟེན་གང་དུ་གཏོགས་པ་དེ་ཉིད་དུ་གཏོགས་པས་ཁྱབ་སྟེ། དེ་ལ་ནི་རྟེན་དབང་བཙན་པས་སོ། །དེའི་གོ་བ་ཡང༌། རྟེན་གང་ལ་ཆོས་གང་ཞིག་མ་སྐྱེས་པ་ནི། རྟེན་དེ་ཉིད་ཀྱི་རྒྱུད་ལས་ས་གཞན་མ་ཡིན་པས་སོ། །དེ་ལས་གཞན་དུ་ཆོས་དབང་བཙན་ན། དགག་བྱ་ཟག་མེད་བཀག་པའི་བརྟགས་མིན་གྱི་འགོག་པའི་ཐོབ་པ་ཟག་བཅས་ཀྱི་སས་མ་བསྡུས་པར་ཐལ་བའི་སྐྱོན་ཡོད་དོ། །སོ་སོར་བརྟགས་འགོག་གི་ཐོབ་པ་ནི་གཉིས་ཏེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དང༌། འདས་ལམ་གྱིས་ཐོབ་པའོ། །དང་པོ་ལ་ཡང་འདོད་སེམས་ཀྱིས་ཐོབ་པ་ནི་མི་སྲིད་དེ། འདོད་པའི་སེམས་ནི་སྤང་བྱ་གང་གི་ཡང་ཐོབ་པ་གཅོད་བྱེད་དུ་མི་རུང་ལ། དེར་མི་རུང་བ་ལ་དེས་ཐོབ་པའི་འགོག་བདེན་མི་སྲིད་པས་ཁྱབ་པའི་ཕྱིར། དེས་ན་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པས་ཐོབ་པའི་འགོག་བདེན་གྱི་ཐོབ་པ་ནི་ས་དེ་དང་དེར་གཏོགས་ལ། ཟག་མེད་ལམ་གྱིས་ཐོབ་པའི་འགོག་བདེན་གྱི་ཐོབ་པ་ནི་ཟག་མེད་དུ་གཏོགས་ཏེ། འགོག་བདེན་གྱི་ཐོབ་པ་ལ་ནི་གཉེན་པོ་དབང་བཙན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། འགོག་བདེན་གྱི་ཐོབ་པ་ནི་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་གྱི་ལམ་གང་རུང་གིས་བསྡུས་ལ། སྤོང་གཉེན་ཟག་བཅས་ཀྱི་དབང་དུ་བྱས་པའི་ལམ་དེ་ཉིད་ཟག་མེད་དུ་གྱུར་པ་མི་སྲིད་པའི་ཕྱིར་དང༌། སྤོང་གཉེན་ཟག་མེད་ཀྱི་དབང་དུ་བྱས་པའི་ལམ་དེ་གཉིས་ཟག་བཅས་སུ་གྱུར་པ་ཡང་མི་སྲིད་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་ཞིབ་མོར་ན། དེ་དུས་ཀྱི་བྲལ་ཐོབ་ཟག་མེད་དེ་ཟག་མེད་ཀྱི་ལམ་ཉིད་ཀྱིས་ཐོབ་པ་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར་དང༌། འཕགས་ལ་ཞེས་པའི་ཚིག་གི་ནུས་པ་ལས་དེ་ལྟར་འཆད་དགོས་པའི་ཕྱིར། བཞི་པ་ལ་གཉིས་ལས། དང་པོ་ནི། ཇི་སྐད་དུ། སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་པ། སློབ་པའི་ཐོབ་པ་ནི་སློབ་པ་དང༌། མི་སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་མི་སློབ་པ་ཁོ་ནར་ངེས་ལ། གཉིས་ཀ་མ་ཡིན་པའི་ཐོབ་པ་ལ་ནི་མུ་གསུམ་ཡོད་དེ། གཉིས་ཀ་མ་ཡིན་པའི་མཚན་གཞི་ནི། ཟག་པ་དང་བཅས་པའི་ཆོས་རྣམས་དང༌། འདུས་མ་བྱས་མཐའ་དག་གོ །མུ་གསུམ་ནི་བརྟགས་འགོག་གི་ཐོབ་པ་ལ་རྩི་དགོས་པ་ཡིན་ཏེ། ཟག་བཅས་དང་བརྟགས་མིན་གྱི་ཐོབ་པ་ནི་གཉིས་མིན་ཁོ་ནར་ངེས་པའི་ཕྱིར། དེས་ན་སོ་སོར་བརྟགས་འགོག་སློབ་པས་ཐོབ་པ་ནི་སློབ་པ་དང༌། མི་སློབ་པས་ཐོབ་པ་ནི་མི་སློབ་པ་ཁོ་ན་དང༌། ཟག་བཅས་ཀྱིས་ཐོབ་པ་ནི་ཕུང་པོ་གསུམ་པ་སྟེ། ཟག་བཅས་ཉིད་དུ་ངེས་པས་སོ། །འདིར་གཞན་དག་འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ཟག་བཅས་དང་ཟག་མེད་གཉིས་ཀ་ཡིན་ནོ་ཞེས་ཟེར་བ་དང༌། སྤོང་ལམ་ཟག་བཅས་དེ་ཁོ་ནས་ཐོབ་པ་ཟག་མེད་འདྲེན་པ་ཡིན་ནོ། །ཞེས་ཟེར་བ་གཉིས་ཀ་མི་འཐད་དེ། གཉིས་པོ་ཕན་ཚུན་ཡིན་པར་འགལ་བའི་ཕྱིར་དང༌། འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་པའི་གཟུང་གིས་བསྟན་པའི་བྲལ་ཐོབ་ཟག་མེད་དེ་ནི། ཇི་སྐད་དུ། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང༌། ཞེས་དགེ་སྦྱོང་ཚུལ་གྱི་འབྲས་བུར་བཤད་ལ། སྤོང་ལམ་ཟག་བཅས་ཁོ་ནས་ཐོབ་ན། དགེ་སྦྱོང་ཚུལ་གྱི་འབྲས་བུར་འགལ་བའི་ཕྱིར་རོ། །ཡང་གལ་ཏེ་མི་སློབ་ལམ་གྱིས་ཐོབ་པའི་འགོག་བདེན་ཇི་ལྟར་ཡོད་ཅེ་ན། བོད་གཞན་དག རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་མ་ལུས་པར་སྤངས་པའི་འགོག་པ་མི་སློབ་པའི་གང་ཟག་གི་རྒྱུད་ལ་ཡོད་པ་དེ་ཉིད་ལ། མི་སློབ་པའི་འགོག་པར་བཏགས་པ་ཡིན་ཏེ། བྲལ་ཐོབ་དེའི་རྟེན་མི་སློབ་པའི་ལམ་ཡིན་པས་སོ། །ཞེས་ཟེར་བ་ནི་མི་འཐད་དེ། དེ་འདྲ་དེ་མི་སློབ་པ་ཡིན་ཀྱང༌། མི་སློབ་པས་ཐོབ་པ་ནི་མ་ཡིན་པའི་ཕྱིར། འོ་ན་ཅི་ཞེ་ན། མི་སློབ་པ་དབང་པོ་འཕོ་བའི་བར་ཆད་མེད་ལམ་གྱིས་ཐོབ་པའི་འགོག་བདེན་གྱི་ཐོབ་པའོ། །འོ་ན་དེ་དུས་ཀྱི་འགོག་པ་དེ་སྤང་བྱ་གང་གི་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཞིག་གིའོ། །དེ་ཁོ་ནར་མ་ཟད། དགྲ་བཅོམ་པས་སྙོམས་འཇུག་གི་སྒྲིབ་པ་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཡང་མི་སློབ་པ་ཉིད་དུ་ཁས་ལེན་དགོས་ཏེ། དགྲ་བཅོམ་པས་སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་ལམ་ནི་ཟག་མེད་ལས་གཞན་མེད་པས་སོ། །འོན་ཀྱང༌། འགོག་བྱེད་ཞི་གནས་ཁོ་ནར་ཁས་ལེན་པ་དེའི་ཚེ། དེས་ཐོབ་པའི་འགོག་བདེན་ནི་སོ་སོར་བརྟགས་འགོག་ཡིན་མིན་དཔྱད་པར་བྱ་ལ། དེ་ལྟར་དཔྱད་པ་ནི། སོ་སོར་བརྟགས་འགོག་མ་ཡིན་པའི་འགོག་བདེན་ཞིག ཐེག་པ་ཆེན་པོ་པ་དག་གིས་ནི་ངེས་པར་ཁས་ལེན་དགོས་ལ། འདིར་ནི་དེ་ལྟར་ཁས་ལེན་པའམ། ཡང་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་སྙོམས་འཇུག་གི་སྒྲིབ་པ་སྤངས་ཀྱང་མ་བྲལ་ཞེས་ཁས་ལེན་དགོས་པ་གང་རུང་ལས་མ་འདས་སོ། །གཉིས་པ་ནི། སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཅེས་པ་དེའི་མཚན་གཞི་ནི་ཟག་མེད་དེ། དེ་ལ་འགོག་པ་གཉིས་ཀྱི་དབྱེ་བས་གཉིས་ལས། བརྟགས་མིན་གྱི་འགོག་པའི་ཐོབ་པ་ཇི་སྙེད་པ་དང༌། བརྟགས་འགོག་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ཇི་སྙེད་པ་ནི་སྒོམ་སྤང་ཡིན་ཏེ། མ་སྒྲིབ་ལུང་མ་བསྟན་གྱི་དངོས་པོ་དང༌། དགེ་བ་ཟག་བཅས་གང་རུང་དུ་ངེས་པས་སོ། །བརྟགས་འགོག་ཟག་མེད་ལམ་གྱིས་ཐོབ་པ་དང༌། ལམ་བདེན་གཉིས་ཀྱིས་ཐོབ་པ་ཇི་སྙེད་པ་ནི་སྤང་བྱ་མ་ཡིན་པ་དེ་ཉིད་དེ། ཟག་མེད་ཁོ་ནར་ངེས་པས་སོ། །གཉིས་པ་དམིགས་ཀྱིས་བསལ་བ་ལ་གཉིས་ཏེ། མ་སྒྲིབ་ལུང་མ་བསྟན་དམིགས་ཀྱིས་བསལ་བ་དང༌། བསྒྲིབས་པའི་གཟུགས་ཀྱང་དེ་དང་འདྲ་བར་བསྟན་པའོ། །དང་པོ་ལ་དངོས་དང༌། དེའི་དམིགས་བསལ་ལོ། །དང་པོ་ནི། ལུང་བསྟན་མིན་ཐོབ་ལྷན་ཅིག་སྟེ། ཞེས་པ་ཆོས་མཐུ་ཆུང་བ་རྣམས་ཀྱི་ཐོབ་པའང་མཐུ་ཆུང་བའི་ཕྱིར་ཆོས་ཀྱི་སྔ་ཕྱིར་སྐྱེ་བ་མེད་དོ། །མཐུ་ཆུང་བ་ཅི་ཞེ་ན། རྣམ་པར་སྨིན་པ་འབྱིན་མི་ནུས་པས་དང༌། མངོན་པར་འདུ་བྱ་བ་མེད་པས་སོ། །གཉིས་པ་ནི། དེར་ངེས་སམ་ཞེ་ན། མངོན་ཤེས་སྤྲུལ་པ་མ་གཏོགས་པ། །ཞེས་པ་མིག་རྣའི་མངོན་ཤེས་གཉིས་དང༌། སྤྲུལ་སེམས་ལུང་མ་བསྟན་ཏེ། གསུམ་པོའི་ཐོབ་པ་ནི་སྔ་ཕྱིར་སྐྱེ་བ་ཡང་ཡོད་དེ། ཆོས་དེ་གསུམ་སྦྱོར་བའི་ཁྱད་པར་གྱིས་བསྒྲུབས་པས་སྟོབས་ཆེ་བའི་ཕྱིར། བཟོར་གནས་པ་དང༌། སྤྱོད་ལམ་པའི་ཁྱད་པར་ཁ་ཅིག་ཀྱང་དེ་དང་འདྲའོ། །ཞེས་འགྲེལ་པས་ཁ་བསྐངས་ལ། དེའི་དོན་ཡང༌། དེ་དང་དེའི་ཁྱད་པར་ལ་ཤིན་ཏུ་གོམས་པ་སྟེ། དཔེར་ན། ལྷའི་བཟོ་བོ་བི་ཤྭ་ཀརྨ་དང༌། འཕགས་པ་གནས་བརྟན་རྟ་ཐུལ་ལྟ་བུའོ། །ཞེས་འཆད་དོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། དེའི་ཤུགས་བསྟན་གྱི་དམིགས་བསལ་ལོ། །དང་པོ་ནི། ཐོབ་པ་ཆོས་དང་ལྷན་ཅིག་ཁོ་ནར་སྐྱེ་བ་ནི་མ་སྒྲིབས་ལུང་མི་བསྟན་གཅིག་པུར་ངེས་སམ་ཞེ་ན། བསྒྲིབས་པའི་གཟུགས་ཀྱིའང་ཞེས་པ། བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཀྱི་ཐོབ་པའང་ཆོས་དང་ལྷན་ཅིག་ཁོ་ནར་སྐྱེའོ། །སྔ་ཕྱིར་སྐྱེ་བ་མེད་དེ། དེའི་ཀུན་སློང་ནི་སྟོབས་ཆུང་བའི་ཕྱིར། སྟོབས་ཆུང་བ་ཅི་ཞེ་ན། དེས་སྤྱིར་གཟུགས་ཀྱི་ཀུན་སློང་བྱེད་ཀྱང༌། རིག་བྱེད་མ་ཡིན་པའི་གཟུགས་ཀུན་ནས་སློང་བར་མི་ནུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། འདོད་པའི་སས་བསྡུས་པའི་སྒྲིབ་པས་ནི་རིག་བྱེད་མ་ཡིན་པའི་གཟུགས་མི་སློང༌། བསམ་གཏན་གྱི་སས་བསྡུས་པའི་དེས་ཀྱང་དེ་མི་སློང་བའི་ཕྱིར། དེ་དག་གི་ཤེས་བྱེད་ཀྱང༌། ཇི་སྐད་དུ། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་འཆད་པས་ན། འདོད་པའི་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཀུན་སློང་ཡིན་ན། མི་དགེ་བ་དང་དགེ་བ་གང་རུང་ཡིན་དགོས་ཤིང༌། གཟུགས་ཀྱི་དེ་ལ་དགེ་བས་ཁྱབ་པའི་ཕྱིར། འོ་ན་སྒྲིབ་པའི་གཟུགས་དེ་ས་གང་ན་ཡོད་ཅེ་ན། བསམ་གཏན་དང་པོ་ཁོ་ནར་ཡོད་དེ། ཇི་སྐད་དུ། རྣམ་རིག་སྤྱོད་དང་བཅས་དག་ན། །ཞེས་བསམ་གཏན་གཉིས་པ་ཡན་ཆད་ན་མེད་པར་བཤད་ཅིང༌། ཡང་ཇི་སྐད་དུ། འདོད་པ་ན་ཡང་སྒྲིབ་པ་མེད། །གང་ཕྱིར་ཀུན་སློང་མེད། ཅེས་བཤད་པས་སོ། །དེའི་གོ་བ་ཡང༌། འདོད་པའི་སྒྲིབ་པ་ནི་འཇིག་མཐར་གཉིས་པོ་ཁོ་ནར་ངེས་ཤིང་དེ་ལ་མཐོང་སྤང་གིས་ཁྱབ་པས་ན། རིག་བྱེད་ཀུན་ནས་སློང་བར་མི་ནུས་ཏེ། ཁ་ནང་དུ་བལྟས་པའི་ཕྱིར། ཁམས་གོང་མའི་ཉོན་མོངས་མཐའ་དག་ལུང་མ་བསྟན་དུ་ངེས་ཀྱང༌། དེས་རིག་བྱེད་ཀུན་ནས་སློང་བ་ནི་རྟོག་དཔྱོད་གང་རུང་ལ་རག་ལས་པའི་ཕྱིར་ན། བསམ་གཏན་གཉིས་པ་ཡན་ཆད་ན་མེད་དོ། །གཉིས་པ་ནི། གལ་ཏེ་ཇི་སྐད་དུ། སྒྲིབ་པའི་གཟུགས་ཀྱིའང་ཞེས་ངེས་པར་གཟུང་བའི་ཕྱིར། དགེ་བ་དང་མི་དགེ་བའི་གཟུགས་ཀྱི་ཐོབ་པ་སྔ་ཕྱིར་སྐྱེ་བའི་ཁྱབ་པ་ངེས་སམ་ཞེ་ན། མ་ངེས་སོ་ཞེས་འཆད་པ་ནི། ཇི་སྐད་དུ། འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་བཤད་པ་དེའི་དོན་ནི། འདོད་པ་ན་སྤྱོད་པའི་དགེ་བ་དང་མི་དགེ་བའི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གང་གི་ཡང་ཐོབ་པ་སྔར་སྐྱེ་བ་ནི་རྣམ་པ་ཐམས་ཅད་དུ་མེད་དོ། །འདིའི་ཤེས་བྱེད་ནི་གྲུབ་པའི་མཐའ་ལ་གྲགས་པ་ཙམ་སྟེ། ཇི་སྐད་དུ། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན་མ་འོངས་མེད། །ཅེས་དང༌། སོ་སོ་ཐར་ནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མི་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང༌། །སྡོམ་མིན་གནས་པའང་དེ་དང་འདྲ། །ཞེས་འཆད་པའི་ཕྱིར་རོ། །དེ་བས་ན། ཇི་སྐད་དུ། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་བཤད་པ་འདི་ནི་ཆོས་ཀྱི་ཁྱད་པར་འདི་དང་འདི་དག་ལ་དགོངས་པ་ཡིན་ཏེ། བོད་ཀྱི་སློབ་དཔོན་དག་གིས་སྦྱར་བའི་སྡོམ་ཚིག་ལས། གང་གི་ཐོབ་པ་དུས་གསུམ་པར། །གསུངས་ལ་ལུང་མ་བསྟན་པ་དང༌། །བསྒྲིབས་གཟུགས་འདོད་པའི་གཟུགས་དག་གི །ཐོབ་པ་དམིགས་ཀྱིས་བསལ་བའི་ཕྱིར། །མཚུངས་ལྡན་ཉོན་མོངས་ཅན་དང་དགེ །གོང་མའི་དགེ་བ་གཟུགས་ཅན་དང༌། །མཚུངས་ལྡན་མིན་པ་དགེ་མི་དགེ །ཐམས་ཅད་དུས་གསུམ་པར་འདོད་དོ། །ཞེས་འཆད་པ་ལྟར་ཡིན་ནོ། །གཉིས་པ་མ་ཐོབ་པ་བཤད་པ་ལ་གཉིས་ཏེ། དངོས་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། མ་ཐོབ་པ་ལའང་ཐོབ་པ་ལ་ཇི་སྐད་བཤད་པ་བཞིན་དུ། དགེ་སོགས་ཀྱི་རྣམ་པར་གཞག་པ་མཐའ་དག་འཆད་པར་ནུས་སམ་ཞེ་ན། མ་ཡིན་ཏེ། མ་ཐོབ་པ་ནི་ཕྱོགས་གང་གིས་ཡིན་ཀྱང་རུང༌། མཐའ་གཅིག་ཏུ་ལུང་མ་བསྟན་ཁོ་ནར་ངེས་པའི་ཕྱིར་དང༌། ཆོས་ད་ལྟར་བྱུང་བའི་མ་ཐོབ་པ་ད་ལྟར་བྱུང་བ་ནི་མི་སྲིད་པའི་ཕྱིར་དང༌། མ་ཐོབ་པ་ནི་རྟེན་དབང་བཙན་པས་ཆོས་གང་གི་ཡིན་ཀྱང་རུང་ཁམས་གསུམ་གང་རུང་དུ་གཏོགས་པས་ཁྱབ་པའི་ཕྱིར། ཞེས་འཆད་པ་ནི། མ་ཐོབ་མ་སྒྲིབས་ལུང་མ་བསྟན། །ཞེས་སོགས་སོ། །འདོད་སོགས་གཏོགས། ཞེས་པར་ཁམས་གོང་མ་གཉིས་ཀྱི་ཆོས་འདོད་པར་མ་ཐོབ་པ་འདོད་པར་གཏོགས་པ་དང༌། འདོད་པ་དང་གཟུགས་མེད་ཀྱི་ཆོས་གཟུགས་ཁམས་སུ་མ་ཐོབ་པ་ནི་གཟུགས་ཁམས་སུ་གཏོགས་ཞེས་འཆད་མོད། འདོད་གཟུགས་ཀྱི་ཆོས་གཟུགས་མེད་དུ་མ་ཐོབ་པ་གཟུགས་མེད་དུ་རྟོགས་ཞེས་ནི་མི་འཆད་དེ། གཟུགས་མེད་ཀྱི་རྟེན་ལ་ཁམས་འོག་མའི་ཆོས་ཀྱི་ཐོབ་པ་འཇོག་རྒྱུ་མེད་ལ། གང་ན་གང་གི་ཐོབ་པ་མེད་པ་དེ་ལ་དེའི་མ་ཐོབ་པ་ཡང་མེད་དོ། །ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པས་སོ། །དྲི་མེད་ཀྱིའང༌། ཞེས་པ་ལ་འཕྲོས་ནས། ཟག་མེད་ཀྱི་མ་ཐོབ་པ་ཟག་བཅས་སུ་འཇོག་པའི་ཤེས་བྱེད་ནི། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ། །ཞེས་པ་ལམ་བདེན་གྱི་མ་ཐོབ་པའི་མཚན་གཞི་ནི་སོ་སོ་སྐྱེ་བོ་ཉིད་ཡིན་ལ། དེ་ཡང་ཟག་པ་དང་བཅས་པས་སོ། །ཡང་ཇི་སྐད་དུ། དེ་ཐོབ་དང༌། ས་འཕོས་ན་ས་ནི་རྣམ་ཉམས་འགྱུར། །ཞེས་པ་དངོས་བསྟན་ལ། འཕགས་ལམ་ཐོབ་པ་ནི་སོ་སོ་སྐྱེ་བོ་དེ་རྣམ་པར་ཉམས་པར་འགྱུར་བ་དང༌། ས་འཕོས་པའི་ཚེ་ན་ཡང་རྣམ་པར་ཉམས་པར་འགྱུར་རོ། །གང་གི་ཚེ་གང་ཉམས་པ་དེ་དང་ནི་མི་ལྡན་པས་ཁྱབ་སྟེ། ཇི་སྐད་དུ། ཉམས་པ་གཉིས་ནི་མི་ལྡན་པ། །ཞེས་འཆད་པའི་ཕྱིར་རོ། །ལམ་བདེན་ཐོབ་པ་དེའི་ཚེ་སོ་སོ་སྐྱེ་བོ་གཏོང་བ་ཡིན་མོད། བསམ་གཏན་དང་པོར་ས་འཕོས་པའི་ཚེ་སོ་སོ་སྐྱེ་བོ་གཏོང་བ་ཇི་ལྟར་ཞེ་ན། གོང་དུ་འཕོས་པའི་ཚེ། ས་འོག་མའི་སོ་སོ་སྐྱེ་བོ་ཉིད་དང༌། གོང་ནས་འོག་ཏུ་ས་འཕོས་པའི་ཚེ་གོང་མའི་སོ་སོ་སྐྱེ་བོ་ཉིད་གཏོང་བ་ཡིན་ཏེ། དེའི་ཚེ་དེ་དང་དེ་རྣམ་པར་ཉམས་པའི་ཕྱིར། དེ་ཡང་གོང་དུ་འཕོས་པའི་ཚེ་ནི་ཡོན་ཏན་ཐོབ་པས་འོག་མ་ལས་རྣམ་པར་ཉམས་པ་ཡིན་ལ། འོག་ཏུ་འཕོས་པའི་ཚེ་ནི་ཉེས་པའི་སྟོབས་ཀྱིས་རྣམ་པར་ཉམས་པའོ། །རྣམ་པར་ཉམས་པ་ལ་ཡོན་ཏན་དང་ཉེས་པས་བྱས་པ་གཉིས་ཀ་ཡོད་པ་དེའི་ཕྱིར། གཞུང་དུ། ས་འཕོས་ནས་ནི་ཡོངས་ཉམས་འགྱུར། །ཞེས་མི་འཆད་པ་ཡིན་ནོ། །དེ་ཡང་འདི་ལྟར། འདོད་པ་ནས་བསམ་གཏན་དང་པོར་ས་འཕོས་པའི་དོན་ནི། འདོད་པ་ལ་ཆགས་པ་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པའི་ཚེ་འདོད་པའི་སོ་སོ་སྐྱེ་བོ་ཉིད་བཏང་བ་ཡིན་ཏེ། བསམ་གཏན་དང་པོའི་སོ་སོ་སྐྱེ་བོའི་མ་ཐོབ་པ་བཏང་བའི་ཕྱིར། དེའི་ཚེ་བསམ་གཏན་དང་པོའི་སོ་སོ་སྐྱེ་བོ་ཐོབ་པ་ཡིན་ཏེ། དེའི་ཚེ་འཕགས་པའི་གང་ཟག་མ་ཡིན་པའི་རྒྱུད་ལ་བསམ་གཏན་དང་པོ་ཉིད་ཐོབ་པའི་ཕྱིར། དེ་ཡང་སོ་སོ་སྐྱེ་བོའི་བསམ་གཏན་དང་པོ་ཐོབ་པ་དང༌། བསམ་གཏན་དང་པོའི་སོ་སོ་སྐྱེ་བོ་ཉིད་ཐོབ་པ་ནི། དང་པོར་རྙེད་པ་དང༌། ཕྱིས་ལྡན་པའི་དུས་གཉིས་ཀ་ཁྱབ་མཉམ་པ་ཡིན་ཏེ། ཇི་སྲིད་སོ་སོ་སྐྱེ་བོའི་བསམ་གཏན་དང་པོ་དང་ལྡན་པ་དེ་སྲིད་དུ། བསམ་གཏན་དང་པོའི་སོ་སོ་སྐྱེ་བོ་ཉིད་དང་ལྡན་པས་ཁྱབ་ཅིང༌། དེ་དང་ལྡན་པ་ལ་ཅིག་ཤོས་དང་ཡང་ལྡན་པས་ཁྱབ་པའི་ཕྱིར་རོ། །བོད་ཀྱི་ཊཱི་ཀ་བྱེད་པ་དག ས་འཕོས་པའི་དོན། ས་དེ་དང་དེར་སྐྱེ་བ་བླངས་པ་ལ་འཆད་པ་ནི་མ་ཤེས་པ་ཡིན་ཏེ། རྩ་འགྲེལ་ལས་དེ་ལྟར་མ་བཤད་པས་ལུང་མེད་པ་དང༌། སོ་སོ་སྐྱེ་བོ་ཞེས་པ་བརྟེན་གྱི་གང་ཟག་ལ་འཁྲུལ་བས་གྲུབ་མཐའ་དང་འགལ་བའི་ཕྱིར། དེས་ན་འདོད་པ་ལ་ཆགས་བྲལ་བྱས་པའི་ཚེ་འདོད་པའི་སོ་སྐྱེ་བཏང་བ་ཡིན་ཏེ། དེའི་ཚེ་འདོད་པའི་ས་ཉིད་བཏང་བའི་ཕྱིར་དང༌། འདོད་པའི་སོ་སོ་སྐྱེ་བོ་ནི་འདོད་པའི་ས་ཉིད་ཀྱིས་བསྡུས་པའི་ཕྱིར་དང༌། འདོད་པའི་ས་སྤངས་ཀྱང་མ་བྲལ་ན། འདོད་པའི་འདོད་ཆགས་དང་རྣམ་པར་འཚེ་བ་གཉིས་སྤངས་ཀྱང་མ་བྲལ་བ་ཉིད་དུའང་ཧ་ཅང་ཐལ་བ་དང༌། ས་འཕོས་པ་ལ་སྐྱེ་བ་འཕོས་པ་དགོས་ན། ཇི་སྐད་དུ། འཕགས་པས་དེ་དག་ས་བོར་བས། །གཏོང་ངོ༌། །ཞེས་པ་དེར་ཡང་དེ་དགོས་པར་ཐལ་བ་དང༌། དེ་ལྟ་ན་གཞུང་དེའི་དེ་མ་ཐག་ཏུ། འཕགས་མིན་འཆི་བས་སོ། །ཞེས་པའི་ཚིག་ལ་ནུས་པ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན། ཇི་སྐད་དུ། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གི་གཏོང༌། །ཞེས་པའི་འགྲེལ་པར། རྒྱུ་གཉིས་ཀྱིས་གཏོང་སྟེ། གོང་ངམ་འོག་ཏུ་སྐྱེ་བས་ཏེ། །ས་འཕོས་པའམ། ཡོངས་སུ་ཉམས་པ་ལས་སོ། །ཞེས་འཆད་པ་མ་ཡིན་ནམ་ཞེ་ན། བཤད་པ་དེའི་དོན་ནི། འོག་ནས་གོང་དུ་སྐྱེ་བའི་ཚེ་ས་འཕོས་པ་དང༌། གོང་ནས་འོག་ཏུ་སྐྱེ་བའི་ཚེ། ཡོངས་སུ་ཉམས་པ་ཞེས་བྱ་བའི་རྣམ་གཞག་མཛད་པའོ། །དེ་ཡང་གོང་དུ་སྐྱེ་བའི་ཚེ་ས་འཕོས་དགོས་པ་ཡིན་ཏེ། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་ལེན་པའི་ཚེ། དེར་ས་མ་འཕོས་པར་སྐྱེ་བ་ལེན་མི་ནུས་པའི་ཕྱིར། དེར་སྐྱེས་ཙམ་གྱི་ཚེ་ས་འཕོས་པར་འཇོག་པ་མ་ཡིན་ཏེ། ས་འཕོས་ཟིན་པའི་འོག་ཏུ་སྐྱེས་པའི་ཕྱིར། འདོད་པའི་ཉོན་མོངས་ཀྱི་བསམ་གཏན་དང་པོ་ལས་ཉམས་ཏེ། འདོད་སེམས་མངོན་དུ་བྱས་པ་དེའི་ཚེ་ནི་ཡོངས་སུ་ཉམས་པ་ཞེས་བྱའི། ས་འཕོས་པ་ཞེས་མི་བྱ་བའི་འདི་ནི། ཞིབ་མོའི་རྣམ་པར་བཞག་པ་སྟེ། ས་གོང་མའི་ཡོན་ཏན་སྔར་མ་ཐོབ་པ་ཞིག་ཐོབ་པ་ལས་འཕོས་པ་ཞེས་བྱ་བ་ཡིན་གྱི། ས་འོག་མའི་ཉེས་པ་མངོན་དུ་བྱས་པ་ལས་འཕོས་པའི་དོན་མེད་པའི་ཕྱིར། འོ་ན་ལམ་བདེན་ཐོབ་པ་ཙམ་གྱིས་སོ་སོ་སྐྱེ་བོ་ཉིད་གཏོང་བར་ངེས་ན། ངེས་འབྱེད་ཆ་མཐུན་ཀྱང་དེའི་ཚེ་གཏོང་བར་ངེས་སམ་ཞེ་ན། མ་ངེས་ཏེ། འཕགས་པས་ནི་ངེས་འབྱེད་གང་ལ་བརྟེན་པའི་ས་དེ་ལ་ཆགས་བྲལ་བྱས་པའི་ཚེ་གཏོང་བ་ཡིན་གྱི། དེ་མ་བྱས་ན་ནི་དགྲ་བཅོམ་པའི་ཚེ་ཡང་ལྡན་པར་ཁས་ལེན་དགོས་པས་སོ། །འཕགས་ལམ་དེ་མ་ཐོབ་ན་ནི་ས་འཕོས་ཀྱང་རུང༌། ཡོངས་སུ་ཉམས་ཀྱང་རུང་སྟེ། སྦྱོར་ལམ་པ་དེ་འཆི་འཕོ་བའི་ཚེ་ཁོ་ན་གཏོང་བར་ངེས་ཏེ། ཁམས་གོང་མའི་རྟེན་ལ་ངེས་འབྱེད་ཆ་མཐུན་མེད་པའི་ཕྱིར་དང༌། བསམ་གཏན་ལས་མ་ཉམས་བཞིན་དུ་ནི་འདོད་པར་མི་སྐྱེ་ལ། རྟེན་བསམ་གཏན་ལས་ཉམས་ན་བརྟེན་པ་སྦྱོར་ལམ་ངེས་པར་གཏང་བས་ཁྱབ་པའི་ཕྱིར་རོ། །གཞུང་འདིའི་དངོས་བསྟན་ལམ་བདེན་གྱི་མ་ཐོབ་པ་ལ་སྦྱར་ཡང༌། མཚོན་པའི་དོན་ནི། དེ་ཐོབ་དང༌། ཞེས་པ་མ་ཐོབ་པ་མཐའ་དག་གི་གཏོང་རྒྱུ་དང༌། ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ཞེས་པ་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་གཏོང་རྒྱུར་འཆད་དགོས་པ་ཡིན་ཏེ། རང་རྒྱུད་ལ་ཆོས་དེ་དང་དེ་ཐོབ་པ་ན་དེའི་མ་ཐོབ་པ་ཉམས་པས་ཁྱབ་པ་དང༌། བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་ན་དེའི་མ་ཐོབ་པ་ཉམས་པ་ལྟ་བུའོ། །གཉིས་པ་འཕྲོས་པའི་དོན་ལ་གསུམ་སྟེ། སོ་སོ་སྐྱེ་བོ་གང་ཟག་ཏུ་འདོད་པ་བྱེ་མདོ་གཉིས་ཀའི་ལུགས་མ་ཡིན་པར་བསྟན་པ་དང༌། དེའི་མ་ཐོབ་པ་གཏོང་བ་ཐོབ་པ་ལ་རག་ལས་ཀྱང༌། ཐོབ་པ་གཏོང་བ་མ་ཐོབ་པ་ལ་རགས་ལས་པ་དང༌། སློབ་དཔོན་གྱིས་ཐོབ་པའི་དགའ་སྟོན་ལ་བསྟིང་ཚིག་སྨྲས་པ་དེ་བྱེ་མདོ་གང་གི་ལུགས་ཡིན་དཔྱད་པའོ། །དང་པོ་ནི། སོ་སོ་སྐྱེ་བོ་ལ་གང་ཟག་གིས་ཁྱབ་པ་ནི་བྱེ་མདོ་གང་གི་ཡང་ལུགས་མ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བས་ནི་ལམ་བདེན་གྱི་མ་ཐོབ་པ་ཉིད་དེར་ཁས་ལེན་པ་དང༌། མདོ་སྡེ་པས་ནི་འཕགས་པའི་ཆོས་རྣམས་མ་སྐྱེས་པའི་རྒྱུད་ཅེས་བྱ་བ་ཉིད་སོ་སོ་སྐྱེ་བོར་འདོད་དོ། །ཞེས་འགྲེལ་པ་ལས་བཤད་པའི་ཕྱིར་རོ། །འོ་ན་སོ་སོ་སྐྱེ་བོའི་གང་ཟག་སོ་སོ་སྐྱེ་བོ་ཉིད་དུ་མི་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། འདི་ནི་རྫས་སུ་གྲུབ་ལ། དེའི་གང་ཟག་ནི་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། འགྲེལ་པ་འདི་ཉིད་ལས། ཇི་སྐད་དུ། རྫས་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་སྨྲས་པར་འགྱུར། །ཞེས་བཤད་པ་དེ་ཁྱད་གཞི་གང་ཟག་གི་དབང་དུ་བྱས་པའི་ཕྱིར། དེ་བཞིན་དུ་འཕགས་པ་དང༌། སློབ་པ་དང༌། མི་སློབ་པ་དང༌། སངས་རྒྱས་དང༌། དགེ་འདུན་དང༌། དགེ་སློང་དང༌། དགེ་བསྙེན་དང༌། དགེ་ཚུལ་ལ་སོགས་པ་བཞིན་ནོ། །དེའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། འཕགས་པའི་གང་ཟག་དང༌། དེའི་སེམས་ཅན་དང༌། སློབ་པ་དང་མི་སློབ་པའི་གང་ཟག་དང༌། དགེ་སློང་ཕ་དང་མ་ཞེས་ཟུར་ཕྱིན་པ་སྨོས་པ་དེའི་ཚེ་གང་ཟག་ལ་འཇོག་པ་ཡིན་གྱི། འཕགས་པ་སོགས་ཙམ་གྱིས་ནི་མ་ཡིན་ཏེ། ཡིན་ན། ཇི་སྐད་དུ། འཕགས་པ། འབྲས་བུ་ཐོབ་སྦྱངས། ཞེས་སོགས་དང༌། འཕགས་ནི་དང་པོ་འདས་དང་མིན། །ཞེས་དང༌། སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་སོགས་སུ་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་འདོད་པའི་རྟེན་ཅན་གྱི་འཕགས་ལམ་རྒྱུད་ལ་མ་སྐྱེས་པའི་གང་ཟག བསམ་གཏན་དང་པོའི་དངོས་གཞི་རྒྱུད་ལ་ཡོད་བཞིན་པ་དེ་འདྲ་དེ་ནི་འདོད་པའི་སོ་སོ་སྐྱེ་བོ་ཉིད་མ་ཡིན་ཏེ། དེའི་ལྡན་པ་གཏང་པའི་གང་ཟག་ཡིན་པའི་ཕྱིར། དེ་ལྟ་ནའང་འདོད་པའི་སོ་སོ་སྐྱེ་བོའི་གང་ཟག་མ་ཡིན་པར་ཐལ་བའི་ཉེས་པ་མེད་དེ། འདོད་པའི་རྟེན་ཅན་གང་ཞིག་སོ་སོ་སྐྱེ་བོ་ཉིད་རྒྱུད་ལ་ལྡན་པའི་ཕྱིར་རོ། །དེ་ལས་གཞན་དུ་ས་འཕོ་བ་ལ་སྐྱེ་བ་བླངས་པ་དགོས་ན། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་བསམ་གཏན་དང་པོའི་དངོས་གཞི་རྒྱུད་ལ་སྐྱེས་པ་དེས་འདོད་སེམས་མངོན་དུ་བྱས་པའི་ཚེ། ས་འཕོས་པ་མ་ཡིན་པ་འགྱུར་ཏེ། དེ་དེར་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་རོ། །འདོད་ན་ཁས་བླངས་པ་དང་འགལ་ཏེ། འདི་ས་འཕོས་པ་མ་ཡིན་ན་ཉམས་པར་ཁས་ལེན་དགོས་ལ། དེའི་ཚེ་ཉམས་པ་དང་ས་འཕོས་པའི་གཞི་མཐུན་མི་སྲིད་ན་ནི། གོང་ནས་འོག་སར་སྐྱེས་པའི་དུས་ཀྱི་ས་འཕོས་པ་དེ་ཆོས་ཅན་དུ་བཟུང་བས་མ་ངེས་པར་འགྱུར་ལ། གཞི་མཐུན་སྲིད་ན་ནི་དེའི་མཚན་གཞི་གང་ཡིན། འདོད་ལན་བཏབ་མ་ཐག་པ་དེའོ་ཞེ་ན། དེ་ས་འཕོས་པར་མི་འདོད་པ་དང་འགལ། གོང་ནས་འོག་ཏུ་སྐྱེས་ཟིན་པ་དེའོ་སྙམ་ན། དེ་འདྲ་དེ་ཡོངས་སུ་ཉམས་པས་གཏོང་བའི་མཚན་གཞིར་མི་འདོད་པ་དང་འགལ། འོག་ཏུ་མ་སྐྱེས་གོང་དུ་ས་གོང་མ་ལས་ཉམས་པ་ཡོད་དམ་མེད། མེད་ན་ཕྱིར་མི་འོང་ས་གོང་མ་ལས་ཉམས་པ་མེད་པར་འགྱུར་ལ། དེ་འདྲ་ཡོད་ན་ནི་དེ་འདྲ་དེ་འོག་ཏུ་སྐྱེས་པའི་ཚེ་ས་གོང་མ་གཏོང་བ་མ་ཡིན་ཏེ། མ་སྐྱེས་གོང་དུ་བཏང་ཟིན་པའི་ཕྱིར། དེས་ན་གོང་མ་ནས་འོག་མར་སྐྱེ་བ་བླངས་པའི་ཚེ། འཆི་འཕོ་བས་བཏང་བ་ཡིན་གྱི། ས་འཕོས་པས་གཏོང་བ་མ་ཡིན་པར་གྲུབ་པ་དེའི་ཚེ། ས་འཕོ་བ་ལ་སྐྱེ་བ་ལེན་པ་དགོས་སོ་ཞེས་པ་དེ་ལ་ལུང་མེད་དོ། །སྤྱིར་ས་འཕོ་བ་ལ་གཉིས་ཏེ། ཡོངས་སུ་ཉམས་ནས་འཕོ་བ་དང༌། རྣམ་པར་ཉམས་ནས་འཕོ་བའོ། །གཉིས་པ་ནི། ས་འོག་མ་ལ་ཆགས་བྲལ་བྱས་པའི་ཚེ་ཡིན་ལ། དང་པོ་ནི་ས་འོག་མའི་ཆགས་བྲལ་ལས་ཉམས་པའི་ཚེའོ། །ཡོངས་སུ་ཉམས་པ་ལ་ཡང་གཉིས་ཏེ། འོག་སའི་རྟེན་ལ་དང༌། གོང་སའི་རྟེན་ལའོ། །དང་པོ་ནི། འོག་མའི་ཉོན་མོངས་མངོན་དུ་གྱུར་པའི་ཚེ་ཡིན་ལ། གཉིས་པ་ནི། གོང་མ་ནས་འོག་མར་ཉིང་མཚམས་སྦྱོར་བའི་ཚེའོ། །དེ་ལྟར་ན་ས་འཕོས་ཚུལ་ལ་གཉིས་ཡོད་ཀྱང༌། ས་འཕོ་བ་དང་ཉམས་པ་གཉིས་གཏོང་རྒྱུ་གཉིས་སོ་སོར་འབྱེད་པ་དེའི་ཚེ། གོང་སར་འཕོ་བ་ལ་ས་འཕོ་བ་དང༌། འོག་སར་འཕོ་བ་ལ་ཉམས་པའི་མིང་གིས་བསྟན་ནོ། །ཡང་དག་པར་ན། ཁམས་གསུམ་ས་དགུའི་གཏོང་ཚུལ་ནི། ས་འཕོ་བ་དང་འཆི་འཕོ་བ་གཉིས་སུ་འདུས་པ་ཡིན་ལ། གཉིས་པོ་ཡང་འགལ་བ་ཡིན་ཏེ། གཞན་དུ་ན། འདོད་པའི་རྟེན་ལ་བསམ་གཏན་གསུམ་པ་ལ་ཆགས་བྲལ་བྱས་པ་དེའི་ཚེ། བསམ་གཏན་འོག་མ་གསུམ་གྱི་དགེ་བ་དག་པ་པ་རྣམས་ལྡན་པར་འགྱུར་ཏེ། ལན་ཅིག་ཐོབ་ནས་གཏོང་རྒྱུ་མ་བྱུང་བའི་ཕྱིར། འདོད་ན། ཡན་ལག་ལྔ་ལྔ་སྤངས་པའོ། །ཞེས་པ་དང་འགལ་ཞིང༌། སྤངས་ཀྱང་ལྡན་ན། བསམ་གཏན་བཞི་པའི་ཚེ། རྟོག་དཔྱོད་དང་དགའ་བདེ་སོགས་ལྡན་པ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །དེ་བཞིན་དུ་འདོད་པའི་ཉོན་མོངས་མངོན་དུ་བྱས་པའི་ཚེ་བསམ་གཏན་ལས་ཉམས་ཀྱང༌། ས་མ་འཕོས་ན། བསམ་གཏན་གྱི་སེམས་མ་བཏང་བ་ཉིད་དུ་འགྱུར་ལ། དེ་ལྟ་ན་ཡང་ལྡན་པ་ཉིད་དུ་འགྱུར་ཏེ། ལན་ཅིག་སྙེད་ནས་གཏོང་རྒྱུ་མ་བྱུང་བའི་ཕྱིར་རོ། །གཞན་ཡང༌། ས་འཕོས་པ་ལ་འཆི་འཕོ་བ་ཡན་ལག་ཏུ་དགོས་ན། རྩ་འགྲེལ་གཉིས་ཀ་ལས་ས་འཕོ་བ་དང་འཆི་འཕོ་བའི་གཏོང་རྒྱུ་ཐ་དད་དུ་གསུངས་པའི་རྣམ་དབྱེ་མ་ཕྱེད་པར་འགྱུར་རོ། །འོ་ན། ཇི་སྐད་དུ། འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆེད་གོང་དུ་སྐྱེས་པ་ལས། །ཞེས་བཤད་པ་མི་འཐད་པར་འགྱུར་ཏེ། གོང་དུ་མ་སྐྱེས་གོང་དུ་འདོད་པའི་སར་གཏོགས་པའི་དགེ་བ་བཏང་ཟིན་པའི་ཕྱིར། ཞེ་ན། མཚུངས་པ་མ་ཡིན་ཏེ། བསམ་གཏན་དུ་གཏོགས་པའི་དགེ་བ་ས་འཕོས་པས་གཏོང་བར་བཤད་ཀྱང༌། འདོད་པར་གཏོགས་པའི་དགེ་བ་ས་འཕོས་པས་གཏོང་བར་མི་འཆད་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། འདོད་པ་ནས་གོང་མར་ས་འཕོ་བའི་ཚེ། དེའི་སས་བསྡུས་ཀྱི་ཉོན་མོངས་སྤོང་བ་ཡིན་ལ། བསམ་གཏན་གྱི་ས་གོང་མར་འཕོ་བའི་ཚེ། ས་དེའི་དགེ་བ་དག་པ་པ་དག་གཏོང་དགོས་པའི་ཕྱིར་རོ། །འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མ་ཡིན་པ་གོང་དུ་མ་སྐྱེས་པར་ས་འཕོས་པ་ཙམ་གྱིས་གཏོང་བ་ཡོད་དེ། ཡིད་མི་བདེ་དང་མཚུངས་ལྡན་གྱི་དགེ་བ་འདོད་པ་ལ་ཆགས་བྲལ་བྱས་ཙམ་གྱི་ཚེ་ན་གཏོང་བར་འཆད་དགོས་པའི་ཕྱིར། གཉིས་པ་ནི། གལ་ཏེ། ཇི་སྐད་དུ། དེ་ཐོབ་དང༌། ཞེས་པའི་གཞུང་གིས་ཆོས་དེ་དང་དེའི་མ་ཐོབ་པ་གཏོང་བ་ནི། དེའི་ཐོབ་པ་རྫས་གཞན་ལ་རག་ལས་པ་ལྟ་བུར་བཤད་ན། ཆོས་གང་དང་གང་གི་ཐོབ་པ་བཏང་བ་ན། དེ་དང་དེའི་མ་ཐོབ་པ་རྫས་གཞན་སྐྱེའམ་སྙམ་ན། དེ་མི་དགོས་པར་འཆད་པ་ལ་གཉིས་ཏེ། མ་ཐོབ་པའི་རྣམ་གཞག་རྩི་རྒྱུ་མེད་པས་མི་དགོས་པ་དང༌། མ་ཐོབ་པ་སྐྱེ་བའི་ནུས་པ་བཅོམ་པས་དེ་མི་དགོས་པར་བསྟན་པའོ། །དང་པོ་ནི། འཕགས་པས་སོ་སོ་སྐྱེ་བོའི་ཐོབ་པ་གཏང་བ་དེའི་ཚེ། སོ་སོ་སྐྱེ་བོའི་མ་ཐོབ་པ་རྒྱུད་ལ་སྐྱེས་པ་མ་ཡིན་ཏེ། འཕགས་རྒྱུད་ལ་སོ་སོ་སྐྱེ་བོའི་མ་ཐོབ་པ་རྩི་རྒྱུ་མེད་པའི་ཕྱིར། དེའི་གཏན་ཚིགས་ཀྱང༌། རྒྱུད་གང་ལ་ཆོས་གང་གི་ཐོབ་པ་འཇོག་རྒྱུ་མེད་པ་དེ་ལ། ཆོས་དེའི་མ་ཐོབ་པ་ཡང་འཇོག་རྒྱུ་མེད་པ་ནི་གྲུབ་པའི་མཐའ་ཡིན་ལ། འཕགས་རྒྱུད་ལ་སོ་སོ་སྐྱེ་བོའི་ཐོབ་པ་མི་འཇོག་པའི་ཕྱིར། དེ་བཞིན་དུ་དགྲ་བཅོམ་པའི་རྒྱུད་ལ་ཉོན་མོངས་པ་མི་ལྡན་ཡང༌། དེའི་མ་ཐོབ་པ་མི་འཇོག་པ་དང༌། སྒོམ་ལམ་པས་མཐོང་ལམ་གྱི་ཐོབ་པ་བཏང་ཡང༌། དེའི་མ་ཐོབ་པ་རྒྱུད་ལ་མི་ལྡན་པ་དང༌། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ། དེའི་ཐོབ་པ་བཏང་ཡང༌། མ་ཐོབ་པ་ལྡན་པ་ནི་མ་ཡིན་ཏེ། སློབ་པའི་རྒྱུད་ལ་དགྲ་བཅོམ་པའི་ཐོབ་པ་འཇོག་པའི་སྐབས་མེད་པའི་ཕྱིར། འོ་ན་རྒྱུད་གང་ལ་མ་ཐོབ་པ་འཇོག་རྒྱུ་མེད་པ་དེ་ལ་ཐོབ་པ་ཡང་འཇོག་རྒྱུ་མེད་པར་མཚུངས་སོ། །ཤེ་ན། མི་མཚུངས་ཏེ། ཐོབ་པ་ནི་མ་ཐོབ་པ་བཏང་བ་དང་མི་ལྡན་པ་ལ་འཇོག་དགོས་ལ། མ་ཐོབ་པ་ནི་ཐོབ་པ་བཏང་བ་ལ་འཇོག་དགོས་པ་མ་ཡིན་པའི་ཕྱིར། དཔེར་ན་སངས་རྒྱས་པའི་ཚེ་སྟོབས་སོགས་ཐོབ་པ་དང༌། སེམས་ཅན་གྱིས་དེ་མ་ཐོབ་པ་བཞིན་ནོ། །རྒྱུད་དང་སྦྱར་བའི་ཚེ་དེ་ལྟར་ཡིན་ཀྱང༌། སྤྱིར་ནི་དེའི་ཐོབ་པ་ཡོད་ན་དེའི་མ་ཐོབ་པ་ལ་ཡང་ཡོད་དགོས་ཏེ། སྤྱིར་ཆོས་དེའི་མ་ཐོབ་པ་སྲིད་ན། ཐོབ་པ་ཡང་སྲིད་དགོས་པའི་ཕྱིར། དེས་ན་སྤྱིར་ཆོས་གང་གི་མ་ཐོབ་པ་མེད་ན། དེའི་ཐོབ་པ་ཡང་མེད་དགོས་ཤིང༌། དེའི་ཐོབ་པ་མེད་ན་དེའི་མ་ཐོབ་པ་ཡང་མེད་དགོས་པ་ནི། སྤྱི་དང་བྱེ་བྲག་ཐམས་ཅད་དུའོ། །འོ་ན་སོ་སོ་སྐྱེ་བོའི་རྒྱུད་ལ་ལམ་བདེན་གྱི་མ་ཐོབ་པ་གཞག་རྒྱུ་མེད་པར་འགྱུར་ཏེ། དེར་ཐོབ་པ་གཞག་རྒྱུ་མེད་པའི་ཕྱིར། ཞེ་ན། མ་ཡིན་ཏེ། དེས་དེ་རྙེད་པ་ཡོད་ལ། དེའི་ཚེ་རྙེད་པའི་ཐོབ་པ་དང་ལྡན་པར་འཇོག་པའི་ཕྱིར། དེ་ལྟར་ཞིབ་མོར་བརྟགས་པ་ན། རྒྱུད་གང་ལ་ཆོས་དེ་ཐོབ་ཏུ་རུང་བ་དང་མི་རུང་བའི་རྒྱུད་དེ་ལ། ཆོས་དེའི་མ་ཐོབ་པ་ཡང་འབྱུང་དུ་རུང་བ་དང་མི་རུང་བ་ཞེས་བྱ་བ་འདི་ངེས་སོ། །གཉིས་ཀ་ནི་བཅུ་དྲུག་པའི་ཚེ་མཐོང་ལམ་དང༌། དགྲ་བཅོམ་མི་གཡོ་བའི་ཆོས་ཅན་གྱི་ཚེ་དེ་དང་དེའི་ཐོབ་པ་བཏང་ཡང༌། དེ་དང་དེའི་མ་ཐོབ་པ་སྐྱེས་པ་ནི་མ་ཡིན་ཏེ། དེའི་ཚེ་དེ་དང་དེའི་མ་ཐོབ་པ་བཅོམ་ཟིན་ནས་ཡུན་རུང་པོ་ལོན་པའི་ཕྱིར། དཔེར་ན་རྒྱུན་ཞུགས་ཀྱི་ཐོབ་པའི་དགྲ་བཅོམ་གྱི་ཚེ། རྒྱུན་ཞུགས་ཀྱི་ཐོབ་པ་བཏང་ཡང༌། དེའི་མ་ཐོབ་པ་མི་འབྱུང་སྟེ། དེའི་མ་ཐོབ་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། དེས་རྒྱུན་ཞུགས་ཀྱི་འབྲས་བུ་ལན་ཅིག་ཐོབ་མྱོང་བ་དེ་ལས་ཉམས་པ་མི་སྲིད་པའི་ཕྱིར། ཞེས་པའོ། །ཡང་གལ་ཏེ། ཐོབ་མ་ཐོབ་གཉིས་ཀ་རང་རྒྱུད་དུ་གཏོགས་པ་ཁོ་ན་ལ་རྩི་བ་དེ་ལྟར་ན། ཇི་སྐད་དུ། འདས་དང་ཉེར་གནས་འདོད་ཆགས་དང༌། །ཁོང་ཁྲོ་ང་རྒྱལ་དག་གིས་ནི། །གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །ཞེས་བཤད་པ་ཇི་ལྟར་དྲངས་ཞེ་ན། དེར་ནི་ལྡན་པའི་སྒྲས་བཤད་ཀྱང༌། ལྡན་པ་མཚན་ཉིད་པ་མ་ཡིན་ཏེ། དེ་ལྟར་བཤད་པ་དེ་ནི་ཉོན་མོངས་ཅན་གྱི་གང་ཟག་གླང་བུ་ལྟ་བུ་དེ། ཉོན་མོངས་པ་རྟོད་ཐག་དང་འདྲ་བ་དེས། ཡུལ་གྱི་དངོས་པོ་ལྡིང་ཕུར་དང་འདྲ་བ་དེ་དང་མི་འབྲལ་ཞིང་ལྡན་པར་བྱེད་ཅེས་འཆད་རྒྱུ་ཡིན་པས། གྲུབ་མཐའ་ལ་གྲགས་པའི་ལྡན་པ་འཆད་པའི་སྐབས་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་འདོད་པ་གང་ཡིན་པ་དང༌། དེ་ལ་སློབ་དཔོན་གྱིས་བསྟིངས་ཚིག་བརྗོད་པའི་དོན་བསམས་པའོ། །དང་པོ་ནི། འགྲེལ་པ་ལས། ཇི་སྐད་དུ། ཅི་མ་ཐོབ་པ་དང་ཐོབ་པ་དག་གི་ཡང་ཐོབ་པ་དང་མ་ཐོབ་པ་ཡོད་དམ། སྨྲས་པ། གཉིས་ཀའི་ཡང་གཉིས་ཀ་ཡོད་དོ། །དེ་ལྟར་ན་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་བ་མ་ཡིན་ནམ། ཕན་ཚུན་ལྡན་པའི་ཕྱིར། ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ། །ཞེས་དང༌། དེའི་རྒྱས་བཤད་འཆད་པ་ན། ཇི་སྐད་དུ། དེ་ལྟར་བྱས་ན་སྐད་ཅིག་གཉིས་པ་ལ་དགེ་ཡང་རུང༌། ཉོན་མོངས་པ་ཅན་ཡང་རུང༌། ཆོས་བདག་ཉིད་རྟོགས་པ་གསུམ་གྱི་ཐོབ་པ་གསུམ་སྐྱེ་བར་འགྱུར་ལ། དེ་དག་གི་རྗེས་ཀྱི་ཐོབ་པ་ཡང་གསུམ་ཡིན་པས་དྲུག་ཏུ་འགྱུར་རོ། །སྐད་ཅིག་མ་གསུམ་པ་ལ་ནི། སྐད་ཅིག་མ་དང་པོ་དང་གཉིས་པ་ལ་སྐྱེས་པའི་རྫས་རྣམས་ཀྱི་ཐོབ་པ་དགུ་པོ་རྗེས་ཀྱི་ཐོབ་པ་དང་བཅས་པས་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཐོབ་པ་རྣམས་གོང་ནས་གོང་དུ་སྤེལ་བའི་འགྲེས་ཀྱི་བསྐྱེད་ན། སྲོག་ཆགས་གཅིག་ལ་ཡང་སྐད་ཅིག་སྐད་ཅིག་ལ་ཐོག་མ་དང་ཐ་མ་མེད་པའི་འཁོར་བར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པ་མཐའ་ཡས་པ་དག་སྐྱེ་བར་འགྱུར་བས་རྫས་མཐའ་ཡས་པ་ཅན་དག་འབྱུང་ངོ༌། །ཞེས་བཤད། གཉིས་པ་ནི། ཇི་སྐད་དུ། ཀྱེ་མ་འདི་ནི་ཐོབ་པ་རྣམས་ཀྱི་དགའ་སྟོན་ཆེན་པོ་ཞིག་སྟེ། སྟེས་ཏེ་ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་ཀྱིས། དེ་ལྟ་མ་ཡིན་ན་སྲོག་ཆགས་གཉིས་པའི་ནི་ནམ་མཁའ་ལ་ཡང་གོ་སྐབས་ཡོད་པར་མི་འགྱུར་རོ། །ཞེས་བཤད། གཉིས་པ་ལ་གཉིས་ཏེ། བྱེ་སྨྲའི་གྲུབ་མཐའ་དཔྱད་པ་དང༌། སློབ་དཔོན་གྱིས་བྱེ་སྨྲའི་འདོད་པ་ལ་བསྟིང་ཚིག་མཛད་པ་མ་ཡིན་པའོ། །དང་པོ་ནི། ཇི་སྐད་དུ། ཅི་མ་ཐོབ་པ་དང༌། ཞེས་པ་ནས་ཐུག་མེད་དུ་མི་འགྱུར་རོ། །ཞེས་པའི་བར་ནི། བསྟན་བཅོས་འདིར་བྱེ་སྨྲའི་རང་ལུགས་སུ་བཞག་པའོ། །དེ་ལྟར་བྱས་ན་ཞེས་པ་ནས། འབྱུང་ངོ༌། །ཞེས་པའི་བར་ནི་བྱེ་སྨྲ་གཞན་གྱི་ལུགས་ཡིན་གྱི། འདིར་བཤད་པའི་བྱེ་སྨྲའི་ལུགས་རྣམ་པར་དག་པ་མ་ཡིན་ཏེ། དེ་དག་གིས་ནི་ཐོབ་པ་ཐུག་མེད་དུ་ཁས་བླངས་ལ། འདིར་ནི་ཐུག་མེད་མི་འདོད་པའི་ཕྱིར། ཐུག་མེད་ཇི་ལྟར་ཁས་བླངས་ཤེ་ན། ཟག་མེད་སྐད་ཅིག་དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ། དེ་ཉིད་དང༌། དེའི་ཐོབ་པ་དང༌། ཐོབ་པའི་ཐོབ་པ་སྟེ་གསུམ་སྟེ། ཆོས་ཤེས་ཀྱི་ཚེ་གསུམ་པོ་དེ་འདས་ཀྱང་ལྡན་པར་ཁས་ལེན་དགོས་པས་གསུམ་པོ་དེའི་ཐོབ་པ་དང༌། དེའི་ཡང་ཐོབ་པ་གསུམ་སྟེ་དྲུག་སྐྱེ། རྗེས་བཟོད་ཀྱི་ཚེ་དྲུག་པོ་དེ་འདས་ཀྱང་ལྡན་པར་ཁས་ལེན་དགོས་པས། དྲུག་པོ་དེའི་ཐོབ་པ་དང༌། དེའི་ཡང་ཐོབ་པ་དྲུག་སྟེ་བཅུ་གཉིས། སྡུག་བསྔལ་ཆོས་བཟོད་ཀྱི་གསུམ་པོ་དེ་དང་ཡང་ལྡན་པར་ཁས་ལེན་དགོས་པས། གསུམ་པོ་དེའི་ཐོབ་པ་དང༌། དེའི་ཡང་ཐོབ་པ་གསུམ་སྟེ་དྲུག སྔ་མ་དང་སྡོམས་པས་བཅོ་བརྒྱད་དོ། །སྐད་ཅིག་བཞི་པ་རྗེས་ཤེས་ཀྱི་ཚེ། སྐད་ཅིག་གསུམ་པར་སྐྱེས་པའི་བཅོ་བརྒྱད་པོའི་ཐོབ་པ་དང༌། དེའི་ཡང་ཐོབ་པ་བཅོ་བརྒྱད་དེ་ཕྲག་གཉིས་དང༌། སྐད་ཅིག་དང་པོ་དང་གཉིས་པར་སྐྱེས་པའི་གསུམ་ཚན་དང་དྲུག་ཚན་ཏེ། དགུ་པོ་དེའི་ཐོབ་པ་དང༌། དེའི་ཡང་ཐོབ་པ་དགུ་སྟེ། ཐོབ་པ་བཅོ་བརྒྱད་ཕྲག་གསུམ་སྐྱེས་པས་ལྔ་བཅུ་རྩ་བཞིའོ། །སྐད་ཅིག་ལྔ་པ་ཀུན་འབྱུང་ལ་ཆོས་བཟོད་ཀྱི་ཚེ། སྔོན་དུ་སོང་བའི་སྐད་ཅིག་མ་བཞི་པོ་ལ། རེ་རེ་ཞིང་ཐོབ་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཐོབ་པ་དང༌། དེའི་ཡང་ཐོབ་པ་རེ་རེ་གསར་དུ་སྐྱེ་བར་ཁས་ལེན་དགོས་པས། མདོར་ན་ཆོས་གསུམ་དང༌། དྲུག་དང༌། དགུ་དང༌། བཅོ་བརྒྱད་དང༌། ལྔ་བཅུ་རྩ་བཞི་རྣམས་ཀྱི་ཐོབ་པ་དང༌། དེའི་ཡང་ཐོབ་པ་དང༌། ལྡན་པ་སོགས་གོང་ནས་གོང་དུ་སྒྲེ་བར་བྱའོ། །ཞེས་འཆད་པ་ཡིན་ལ། དེ་འདྲ་དེ་ནི་གཞུང་འདིར་འབྱུང་བའི་བྱེ་སྨྲའི་ལུགས་རྣམ་པར་དག་པ་མ་ཡིན་ཏེ། ལུགས་དེས་ནི་ཐོབ་པ་ཐུག་མེད་ཁས་བླངས་པ་དང༌། འདིར་ནི་འདས་པའི་ཆོས་དང་ལྡན་པ་ལ་ཐོབ་པ་ཐུག་མེད་ཁས་ལེན་མི་དགོས་པའི་ཕྱིར་དང༌། ལུགས་དེས་ནི་ཐོབ་པའི་གྲངས་འདྲེན་པར་མི་འོས་པ་དག་བགྲངས་ཤིང༌། གྲངས་འདྲེན་པར་འོས་པ་དག་མ་བགྲངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདིར་ནི་ཆོས་དེའི་ཐོབ་པ་དང༌། ཐོབ་པའི་ཐོབ་པ་སྟེ་གཉིས་པོ་དེ་ཉིད་ཁས་ལེན་གྱི། གསུམ་པ་ཕན་ཆད་ཁས་མི་ལེན་ཞིང༌། ལེན་མི་དགོས་པའི་རྒྱུ་མཚན་གྱིས་ཐུག་མེད་དུ་མི་འགྱུར་ཞེས་གྲུབ་པའི་མཐའ་གཏིང་ཚུགས་པར་སྨྲ་བཞིན་དུ། དེའི་རྒྱས་བཤད་དུ་རྫུ་ཞིང་རློམ་པ་དེར་ནི། སྡུག་བསྔལ་ལ་ཆོས་ཤེས་ཀྱི་ཚེ་ཆོས་བཟོད་ཀྱི་ཐོབ་པའི་ཐོབ་པ་དེའི་ཡང་ཐོབ་པ་གསུམ་པ་སྐྱེ་བ་དང༌། རྗེས་བཟོད་ཀྱི་ཚེ་ཆོས་བཟོད་ཀྱི་ཐོབ་པ་གསུམ་པ་དེའི་ཡང་ཐོབ་པ་སྐྱེ་བ་སོགས་ཐུག་མེད་དུ་བསྒྲེས་ནས་འཆད་པའི་ཕྱིར། དེ་ལྟར་ཁས་ལེན་མི་དགོས་པ་ཇི་ལྟར་ཞེ་ན། འདི་ལྟར། ཆོས་ཤེས་ཀྱི་ཚེ་ཆོས་བཟོད་ཀྱི་ཐོབ་པའི་ཐོབ་པ་དེ་ལྡན་ཡང༌། དེ་སྦྲེལ་བྱེད་ཀྱི་ཐོབ་པ་གསུམ་པ་ཁས་ལེན་མི་དགོས་ཏེ། ཆོས་བཟོད་ཀྱི་ཐོབ་པ་ཉིད་ཀྱིས་རྗེས་མཐུན་གྱི་ཐོབ་པ་དེ་དང་ཡང་ལྡན་པར་བྱེད་ནུས་པའི་ཕྱིར། དེ་བཞིན་དུ་བཅོ་ལྔ་པ་ལམ་རྗེས་བཟོད་ཀྱི་ཚེ། དང་པོ་སྡུག་བསྔལ་ཆོས་བཟོད་དང་ལྡན་ཡང༌། དེའི་ཐོབ་པ་རྩེགས་པ་མང་པོ་ཁས་ལེན་མི་དགོས་ཏེ། དེའི་ཐོབ་པས་དེ་དང་དེའི་རྗེས་མཐུན་གྱི་ཐོབ་པ་གཉིས་ཀ་དང་ལྡན་པར་བྱེད། རྗེས་མཐུན་གྱི་ཐོབ་པས་ནི་ཆོས་བཟོད་ཀྱི་ཐོབ་པ་ཉིད་དང་ལྡན་པར་བྱེད་པའི་ཕྱིར་རོ། །བགྲང་རྒྱུ་མེད་པ་བགྲངས་པའི་ཉེས་པ་དང་ཡང་བཅས་ཏེ། སྐད་ཅིག་མ་གསུམ་པའི་ཚེ་གཉིས་པའི་དྲུག་པོ་དེ་དང་ལྡན་ཞེས་པ་ལས་ལོགས་སུ་དང་པོའི་གསུམ་དང་ལྡན་པ་བགྲང་མི་རིགས་ཏེ། གཉིས་པའི་ཚེ་དང་པོའི་གསུམ་དང་ལྡན་པ་དེ་ཉིད། གསུམ་པའི་ཚེ་ཡང་ལྡན་ཞེས་དྲུག་པོའི་ནང་དུ་བགྲངས་ཟིན་པའི་ཕྱིར་དང༌། ཆོས་བཟོད་ཀྱི་ལྡན་པ་རྫས་ཐ་དད་པ་རེ་རེ་སྐད་ཅིག་མ་ལྷག་མ་བཅུ་བཞི་པོ་རེ་རེའི་ཐད་དུ་སྐྱེ་དགོས་པ་ནི་བྱེ་སྨྲའི་གྲུབ་མཐའ་མ་ཡིན་ནམ་ཞེ་ན་དེ་ལྟར་ཡིན་མོད། དེའི་ཚེ་སྐད་ཅིག་གཉིས་པ་ལ་དྲུག་དང༌། གསུམ་པ་ལ་བཅོ་བརྒྱད་ལ་སོགས་པའི་དབྱེ་བ་ནི་དོན་མེད་པ་ཁོ་ན་སྟེ། ཆོས་ཤེས་ཀྱི་ཚེ་ཆོས་བཟོད་ཀྱི་ཐོབ་པ་དང་དེའི་ཐོབ་པ་གཉིས་གསར་དུ་སྐྱེ་བ་ནས་བཟུང་སྟེ། སྐད་ཅིག་བཅོ་ལྔ་པའི་ཚེ་དང་པོ་བཅུ་བཞི་པོའི་ཐོབ་པ་དང༌། དེ་ཡང་ཐོབ་པ་རེ་རེ་སྐྱེ་བས་ཉི་ཤུ་རྩ་བརྒྱད་པོ་དེ་ཉིད་དོ། །དེ་ཡང་དཔེར་ན་བཅོ་ལྔ་པ་ལམ་རྗེས་བཟོད་དང་མཉམ་དུ་སྐྱེས་པའི་སྡུག་བསྔལ་ཆོས་བཟོད་ཀྱི་ཐོབ་པས་ནི། ཆོས་བཟོད་དང༌། དེའི་རྗེས་མཐུན་གྱི་ཐོབ་པ་སྟེ་གཉིས་པོ་ལྡན་པར་བྱེད། རྗེས་མཐུན་གྱི་ཐོབ་པས་ནི་ཐོབ་པ་གཅིག་པུ་ལྡན་པར་བྱེད། ལྷག་མ་བཅུ་གསུམ་པོ་དང༌། ལྡན་པའི་ཚུལ་ཡང་དེ་བཞིན་དུ་སྦྱར་བའོ། །གཉིས་པ་ནི། སློབ་དཔོན་གྱི་བྱེ་བྲག་ཏུ་སྨྲ་བའི་རང་ལུགས་ཀྱི་ཐོབ་པའི་འཇོག་མཚམས་ལ་དཔྱད་པ་ནི་མ་ཡིན་ཏེ། དེའི་གྲུབ་པའི་མཐའ་མ་ཡིན་པ་ཞིག་ལ་བསྟིངས་པར་མཛད་པའི་ཕྱིར་རོ། །དེ་བས་ན་བོད་གཞན་དག བྱེ་སྨྲའི་ལུགས་ཀྱི་ཐོབ་པ་ཐུག་མེད་ལ། སློབ་དཔོན་གྱིས་བསྟིངས་ཚིག་སྨྲས་པ་ཡིན་ནོ། །ཞེས་ཟེར་བ་ནི་དོན་མེད་པ་ཁོ་ན་སྟེ། བྱེ་སྨྲས་དེ་ལྟར་ཁས་མི་ལེན་པ་ཉིད་གཞུང་འགྲེལ་ན་གསལ་བའི་ཕྱིར་དང༌། གཟུགས་ཅན་ཡིན་ནམ་མཁར་ཤོང་བའི་གོ་སྐབས་མེད་ཅེས་པ་གནོད་བྱེད་ཡིན་ན། གྲུབ་མཐའ་སྨྲ་བ་གང་གི་ལུགས་ལ་ཡང་ཤེས་པ་དང་ལྡན་མིན་འདུ་བྱེད་ཀྱི་རྣམ་གཞག་བྱས་པ་ཐམས་ཅད་འཁྲུལ་བར་འགྱུར་ཏེ། གཟུགས་ཅན་ཡིན་ན་སྲོག་ཆགས་གཅིག་གི་དེ་དང་དེ་དག་ཀྱང་ནམ་མཁར་ཤོང་བའི་གོ་སྐབས་མེད་པའི་ཕྱིར། གསུམ་པ་སྐལ་མཉམ་ལ་གཉིས་ཏེ། རང་གི་ངོ་བོ་ངོས་བཟུང་བ་དང༌། འགྲེལ་པར་འབྱུང་བའི་བརྒལ་ལན་གྱི་དོན་ནོ། །དང་པོ་ནི། ཇི་སྐད་དུ། སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་པ། སྐལ་མཉམ་ཉིད་ཅེས་བྱ་བའི་རྫས་ནི་སེམས་ཅན་རྣམས་ཀྱི་འདྲ་བ་ཞེས་བྱ་བའི་དངོས་པོ་རང་གང་ལ་ལྡན་པའི་སེམས་ཅན་དེ་ལས་རྫས་གཞན་དུ་གྱུར་པ་ཞིག་གོ །དེ་ཡང་སེམས་ཅན་ཞེས་པས་སེམས་ཅན་དུ་བགྲང་བ་མ་ཡིན་པ་དག་ལ་འདི་མི་འཇོག་པར་བསྟན་ནོ། །དབྱེ་ན་གཉིས་ཏེ། ཐ་དད་པ་མ་ཡིན་པ་སེམས་ཅན་སྤྱིའི་སྐལ་མཉམ་དང༌། ཐ་དད་པ་སེམས་ཅན་སོ་སོའི་སྐལ་མཉམ་མོ། །ཡང་སེམས་ཅན་གྱི་སྐལ་མཉམ་དང༌། ཆོས་ཀྱི་སྐལ་མཉམ་གཉིས་སུ་ཕྱེ་ནས། གཉིས་པའི་མཚན་གཞི་ནི། ཕུང་ཁམས་སྐྱེ་མཆེད་སོ་སོའི་སྟེང་གི་ཆོས་རིགས་མཐུན་རྫས་གཞན་ནོ། །འདི་ཡང་སེམས་ཅན་དུ་སྟོན་པ་དག་གི་དབང་དུ་བྱས་ཏེ། དེར་མི་སྟོན་པ་སྐལ་མཉམ་གྱི་རྣམ་གཞག་མི་རྩི་བ་ནི་བྱེ་སྨྲའི་གྲུབ་མཐར་གསལ་བས་སོ། །སྐལ་མཉམ་རྫས་གཞན་འདི་ཡོད་པར་སྒྲུབ་པ་ལ་ལུང་དང་རིགས་པ་གཉིས་ལས། ལུང་ནི། བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། རིས་མཐུན་པ་ཞེས་བྱ་བ་དང༌། མིང་རུས་མཐུན་པ་ཞེས་གསུངས་སོ། །རིགས་པ་ནི་སེམས་ཅན་སོ་སོ་ཐ་དད་པ་རྣམས་ལ་སེམས་ཅན་ཙམ་དང༌། ལྷ་དང་མི་ལ་སོགས་པའི་སྒྲ་བློ་ཐ་དད་པ་རེ་འཇུག་པའི་ཕྱིར། འདིར་མུ་བཞི་སྟེ། འཆི་འཕོ་བ་ལ་སྐལ་མཉམ་མི་འདོར་བ་ནི་མི་ནས་མིར་སྐྱེ་བ་ལྟ་བུའོ། །སྐལ་མཉམ་འདོར་ལ་འཆི་འཕོ་བ་མ་ཡིན་པ་ནི། སོ་སོ་སྐྱེ་བོ་ངེས་པ་ལ་འཇུག་པའི་ཚེའོ། །གཉིས་ཀ་ཡིན་པ་ནི་མི་ནས་ལྷར་སྐྱེས་པའི་ཚེ་ལྟ་བུའོ། །བཞི་པ་ནི། དེ་དག་མ་གཏོགས་པའི་གནས་སྐབས་སོ། །འདི་དག་ཀྱང་སྐལ་མཉམ་ཉི་ཚེ་བའི་དབང་དུ་བྱས་པ་ཡིན་གྱི། ཆེན་པོའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། ཆེན་པོ་ནི་འདོར་བ་མི་སྲིད་པའི་ཕྱིར། གཉིས་པ་ལ། རྒོལ་བ་དང༌། ལན་ནོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་འཁྲུལ་བ་དང༌། གནོད་བྱེད་ཡོད་པའོ། །དང་པོ་ནི། སེམས་ཅན་དུ་བགྲང་བ་མ་ཡིན་པ། ནས་དང༌། ས་ལུ་དང༌། ལྕགས་དང༌། གསེར་ལ་སོགས་པ་རྣམས་ལའང་སྐལ་མཉམ་རྫས་གཞན་ཁས་ལེན་རིགས་པར་ཐལ། དེ་དག་ལ་ཡང་རིས་མཐུན་པ་ཡོད་པ་ཞེས་བྱ་བའི་ལུང་དང༌། སྒྲ་བློ་ཐ་དད་པ་རེ་རེ་སྐྱེ་བ་ཞེས་བྱ་བའི་རིགས་པ་དེ་འཇུག་པས་སོ། །ཞེ་ན། དེ་སྒྲུབ་བྱེད་ཀྱི་ལུང་རིགས་མེད་པར་མ་ཟད། ཚད་མས་མི་འགྲུབ་སྟེ། མངོན་སུམ་གྱིས་ཀྱང་མི་འགྲུབ། རྗེས་དཔག་གིས་ཀྱང་མི་འགྲུབ་པས་སོ། །འདི་ཡང༌། ཇི་སྐད་དུ། རྣམ་འགྲེལ་ལས། ཐ་དད་བློའང་རྙེད་པར་དཀའ། །ཞེས་དང༌། རིགས་སོགས་ལ་ནི་རྗེས་དཔག་མེད། །ཅེས་བཤད་པ་དེ་ཉིད་དོ། །གཉིས་པ་ལ་གསུམ་སྟེ། བྱེ་བྲག་པས་སྤྱི་རྫས་གཞན་ཁས་བླངས་པ་དང་མཚུངས་པར་ཐལ་བ་དང༌། སྐལ་མཉམ་སོ་སོའི་སྐལ་མཉམ་གཉིས་པ་ཞིག་ཁས་ལེན་རིགས་པར་ཐལ་བ་དང༌། མི་ཉིད་ལས་ལོགས་སུ་མིའི་སྐལ་མཉམ་དང༌། སོ་སོ་སྐྱེ་བོ་ཉིད་ལས་ལོགས་སུ་དེའི་སྐལ་མཉམ་ཁས་ལེན་ན་ཧ་ཅང་ཐལ་བའི་སྐྱོན་འཇུག་པའོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། བྱེ་བྲག་པའི་གཞུང་ལུགས་དང་འདྲ་ཡང་རུང༌། མི་འདྲ་ཡང་རུང༌། སྐལ་མཉམ་ནི་ངེས་པར་ཁས་ལེན་དགོས་ཏེ། མདོ་ལས་གསུངས་པའི་ཕྱིར། དེ་སྐད་དུ་ཡང༌། བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་འོང་ན། ཞེས་གསུངས་པའི་ཕྱིར་རོ། །ཞེས་ཟེར། མདོ་སྡེ་པ་ན་རེ། དེ་སྐད་གསུངས་མོད་ཀྱི། རྫས་གཞན་ཞེས་ནི་མ་གསུངས་སོ། །ཞེས་འཆད་དོ། །རྒོལ་བ་འདི་དག་ཀྱང་མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་པའི་མཐའ་དང་མཐུན་མོད། སློབ་དཔོན་གྱིས་ལུགས་དེ་ལ་གནས་ནས་བྱེ་སྨྲའི་གྲུབ་མཐའ་སུན་འབྱིན་པ་ནི་མ་ཡིན་ཏེ། དེའི་ཐུན་མོང་མ་ཡིན་པའི་བསྟན་བཅོས་སུ་དེ་ཉིད་ལ་སུན་འབྱིན་བརྗོད་པར་མི་རིགས་པའི་ཕྱིར། དེས་ན། སློབ་དཔོན་གྱིས་བྱེ་སྨྲའི་ལུགས་བསྟན་བཅོས་མཁན་པོ་གཞན་གྱིས་བརྟགས་པ་དེ་བཀག་ནས། དེའི་ལུགས་རྣམ་པར་དག་པ་ཞིག་འཇོག་པར་བཞེད་པ་སྟེ། ཇི་སྐད་དུ། དྲི་མས་དགའ་མགུར་དིང་སང་འདི་ན་སྤྱོད། །ཞེས་པ་ལྟར་རོ། །བཞི་པ་འདུ་ཤེས་མེད་པ་པའི་ངོས་འཛིན་ལ། རྟེན་ནི་འདུ་ཤེས་མེད་པའི་ལྷའོ། །ངོ་བོ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་པར་སྨིན་པའོ། །རྟེན་དེ་ལ་འདུ་ཤེས་མེད་པས་ཁྱབ་བམ་ཞེ་ན། མ་ཡིན་ཏེ། སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་དང༌། འཆི་བའི་ཚེ་སེམས་དང་སེམས་ལས་བྱུང་བ་མེད་པ་མི་སྲིད་པའི་ཕྱིར། ཇི་སྐད་དུ། རྩེ་གཅིག་སེམས་མེད་ལ་དེ་མེད། །ཅེས་དང༌། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་བཤད་པ་ལྟར་རོ། །འདི་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བས་ཁྱབ་སྟེ། ཇི་སྐད་དུ། འགྲེལ་པར། དེ་ནས་ཤི་འཕོས་ནས་སྔོན་གྱི་སྙོམས་པར་འཇུག་པའི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་དང༌། སྔོན་མེད་པ་མ་བསགས་པའི་ཕྱིར། འདའ་འཕངས་པ་ཤུགས་ཟད་པ་དག་ས་ལ་ལྟུང་བ་བཞིན་དུ། འདོད་པའི་ཁམས་སུ་སྐྱེ་བར་འགྱུར་ཏེ། གཞན་དུ་ནི། མ་ཡིན་ནོ། །ཞེས་གསུངས་པས་སོ། །འདིའི་དོན་བཤད་པ་ལ་གཉིས་ཏེ། ཚིག་དོན་དངོས་དང༌། ལོག་རྟོག་དགག་པའོ། །དང་པོ་ནི། འདུ་ཤེས་མེད་པའི་སེམས་ཅན་དེ་ཤི་འཕོས་ནས། སྤྱིར་ཁམས་གོང་མ་དང༌། བྱེ་བྲག་འདུ་ཤེས་མེད་པ་པ་དེ་ཉིད་དུ་སྐྱེ་བ་ཡོད་དམ་ཞེ་ན། མེད་དེ། སྔོན་གྱི་སྙོམས་པར་འཇུག་པའི་མཐུ་ཟད་པ་དང༌། རྟེན་དེ་ལ་སེམས་མེད་པས་སླར་སྙོམས་འཇུག་མངོན་དུ་བྱེད་པ་ནི་མི་སྲིད་པའི་ཕྱིར། གལ་ཏེ་འདི་འདུ་ཤེས་མེད་པ་པ་ཉིད་དུ་མི་སྐྱེ་བའི་ཤེས་བྱེད་དེ་ཙམ་གྱིས་ཆོག་མོད། སྤྱིར་ཁམས་གོང་མར་མི་སྐྱེ་བའི་ཤེས་བྱེད་ཅི། དེ་ལྟ་ཡིན་པ་འོ་ན། འདོད་པི་རྟེན་ལ་འདུ་ཤེས་མེད་པའི་སྙོམས་འཇུག་མངོན་དུ་བྱས་པ་དེ་ལ། ཁམས་གོང་མར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་མེད་པར་ཐལ་ལོ་སྙམ་པའི་ལན་འདི་ལྡོན་པར་དཀའ་བ་ཡིན་པ་ལས། འདི་ལྟར་དེ་ལ་དེར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སྲིད་མོད། ཁམས་གོང་མར་སྐྱེ་བ་ལེན་པ་ལ་ནི། དེའི་སྙོམས་འཇུག་གི་བདེ་བ་ལ་རོ་མྱང་བའི་སྲེད་པ་དང་ལེན་པ་དགོས་པ་ལས་རྟེན་འདི་ལ་དེ་དག་མི་འབྱུང་བའི་ཕྱིར། སྙམ་དུ་བསམ་པའོ། །དེ་ལྟ་མོད་ཀྱི། འདི་བསམ་གཏན་འོག་མ་གསུམ་ལས་མ་ཉམས་པར་ནི་འདོད་པར་མི་སྐྱེ་བས། འདི་དེ་དག་ལས་ཉམས་པར་བྱེད་པའི་རྒྱུ་གང་ཞིག་ཡིན་ཞེས་འདྲི་ན། དེ་འདྲ་དེ་འཆི་འཕོ་བའི་ཚེ་བསམ་གཏན་གྱི་ཉོན་མོངས་མངོན་དུ་མི་བྱེད་པར། འདོད་པའི་ཉོན་མོངས་མངོན་དུ་བྱས་པའི་རྒྱུ་ལས་སོ། །ནམ་གྱི་ཚེ་ན། དེ་ནས་འཆི་འཕོ་བཞིན་པའི་ཚེ་སྟེ། ཇི་སྐད་དུ། འཆི་འཕོ་དག་ལས་ཉོན་མོངས་ཀུན། །ཞེས་བཤད་པས་སོ། །གཉིས་པ་ནི། སློབ་དཔོན་སྔ་མ་དག་ན་རེ། འདི་འཆི་འཕོ་ཁར་ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་ནས་དམྱལ་བར་སྐྱེ་བས་ཁྱབ་བོ། །ཞེས་ཟེར་བ་ནི་མ་ཡིན་ཏེ། འཕགས་པ་ལམ་ཆུང་བ་འདུ་ཤེས་མེད་པའི་སེམས་ཅན་ནས་ཤི་འཕོས་པར། འདུལ་བའི་ལུང་ལས་གསུངས་པ་དང༌། མདོ་སྡེ་ཚངས་པའི་དྲྭ་བར། བདག་དང་སེམས་ཅན་རྒྱུ་མེད་དུ་འཛིན་པའི་ལྟ་བ་ཇི་ལྟར་སྐྱེ་བའི་ཚུལ་འཆད་པ་ན། འདུ་ཤེས་མེད་པ་ནས་མིར་ཤི་འཕོས་པ་འགའ་ཞིག་གིས་མངོན་ཤེས་བསྒྲུབས་ཏེ། སྔོན་གྱི་མཐའ་ལ་བལྟས་པས། དེ་ནས་འཕོས་པར་ཤེས་པ་ལས་ལྟ་བ་དེ་འབྱུང་བར་བཤད་པའི་ཕྱིར་རོ། །ཡང་སྐབས་འདིར་སྙོམས་འཇུག་གཉིས་པོའི་ཁྱད་པར་ལ། རྟེན་སོ་སྐྱེ་དང་འཕགས་པ་ཡིན་པའི་ཁྱད་པར་དང༌། ས་བསམ་གཏན་བཞི་པ་དང༌། སྲིད་རྩེའི་དང༌། ཡིད་བྱེད་ངེས་འབྱུང་དང་ཞི་བར་གནས་པའི་དོན་ཅན་གྱི་དང༌། རྣམ་སྨིན་འདུ་ཤེས་མེད་པ་པ་དང༌། སྲིད་རྩེའི་ཕུང་པོ་ཡིན་པའི་ཁྱད་པར་དང༌། མྱོང་འགྱུར་སྐྱེས་ནས་ཁོ་ན་དང་གཉིས་སུ་མྱོང་འགྱུར་དང༌། མ་ངེས་པ་སྟེ། གསུམ་ཀ་སྲིད་པའི་ཁྱད་པར་དང༌། དང་པོར་མི་ཁོ་ནའི་རྟེན་ལ་མངོན་དུ་བྱེད་དགོས་པ་དང༌། མི་དགོས་པའི་ཁྱད་པར་སོགས་དུ་མ་དག་དང་བཅས་པའོ། །འདི་ནི་ཟག་པ་དང་བཅས་པ་ཁོ་ན་སྟེ། སྲིད་རྩེའི་སེམས་ལ་བརྟེན་པའི་ཕྱིར་དང༌། སྲིད་རྩེའི་རྣམ་སྨིན་གྱི་ཕུང་པོ་འགྲུབ་བྱེད་ཀྱི་རྒྱུར་འཆད་དགོས་པའི་ཕྱིར། སྙོམས་འཇུག་གཉིས་ཀ་རྣམ་སྨིན་གྱི་རྒྱུར་བཤད་པ་འདི་དག་གི་དོན་ནི། རྣམ་སྨིན་འགྲུབ་བྱེད་ལ་བསམས་པ་ཡིན་ཏེ། རྣམ་སྨིན་འཕེན་བྱེད་ནི་ས་དེ་དང་དེའི་ཉེར་བསྡོགས་ཀྱིས་བྱེད་དགོས་པའི་ཕྱིར། དེས་ན་རྣམ་སྨིན་བསྐྱེད་པ་ལ་བསམ་ནས་དེ་དང་དེའི་རྣམ་སྨིན་ངོས་བཟུང་བ་ཡིན་ནོ། །འགོག་པའི་སྙོམས་འཇུག་སྐྱེས་ནས་མྱོང་འགྱུར་ནི། མིའི་རྟེན་ལ་འགོག་པའི་སྙོམས་འཇུག་མངོན་དུ་བྱས་པ་མི་ཉམས་ཤིང༌། རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པ་ཡང་མ་ཡིན་པར་སྲིད་རྩེར་སྐྱེ་བའོ། །ལན་གྲངས་གཞན་ལ་མྱོང་འགྱུར་ནི། འདོད་པའི་རྟེན་ལ་ཉམས་ནས་སོར་མ་ཆུད་པར་གཟུགས་ཁམས་སུ་སྐྱེས། དེར་མངོན་དུ་བྱས་ཏེ། དེའི་ཕྱི་མ་སྲིད་རྩེར་འགྲོ་བའོ། །མྱོང་བར་མ་ངེས་པ་ནི། དང་པོར་བསྒྲུབས་པའི་རྟེན་དེ་ཉིད་ལ་དགྲ་བཅོམ་མངོན་དུ་བྱེད་པའོ། །འདི་ཉམས་ནས་གཟུགས་ཁམས་སུ་སྐྱེ་བ་ཡོད་ན། འདོད་པར་སྐྱེ་བ་དག་ཡོད་དམ་ཞེ་ན། མ་ཡིན་ཏེ། འདི་མངོན་དུ་བྱེད་པ་ནི་དང་པོར་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་ཁོ་ནས་ཡིན་ལ། དེ་ནི་འདོད་པར་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར། གཟུགས་ཀྱི་ཆགས་བྲལ་ལས་ཉམས་པ་འདི་ཡང་འཕགས་པ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱས་པའི་ཚེ་ཡིན་ཏེ། ཟག་མེད་ཀྱིས་ཆགས་བྲལ་བྱས་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ལ། དེ་ནི་ཇི་སྐད་དུ། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་འཆད་པའི་ཕྱིར་རོ། །ཡང༌། ཇི་སྐད་དུ། སྦྱོར་བས་ཐོབ། ཅེས་པའི་དམིགས་བསལ་ལ། ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །ཞེས་བཤད་པ་ལ་འཕྲོས་ནས། འོ་ན་ཐུབ་པ་སངས་རྒྱས་དེ་གཉིས་ཀའི་ཆ་ལས་རྣམ་གྲོལ་མ་ཡིན་པར་འགྱུར་ཏེ། འགོག་སྙོམས་མངོན་དུ་མ་བྱས་པར་སྙོམས་འཇུག་གི་སྒྲིབ་པ་ལས་མི་གྲོལ་བའི་ཕྱིར། ཞེ་ན། འདིའི་ལན་ལ། ཉི་འོག་པ་ན་རེ། ཐུབ་པས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲིད་རྩེའི་སེམས་ལས་འགོག་སྙོམས་མངོན་དུ་བྱས་རྗེས་སུ་སངས་རྒྱས་པ་ཡིན་ཏེ། གནས་བརྟན་ཉེར་བསྲུངས་ཀྱི་བསྟན་བཅོས་ལས། དེ་བཞིན་གཤེགས་པ་ནི་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཟད་པ་མཁྱེན་པ་སྐྱེད་པར་མཛད་དོ། །ཞེས་པའི་ཚིག་འདི་ཚད་མར་བྱས་པ་ཡིན་ནོ། །ཞེས་ཟེར། ཁ་ཆེ་བས་དེ་འགོག་པ་ནི། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །ཞེས་འཆད་པ་ཡིན་ལ། དེའི་ཚེ་དེ་དག་གི་བར་དུ་འགོག་པ་ལ་སྙོམས་པར་ཞུགས་ན། ཟག་མེད་ཀྱི་བར་དུ་ཟག་བཅས་ཞུགས་ན་བསམ་པ་ལྡང་བ་ཅན་དུ་འགྱུར་ལ། དེ་ལྟར་ན་མངོན་པར་བྱང་ཆུབ་པའི་སྔ་རོལ་དུ་དམ་བཅས་པ་དང་འགལ་བར་འགྱུར་ཏེ། འདི་སྐད་ཅེས། ཇི་སྲིད་དུ་སྐད་ཅིག་མ་གཅིག་ཁོ་ན་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཀྱི་བར་དེ་སྲིད་དུ་ལྡང་བར་མི་འགྱུར་བ་དེ་ལྟ་བུ་ཡིན་ནོ། །ཞེས་བཤད་པས་སོ། །ཞེས་འཆད་དོ། །ཡང་གལ་ཏེ་སྙོམས་འཇུག་འདི་གཉིས་ལས་ལངས་མ་ཐག་པའི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་གང་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ལྟར་ན། འདས་པ་རྫས་སུ་ཡོད་པའི་ཕྱིར་འཇུག་སེམས་ཀྱིས་བྱེད་དོ། །ཞེས་དང༌། མདོ་སྡེ་པ་ལྟར་ན། དབང་པོ་དང་བཅས་པའི་གཟུགས་ཀྱིས་བྱེད་དོ། །ཞེས་པ་ནི་འགྲེལ་པར་འབྱུང་བའི་བཤད་པ་གསལ་པོ་ཡིན་མོད། དེ་གཉིས་ཀ་ལ་དཀའ་བའི་གནས་འབྱུང་བ་ནི། མདོ་སྡེ་པ་ལྟར་ན། རྣམ་ཤེས་མ་ཡིན་པས་རྣམ་ཤེས་ཀྱི་ཉེར་ལེན་བྱེད་པར་ཐལ་བ་དང༌། དེ་ལྟར་ན། ཇི་སྐད་དུ། ཇི་ལྟར་ཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །ཞེས་པའི་གནོད་བྱེད་སེལ་དགོས་པ་དང༌། སྐབས་དེར་གཟུགས་མེད་ནས་འདོད་པར་སྐྱེ་བའི་ཚེ། གཟུགས་ཀྱི་ཉེར་ལེན་སེམས་ཀྱིས་བྱེད་པ་མཐུན་དཔེར་བཤད་མོད། དཔེ་དེ་འགྲུབ་པ་ལ། ཇི་སྐད་དུ། གང་གིས་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། །ཞེས་པའི་གནོད་བྱེད་སེལ་བར་དཀའོ། །བྱེ་སྨྲའི་ལུགས་ལའང་འདས་པ་རྫས་སུ་གྲུབ་མོད། ལྡང་སེམས་ཀྱི་སྔ་ལོགས་དེ་མ་ཐག་ན་འཇུག་སེམས་དེ་ཡོད་ན་དཀའ་བའི་གནས་མི་འབྱུང་མོད། གཉིས་པོའི་བར་དུ་ཡུན་རིང་པོས་ཆོད་པ་ལ་དེ་མ་ཐག་རྐྱེན་ཇི་ལྟར་རུང༌། དེ་རུང་ན་ནི་འདས་པ་རྫས་སུ་མ་གྲུབ་པར་འདོད་པའི་ཕྱོགས་ལ་ཡང་དཀའ་བའི་གནས་མི་འབྱུང་ལ། སྙོམས་འཇུག་གཉིས་པོ་ལ་ཐོབ་པ་ཕྱིས་སྐྱེ་བ་ཡོད་པས། ཞེས་འཆད་པ་ཡང་ལན་དུ་མི་རུང་སྟེ། ཇི་སྐད་དུ། དུས་གཅིག་ཐོབ། ཅེས་དང༌། སྦྱོར་བས་ཐོབ། ཅེས་བཤད་པ་ནི། སྙོམས་འཇུག་གཉིས་ཀྱི་ཐོབ་པ་ཆོས་ཀྱི་སྔ་ཕྱིར་སྐྱེ་བ་མེད་པའི་ལུང་དུ་གསལ་ལོ། །དེས་ན་བྱེ་སྨྲའི་ལུགས་རྣམ་པར་དག་པ་ནི། སྙོམས་འཇུག་གཉིས་པོའི་འཇུག་སེམས་འགག་པ་ལ་མངོན་དུ་ཕྱོགས་པའི་དུས་དེ་ཉིད། ལྡང་སེམས་སྐད་ཅིག་དང་པོ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་ཏེ། དུས་དེར་དེ་ཉིད་འབྲས་བུར་འཛིན་པའི་ཕྱིར། དེ་ལྟ་ཡང་དེའི་དེ་མ་ཐག་ཏུ་དེ་ཉིད་སྐྱེ་བར་ཐལ་བ་མ་ཡིན་ཏེ། དེས་དེ་འབྱིན་པའི་བྱ་བ་ནི་རང་ཉིད་འདས་ནས་བྱེད་པའི་ཕྱིར། ཇི་སྐད་དུ། ལྔ་པོ་ད་ལྟར་འབྲས་བུ་འཛིན། །གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ད་ལྟར་གྱི་དང་འདས་པ་དག །ཅེས་པའི་སྐབས་ནས་འབྱུང་བ་ལྟར་རོ། །འོ་ན་དེ་མ་ཐག་རྐྱེན་འདས་མ་ཐག་པ་དེ་ཉིད་དུ་དེ་མ་ཐག་འབྲས་མི་འབྱིན་པ་ཅི་ཞེ་ན། དེ་འབྱིན་པ་ལ་གེགས་ཡོད་པས་སོ། །གེགས་དེ་གང་ཞེ་ན། སྙོམས་པར་འཇུག་པ་རྣམ་པ་གཉིས་སོ། །དེ་ལས་ལྡང་བ་ལ་ཕྱོགས་པའི་ཚེ་ནི། འགལ་རྐྱེན་དེ་ཟད་ཅིང༌། མཐུན་རྐྱེན་དེ་ཚང་བ་ལ་སྐྱེའོ། །ཚང་བ་ཇི་ལྟར་ཞེ་ན། དེ་འདས་པའི་ས་དེ་ཉིད་ན་རྫས་སུ་གྲུབ་པའི་རྒྱུ་མཚན་གྱིས་འབྲས་བུ་འབྱིན་པའི་བྱ་བ་བྱེད་ནུས་པའོ། །མདོ་སྡེ་པའི་ལུགས་དེ་ཉིད་ལ། རྣམ་འགྲེལ་མཛད་པའི་རིགས་པས་མི་གནོད་པ་ཡང༌། གཟུགས་སེམས་གཉིས་ཕན་ཚུན་ཉེར་ལེན་གྱི་རྒྱུར་མི་འདོད་པས་སོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་འདོད་ན། དེར་མི་འདོད་པ་འགལ་ལོ་ཞེ་ན། དེ་ལས་དེ་དངོས་སུ་སྐྱེ་བར་བཤད་ཀྱང༌། མཚུངས་པ་དེ་མ་ཐག་རྐྱེན་ཡིན་པའི་བཤད་པ་འགྲེལ་པ་ན་མེད་དོ། །འོ་ན་དེ་ཉིད་ཀྱང་གང་ཞེ་ན། རང་རང་གི་སྐལ་མཉམ་གྱི་རྒྱུ། འགགས་ནས་ཡུན་རིང་དུ་ལོན་པ་དེ་ཉིད་དེ། དེས་དེ་འཛིན་པའི་བྱ་བ་རང་དུས་དེ་ཉིད་དུ་བྱས་ཟིན་པའི་ཕྱིར། དེས་དེ་མི་འབྱིན་པ་ནི་འགལ་རྐྱེན་གྱིས་སོ། །དེ་གང་ཞེ་ན། སྙོམས་པར་འཇུག་པ་གཉིས་དང༌། གཟུགས་མེད་དུ་སྐྱེ་བ་བླངས་པའོ། །འགལ་རྐྱེན་ཟད་པའི་ཚེ་ན་ཡང་འབྲས་བུ་དེ་མི་འབྱིན་པར་འགྱུར་ཏེ། འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་སྙམ་ན་ཉེས་པ་མེད་དེ། འགགས་ནས་ཡུན་རིང་དུ་ལོན་པའི་སེམས་ཀྱི་བག་ཆགས་གཟུགས་ལ་བསྒོས་པ་དེ་དང༌། གཟུགས་ཀྱི་བག་ཆགས་སེམས་ལ་བསྒོ་བ་དེ་དང་དེ་བཤད་མ་ཐག་པའི་ལྡང་སེམས་དང༌། ཁམས་འོག་མ་དག་ཏུ་ཉིང་མཚམས་སྦྱར་མ་ཐག་པའི་དབང་པོ་གཟུགས་ཅན་གྱི་དངོས་ཀྱི་རྒྱུར་ཡོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་དང་དེ་རིག་པ་དང་གཟུགས་ཅན་དུ་ནི་མེ་འདོད་དེ། བག་ཆགས་སུ་ཁས་ལེན་པའི་ཕྱིར་དང༌། གཞན་དུ་གནས་སྐབས་དེ་དང་དེ་ན་རིག་པ་དང་གཟུགས་ཅན་གྱི་དངོས་པོ་ཡོད་པར་ཐལ་བའི་ཕྱིར་རོ། །འདས་ནས་ཡུན་རིང་དུ་ལོན་པ་དེ་མ་ཐག་པའི་རྐྱེན་དུ་ཇི་ལྟར་རུང་ཞེ་ན། ཆོས་རིགས་མཐུན་གཞན་གྱིས་བར་མ་ཆོད་པའི་ཕྱིར། ཞེས་པ་ནི་བྱེ་མདོ་གཉིས་ཀའི་ལན་ནོ། །ཡང་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ལ་འདི་ལྟར་ཡང་བརྟག་ནུས་ཏེ། སྙོམས་འཇུག་གཉིས་ལས་ལྡང་སེམས་སྐད་ཅིག་དང་པོའི་མཚུངས་པ་དེ་མ་ཐག་རྐྱེན་ནི་འཇུག་སེམས་སྐད་ཅིག་ཐ་མ་ཡིན་ཀྱང༌། དངོས་སུ་སྐྱེད་བྱེད་ཀྱི་རྒྱུ་ནི་གནས་སྐབས་དེ་ན་ཡོད་པའི་རྣམ་པར་ཤེས་པའི་ལྡན་པའོ། །དེ་ན་ཡོད་པར་ཡང༌། ཇི་སྐད་དུ། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་སོ། །བདུན་པ་སྲོག་ལ་གཉིས་ཏེ། ངོ་བོ་ངོས་བཟུང་བ་དང༌། རྣམ་གཞག་གཏན་པ་ཕབ་པའོ། །དང་པོ་ནི། བྱེ་སྨྲའི་ལུགས་ཀྱིས། སྲོག་ནི་ཚེ་དང་དྲོད་དང་རྣམ་པར་ཤེས་པ་གསུམ་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གྱུར་པའི་དངོས་པོ། རང་གི་རྟེན་དུ་གྱུར་པའི་ལུས་སེམས་གཉིས་ལས་རྫས་གཞན་པ་ཞིག་གོ །ཞེས་པ་ནི་སྤྱིར་བཏང་བ་ཡིན་ལ། དམིགས་བསལ་ནི། གཟུགས་མེད་པའི་ཁམས་སུ་ཚེ་དང་རྣམ་པར་ཤེས་པ་གཉིས་པོ་ཉིད་ཕན་ཚུན་རྟེན་བརྟེན་པར་གྱུར་པའོ། །མདོ་སྡེ་པ་ལྟར་ན། ལས་ཀྱིས་རིགས་མཐུན་ཇི་ཙམ་འཕངས་པ་དེ་ཙམ་དུ་གནས་པ་ལ་ཚེ་ཞེས་བཏགས་པ་ཡིན་གྱི། རྫས་སུ་གྲུབ་པ་མེད་དོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། མུ་བཞི་རྩེ་བའོ། །དང་པོ་ནི། ཇི་སྐད་དུ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་སྨྲས་པ་ལ། མདོ་སྡེ་པས་རྒོལ་བ། འོ་ན་ཚེའི་རྟེན་གང་ཡིན། དེའི་རྟེན་ཡང་གཉིས་པོ་དེ་ཉིད་དེ། མདུང་ཁྱིམ་དང་འདྲ་བར་གཅིག་ལ་ཅིག་ཤོས་ཕན་ཚུན་དུ་བརྟེན་པའོ། །ཞེ་ན། འོ་ན་གསུམ་པོ་དུས་རྟག་ཏུ་ལྡོག་པ་མེད་པར་ཐལ་བར་འགྱུར་ཏེ། ཚེ་ལྡོག་པ་མེད་པར་ནི་རྣམ་པར་ཤེས་པ་མི་ལྡོག རྣམ་པར་ཤེས་པ་ལྡོག་པ་མེད་པར་ཡང་ཚེ་མི་ལྡོག་པའི་ཕྱིར་རོ། །བྱེ་སྨྲ་ན་རེ། གཉིས་པོ་ཚེ་ལ་བརྟེན། ཚེ་ལས་ལ་བརྟེན་པ་ཡིན་པས། ལས་ཀྱི་ཤུགས་ཟད་པ་ན་གསུམ་པོ་ལྡོག་པའི་ཕྱིར། ཉེས་པ་མེད་དོ། །ཞེ་ན། འོ་ན་དྲོད་དང་རྣམ་པར་ཤེས་པ་ཡང་ལས་ལ་བརྟེན་པར་ཁས་ལངས་པས་ཆོག་པའི་ཕྱིར། སྲོག་གམ། ཚེ་རྫས་གཞན་བརྟགས་པ་དོན་མེད་དོ། །བྱེ་སྨྲ་ན་རེ། ལས་ལ་བརྟེན་པའི་ཚེ་ཉིད་སྲོག་ཏུ་ཁས་ལེན་དགོས་པ་ཡིན་གྱི། ལས་ལ་བརྟེན་པའི་རྣམ་པར་ཤེས་པ་དེར་ཁས་ལེན་དུ་མི་རུང་སྟེ། རུང་ན་ཇི་སྲིད་མ་ཤིའི་བར་གྱི་རྣམ་པར་ཤེས་པ་ཐམས་ཅད་རྣམ་སྨིན་དུ་ཐལ་བར་འགྱུར་ཏེ། སྲོག་གི་དངོས་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚེ་སྲོག་རྫས་གཞན་ཁས་ལེན་དགོས་པ་ཡིན་ནོ། །ཞེས་འཆད་དོ། །གཉིས་པ་ལ་གཉིས་ཏེ། འཆི་བའི་རྒྱུ་ལ་མུ་བཞི་བརྩི་བ་དང༌། འཆི་ཚུལ་ལ་མུ་བཞི་བརྩི་བའོ། །དང་པོ་ནི། ཚེ་ཟད་ལ་བསོད་ནམས་མ་ཟད་པ་སོགས་བཞིའོ། །དང་པོ་ནི། ཚེ་འཕེན་བྱེད་ཀྱི་ལས་ཟད་ལ། ལོངས་སྤྱོད་འགྲུབ་བྱེད་ཀྱི་ལས་མ་ཟད་པ་ལ་སོགས་པ་བཞི་སྟེ། དཔེར་ན། སྣུམ་ཡོད་ཀྱང་སྡོང་བུ་ཟད་པ་ལ་སོགས་པའི་མུ་བཞི་ལྟ་བུའོ། །འོ་ན་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། ཚེ་རྒྱུད་ལ་རག་ལས་ཏེ་འཇུག་པ་དང༌། ལན་ཅིག་སྐྱེས་ནས་གནས་པ་ཞེས་གསུངས་ན། གཉིས་པོའི་ཁྱད་པར་གང་ཡིན། དེ་ཡང་མི་འཐད་པར་འགྱུར་ཏེ། ཚེ་དང་རྣམ་པར་ཤེས་པ་ནི་གཅིག་ལ་གཅིག་བརྟེན་དུ་འཇུག་པའི་ཕྱིར། ཞེ་ན། འདོད་པ་ན་སྤྱོད་པའི་གང་ཟག སྙོམས་འཇུག་གཉིས་ལ་སྙོམས་པར་མ་ཞུགས་པ་རྣམས་ཀྱི་ཚེ་རྒྱུད་ལ་རག་ལས་པ་ཞེས་བྱ་སྟེ། གང་གི་ལུས་ལ་གནོད་པ་བྱས་པས་ཚེ་ལ་གནོད་པར་འགྱུར་བའི་ཕྱིར། དེ་དག་ལ་སྙོམས་པར་ཞུགས་པ་དང༌། ཁམས་གོང་མ་གཉིས་ཀྱི་སེམས་ཅན་གྱི་ཚེ་ནི་ལན་ཅིག་སྐྱེས་ནས་གནས་པ་ཞེས་བྱ་སྟེ། དེ་དག་གི་ལུས་ལ་གནོད་པས་ཚེ་ལ་གནོད་པར་མི་འགྱུར་བའི་ཕྱིར། དཔེར་ན། དགེ་སློང་མ་ཨུཏྤ་ལའི་མདོག་ཅན་འགོག་པ་ལ་སྙོམས་པར་ཞུགས་པ་ལ། ཆོམ་རྐུན་པ་ལྔ་བརྒྱས་གནོད་པར་མ་ནུས་པ་ལྟ་བུའོ། །གཉིས་པ་ནི། བདག་ཉིད་འཆི་བ་དང༌། གཞན་གྱིས་གསོད་པས་འཆི་བ་ལ་མུ་བཞི་གསུངས་པ་ལས། དང་པོ་ནི། སངས་རྒྱས་སྐུ་ཚེ་འདོར་བ་ནི་མུ་དང་པོའོ། །མངལ་དང་སྒོ་ང་ན་འདུག་པ་རྣམས་ནི་མུ་གཉིས་པའོ། །འདོད་ཁམས་པ་ཕལ་ཆེ་བ་ནི་མུ་གསུམ་པའོ། །ཁམས་གོང་མ་པ་དང༌། སྲིད་པ་བར་དོ་བ་རྣམས་དང༌། དམྱལ་བ་པ་དང༌། བྱང་སྒྲ་མི་སྙན་པ་དང༌། མཐོང་ལམ་པ་དང༌། བྱམས་པ་དང་སྙོམས་འཇུག་གཉིས་ལ་སྙོམས་པར་ཞུགས་པ་དང༌། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་མུ་བཞི་པའོ། །དེ་ལྟར་བཤད་པ་ན། མངལ་སྒོང་གི་ནང་དུ་རང་འཆི་བ་མེད་པ་དང༌། བར་དོ་བ་དང༌། སྒྲ་མི་སྙན་པ་སོགས་རང་འཆི་བ་དང་གཞན་གྱིས་གནོད་པས་འཆི་བ་གཉིས་ཀ་མེད་པར་འཆད་དགོས་ལ། དེ་དག་གི་དོན་ནི། དེ་དང་དེ་ལ་བསོད་ནམས་དང་ཚེ་ཟད་ནས་འཆི་བ་དང༌། གཞན་རྐྱེན་གྱིས་འཆི་བ་མེད་ཀྱི། ལས་ཟད་ནས་འཆི་བ་ཁོ་ནའོ། །ཞེས་བཤད་དགོས་པ་འདྲའོ། །འོ་ན་སེམས་མེད་ཀྱི་ཚེ། ཚེ་དྲོད་རྣམ་ཤེས་གསུམ་ཕན་ཚུན་ཇི་ལྟར་བརྟེན་ཞེ་ན། དེ་དག་ཀྱང་དངོས་སུ་ཡོད་དགོས་པ་མ་ཡིན་གྱི། ཕན་ཚུན་བརྟེན་པར་བཤད་པ་དེ་དག་ལས་གང་རུང་གཅིག་ཇི་སྲིད་མ་བཏང་བ་དེ་སྲིད་དུ་གཞན་དེ་དག་ཀྱང་འདོར་མི་ནུས་ཤིང༌། འབྲལ་མི་སྲིད་པའོ། །ཡང་མདོ་ལས། བཙུན་པ་གང་དག་བདག་ཉིད་འགུམ་པར་ཡང་མི་འགྱུར་ཞིང༌། གཞན་གྱིས་གསོད་པ་ཡང་མ་ལགས་པའི་སེམས་ཅན་དེ་དག་གང་ལགས། ཤཱ་རིའི་བུ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སོ། །ཞེས་དངོས་སུ་གསུངས་པ་དང༌། དེའི་ཤུགས་ལ། ས་འོག་མ་རྣམས་སུ་རང་ཉིད་འཆི་བ་དང༌། གཞན་གྱིས་གསོད་པ་གཉིས་ཀ་ཡོད་པར་བཤད་པ་དེའི་དགོངས་པ་གང་ཡིན་ཞེ་ན། འདིའི་དོན་ནི། རང་སའི་ཟག་མེད་ཀྱིས་རང་ས་ལས་འདའ་བར་བྱེད་པ་ལ་ནི་རང་འཆི་བ་ཞེས་པའི་མིང་གིས་བཏགས། གོང་མའི་ཉེར་བསྡོགས་ཀྱིས་ས་འོག་མ་ལས་འདའ་བར་བྱེད་པ་ལ་གཞན་གྱིས་གསོད་པ་ཞེས་པའི་མིང་གིས་བཏགས་ཏེ། གསོད་པ་དང་འཆི་བ་སྒྲ་ཇི་བཞིན་པར་མི་འཆད་དོ། །བརྒྱད་པ་མཚན་ཉིད་ལ། བྱེ་སྨྲའི་ལུགས་གཞག་པ་དང༌། མདོ་སྡེ་པ་ཕན་ཆད་ཀྱི་གྲུབ་པའི་མཐའ་བསམ་པའོ། །དང་པོ་ནི། ཇི་སྐད་དུ། མཚན་ཉིད་རྣམས་ཀྱང་སྐྱེ་བ་དང༌། །རྒ་དང་གནས་དང་མི་རྟག་ཉིད། །ཅེས་བཤད། མདོ་ལས་ནི། སྐྱེ་བ་དང༌། འཇིག་པ་དང༌། གནས་པ་ལས་གཞན་དུ་གྱུར་པ་ཞེས་བྱ་བ་གསུམ་པོ་དེ་ཁོ་ན་འདུས་བྱས་ཀྱི་མཚན་ཉིད་དུ་བཤད་ལ། གསུམ་པ་དེ་ནི་རྒ་བའི་མིང་གི་རྣམ་གྲངས་ཡིན་ལ། བྱེ་བྲག་ཏུ་སྨྲ་བས་ནི་གནས་པ་དང་བཞིར་འཆད་དོ། །འདིར་མཚོན་བྱ་ཞེས་བྱ་བའི་རྣམ་གཞག་ལོགས་པ་མི་འཆད་ཅིང༌། མཚན་ཉིད་བཞི་པོ་དེ་གང་ལ་གནས་པའི་གཞི་ལ་ནི་མཚན་གཞི་ཞེས་བྱ་ཞིང༌། དེ་ཡང་འདུས་བྱས་ཐམས་ཅད་དོ། །དེས་དེ་མཚོན་པའི་དོན་ནི། མཚན་ཉིད་དེ་དང་ལྡན་པའི་དོན་དེ་དག་འདུས་བྱས་སུ་གོ་བར་བྱེད་པའོ། །མཚན་ཉིད་དེ་མཚན་གཞི་འདུས་བྱས་ཙམ་ལ་ལྟོས་ནས་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བ་ཞིག་དགོས་པ་ཡིན་ལ། མཚན་གཞིའི་ཁྱད་པར་སོ་སོ་བ་དེ་དག་གི་མཚན་ཉིད་ཀྱང་རང་རང་གི་མཚན་གཞི་ལ་ལྟོས་ནས་སྐྱོན་གསུམ་གསུམ་དང་བྲལ་བར་འཇོག་པ་ཡིན་ཏེ། དཔེར་ན་དོན་བྱེད་ནུས་པ་ཙམ་པོ་དེ་རང་གི་མཚན་གཞི་དངོས་པོ་ཙམ་ལ་ལྟོས་ནས་སྐྱོན་གསུམ་དང་བྲལ་བ་དང༌། ཁྱད་པར་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེ་མཚན་གཞི་བུམ་པ་ལ་ལྟོས་ནས་སྐྱོན་གསུམ་དང་བྲལ་བར་འཇོག་དགོས་པ་བཞིན་ནོ། །མཚན་ཉིད་དང་མཚན་གཞི་ལས་ལོགས་སུ་མཚོན་བྱ་ཞེས་བྱ་བའི་རྣམ་གཞག་འཆད་པ་ནི། ཇི་སྐད་དུ། དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། །ཅེས་རྣམ་འགྲེལ་མཛད་པའི་ལུགས་ལས་འབྱུང་བ་ཡིན་མོད། ལུགས་དེར་ཡང་མཚོན་བྱ་དང་མཚན་ཉིད་ཡིན་ཁྱབ་མཉམ་དུ་བཞེད་པ་ནི་མ་ཡིན་ཏེ། མཚོན་བྱ་ལ་ནི་ཤེས་བརྗོད་གང་རུང་གིས་ཁྱབ་པའི་ཕྱིར་རོ། །གལ་ཏེ་འོ་ན། མདོ་ལས་གནས་པ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བཤད་པའི་ཕྱིར། འདིར་འཆད་པ་མི་འཐད་དོ་སྙམ་ན། དངོས་སུ་མ་བཤད་པ་ནི་གདུལ་བྱ་རྟག་འཛིན་ཅན་རྣམས་ཡིད་འབྱུང་བར་བྱ་བའི་ཕྱིར་ཡིན་ལ། དོན་ཐོབ་ལ་མི་འབྱུང་བ་མ་ཡིན་ཏེ། གནས་པ་མེད་ན་གནས་པ་ལས་གཞན་དུ་འགྱུར་བ་ཞེས་བྱ་བ་དེ་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་གནས་པ་ནི་འདུས་བྱས་ལའང་ཡོད་པས་འདུས་མ་བྱས་ཀྱི་མཚན་ཉིད་དུ་མི་རུང་ངོ༌། །ཞེ་ན། མཚུངས་པ་མ་ཡིན་ཏེ། འདུས་མ་བྱས་ནི་རང་གི་ངོ་བོ་མི་འཇོག་པར་གནས་པས་གནས་པ་དོན་གཞན་མེད་ལ། འདིར་ནི་མཚན་གཞི་འདུས་བྱས་དེ་ཉིད་དང་མི་འབྲལ་བར་འཁྱུད་ནས་འདུག་པ་ལྟ་བུའི་གནས་པ་རྫས་གཞན་ཞིག་ཁས་ལེན་པའི་ཕྱིར། མཚན་ཉིད་བཞི་པོས་རང་རང་གི་མཚན་གཞི་ལ་བྱ་བ་བྱེད་པའི་ཚུལ་ནི། མཚན་ཉིད་སྐྱེ་བས་རང་གི་མཚན་གཞི་དེ་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་སུ་འདྲེན་པར་བྱེད། གནས་པས་ནི་རང་གི་མཚན་གཞི་དེ་དག་དང་འབྲལ་མི་འཕོས་པ་ལྟ་བུའི་རྣམ་པས་འཁྱུད་པར་བྱེད། རྒ་འཇིག་གཉིས་ཀྱིས་ནི་ད་ལྟར་གྱི་དུས་ནས་འདས་པའི་དུས་སུ་འདྲེན་པར་བྱེད་དོ། །གཉིས་པོའི་ཁྱད་པར་ཡང༌། རྒ་བས་ནི་ཉམས་ཆུང་ངུར་བྱེད་པ་དང༌། འཇིག་པས་ནི་འཇོམ་པར་བྱེད་པའི་ཕྱིར་མཚན་ཉིད་སོ་སོར་བཞག་གོ །བཞི་པོས་རང་གི་མཚན་གཞི་ལ་བྱ་བ་མི་འདྲ་བ་སོ་སོར་བྱེད་པ་དེའི་ཕྱིར། བཞི་པོས་རང་གི་མཚན་གཞི་ལས་རྫས་ཐ་དད་ཅིང༌། བཞི་པོ་ཡང་ནང་ཕན་ཚུན་ཐ་དད་པ་ཁོ་ནར་འདོད་དོ། །འོ་ན་སྐྱེ་སོགས་བཞི་ལ་མཚན་ཉིད་གཞན་ཡོད་དམ་མེད། ཡོད་ན་ཐུག་མེད་དུ་འགྱུར་ལ། མེད་ན་འདུས་བྱས་མ་ཡིན་པར་འགྱུར་རོ་ཞེ་ན། ཡོད་ཀྱང་ཐུག་མེད་དུ་མི་འགྱུར་ཏེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་འཆད་པའོ། །འདི་དག་གི་གོ་དོན་ཡང༌། རང་ཉིད་རང་ལ་བྱེད་པ་འགལ་བའི་རྒྱུ་མཚན་གྱིས། རང་ལས་རྫས་གཞན་པའི་ཆོས་རེ་རེས་སྐྱེ་བ་དང་གནས་པ་ལ་སོགས་པར་བྱེད་དགོས་པས་སོ། །དེའི་ཕྱིར་འདུས་བྱས་རྣམས་རང་གི་ངོ་བོ་ཉིད་ཀྱི་སྐྱེ་བ་དང་འཇིག་པ་ནི་མ་ཡིན་ཏེ། རང་ལས་རྫས་གཞན་པའི་ཆོས་ཀྱིས་སྐྱེ་བ་དང་འཇིག་པར་བྱེད་པའི་ཕྱིར། གཞན་དུ་ན་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་འགྱུར་ཏེ། རང་གི་ངོ་བོ་ཉིད་ཀྱིས་སྐྱེ་བ་དང་འཇིག་པའི་ཕྱིར་རོ། །ཞེས་བྱ་བ་འདི་དག་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པའོ། །གཉིས་པ་ལ་གསུམ་སྟེ། ལུགས་དེ་རྣམ་འགྲེལ་མཛད་པའི་ཕྱོགས་སྔ་མར་སོང་ཚུལ་ཞར་ལ་བཤད་པ་དང༌། བྱེ་སྨྲའི་འདོད་པ་དེ་ལ་མདོ་སྡེ་པས་སྐྱོན་བརྗོད་ཚུལ་ཇི་ལྟར་ཡིན་པ་དང༌། བྱེ་སྨྲ་སྔ་རབས་པའི་ལུགས་དེ། བྱེ་སྨྲའི་ལུགས་དཔྱིས་ཕྱིན་པ་མ་ཡིན་པར་སློབ་དཔོན་ཉིད་ཀྱི་རིགས་པས་བཤད་པའོ། །དང་པོ་ནི། ལུགས་འདིས་འདུས་བྱས་རྣམས་འཇིག་པ་རྒྱུ་གཞན་ལ་ལྟོས་པར་ཁས་བླངས་པ་ཡིན་ཏེ། བུམ་པ་སྐྱེ་བའི་རྒྱུ་དང་འཇིག་པའི་རྒྱུ་རྫས་གཞན་དུ་ཁས་བླངས་པའི་ཕྱིར། དེ་ཡང་བུམ་པ་སྐྱེ་བ་ནི་སྐྱེ་བའི་སྐྱེ་བ་ཞེས་བྱ་བ་རྗེས་མཐུན་གྱིས་མཚན་ཉིད་དེས་སྐྱེད་པ་ཡིན་ལ། བུམ་པའི་འཇིག་པ་ནི་སྐྱེ་བ་ཞེས་བྱ་བ་རྩ་བའི་མཚན་ཉིད་དེས་སྐྱེད་པར་འདོད་ལ། རྩ་བ་དང་རྗེས་མཐུན་གྱི་མཚན་ཉིད་གཉིས་པོའང་རྫས་གཞན་ཁས་ལེན་པའི་ཕྱིར་དང༌། རྫས་གཅིག་པ་ནི་རང་ཉིད་རང་ལ་བྱེད་པ་འགལ་བར་འདོད་པའི་ཕྱིར། ཕྱོགས་སྔ་མས་དེ་ལྟར་ཁས་བླངས་མོད། དེ་ལས་ཅིར་འགྱུར་ཞེ་ན། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་འཇིག་པའི་ངང་ཚུལ་ཅན་དུ་མ་སྐྱེད་པར། འཇིག་བྱེད་ཀྱི་རྒྱུ་གཞན་ཞིག་གིས་འཇིག་དགོས་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ལྟར་ཁས་ལེན་ན་འཇིག་རྒྱུ་དང་མ་ཕྲད་པར་ཁས་ལེན་དགོས་པའི་ཤེས་བྱེད་ཀྱང༌། བུམ་པའི་སྐྱེ་བ་དེ་རང་གི་རྒྱུ་སྐྱེ་བའི་སྐྱེ་བ་ལས་སྐྱེས་ཀྱང༌། བུམ་པའི་འཇིག་པ་དེས་སྐྱེ་བ་དེ་འཇིག་པར་མི་བྱེད་པ་སྲིད་པའི་ཕྱིར། དེ་ཡང་སྐྱེ་བ་སྔར་བྱུང་ལ། འཇིག་པ་ཕྱིས་བྱུང་བར་ཁས་བླངས་སོ། །དེ་སྐད་དུ་ཡང༌། དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌། །ཞེས་སོགས་དང༌། གལ་ཏེ་རྒྱུ་དེས་འཇིག་པ་གཞན། །བསྐྱེད་པས་དེ་ནི་འཇིག་འགྱུར་ན། །གལ་ཏེ་དེ་ཉིད་འཇིག་པ་ཡི། །ངང་དུ་སྐྱེ་ན་ཅི་ཞིག་འགྱུར། །ཞེས་གསུངས་སོ། །དེས་ན་རྟོག་གེ་ཕྱི་རབས་པ་དག རྣམ་འགྲེལ་མཛད་པས་དངོས་པོ་རྣམས་འཇིག་པ་ཕྱིས་རྒྱུ་དོན་གཞན་ལ་ལྟོས་པ་འགོག་ཅེས་ཟེར་མོད། ཕྱིས་རྒྱུ་ཞེས་པའི་རྣམ་བཅད་ཀྱིས་ཡིན་ལུགས་ཀྱི་དོན་གོ་བ་ལ་གེགས་བྱས་པ་ཡིན་ཏེ། སྐྱེ་བྱེད་ཀྱི་རྒྱུ་དང་འཇིག་བྱེད་ཀྱི་རྒྱུ་རྫས་གཞན་ཡིན་པ་འགོག་པ་དེ་མ་ཤེས་པར་སྣང་བའི་ཕྱིར། དེ་གཉིས་རྫས་གཞན་ཡིན་པར་ནི་བྱེ་སྨྲ་སྔ་རབས་པས་ཁས་བླངས་ཏེ། སྐྱེ་བས་དངོས་པོ་རྣམས་བསྐྱེད་པ་དང༌། འཇིག་པས་དངོས་པོ་རྣམས་འཇིག་པར་ཁས་བླངས་ཤིང་མཚན་ཉིད་སྐྱེ་འཇིག་གཉིས་པོ་རྫས་ཐ་དད་དུ་ཁས་བླངས་པས་སོ། །བཤད་པ་འདི་ནི་ཞར་ལས་བྱུང་བ་སྟེ། རྣམ་འགྲེལ་མཛད་པས་རྟག་དངོས་བཀག་པའི་ཕྱོགས་སྔ་མ་ནི་ཕྱི་རོལ་པ་ཁོ་ནའོ། །སྙམ་དུ་འཛིན་པ་དེ་སྤང་པའི་དོན་ཅན་ཡིན་པ་ཁོ་ནར་མ་ཟད། བོད་ཀྱི་རྟོག་གེ་པ་གང་དག དངོས་པོ་རྣམས་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་འཇིག་གོ་ཞེས་འཆད་པའི་དུས་ཀྱི་སྐད་ཅིག་གཉིས་པའི་རྣམ་བཅད་དེ་ཡང་ཕྱོགས་སྔ་མ་འདི་ཁས་བླངས་སོ་ཞེས། ཤེས་པའི་དོན་དུའོ། །གཉིས་པ་ལ་གསུམ་སྟེ། བྱེ་སྨྲའི་ལུགས་དགག མདོ་སྡེ་པ་རང་གི་ལུགས་གཞག དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། མཚན་ཉིད་རྫས་གཞན་ཚད་མས་མི་འགྲུབ་པ་དང༌། རྫས་གཞན་མ་ཡིན་པར་ལུང་གིས་གྲུབ་པའོ། །དང་པོ་ནི། མཚན་གཞི་དང་མཚན་ཉིད་རྫས་གཞན་དུ་ཡོད་པ་མིན་ཏེ། དེར་ཡོད་ན་མངོན་གྱུར་རྣམས་མངོན་སུམ་ལ་སྣང་དུ་རུང་བ་དང༌། ལྐོག་གྱུར་རྣམས་རྗེས་དཔག་ལ་སྣང་དུ་རུང་བ་དང༌། ཤིན་ཏུ་ལྐོག་གྱུར་རྣམས་མངོན་སུམ་ལ་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་རོ། །གལ་ཏེ་ཆོས་མངོན་པ་ལས་དེ་ལྟར་བཤད་དོ་ཞེ་ན། ཁྱེད་འདོད་པའི་མངོན་པ་ནི་ཁོ་བོ་ཅག་མི་འདོད་དེ། སྟོན་པས་མ་གསུངས་པའི་ཕྱིར་རོ། །གལ་ཏེ་མདོ་སྡེ་ལས། འདུས་བྱས་སྐྱེ་བར་ཡང་མངོན། འཇིག་པར་ཡང་མངོན། གནས་པ་གཞན་དུ་འགྱུར་བ་མངོན་ནོ། །ཞེས་གསུངས་སོ་ཞེ་ན། མངོན་ནོ་ཞེས་གསུངས་པ་ཉིད་ཀྱིས་མཚན་ཉིད་དེ་དག་རྒྱུན་ལས་འཇོག་པར་མངོན་ཏེ། སྐད་ཅིག་ལ་བྱིས་པ་རྣམས་ཀྱི་སྐྱེ་འཇིག་གནས་གསུམ་མི་མངོན་པའི་ཕྱིར། དེར་གྲུབ་པ་ན་མཚན་ཉིད་རྣམས་རྫས་སུ་མེད་པར་ཡང་གྲུབ་སྟེ། རྒྱུན་རྫས་སུ་མེད་པའི་ཕྱིར། གཉིས་པ་ནི། མདོ་སྡེའི་ལུང་དེ་ཉིད་ཀྱི་མཚན་གཞི་ལས་མཚན་ཉིད་རྫས་གཞན་དུ་མེད་པར་གྲུབ་སྟེ། འདུས་བྱས་ཉིད་སྐྱེ་བར་མངོན། ཞེས་གསུངས་ཀྱི། དེ་ལ་སྐྱེ་སོགས་དོན་གཞན་ཡོད་པར་མ་གསུངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྒྱུན་ལ་ལྟོས་ནས་མཚན་ཉིད་བཞིར་གཞག་པ་དང༌། སྐད་ཅིག་ལ་ལྟོས་ནས་མཚན་ཉིད་གཅིག་གམ་གཉིས་ཀྱིས་ཆོག་པའོ། །དང་པོ་ནི། འགྲེལ་པར་དེ་ལ་རྒྱུན་གྱི་དང་པོ་ནི་སྐྱེ་བ་ཡིན་ནོ། །ཟློག་པ་ནི་འཇིག་པ་ཡིན་ནོ། །རྒྱུན་དེ་ཉིད་རྗེས་སུ་འཇུག་པ་ནི་གནས་པ་ཡིན་ནོ། །དེའི་སྔ་ཕྱིའི་བྱེ་བྲག་ནི་གནས་པ་གཞན་དུ་འགྱུར་བ་ཉིད་ཡིན་ནོ། །ཡང་འདིར་སྨྲ་བ། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི། །གནས་པ་གཞན་དུ་འགྱུར་བར་འདོད། །སྐད་ཅིག་མ་ཡི་ཆོས་ལ་ནི། །གནས་པ་མེད་ན་འཇིག་པར་འགྱུར། །དེ་ཡང་འཇིག་འགྱུར་དེ་ཡི་ཕྱིར། །དེ་ཡི་དེ་རྟོག་དོན་མེད་དོ། །དེ་ལྟ་བས་ན་གནས་པ་ནི། །རྒྱུན་ཁོ་ན་ཡིན་ནོ། །ཞེས་སོ། །གཉིས་པ་ནི། འདུས་བྱས་ཀྱི་རྒྱུན་ལ་ལྟོས་ནས་མཚན་ཉིད་བཞི་ལྡན་དུ་བཤད་ཀྱང༌། སྐད་ཅིག་ལ་ལྟོས་ནས་ནི་སྐྱེ་འཇིག་ཅན། མི་རྟག་པ་ཉིད་ཅེས་བྱ་བའི་མཚན་ཉིད་གཅིག་པུས་ཆོག་པ་ཡིན་ཏེ། འགྲེལ་པར། མདོར་ན་བཅོམ་ལྡན་འདས་ཀྱིས་ནི་མདོ་འདི་ལས་འདུས་བྱས་ཤེས་བྱ་བ་ནི་གང་བྱུང་བ་ལས་འབྱུང་བ་དང༌། བྱུང་ནས་ཀྱང་མི་འབྱུང་བ་འདི་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་ལ། ཞེས་པའོ། །གསུམ་པ་ལ་གཉིས་ཏེ། མཚན་ཉིད་བཞི་ལྡན་ལ་རྩོད་པ་སྤང་བ་དང༌། མཚན་ཉིད་དང་མཚན་གཞི་རྫས་གཞན་མ་ཡིན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ། གནས་པ་དང་གནས་འགྱུར་འགལ་བའི་རྩོད་པ་སྤང་བ་དང༌། རིགས་འདྲའི་རྒྱུན་ཆད་པ་རྣམས་ལ་གནས་པ་གཞན་འགྱུར་མི་འཐད་པའི་རྩོད་པ་སྤང་བ་གཉིས་བཤད་པ་ནི་རྟོགས་པར་སླ་བ་ཡིན་ཏེ། འདུས་བྱས་མཐའ་དག་ལ་ནི་མཚན་ཉིད་བཞི་ལྡན་གྱིས་ཁྱབ་པར་ཁས་མ་བླངས་ལ། རྒྱུན་ལྡན་ལ་ནི་དེ་དག་མི་འགལ་བའི་ཕྱིར། གཉིས་པ་ནི། རྫས་ཐ་མི་དད་པ་མཚོན་བྱེད་དུ་ཇི་ལྟར་རུང་སྙམ་པ་ལ། དེར་མི་འགལ་བའི་ཤེས་བྱེད་ཀྱི་དཔེ་ནི། མཚན་བཟང་པོ་རྣམས་སྐྱེས་བུ་ཆེན་པོའི་མཚན་ཉིད་དང༌། ནོག་སོགས་འདུས་པ་བ་ལང་གི་མཚན་ཉིད་ཡིན་པ་ལ་སོགས་པའི་དཔེས་རྫས་ཐ་མི་དད་ཀྱང་ལྡོག་པ་ཐ་དད་པས་མཚོན་དུ་རུང་བར་བསྟན་ནོ། །མདོ་སྡེ་པའི་ལུགས་འདིར་དཔྱད་པ་འདི་ལྟར་འཇུག་སྟེ། གཟུགས་སྒྲ་ལ་སོགས་པའི་སྐད་ཅིག་མ་ཉིད་སྐྱེ་འཇིག་གི་ངོ་བོར་ཁས་ལེན་པ་དེའི་ཚེ། མཚན་ཉིད་སྐྱེ་སོགས་ནི་ཇི་ལྟར་ན་མི་ལྡན་པའི་འདུ་བྱེད་དུ་འགྱུར་ཏེ། གཟུགས་སྒྲ་ལ་སོགས་པར་ཁས་བླངས་པའི་ཕྱིར་སྙམ་ན། རྫས་ཀྱི་ངོ་བོར་གྱུར་པའི་དབང་དུ་བྱས་ན་ནི། མཚན་ཉིད་སྐྱེ་སོགས་ལྟ་ཞོག དོན་གང་ཡང་མི་ལྡན་པའི་འདུ་བྱེད་དུ་ཁས་མི་ལེན་ལ། རྒྱུན་ལ་ལྟོས་པའི་སྐྱེ་འཇིག་ལྟ་བུ་བཏགས་ཡོད་རྣམས་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཁས་ལེན་ཞིང༌། དེ་དག་རང་གི་མཚན་ཉིད་ལས་ཅིག་པ་བཀག་པའི་ཐ་དད་དུ་འདོད་པའི་ཕྱིར་ཉེས་པ་མེད་དོ། །དེའི་ཕྱིར་མདོ་སེམས་ཀྱི་ལུགས་དེར་བཅུ་བཞི་པོ་གང་རུང་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ་པ་མ་ངེས་སོ། །གསུམ་པ་སློབ་དཔོན་གྱིས་བྱེ་སྨྲ་སྔ་རབས་པའི་ལུགས་བཀག་པའི་ཚུལ་ལ། དངོས་དང༌། ཉེས་སྤོང་དགག་པའོ། །དང་པོ་ནི། འདུས་བྱས་རྣམས་ཆོས་ཅན། དུས་གཅིག་ཏུ་སྐྱེ་གནས་རྒ་འཇིག་བཞི་ཆར་བྱེད་ནུས་པར་འགྱུར་ཏེ། མཚན་ཉིད་བཞི་དང་དུས་ཅིག་ཆར་དུ་ཚོགས་པའི་ཕྱིར། གཉིས་པ་ནི། བྱེ་སྨྲ་ན་རེ། གཏན་ཚིགས་མ་གྲུབ་སྟེ། མཚན་ཉིད་སྐྱེ་བ་ནི་མ་འོངས་པ་ཡིན་ལ། དེས་མཚན་གཞི་མ་སྐྱེས་པ་ད་ལྟར་གྱི་གནས་སུ་སྐྱེད་པར་བྱེད། དེའི་ཚེ་གནས་སོགས་གསུམ་པོས་སོ་སོའི་བྱ་བ་མི་བྱེད། གསུམ་པོས་བྱ་བ་བྱེད་པའི་ཚེ་སྐྱེ་བས་བྱ་བ་བྱས་ཟིན་ནས་མི་བྱེད། གསུམ་པོས་ཀྱང་རང་གི་བྱ་བ་རིམ་ཅན་དུ་བྱེད་པ་ཁོ་ནའོ། །ཞེས་ཟེར་རོ། །དེ་མི་འཐད་པ་ལ་གཉིས་ཏེ། སྐྱེ་བ་མ་འོངས་པས་བྱ་བ་བྱེད་པ་སྤྱིར་མི་འཐད། གནས་སོགས་གསུམ་པོས་མཚན་གཞི་གཅིག་ལ་བྱ་བ་རིམ་ཅན་དུ་བྱེད་པ་མི་འཐད་པའོ། །དང་པོ་ནི། བུམ་པའི་མཚན་ཉིད་སྐྱེ་བ་དེ་ཆོས་ཅན། རང་གི་མཚན་གཞི་ཇི་ལྟར་སྐྱེད་དེ། ཁྱོད་རང་ཉིད་མ་སྐྱེས་པའི་ཕྱིར། ཅི་སྟེ་མཚན་ཉིད་སྐྱེ་བ་ཁོ་མ་འོངས་པའི་ས་དེ་ཉིད་ན་རྫས་སུ་ཡོད་པས། དེས་རང་གི་མཚན་གཞི་སྐྱེ་བའི་བྱ་བ་བྱེད་པ་མི་འགལ་ལོ། །ཞེ་ན། དེ་ཆོས་ཅན། མ་འོངས་པ་མ་ཡིན་པར་ཐལ། རང་གི་མཚན་གཞི་ད་ལྟར་བ་དེ་བསྐྱེད་པའི་བྱ་བ་བྱེད་བཞིན་པ་ཡིན་པའི་ཕྱིར། ཡང་མཚན་གཞི་ད་ལྟར་བ་དེ་ཆོས་ཅན། རང་གི་མཚན་ཉིད་སྐྱེ་བ་ལ་ལྟོས་ནས་འདས་པར་ཐལ། དེ་ཁྱོད་ལ་ལྟོས་ཏེ་མ་འོངས་པ་ཡིན་པའི་ཕྱིར། འདོད་ན། དེས་ཁྱོད་སྐྱེད་པའི་བྱ་བ་མི་བྱེད་དེ། དེའི་དུས་སུ་ཁྱོད་འདས་ཟིན་པའི་ཕྱིར། ཞེས་སྟོན་པ་ནི། ཇི་སྐད་དུ། རེ་ཤིག་འདིར་མ་འོངས་པ་རྫས་སུ་ཡོད་དམ་མེད། ཅེས་བྱ་བ་འདི་དཔྱད་དགོས་པར་འགྱུར་ཏེ། ཕྱིས་ནི་སྐྱེད་པར་བྱེད་དམ། འོན་ཏེ་མ་ཡིན་ཞེས་བྱ་བ་འགྲུབ་པར་འགྱུར་རོ། །དེ་ཡོད་དུ་ཆུག་ན་ཡང༌། སྐྱེ་བའི་བྱེད་ན་ཇི་ལྟར་མ་འོངས་པར་འགྲུབ་པར་འགྱུར། དེ་ལྟ་བས་ན་མ་འོངས་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །བྱུང་བས་ཡང་བྱ་བ་ཞིག་པ་ཡིན་ན། ཇི་ལྟར་ན་ད་ལྟར་འགྲུབ་པར་འགྱུར། དེ་ལྟ་བས་ན་ད་ལྟར་བའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །ཞེས་གསུངས། འགྲེལ་པ་དེའི་དོན་ཤིན་ཏུ་གོ་དཀའ་བར་སྣང་ཡང༌། དོན་བཤད་ཟིན་པ་དེ་ཉིད་ལས་མ་འདས་ཤིང༌། མདོར་ན། བུམ་པ་ད་ལྟར་བ་ཆོས་ཅན། སྐྱེས་ཟིན་སྐྱེ་བའམ། ཁྱོད་རང་གི་རྒྱུར་འདོད་པ་དེ་ལས་མི་སྐྱེ་བ་གང་རུང་དུ་ཐལ། ཁྱོད་ཁྱོད་རང་གི་རྒྱུར་འདོད་པའི་སྐྱེ་བ་དེའི་དུས་སུ་འདས་ཟིན་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། མཚན་གཞི་ཅིག་ཉིད་ལ་མཚན་ཉིད་གནས་སོགས་གསུམ་པོ་བྱ་བ་རིམ་གྱིས་བྱེད་པ་མི་འཐད་དེ། སྐད་ཅིག་མ་ཉིད་ཡིན་པས་སྐད་ཅིག་གི་བྱ་བ་བྱེད་པའི་དུས་སུ་ཅིག་ཤོས་ཀྱི་བྱ་བ་མ་སྐྱེས། དེ་སྐྱེས་པའི་དུས་སུ་སྔ་མས་བྱ་བ་བྱས་ཟིན་པའི་མཚན་གཞི་དེ་འདས་པའི་ཕྱིར་རོ། །བྱེ་སྨྲ་ན་རེ། མཚན་གཞི་བྱ་རྫོགས་ཀྱི་སྐད་ཅིག་མའི་དབང་དུ་བྱེད་པས་སྐྱོན་མེད་དོ། །ཞེས་ཟེར། འོ་ན་མཚན་གཞི་བྱ་རྫོགས་ཀྱི་སྐད་ཅིག་མ་དེ་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། མཚན་ཉིད་གནས་པས་མི་འཇིག་པར་བཟུང་བའི་ཕྱིར། གལ་ཏེ་མཚན་ཉིད་གནས་པ་ཞེས་བྱ་བ་དེས་གནས་པའི་བྱ་བ་བྱས་ཟིན་པའི་འོག་ཏུ་མི་གནས་ཏེ། གནས་ཟིན་མི་གནས་པ་ནི་སྐྱེས་ཟིན་མི་སྐྱེ་བ་དང་རིགས་པ་མཚུངས་པའི་ཕྱིར། ཞེ་ན། མི་མཚུངས་ཏེ། ལན་ཅིག་སྐྱེས་ཟིན་ན། སླར་སྐྱེ་བ་ནི་འགལ་ལ། ལན་ཅིག་གནས་ན་རྟག་ཏུ་གནས་དགོས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འདིར་སྨྲས་པ། དེ་བཞིན་ན་ནི་རྒ་མི་འགྱུར། །གཞན་དུ་གྱུར་ན་དེ་གཞན་ཉིད། །དེ་ལྟ་བས་ན་དངོས་ཅིག་ལ། །རྒ་བ་ཞེས་བྱ་མི་འཐད་དོ། །དེ་ལྟ་བས་ན་རྒྱུན་ལ་འདུས་བྱས་ཀྱི་མཚན་ཉིད་འདི་དག་གསུངས་པ་ཡིན་ནོ། །ཞེས་བཤད་ལ། དེ་ལྟར་བཤད་པ་དེ་ནི་མདོ་སྡེ་པ་རྣམས་ཀྱི་འདོད་པ་ཁོ་ནར་མ་ཟད་ཆོས་མངོན་པ་པ་དག་གི་ལུགས་ལ་ཡང༌། མཚན་ཉིད་སྐྱེ་སོགས་མཚན་གཞི་ལས་རྫས་གཞན་དུ་མེད་པ་དང༌། རྒ་བ་དང་གནས་པ་ནི་རྒྱུན་ལ་ལྟོས་པའི་བཏགས་ཡོད་དུ་འཆད་དགོས་སོ། །ཞེས་པའི་དོན་ནོ། །དེ་ལྟར་བྱེ་སྨྲ་སྔ་རབས་པའི་ལུགས་བཀག་ནས། བྱེ་མདོ་གཉིས་ཀྱི་ལུགས་མ་ནོར་བར་བཤད་པ་དེ་ལས་གྲུབ་པའི་དོན་ནི། འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་པ་གསུམ་གྱི་བདག་ཉིད་དུ་ཁས་བླངས་ན་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་དང་འགལ་ཏེ། རྒྱུན་གནས་པས་གནས་པའི་གོ་ཆོད་ན། རྒྱུན་གྱི་རྟག་པས་རྟག་པའི་གོ་ཆོད་པར་མཚུངས་པའི་ཕྱིར། དེས་ན་མི་རྟག་པའི་དོན་ནི་འཇིག་པའོ། །དེའི་དོན་ཡང་སྐད་ཅིག་གིས་འཇིག་པ་ཡིན་ཏེ། དུས་ཅུང་ཟད་ཅིག་གནས་ན་འཇིག་པར་འགལ་བའི་ཕྱིར། དེའི་དོན་ཡང་སྐྱེ་བ་དང་འཇིག་པ་དུས་མཉམ་པ་སྟེ། གཉིས་པོ་དངོས་རྒྱུ་ཅིག་ལས་སྐྱེས་པའི་ཕྱིར། དེའི་དོན་ཡང༌། སྐྱེས་དུས་དེ་ཉིད་དུ་ཞིག་པ་སྟེ། དེར་མ་ཞིག་ན་གནས་པ་ཁས་ལེན་དགོས་པའི་ཕྱིར། འོ་ན་ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་དང༌། དབུས་མཐར། མི་རྟག་དོན་ནི་མེད་དོན་དང༌། །ཞེས་བཤད་པ་ལྟར། མི་རྟག་པའི་དོན་རང་གི་ངོ་བོས་སྟོང་པར་འཆད་དགོས་པར་འགྱུར་ཏེ། སྐྱེས་པའི་དུས་དེ་ཉིད་དུ་ཞིག་པར་འདོད་པའི་ཕྱིར། དེ་ཡང་དེ་ལྟ་ན། མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་མངོན་སུམ་དུ་རྟོགས་པ་དེའི་ཚེ་ན། ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བར་འགྱུར་བ་མ་ཡིན་ནམ། གལ་ཏེ་འདིར་རགས་པའི་མི་རྟག་པ་ལ་འཆད་ན་ཆོས་ཀྱི་ཕྱག་རྒྱ་དང་འགལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། བོད་སྔ་མ་ཁ་ཅིག་ཕྲ་བའི་མི་རྟག་པ་ནི་ཆོས་ཀྱི་བདག་མེད་ཀྱི་གོ་དོན་དུ་འདོད་མོད་ཀྱང་འཐད་པ་མ་ཡིན་ཏེ། དེའི་དོན་ནི་སྐད་ཅིག་གིས་འཇིག་པའི་དོན་ལས་གཞན་དུ་འཆད་པར་མི་རིགས་ལ། དེ་མངོན་སུམ་དུ་མཐོང་བ་ནི་ཉན་ཐོས་འཕགས་པ་དག་ལའང་ཡོད་པའི་ཕྱིར། མེད་པའི་རྣམ་པ་ཞེས་བྱ་བ་ཡང་རང་སྟོང་གི་རྣམ་པ་ལ་འཆད་པ་མ་ཡིན་ཏེ། སྐད་ཅིག་ཀྱང་གནས་པ་མེད་པ་ལ་བཤད་པའི་ཕྱིར། དེས་ན་ཉན་ཐོས་འཕགས་པ་ཆོས་ཅན། སྡུག་བདེན་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཚེ། དེ་རང་གི་ངོ་བོས་སྟོང་པར་རྟོགས་པ་མ་ཡིན་ཏེ། དེ་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་ཉིད་དུ་རྟོགས་པའི་ཕྱིར། འོ་ན་དེ་འདྲ་དེ་དུས་མཐའི་སྐད་ཅིག་མ་གཅིག་ཏུ་གནས་པར་ཁས་ལེན་ནམ་ཞེ་ན། མི་ལེན་ཏེ། གནས་པར་ཁས་བླངས་ན་སྐྱེ་བ་དང་འཇིག་པར་ཁས་ལེན་དགོས་པས་ཆ་བཅས་སུ་ཐལ་བའི་ཕྱིར་རོ། །དེས་ན་དེ་རང་གི་ངོ་བོས་མི་སྟོང་སྟེ། དེ་ཉིད་དེ་ཡིན་པའི་ཕྱིར་རོ། །འོ་ན་དེ་དངོས་པོར་ཁས་ལེན་དགོས་པས་དུས་གསུམ་ལས་གང་ཡིན་ཞེ་ན། འདས་པ་ཁོ་ན་ཏེ། སྐྱེས་དུས་དེ་ཉིད་དུ་ཞིག་ཟིན་པའི་ཕྱིར་རོ། །འོ་ན་ད་ལྟར་བའི་དངོས་པོ་མི་སྲིད་པར་འགྱུར་རོ། །ཞེ་ན། སྐད་ཅིག་ལ་ད་ལྟར་བ་ཁས་མི་ལེན་ཏེ། སྐྱེས་ལ་མ་འགགས་པ་ཁས་མི་ལེན་པའི་ཕྱིར། འོ་ན་མ་འོངས་པའི་དངོས་པོ་ཡང་ཁས་མི་ལེན་པར་འགྱུར་རོ། །ཞེ་ན། མི་མཚུངས་ཏེ། སྐད་ཅིག་ལ་ནི་སྐྱེས་ཟིན་པ་དང་མ་སྐྱེས་པ་གཉིས་སུ་ཁ་ཚོན་ཆོད། དང་པོ་ལ་འདས་པས་ཁྱབ་ཅིང༌། གཉིས་པ་ལ་མ་འོངས་པས་ཁྱབ་པའི་ཕྱིར་རོ། །འོ་ན་ཞིག་འཇིག་ལ་ཁྱད་པར་མེད་པར་འགྱུར་ཏེ། མི་རྟག་པའི་དོན་སྐྱེས་དུས་དེ་ཉིད་དུ་ཞིག་ཟིན་པ་ལ་འཆད་པའི་ཕྱིར། ཞེ་ན། མ་ཡིན་ཏེ། དངོས་པོ་མ་འོངས་པ་རྣམས་ནི་འཇིག་པ་ཡིན་ཀྱང་ཞིག་པ་མ་ཡིན་པའི་ཕྱིར། གཞན་ཡང༌། གསུང་རབས་ལས། འདུས་བྱས་ཀྱི་དོན་ཞིབ་མོར་དཔྱད་པ་ལ། སྐྱེ་ལྡན་ཞེས་དང༌། སྐྱེ་འཇིག་ཅན་དང་མི་རྟག་པ་ལ་བཤད་པ་འདི་ཉིད་གཞུང་ཤིང་ཡིན་ལ། དེའི་ཚེ་ན་མ་འོངས་པ་ན་རྒྱུ་རྐྱེན་གྱིས་མངོན་པར་འདུ་བྱེད་པ་རྣམས་ལའང་འདུས་བྱས་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ཏེ། རྒྱུ་རྐྱེན་འདུས་པས་ཞེས་བྱ་བའི་དོན་ཡིན་པའི་ཕྱིར། རྟོག་གེ་པ་དག རང་བཞིན་ལྟོས་པ་པའི་དཔེར་བརྗོད་དུ་འགོད་པ་དེ་ནི་འདུས་པ་ཞེས་པའི་ཚིག་དང་མ་འབྲེལ་པར་བྱས་པའི་ཕྱིར། ཞེས་འགོད་པ་ཡིན་ཏེ། གཞན་དུ་ན་ལྟོས་པ་བར་མི་རུང་བའི་ཕྱིར། དེའི་ཚེ་ན་བྱས་པའི་མཚན་ཉིད་ནི། སྐྱེས་པའོ། །དེ་ལྟར་འཇོག་པ་དེའི་ཚེ་འདུས་བྱས་ཐམས་ཅད་ལ་དེས་ཁྱབ་པ་མ་ཡིན་ཏེ། མ་འོངས་པའི་དངོས་པོ་སྐྱེ་ངེས་པ་རྣམས་དང༌། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་མ་ངེས་སོ། །ཕྱིས་ཀྱི་རྟོག་གེ་པ་དག་ཐལ་བ་དང་པོ་ལ་འདོད་ལན་འདེབས་ན། སླར་སྐྱེ་དགོས་པ་མ་ཡིན་པར་འགྱུར་ཏེ། སྐྱེས་ཟིན་པའི་ཕྱིར། ཞེས་པ་འདི་ཉིད། ཇི་སྐད་དུ། མེ་དང་སྐྱེ་ལ་ཡོང་གནོད་བཞིན། །ཞེས་པའི་རིགས་པ་སྟེ་གྲངས་ཅན་གྱིས་བདག་སྐྱེ་འདོད་པས་འགོག་པའི་རིགས་པ་ཆོས་ཀྱི་གྲགས་པས་འདི་ལས་གཞན་མ་བཤད་དོ། །ཐལ་བ་གཉིས་པ་ལ་འདོད་ན་ནི། སྐྱེས་ཟིན་ན་མི་སྐྱེ་བའི་ཆོས་ཅན་དུ་འགལ་ལོ། །དེའི་ཆོས་ཅན་ལ་མི་སྐྱེ་བའི་ཁྱབ་པ་ནི་ཡོད་པ་མ་ཡིན་ཏེ། འདུས་བྱས་ཡིན་ན་སྐྱེ་འཇིག་ཅན་དུ་ངེས་པའི་ཕྱིར། ལ་ལ་ན་རེ། ཐེག་པ་ཆེན་པོ་པ་དག་གི་ལུགས་ལ་དེ་འདྲའི་རྣམ་གཞག་ཁས་མི་ལེན་ཞིང༌། ལེན་ནའང་འདུས་བྱས་མི་སྐྱེ་བའི་ཆོས་ཅན་སྐྱེ་བར་ཁས་ལེན་པ་ནི་རང་ཚིག་འགལ་བའོ། །ཞེས་ཟེར། དེ་ནི་མ་ཡིན་ཏེ། ཐེག་པ་ཆེན་པོ་པ་དག་གིས་ཀྱང༌། བར་ཆད་མེད་ལམ་གྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་སྤང་བྱའི་དངོས་པོ་མ་འོངས་པ་ཁས་ལེན་པའི་ཕྱིར། དེ་འདྲ་དེ་སྐྱེ་བ་ནི་ཡིན་ཏེ། སྐྱེ་རུང་ཡིན་པའི་ཕྱིར། དེ་ལ་སྐྱེ་བས་ཁྱབ་སྟེ། སྐྱེ་རུང་ཡིན་ན་རང་སྐྱེ་བྱེད་ཀྱི་རྒྱུ་ཡོད་པས་ཁྱབ། རྒྱུ་ལ་རང་གི་འབྲས་བུ་སྐྱེད་བྱེད་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞར་ལ་ཆོས་ཀྱི་ཕྱག་རྒྱ་བཞིའི་རྣམ་པར་གཞག་པ་ལ། མཚན་ཉིད་ནི། འདེབས་བྱེད་གང་གི་རྒྱས་བཏབ་པའི་མིང་ཚིག་ཡི་གེའི་ཚོགས་རྣམས་སངས་རྒྱས་ཀྱི་ཆོས་སུ་མཚོན་ནུས་པའོ། །མཚོན་བྱའི་སྒྲ་བཤད་པ་ནི། སངས་རྒྱས་ཀྱི་གསུང་རབ་མཐའ་དག་ལ་འདེབས་བྱེད་ཀྱི་རྒྱའམ་རྟགས་སུ་གྱུར་པའོ། །མཚན་གཞིའི་དབྱེ་བ་ནི་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག །ཅེས་བྱ་བ་ལ་སོགས་པའོ། །དེ་ཡང༌། འདུས་བྱས་ཤེས་སོགས་ཚིག་སྔ་མ་རྣམས་ཀྱི་མཚན་གཞི་དང༌། མི་རྟག་པ་སོགས་ཕྱི་མ་རྣམས་ཀྱིས་མཚན་ཉིད་སྟོན་ནོ། །དེ་ལས་འདུས་བྱས་ནི་རྒྱུ་རྐྱེན་ལ་རག་ལས་པ་མཐའ་དག་གོ །དངོས་པོ་ཐམས་ཅད་ཅེས་མི་ཟེར་བ་ནི། རྟག་པའི་དངོས་པོ་ཁས་ལེན་པའི་རང་གི་སྡེ་པ་དག་ལ་ཕྱག་རྒྱ་དང་པོ་མི་ལྡན་པར་ཐལ་བ་སྤང་བའི་དོན་དུའོ། །ཐམས་ཅད་ཅེས་སྨོས་པ་ནི། འདུས་བྱས་ཀྱི་ཁྱད་པར་ཁ་ཅིག་མི་རྟག་པར་བཤད་པ་ནི་ཕྱི་རོལ་པ་ལ་ཡང་ཡོད། དེ་ཡང་ཆོས་ཀྱི་ཕྱག་རྒྱ་དང་པོ་དང་ལྡན་པ་སྤང་བའི་དོན་དུའོ། །མི་རྟག་པ་ཡང་སྐད་ཅིག་གིས་མི་རྟག་པ་ཉིད་ལ་ངོས་འཛིན་དགོས་པ་ཡིན་ཏེ། འདུས་བྱས་ཐམས་ཅད་རགས་པའི་མི་རྟག་པར་ཤེས་པ་ནི་གྲངས་ཅན་ལ་ཡང་ཡོད་པའི་ཕྱིར། ཆོས་ཐམས་ཅད་ཅེས་བྱ་བ་ནི། ཇི་སྐད་དུ། དངོས་པོས་སྒྲ་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །ཞེས་བཤད་པ་ལྟར། ཕུང་པོ་ལ་ཟེར་བ་ཡིན་ཏེ། དངོས་མེད་ནམ་མཁའ་ལྟ་བུ་ལ་བདག་ཡོད་མེད་ནི་ཕྱི་ནང་གི་རྩོད་གཞིའི་ཆོས་མ་ཡིན་པའི་ཕྱིར་དང༌། དངོས་མེད་རྣམས་ལ་བདག་མེད་པའི་གོ་བ་ནི་ཆོས་ཀྱི་བདག་མེད་པའི་དོན་ལས་གཞན་དུ་འཆད་མི་ཤེས་ལ། དེ་ལྟ་ན་ཐེག་པ་དམན་པའི་གཞུང་དུ་ཆོས་ཀྱི་ཕྱག་རྒྱ་དང་པོ་མ་བསྟན་པར་ཐལ་བའི་ཕྱིར་རོ། །བདག་མེད་ཅེས་བྱ་བ་ནི། གང་ཟག་གི་བདག་མེད་པའི་དོན་ཏེ། ཕྱི་ནང་གི་རྩོད་གཞི་ནི་འདི་ཉིད་ཡིན་པའི་ཕྱིར་དང༌། ཆོས་ཀྱི་བདག་མེད་ཀྱི་ཁྱད་པར་འགའ་ཞིག་ཕྱི་རོལ་པས་ཀྱང་འདོད་པའི་ཕྱིར་དང༌། ཆོས་ཀྱི་བདག་མེད་ཤེས་པ་ལ་བྱས་ན། སངས་རྒྱས་ཀྱི་ཐེག་པ་པ་འགའ་ཞིག་ལ་ཡང་མ་ཁྱབ་པར་ཐལ་བའི་ཕྱིར་རོ། །གང་ཟག་གི་བདག་མེད་པའི་དོན་ཡང༌། མུ་སྟེགས་ཀྱིས་བཏགས་པ་ལྟར་གྱི་བདག་མེད་པའི་དོན་ལ་འཆད་དགོས་ཏེ། སངས་རྒྱས་ཀྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པའི་ཆོས་སྟོན་པ་དེའི་ཚེ། ངར་འཛིན་ལྷན་སྐྱེས་ཀྱིས་བཏགས་པའི་བདག་བཀག་པ་མེད་པར་ཞལ་གྱི་བཞེས་པའི་ཕྱིར་དང༌། བདག་དུས་འདི་ནས་བཟུང་སྟེ། ཞེས་དང༌། བདག་ནི་བདག་གི་མགོན་ཡིན་གྱི། །ཞེས་དང༌། བདག་འཚང་རྒྱ་བར་གྱུར་ཅིག ཅེས་སོགས་ཁས་ལེན་དགོས་པའི་ཕྱིར། ལ་ལ་དག་ནི་སྟོང་ཞིང་བདག་མེད་དོ་ཞེས་འཆད་མོད། སྟོང་པའི་དོན། ཇི་སྐད་དུ། བདག་མིན་བྱིན་གྱིས་བརླབས་པ་མིན། །ཞེས་བདག་གི་བས་སྟོང་པ་ལ་འཆད་ཤེས་ན་མི་འགལ་མོད། ཆོས་བདེན་སྟོང་ལ་བཤད་པ་ན་དོན་མ་ཡིན་པ་སྟོན་པར་འགྱུར་རོ། །ཟག་པ་དང་བཅས་པ་ཞེས་པ་ནི། མངོན་པ་ནས་འབྱུང་བ་ལྟར་ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བའོ། །ཐམས་ཅད་ཅེས་བྱ་བའི་སྒྲས་ནི། བྱིས་པས་སྡུག་བསྔལ་དུ་མི་ཤེས་ཤིང༌། འཕགས་པས་དེར་གཟིགས་པའི་འདུ་བྱེད་ཀྱི་ཕུང་པོ་རྣམས་བསྡུད་པ་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་པའི་སྡུག་བསྔལ་དུ་འཆད་པ་ནི་ཕྱི་རོལ་པ་དག་ལ་ཡང་ཡོད་པའི་ཕྱིར། ཇི་སྐད་དུ། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང༌། །ཞེས་གསུངས་སོ། །དེའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་འདི་ལ་ནི་འཕགས་པ་ཁོ་ནས་སྡུག་བསྔལ་དུ་གཟིགས་པའི་ཕྱིར། དོན་དམ་པར་སྡུག་བསྔལ་བ་ཞེས་བྱ་ལ། སྡུག་བསྔལ་གཞན་གཉིས་ནི་བྱིས་པས་ཀྱང་སྡུག་བསྔལ་དུ་ཤེས་པའི་ཕྱིར། ཀུན་རྫོབ་ཏུ་སྡུག་བསྔལ་བ་ཞེས་བྱའོ། །འདིར་ནི་སྔ་མ་ཉིད་གཙོ་ཆེ་བ་ཡིན་ཏེ། ཕྱི་ནང་གི་ཁྱད་པར་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་སྒོམ་པར་གསུངས་པ་ཡིན། །ཞེས་སོགས། ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་ཤེས་པ་ན། དེ་སྤངས་པའི་ཐར་པ་ཡང་མི་འཁྲུལ་བར་གྲུབ་པ་ཡིན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་དེ་སྤངས་པའི་མྱང་འདས་ལ་ཐར་པར་འཇོག་པ་འོས་མེད་དུ་རྟོགས་ནུས་པའི་ཕྱིར། དེ་ལ་དགོངས་ནས་གཞུང་འགའ་ཞིག་ཏུ་ཕྱག་རྒྱ་གསུམ་ཞེས་ཀྱང་གསུངས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་བའི་སྒྲས་ནི། རང་བཞིན་གྱི་དང༌། ལྷག་བཅས་ཀྱི་དང༌། མི་གནས་པའི་མྱ་ངན་ལས་འདས་པ་གསུམ་ཀ་ལ་འཇུག་ཀྱང༌། འདིར་ནི་ཐར་པ་ཁས་ལེན་པའི་ཕྱི་རོལ་པ་དག་ཀྱང་མཐུན་ནང་དུ་གྲུབ་པའི་མྱང་འདས་དེ་ཐར་པ་ཙམ་ལ་བྱའོ། །ཕྱི་པ་ཡང་མྱ་ངན་ལས་འདས་པ་ཁས་ལེན་ནམ་ཞེ་ན། དེ་ཁས་ལེན་པའི་ཕྱི་རོལ་པའི་སྡེ་པ་ལྔ་ཚན་ཞིག་ཡོད་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་ཅིང༌། རིགས་པས་ཀྱང་འགྲུབ་སྟེ། ཐར་པ་ཁས་ལེན་ཕྱིན་ཆད་སྡུག་བསྔལ་སྤངས་པ་ལས་འོས་མེད་ཅིང༌། སྡུག་བསྔལ་དང་མྱ་ངན་ནི་དོན་གཅིག་ལ་འདུ་བའི་ཕྱིར། ཞི་བའོ། །ཞེས་པ་ནི། ཞི་བས་མཚོན་པའི་འགོག་བདེན་གྱི་མཚན་ཉིད་བཞི་ཚང་བར་སྟོན་པ་ཡིན་ལ། ཕྱི་རོལ་པས་ཀྱང་རང་གི་ཐར་པ་ཞི་བར་ཁས་ལེན་མོད། ཞི་བ་མཚན་ཉིད་པ་མ་ཡིན་ཏེ། སྡུག་བསྔལ་གྱི་རྩ་བ་བདག་ཏུ་འཛིན་པའི་རྟོག་པ་སྤོང་བྱེད་ཀྱི་གཉེན་པོ་མེད་པའི་ཕྱིར་རོ། །མདོར་བསྡུས་ན། ཕྱག་རྒྱ་བཞི་རྒྱུད་ལ་བསྐྱེད་པའི་གོ་རིམ་ནི། ཇི་སྐད་དུ། དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་པ་ལྟར་ཡིན་ལ། བདག་མེད་རྟོགས་པའི་ཤེས་རབ་ཡོད་ན་སྡུག་བསྔལ་མ་ལུས་པར་སྤངས་པའི་ཐར་པ་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །དགུ་པ་ཚོགས་གསུམ་གྱི་རྣམ་གཞག་ལ། མཚན་ཉིད་བཤད་པ་དང༌། མཚན་གཞི་ལ་འདོད་པ་མི་མཐུན་པ་ཇི་ལྟར་ཡོད་པའི་ཚུལ་ལོ། །དང་པོ་ནི། དོན་གྱི་ངོ་བོ་ཙམ་སྟོན་པའི་རྗོད་བྱེད་དང༌། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་རྗོད་བྱེད་དང༌། མིང་ཚིག་གཉིས་ཀྱི་འདོགས་གཞིར་གྱུར་པའི་རྗོད་བྱེད་དོ། །མཚན་གཞི་ནི། གཟུགས་ཞེས་བརྗོད་པ་དང༌། གཟུགས་མི་རྟག་ཅེས་བརྗོད་པ་དང༌། ཨ་ཞེས་བརྗོད་པ་ལྟ་བུའོ། །བོད་ཀྱི་རྟོག་གེ་པ་དག བརྗོད་པ་སྒྲའི་བདག་ཉིད་དུ་ངེས་པར་འདོད་ཀྱང༌། མདོ་སྡེ་པས་ནི་རྗོད་བྱེད་གཞིར་བྱས་པ་ལ། སྒྲ་རང་མཚན་དང༌། སྒྲ་སྤྱི་གསལ་བ་གཉིས་ཡོད་པར་འདོད་ལ། ཆོས་མངོན་པ་པ་དག་ནི་རྗོད་བྱེད་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ་པར་བཞེད་པ་དང༌། རྣམ་འགྲེལ་མཛད་པ་ནི། གསུམ་པོའི་ནང་ནས་དབྱངས་ཀྱི་ཡི་གེ་ཁོ་ན་སྒྲར་བཞེད་པའི་བྱེ་བྲག་སོ་སོར་བྱེད་དགོས་སོ། །གཉིས་པ་ལ་གསུམ་སྟེ། བྱེ་སྨྲའི་ལུགས་དང༌། མདོ་སྡེ་པའི་ལུགས་དང༌། རྣམ་འགྲེལ་མཛད་པའི་ལུགས་སོ། །དང་པོ་ནི། དོན་སྟོན་བྱེད་དུ་སྣང་ཙམ་ལ་དབྱེ་ན། དོན་སྟོན་པའི་རྒྱུ་ངག་དང༌། སྟོན་བྱེད་དངོས་སུ་གྱུར་པ་མིང་ངོ༌། །དང་པོ་ནི་སྒྲའི་བདག་ཉིད་ཉན་ཤེས་ལ་དངོས་སུ་སྣང་བ་དེ་ཡིན་ལ། གཉིས་པ་ནི། དེའི་རྗེས་སུ་དྲན་རྟོག་ལ་སྒྲ་སྤྱི་གསལ་བར་སྣང་བ་དེའོ། །དེ་ལའང་མིག་ཚིག་ཡི་གེའི་དབྱེ་བས་གསུམ་སྟེ། དོན་གྱི་ངོ་བོ་བརྗོད་པ་དང༌། ཁྱད་པར་བརྗོད་པ་དང༌། རྗོད་བྱེད་དེ་གཉིས་གང་ལ་འདོགས་པའི་གཞིའི་དབྱེ་བ་ལས་སོ། །ཡི་གེ་དང་ཚིག་གཉིས་ཀྱང་མིང་དུ་འདུས་པ་ཡིན་ཏེ། རང་རང་གི་བརྗོད་བྱའི་དོན་གང་ཡིན་པ་དེའི་མིང་དུ་འདོད་དགོས་པའི་ཕྱིར། དཔེར་ན་གཟུགས་མི་རྟག་ཅེས་བརྗོད་པའི་སྒྲ་སྤྱི་བསལ་བ་དེ་གཟུགས་མི་རྟག་པའི་མིང་ཡིན་པ་དང༌། ཨ་ཞེས་བརྗོད་པའི་སྒྲ་སྤྱི་བསལ་བ་དེ་ཡི་གེ་ཨའི་མིང་ཡིན་པ་བཞིན་ནོ། །འདི་འགྲེལ་པར་བཀག་ཟིན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འགྲེལ་པ་ནི་ཡི་གེ་ཨ་དེ་ཡིག་འབྲུར་བྲིས་པའི་གཟུགས་ཅན་གྱི་ཨ་དེའི་མིང་དུ་འདོད་པ་བཀག་པ་ཡིན་ལ། དེ་འགོག་ནུས་པའི་ཤེས་བྱེད་ཀྱང༌། ཡིག་འབྲུའི་གཟུགས་ཅན་དེས་ཡི་གེ་ཨ་ལ་ཚུར་གོ་བ་བསྐྱེད་པ་ཡིན་གྱི། ཡི་གེ་གཉིས་ཡི་གེའི་གཟུགས་ལ་གོ་བ་སྐྱེད་བྱེད་དུ་མི་རུང་བའི་ཕྱིར། དེས་ན་ཡི་གེའི་གཟུགས་དང་སྒྲ་གཉིས་ཀ་ཡང་ཡི་གེ་དངོས་ཀྱི་སྐྱེ་བྱེད་ཡིན་གྱི། ཡི་གེ་དངོས་སུ་རུང་བ་མ་ཡིན་ལ། དེ་བཞིན་དུ་མིང་ཚིག་གི་སྒྲ་དང་བྲིས་པ་གཉིས་ཀ་ཡང་མིང་ཚིག་གི་རྒྱུ་ཡིན་གྱི། དངོས་མ་ཡིན་ཏེ། གཟུགས་ཅན་གྱི་ཕུང་པོར་འདུས་པའི་ཕྱིར། སྒྲའི་བདག་ཉིད་ལ་ནི་ཡུལ་ཅན་རྟོགས་པའི་ཤེས་པ་དང་མ་འབྲེལ་བའི་ཚེ་ཡང་དོན་སྟོན་པའི་ནུས་པ་ཡོད་པར་ཐལ་བའི་ཉེས་པ་འཇུག་པ་ཡིན་ཏེ། ཕྱི་རོལ་གྱི་དོན་ཉིད་དུ་མཚུངས་པའི་ཕྱིར། ཤེས་པ་ལ་དོན་སྟོན་བྱེད་དུ་སྣང་བའི་ཚེ་དོན་སྟོན་ལ། མི་སྣང་བའི་ཚེ་དོན་མི་སྟོན་པའི་ཁྱད་པར་ཡོད་ན་ནི་སྒྲས་དོན་སྟོན་པར་མ་སོང་གི འདུ་བྱེད་ཀྱི་ཆ་ནས་དོན་སྟོན་པར་སོང་བ་ཡིན་ཏེ། དབང་ཤེས་ལ་དོན་དུ་སྣང་བ་ནི་ཕྱི་རོལ་གྱི་དོན་དངོས་ཡིན་ལ། རྟོག་པ་ལ་དོན་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱི་བསལ་བ་དེ་ནི་དོན་མ་ཡིན་ཞིང༌། རང་སྣང་མཁན་གྱི་ཤེས་པ་ལས་རྫས་གཞན་པའི་ཕྱིར་མཚུངས་པར་མི་ལྡན་པའི་འདུ་བྱེད་ཁོ་ནའོ། །གཉིས་པ་ནི། མདོ་སྡེ་པ་ན་རེ། མིང་ཚིག་ཡི་གེ་གསུམ་ཀ་ཡང་མི་ལྡན་པའི་འདུ་བྱེད་དུ་མི་རུང་སྟེ། སྒྲའི་བདག་ཉིད་ཡིན་པའི་ཕྱིར། བྱེ་སྨྲ་ན་རེ། སྒྲ་རྣམས་ནི་དོན་སྟོན་བྱེད་དུ་མི་རུང་སྟེ། དོན་དང་འབྲེལ་པ་མེད་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། དོན་གང་ལ་བརྡ་སྦྱར་བའི་ཚེ་ན། དོན་དེ་སྟོན་བྱེད་དུ་རུང་བའི་ཕྱིར། དཔེར་ན། ཇི་སྐད་དུ། ངག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུགས་དང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གཽ་སྒྲ་ངེས་པར་གཟུངས། །ཞེས་བཤད་པ་ལྟར་རོ། །དེ་བས་ན་ཡུལ་ཅན་གྱི་ཤེས་པ་ལ་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བ་ནི་རང་རང་གི་གཟུགས་རྣམ་ཡིན་པས་ཤེས་པ་ཉིད་ལས་མ་འདས་པའི་ཕྱིར། དོན་རྗོད་བྱེད་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཇི་ལྟར་རུང་ཞེས་ཟེར་རོ། །བྱེ་སྨྲས་ནི། ངག་ཅེས་པ་སྒྲའི་རང་བཞིན་དང༌། མིང་ཚིག་ཡི་གེ་གསུམ་ལྡན་མིན་འདུ་བྱེད་དུ་འདོད་པའི་ཁྱད་པར་ཕྱེད་དགོས་ལ། དེ་ལྟར་ཤེས་པ་ན། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ངག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་བཏོན་ན་གོ་བདེ་བ་ཡིན་ནོ། །གསུམ་པ་ནི། རྣམ་འགྲེལ་མཛད་པའི་གཞུང་ནས་འབྱུང་བའི་མདོ་སྡེ་པ་དག་གི་ལྟར་ན་ནི། སྤྱིར་སྒྲ་རང་མཚན་ཞེས་པ་ཉན་ཤེས་མངོན་སུམ་གྱི་རྒྱུར་གྱུར་པ་དང༌། དེའི་དུས་ན་འདས་པའི་རྒྱུ་མཚན་གྱིས་དེས་དངོས་སུ་མི་རིག་པ་ཞིག་ཡིན་ལ། བྱེ་བྲག་ཏུ་མིང་ཚིག་གཉིས་ནི་ཉན་ཤེས་ལ་རྣམ་པ་གཏོད་བྱེད་ཀྱི་སྒྲ་རང་མཚན་མ་ཡིན་ཏེ། རང་གི་ཆ་ཤས་སུ་གྱུར་པའི་ཡི་གེ་ལ་བཏགས་པའི་བཏགས་ཡོད་ཡིན་པས་དོན་དམ་པའི་དངོས་པོར་མེད་པའི་ཕྱིར། འོ་ན་བུམ་པ་ཞེས་པའི་སྒྲ་ཉན་ཤེས་ཀྱིས་ཐོས་པ་འདི་ཅི་ཞེ་ན། དེའི་ཚེ་ན་མིང་དེའི་གདགས་གཞིར་གྱུར་པའི་ཡི་གེ་ཉན་ཤེས་ཀྱིས་ཐོས་ཞེས་བྱ་བ་ཡིན་ལ། ཞིབ་མོར་ན་དབྱངས་ཀྱི་ཡི་གེ་ཨ་དང་ཨུ་ལྟ་བུ་དེ་ཉིད་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་ཉན་ཤེས་ལ་དེ་དང་དེའི་རྣམ་པར་གཏོད་བྱེད་ཀྱི་རྒྱུ་ཉིད་དུ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །ཞེས་བཤད་པས་སོ། །དེ་ལྟར་ན་ལུགས་འདིར་ཡང༌། དངོས་ཀྱི་རྗོད་བྱེད་ནི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་སྒྲ་སྤྱི་གསལ་བ་དེ་ཉིད་ཡིན་ལ། ཞེན་པའི་རྗོད་བྱེད་ནི་སྒྲ་རང་མཚན་དུ་རློམ་པ་དེའོ། །དེ་ལྟ་ན་ཡང་དེས་དོན་སྟོན་པ་མ་ཡིན་ཏེ། ཡི་གེའི་དོན་མེད་ཅན་འགྱུར་ཞིང༌། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་ན། དངོས་ཀྱི་རྗོད་བྱེད་ཀྱི་མཚན་གཞི་ནི། བྱེ་སྨྲའི་ལུགས་དེ་ཉིད་ལས་མ་འདས་ལ། དེ་ཉིད་ལྡན་མིན་འདུ་བྱེད་དུ་འདོད་པ་ནི་ཁྱད་པར་དུ་གཞག་གོ །རིགས་པ་སྨྲ་བའི་གཞུང་ནས་བཤད་པའི་མདོ་སེམས་གཉིས་ཀས་ཀྱང་དོན་ཤེས་གཉིས་སུ་མ་འདུས་པའི་ལྡན་མིན་འདུ་བྱེད་ཀྱི་ཕུང་པོ་བཤད་དཀའ་བ་ཡིན་ཏེ། ཤེས་བྱ་ཐམས་ཅད་རྫས་ལྡོག་གཉིས་སུ་ཁ་ཚོན་ཆོད། ལྡོག་པ་ནི་དངོས་པོར་མེད། རྫས་ལ་ནི་དོན་ཤེས་གཉིས་སུ་ཁ་ཚོན་ཆོད་པར་འཆད་དགོས་པའི་ཕྱིར། བོད་སྔ་མ་རྣམས་ཀྱིས་ལྡན་མིན་འདུ་བྱེད་བཏགས་ཡོད་དུ་ཁས་ལེན་ནོ། །ཞེས་ཡོངས་སུ་གྲགས་པ་དེ་དག་གི་ལྟར་ན། རྟོག་པ་ལ་དངོས་པོར་སྣང་ཞིང༌། དོན་ཤེས་གང་དུ་ཡང་མི་འཛིན་པ་ཞིག་གི་དབང་དུ་བྱས་ནས་བཤད་པར་གསལ་བ་ཡིན་ཏེ། སེམས་ཙམ་པ་ལྟར་ན་སྣང་ངོའི་དངོས་པོ་ལ་ཤེས་པས་ཁྱབ་ཅིང༌། མདོ་སྡེ་པ་ལྟར་ན་དོན་ཤེས་གང་རུང་གིས་ཁྱབ་པའི་ཕྱིར་རོ། །དེ་ཡང་དཔེར་ན། བྱེ་སྨྲས་ནི་རྟོག་པ་ལ་གཟུགས་སོགས་དངོས་པོའི་ཆོས་སུ་གང་སྣང་ཡང་སྣང་ཆ་དེ་ཉིད་ལྡན་མིན་འདུ་བྱེད་དུ་ཁས་ལེན་རིགས་སྨྲའི་མདོ་སེམས་ཀྱིས་ནི་ཤེས་པར་ཁས་ལེན། ཆོས་མངོན་པའི་མདོ་སེམས་པ་དག་གིས་ནི། རྟོག་པ་ལ་བུམ་སོགས་ཀྱི་དངོས་པོར་སྣང་བ་ལ་ཕྱི་རོལ་གྱི་བུམ་སོགས་སུ་སྒྲོ་བཏགས་པའི་བཏགས་ཡོད་དེ་ཉིད་ལྡན་མིན་འདུ་བྱེད་དུ་ཁས་ལེན། རིགས་སྨྲའི་མདོ་སེམས་ཀྱིས་ནི་དེ་ཉིད་ལྡོག་པ་གཞན་སེལ་དུ་ཁས་ལེན་པ་བཞིན་ནོ། །སྨྲས་པ། དེ་ལྟར་ལྡན་མིན་འདུ་བྱེད་ཀྱི། །འདོད་ཚུལ་བྱེ་མདོ་མདོ་སེམས་དང༌། །རིགས་པ་སྨྲ་བའི་གཞུང་ལུགས་ཀྱི། །འདོད་ཚུལ་མ་འདྲེས་བཤད་པ་ལས། །བྱུང་བའི་རྣམ་དཔྱོད་གང་ཡོད་དེས། །ཇི་ལྟ་བ་དང་ཇི་སྙེད་པའི། །གནས་ལ་ངེས་པར་གདེང་ཐོབ་ཤོག །གཉིས་པ་གང་གིས་བསྐྱེད་པ་རྒྱུ་རྐྱེན་འབྲས་བུའི་རྣམ་པར་བཞག་པ་འཆད་པ་ལ་གསུམ་སྟེ། རྒྱུ་དྲུག་བཤད་པ་དང༌། འབྲས་བུ་ལྔ་བཤད་པ་དང༌། རྐྱེན་བཞི་བཤད་པའོ། །དང་པོ་ལ། མཚན་ཉིད། མཚན་གཞིའི་དབྱེ་བ། དེ་དག་གི་རྣམ་གཞག་རྒྱས་པར་གཏན་ལ་ཕབ་པའོ། །དང་པོ་ནི། རང་གི་འབྲས་བུ་སྐྱེད་བྱེད་དོ། །ལུགས་འདི་ལ་དེ་ལྟར་མི་རུང་ངོ་སྙམ་དུ་བསམ་པར་མི་བྱ་སྟེ། ཇི་སྐད་དུ། རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་པའི་འགྲེལ་པར། རྒྱུ་དང་རྐྱེན་ཚོགས་པ་མེད་པར་ནི་སྐྱེ་བ་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཞེས་བཤད་པ་ལས་དོན་དེ་གྲུབ་པའི་ཕྱིར། དེ་བསྐྱེད་པ་ལ་དེའི་སྔར་བྱུང་བ་ཞིག་ཀྱང་ངེས་པར་དགོས་ཏེ། ཕྱིས་བྱུང་བ་དེའི་རྒྱུ་མ་ཡིན་པ་ལ་རྩོད་པ་མེད་ལ། དུས་མཉམ་པས་སྐྱེད་ན་བསྐྱེད་ཟིན་བསྐྱེད་པར་སོང་བས་བདག་སྐྱེ་ཁས་ལེན་དགོས་པ་ཉིད་ལས་མ་འདས་པའི་ཕྱིར། ཡང་ན་དེ་ལ་ཕན་འདོགས་བྱེད་ཅེས་པ་དེའི་རྒྱུ་དང༌། དེས་ཕན་བཏགས་སྟོབས་ཀྱིས་དེ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཞེས་བྱ་བ་དེ་ཉིད། འདིར་ཡང་འབྲས་བུའི་མཚན་ཉིད་དུ་ཁས་ལེན་དགོས་པ་ཡིན་ཏེ། འགྲེལ་པར་བྱེ་སྨྲའི་འདོད་པ་འཆད་པ་ན། གང་ཞིག་ཡོད་དམ་མེད་ན། གང་ཞིག་ངེས་པར་ཡོད་དམ་མེད་པ་དེ་ནི་རྒྱུ་ཡིན་ཞིང༌། ཅིག་ཤོས་ནི་རྒྱུ་དང་ལྡན་པ་ཡིན་ལ། ལྷན་ཅིག་འབྱུང་བའི་ཆོས་རྣམས་ཀྱང་གཅིག་ཡོད་ན་ཐམས་ཅད་ཡོད་ལ། གཅིག་མེད་ན་ཐམས་ཅད་མེད་པས་རྒྱུ་དང་འབྲས་བུའི་དངོས་པོར་རིགས་པ་ཡིན་ནོ། །དེའི་ཕྱིར་རྒྱུ་སྨྲ་བ་རྣམས་རྒྱུ་དང་ལྡན་པའི་མཚན་ཉིད་ནི་དེ་ཡིན་ནོ། །ཞེས་ཟེར་རོ། །ཞེས་གསུངས་པས་སོ། །མེད་ན་མི་འབྱུང་ཞེས་པ་ཡང༌། སྐྱེད་བྱེད་ཉིད་ལ་འཆད་དགོས་པ་ཡིན་ཏེ། མེད་ན་མི་འབྱུང་བ་ནི་འབྲེལ་བའི་དོན་ཡིན་ལ། བདག་གཅིག་པ་རྒྱུ་འབྲས་སུ་མི་རུང་བས་དེ་བྱུང་གི་འབྲེལ་པ་ལས་མ་འདས་པའི་ཕྱིར། དཔེར་ན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་བཤད་པའི་མཚན་གཞི་བུམ་པ་དང༌། དེའི་སྐྱེ་བ་གཉིས་ཕན་ཚུན་བསྐྱེད་བྱ་སྐྱེད་བྱེད་དུ་བཤད་ན། གཞན་ལ་ལྟ་ཅི་སྨོས། གལ་ཏེ་འོ་ན་མཚན་ཉིད་དེས་བྱེད་པའི་རྒྱུ་ལ་མ་ཁྱབ་པའི་སྐྱོན་ཡོད་དེ། ཇི་སྐད་དུ། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་རང་ལས་གཞན་པའི་ཆོས་ཐམས་ཅད་འདུས་བྱས་ཀྱི་བྱེད་རྒྱུར་བཤད་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། བྱེད་རྒྱུར་འཇོག་པའི་ཁྱད་པར་གྱི་ཆོས་ལ་དེ་སྐྱེ་བ་ལ་གེགས་མི་བྱེད་པ་དང༌། དེའི་ཕྱིས་བྱུང་བ་མ་ཡིན་པ་ཞེས་བྱ་བ་གཉིས་ཤིག་དགོས་ཏེ། ཇི་སྐད་དུ། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་དང༌། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་དང༌། འགྲེལ་པར། ཇི་སྐད་དུ། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ཞེས་གསུངས་ལ། གེགས་མི་བྱེད་པ་ཉིད་ཕན་འདོགས་པའི་གཙོ་བོ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་མཚན་ཉིད་དེས་བྱེད་རྒྱུ་ནུས་མེད་ལ་མ་ཁྱབ་པའི་སྐྱོན་ཡོད་དོ་ཞེ་ན། བྱེད་རྒྱུ་ནུས་མེད་ནི་བྱེད་རྒྱུ་མཚན་ཉིད་པར་ཁས་མི་ལེན་ཏེ། འགྲེལ་པ་ལས་ཇི་སྐད་དུ། བྱེད་རྒྱུའི་གཙོ་བོ་གང་ཡིན་པ་དེ་ནི་བསྐྱེད་པར་བྱ་བ་ལ་ཡང་ནུས་པ་ཡོད་དེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལ་མིག་དང་གཟུགས་དག་དང༌། ལུས་ལ་ཟས་དང༌། མྱུ་གུ་ལ་སོགས་པ་ལ་ས་བོན་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་ནི། ཇི་སྐད་དུ། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང༌། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད་ཅེས་སོ། །དྲུག་པོ་འདི་དག་འགལ་བ་ནི་མ་ཡིན་ཏེ། རྒྱུ་ཕྱི་མ་ལྔ་ལ་བྱེད་པའི་རྒྱུས་ཁྱབ་པ་དང༌། མཚུངས་ལྡན་གྱི་རྒྱུ་ལ་ལྷན་ཅིག་འབྱུང་བའི་རྒྱུས་ཁྱབ་པ་དང༌། ཀུན་འགྲོའི་རྒྱུ་ལ་སྐལ་མཉམ་གྱི་རྒྱུས་ཕལ་ཆེར་ཁྱབ་པའི་ཕྱིར་རོ། །རྒྱུ་བར་པ་བཞི་དང་རྣམ་སྨིན་གྱི་རྒྱུ་ལ་ནི་གཞི་མཐུན་མི་སྲིད་དོ། །གསུམ་པ་ལ་དྲུག་ལས། དང་པོ་བྱེད་རྒྱུ་ལ་མཚན་ཉིད་ནི། བོད་ཀྱི་སློབ་དཔོན་རྣམས་ནི། འདུས་བྱས་རང་ལས་ཐ་དད། རང་སྐྱེ་བ་ལ་གེགས་མ་བྱས་པའོ། །དབྱེ་ན་ནུས་བཅས་དང༌། ནུས་མེད་གཉིས་ལས། དང་པོ་ནི། རྒྱུ་ལྔ་པོ་རྣམས་སོ། །གཉིས་པ་ནི་འདུས་མ་བྱས་རྣམས་ཀྱང་ངོ༌། །འདུས་མ་བྱས་བྱེད་རྒྱུ་ཡིན་པའི་ཤེས་བྱེད་ཀྱང༌། དེ་སྐྱེ་བ་ལ་གེགས་མ་བྱས་པའི་ཕྱིར། ཞེས་འཆད་དོ། །དེ་ནི་གཞུང་འགྲེལ་གྱི་དགོངས་པར་མི་མངོན་ཏེ། ཆོས་དེ་ལ་ཕན་མ་བཏགས་པ་ནི་ཆོས་དེའི་རྒྱུར་མི་རུང་བའི་ཕྱིར་དང༌། དེ་ཁོའི་འབྲས་བུ་མ་ཡིན་ན་ཁོ་དེའི་རྒྱུར་མི་རུང་བའི་ཕྱིར་དང༌། འབྲེལ་པ་མེད་པ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་དང༌། དེ་འདུས་བྱས་མ་ཡིན་པ་ལ་དེའི་འབྲས་བུ་མེད་པས་ཁྱབ་པ་དང༌། དེའི་རྒྱུ་མེད་པས་ཁྱབ་པ་ཡང༌། ཇི་སྐད་དུ། འདུས་མ་བྱས་ལ་དེ་དག་མེད། །ཅེས་པའི་གཞུང་གིས་བསྟན་པའི་ཕྱིར་དང༌། ནུས་ཅན་དང་ནུས་མེད་ཀྱི་ཐ་སྙད་ཅིག་འགྲེལ་པར་འབྱུང་བ་དེའི་དོན་ཡང༌། འབྲས་བུ་དེ་སྐྱེ་བའི་གེགས་བྱེད་པའི་ནུས་པ་ཡོད་མེད་ལ་བཤད་པ་ཡིན་གྱི། ཕན་འདོགས་པའི་ནུས་པ་ཡོད་མེད་ལ་བཤད་པ་མེད་པའི་ཕྱིར། དེ་ན་རང་གི་བློས་རྣམ་པར་བརྟགས་པ་ནི། འདུས་བྱས་དེ་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ནུས་པ་དེ། སྤྱིར་བྱེད་རྒྱུའི་མཚན་ཉིད་དང༌། དེ་ལས་ཐ་དད་ཅེས་སྦྱར་ནས་དེའི་བྱེད་རྒྱུའི་མཚན་ཉིད་དོ། །དབྱེ་ན་གཉིས་ཏེ། གེགས་བྱེད་པའི་ནུས་པ་ཡོད་ཀྱང་གེགས་མ་བྱས་པའི་ངོ་བོར་གནས་པ་དང༌། མེད་ནས་གེགས་མ་བྱས་པའི་ངོ་བོར་གནས་པའོ། །དང་པོ་ནི། རྒྱལ་པོས་འབངས་བདེ་བར་བྱས་པ་ལྟ་བུ་དང༌། གཉིས་པ་ནི། མྱ་ངན་ལ་འདས་པས་འདུས་བྱས་ཀྱི་ཆོས་རྣམས་སྐྱེ་བ་ལ་གེགས་མ་བྱས་པ་ལྟ་བུའོ། །དེའི་ཚེ་རྒྱལ་པོ་ཉིད་འབངས་བདེ་བའི་བྱེད་རྒྱུར་ཁས་ལེན་པ་མ་ཡིན་ཏེ། རྒྱལ་པོས་འབངས་ལ་གནོད་པ་མ་བྱས་པའི་ངོ་བོ་ཉིད་དེ་དེའི་བྱེད་རྒྱུ་ནུས་བཅས་སུ་ཁས་ལེན་པའི་ཕྱིར་རོ། །ཡང་མྱ་ངན་ལས་འདས་པ་ཉིད་འདུས་བྱས་ཀྱི་བྱེད་རྒྱུ་ནུས་མེད་དུ་ཁས་ལེན་པ་མ་ཡིན་ཏེ། དེས་དེ་སྐྱེ་བ་ལ་གེགས་མ་བྱས་པ་ཉིད་བྱེད་རྒྱུ་ནུས་མེད་དུ་ཁས་ལེན་པའི་ཕྱིར་རོ། །མདོར་ན་འབྲས་བུ་ལ་ཕན་འདོགས་པའི་ནུས་པ་མེད་པ་བྱེད་རྒྱུ་ནུས་མེད་དུ་ཁས་ལེན་པ་ནི། ངའི་མ་མོ་གཤམ་མོ་ཞེས་ཟེར་བ་དང་འདྲ་བར། རང་ཚིག་སྔ་ཕྱི་ཕན་ཚུན་དུ་གེགས་བྱས་པས་བརྗོད་བྱའི་དོན་སྟོན་པར་མ་ནུས་སོ། །མདོར་ན་དེའི་བྱེད་རྒྱུ་ཡིན་ན་དེ་ཁོའི་བདག་འབྲས་ཡིན་པས་ཁྱབ་པ་ནི། བྱེད་རྒྱུ་ནུས་བཅས་དང་ནུས་མེད་གཉིས་ཀ་ལ་ཁྱབ་པ་ཡིན་ཏེ། འདུས་མ་བྱས་ཀྱིས་འདུས་བྱས་སྐྱེ་བ་ལ་གེགས་མ་བྱས་པའི་ངོ་བོ་ཉིད་དུ་གནས་པ་ཞེས་བྱ་བ་དེའི་བདག་པོའི་འབྲས་བུ་ནི། ཁོའི་སྔོན་བྱུང་བ་མ་ཡིན་པའི་འདུས་བྱས་དེ་ཉིད་དུ་ངེས་པའི་ཕྱིར། འོ་ན་མཐོང་སྤངས་སུ་གྱུར་པའི་ཉོན་མོངས་པ་མ་འོངས་པ་ཆོས་ཅན། མཐོང་ལམ་གྱི་བྱེད་རྒྱུར་ཐལ། དེ་ལས་ཐ་དད། དེ་སྐྱེ་བ་ལ་གེགས་མ་བྱས་པའི་ཕྱིར། ཞེ་ན། གཞན་དག་གི་འཆད་ཚུལ་ལ་ཉེས་པ་དེ་འཇུག་ཀྱང༌། འདིར་མ་ཡིན་ཏེ། དེས་དེ་སྐྱེ་བ་ལ་གེགས་མ་བྱས་པ་ནི་མཐོང་ལམ་གྱི་དངོས་རྒྱུའི་དུས་སུ་བྱུང་ཟིན་པའི་ཕྱིར། མདོར་བསྡུ་ན། རྒྱུའི་འཆད་ཚུལ་ནི་གཉིས་ཏེ། ཕན་འདོགས་པའི་ཆ་ནས་རྒྱུར་གཞག་པ་དང༌། གནོད་པ་མི་བྱེད་པའི་ཆ་ནས་རྒྱུར་གཞག་པའོ། །དང་པོ་ནི་རྒྱུ་ཕྱི་མ་རྣམས་ཡིན་ལ། གཉིས་པ་ནི་བྱེད་རྒྱུའོ། །གཉིས་པོ་ཡང་དོན་གཅིག་ལ་འདུ་བ་ཡིན་ཏེ། གེགས་མི་བྱེད་པའི་དངོས་པོ་དེ་ཉིད་ཕན་འདོགས་བྱེད་ཡིན་པའི་ཕྱིར། ནམ་མཁའ་གཟུགས་ཅན་སྐྱེ་བའི་རྒྱུ་མ་ཡིན་ཀྱང༌། དེས་དེ་སྐྱེ་བའི་གེགས་མ་བྱས་པ་དེ་དེའི་རྒྱུར་འདོད་དགོས་པ་བཞིན་ནོ། །གེགས་མི་བྱེད་པའི་ལྡོག་ཆ་ནས་བྱེད་རྒྱུར་འཇོག་པ་འདི་ཉིད་འགྲེལ་པའི་དགོངས་པ་ཡིན་ཏེ། འགྲེལ་པ་ཉིད་ནས། ཇི་སྐད་དུ། འདི་ལྟར་མི་སྒྲིབ་པའི་ངོ་བོས་ཆོས་ཐམས་ཅད་རྒྱུ་ཡིན་པར་དམ་འཆའི། བྱེད་པ་པོའི་ངོ་བོས་ནི་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས། གཉིས་པ་ལྷན་ཅིག་འབྱུང་རྒྱུ་ལ། མཚན་ཉིད་ནི། ཕན་ཚུན་གཅིག་ལ་གཅིག་ཕན་གདགས་བྱ་དང་འདོགས་བྱེད་དུ་གྱུར་པའི་ཆོས་ཐ་དད་དོ། །ཕན་ཚུན་རྒྱུ་འབྲས་ཡིན་ན་དུས་ཅིག་པས་ཁྱབ་སྟེ། སྔ་ཕྱི་བ་ལ་ཕན་ཚུན་རྒྱུ་འབྲས་ཡིན་པ་དེ་མི་རུང་བའི་ཕྱིར། ལྷན་ཅིག་བྱུང་བ་ལ་ཕན་ཚུན་རྒྱུ་འབྲས་ཀྱིས་མ་ཁྱབ་སྟེ། མཚན་གཞི་བུམ་པ་དང༌། དེའི་རྗེས་མཐུན་གྱི་མཚན་ཉིད་རྣམས་བཞིན་ནོ། །ལྷན་ཅིག་འབྱུང་བའི་རྒྱུ་འབྲས་འདི་ཡང་འདུས་བྱས་ཀྱི་མཚན་ཉིད་དང་འདྲ་བར། རྒྱུན་ལ་ལྟོས་ནས་ལྷན་ཅིག་པར་འཇོག་པ་ཡིན་གྱི། སྐད་ཅིག་ནི་མ་ཡིན་ཏེ། ཡིན་ན་རྒྱུའི་དུས་སུ་འབྲས་བུ་གྲུབ་ཟིན་པར་ཐལ་བའི་ཕྱིར་ཏེ། དེ་ལས་མ་སྐྱེས་ན་ནི་འབྲས་བུར་མི་རུང་ལ། སྐྱེས་ཟིན་ན་ནི་སྐྱེ་བྱེད་དུ་མི་རུང་བའི་ཕྱིར། འདི་ལ་ཕན་ཚུན་རྒྱུ་འབྲས་སུ་ཁས་ལེན་ཀྱང༌། སྐྱེས་པར་ཁས་མི་ལེན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ། ཇི་སྐད་དུ། གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ཅེས་གསུངས་ལ། འབྱིན་པའི་དོན་ཡང་དེ་ལས་དེ་སྐྱེས་པ་ལ་འཆད་དགོས་པའི་ཕྱིར། དེས་ན་ཚོགས་པ་ཅིག་པའི་སའི་རྒྱུན་སྔ་མས་ཆུའི་རྒྱུན་ད་ལྟར་བ་བསྐྱེད་པ་དང༌། དེས་ཡང་སའི་རྒྱུན་ཕྱི་མ་སྐྱེད་པ་ལྟ་བུ་ལ་ཕན་ཚུན་རྒྱུ་འབྲས་ཞེས་བརྗོད་དོ། །འོ་ན་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་གཉིས་པོས་འབྲས་བུ་འགགས་པ་ལ་བྱ་བ་བྱེད་པར་བཤད་པ་མ་ཡིན་ནམ། ཇི་ལྟར་ན་བསྐྱེད་པའི་བྱ་བ་བྱེད་ཅེ་ན། སྐྱེས་ཟིན་པ་ལ་བྱ་བ་བྱེད་ཅེས་པ་ཡང་རྒྱུན་ལ་ལྟོས་ནས་ཡིན་གྱི། གཞན་དུ་ན་སྐྱེས་ཟིན་པ་ལ་སྐྱེད་པའི་བྱ་བ་ཇི་ལྟར་བྱེད། དེ་མི་བྱེད་ན་རྒྱུར་འགལ་ཞིང༌། འགགས་པའི་བྱ་བ་བྱེད་པར་འདོད་ན་ནི། རྒྱུ་མ་ཡིན་པར་འགྱུར་ཏེ། གནོད་པ་བྱེད་པའི་ཕྱིར་རོ། །ཡང་དུས་མཉམ་པའི་རྒྱུ་འབྲས་ཡིན་པ་ཙམ་གྱིས་ནི་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པར་བཞག་མི་ནུས་ཏེ། མར་མེ་དང་དེའི་འོད་དང༌། མྱུ་གུ་དང་དེའི་གྲིབ་མ་དང༌། ས་དང༌། དེ་ལ་བརྟེན་པའི་ཆུ་དང༌། གཟུགས་དང༌། དེ་འཛིན་པའི་མིག་ཤེས་ལྟ་བུ་དུས་མཉམ་པའི་རྒྱུ་འབྲས་ཀྱི་མཐུན་དཔེར་འཇོག་པ་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ཡིན་པར་འགྲེལ་པ་ལས་འབྱུང་བའི་ཕྱིར། འདི་ཕན་ཚུན་རྒྱུ་འབྲས་ཀྱི་དཔེ་ནི་མ་ཡིན་ཏེ། མར་མེ་འོད་ཀྱི་འབྲས་བུར་མི་འདོད་པ་ལ་སོགས་པའི་ཕྱིར་རོ། །འདི་ཡང་མར་མེ་ཇི་སྲིད་ཡོད་པ་དེ་སྲིད་དུ་འོད་ཡོད་པ་ལྟ་བུའི་རྒྱུན་ལ་བསམས་པ་ཡིན་གྱི། སྐད་ཅིག་ལ་ནི་མ་ཡིན་ཏེ། དེའི་ཚེ་མར་མེ་ལས་བྱུང་བ་མ་ཡིན་ན་ནི་དེའི་འབྲས་བུར་འགལ་ལ། དེ་ལས་བྱུང་ན་དུས་མཉམ་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ནི། ཇི་སྐད་དུ། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །ཞེས་བཤད་ནས། རྗེས་འཇུག་དེ་གང་ཞེ་ན། ཇི་སྐད་དུ། སེམས་ལས་བྱུང་དང་སྡོམ་གཉིས་དང༌། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་གསུངས། འདིར་ཚོགས་པ་གཅིག་པའི་འབྱུང་བ་བཞི་པོ་ཕན་ཚུན་རྒྱུ་འབྲས་སུ་བཤད་ཀྱི། འབྱུང་གྱུར་རྣམས་འབྱུང་བའི་དང༌། དེ་དག་ནང་ཕན་ཚུན་དུ་ཡང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་མ་བཤད་པ་ནི། འོག་ནས་ཇི་སྐད་དུ། འབྱུང་བ་རྣམས་ཀྱི་དེ་རྣམས་ཅིག །འབྱུང་ལས་གྱུར་པའི་རྣམ་པ་ལྔ། །འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། །ཞེས་པའི་སྐབས་ལས་རྟོགས་པར་བྱའོ། །སེམས་དང་དེའི་འཁོར་གྱི་སེམས་བྱུང་ནི་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་འཆད་ཀྱང༌། སེམས་བྱུང་རྣམས་སེམས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་དུ་རིགས་ཀྱི། ཉེ་བར་ལེན་པའི་རྒྱུར་ནི་རིགས་པ་མ་ཡིན་ནོ། །མཚན་ཉིད་དང་མཚན་གཞི་ཕན་ཚུན་རྒྱུ་འབྲས་སུ་བཤད་པ་ཡང་རྩ་བའི་མཚན་ཉིད་ལ་ཡིན་གྱི། རྗེས་མཐུན་གྱི་མཚན་ཉིད་ལ་ནི་མ་ཡིན་ཏེ། དེ་ཆོས་བརྒྱད་དང་གཅིག་ལ་འཇུག ཅེས་འཆད་དགོས་པའི་ཕྱིར། རྗེས་འཇུག་རྣམས་རྒྱུ་བཅུས་སེམས་ཀྱི་རྗེས་སུ་འཇུག་པར་བཤད་པའི་སྐབས་སུ། དུས་གཅིག་པ་ནི་སྐྱེ་འགག་གནས་གསུམ་གཅིག་པའོ། །འབྲས་བུ་གཅིག་པ་ནི། རྒྱུ་མཐུན་དང༌། རྣམ་སྨིན་གཅིག་པ་ནི་གཉིས་སུ་བགྲང་ཞིང༌། བདག་པོ་དང༌། སྐྱེས་བུ་བྱེད་པ་དང༌། བྲལ་བའི་འབྲས་བུ་གཅིག་པ་རྣམས་ནི་གཅིག་ཏུ་བགྲངས་པའོ། །དགེ་སོགས་གཅིག་པ་ནི། སེམས་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཡིན་ན། རྗེས་འཇུག་རྣམས་ཀྱང་དེ་དང་དེ་ཡིན་དགོས་པའོ། །འདི་ཡང་རིགས་ཀྱི་དབྱེ་བ་ཙམ་ཡིན་གྱི། རྒྱུ་བཅུས་ཅིག་ཆར་དུ་འཇུག་པ་ནི་མི་སྲིད་དེ། དགེ་སོགས་གསུམ་སེམས་གཅིག་ལ་ཅིག་ཆར་དུ་འབྱུང་བ་མི་སྲིད་པའི་ཕྱིར། མང་ན་བརྒྱད་ཀྱིས་འཇུག་པ་སྲིད་དོ། །ཉུང་ཤོས་མ་སྒྲིབས་ལུང་མ་བསྟན་དང་ཟག་མེད་རྣམས་ལ་ནི་རྣམ་སྨིན་གྱི་འབྲས་བུ་མི་སྲིད་ཅིང༌། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ལ། སྐྱེ་འཇིག་གནས་གསུམ་གཅིག་པ་མི་སྲིད་དོ། །འོ་ན་དེ་ལའང་འདུས་བྱས་ཀྱི་མཚན་ཉིད་མ་ཚང་བར་འགྱུར་རོ། །ཞེ་ན། བོད་ཀྱི་སློབ་དཔོན་རྣམས་དེ་ལ་དེ་བཞི་ཀ་མ་ཚང་བར་བཞེད་མོད་ཀྱང༌། གནས་པ་དང་རྒ་བ་ནི་མ་ཚང་བར་ཁས་ལེན་དགོས་ཏེ། མ་སྐྱེས་པ་དག་ལ་གནས་པ་དང་རྒ་བ་མི་སྲིད་པའི་ཕྱིར། སྐྱེ་འཇིག་ཅན་དུ་ནི་ཁས་ལེན་དགོས་ཏེ། འདུས་བྱས་ཡིན་པས་མི་རྟག་པར་ཁས་ལེན་དགོས་པའི་ཕྱིར། མ་སྐྱེས་པ་ཇི་ལྟར་འཇིག་ཅེ་ན། དེ་ཞིག་པ་མི་སྲིད་ཀྱང་འཇིག་པར་ཁས་ལེན་དགོས་ཏེ། དངོས་པོ་ཡིན་པས་མི་རྟག་པའི་ཕྱིར་རོ། །ཡང་རྗེས་མཐུན་གྱི་མཚན་ཉིད་རྣམས་རྩ་བའི་མཚན་ཉིད་རེ་རེ་མ་གཏོགས་ཆོས་བརྒྱད་པོའི་རྒྱུ་མ་ཡིན་ཞིང༌། བརྒྱད་པོའང་དེའི་འབྲས་བུ་མ་ཡིན་པ་ནི་རྩ་འགྲེལ་གཉིས་ཀ་ལས་གསལ་བར་འབྱུང་མོད། ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་དང་རྒྱུ་མཐུན་གྱི་འབྲས་བུ་མ་ཡིན་པ་ལ་བསམས་པ་ཡིན་གྱི། ཞིབ་མོར་ན་ཕན་ཚུན་རྒྱུ་འབྲས་སུ་རུང་སྟེ། ཕན་ཚུན་བྱེད་པའི་རྒྱུ་དང་འབྲས་བུར་གདགས་སུ་རུང་བའི་ཕྱིར། དེས་ན་ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་པའི་སྐབས་སུ་དོན་འདི་བསམ་པར་བྱའོ། །གོང་དུ་བཤད་ཟིན་པ་ལྟར་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཀྱི་འཇོག་ཚུལ་སྐད་ཅིག་ལྷན་ཅིག་འབྱུང་བ་བཀག་ནས། རྒྱུན་ལྷན་ཅིག་པ་ལ་འཇོག་པ་དེ་ཉིད་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་མ་ནོར་བ་ཡིན་པར་སློབ་དཔོན་ཉིད་ཀྱིས་བཤད་པ་ཡིན་ཏེ། འགྲེལ་པར། ཇི་སྐད་དུ། རེ་ཤིག་ལྷན་ཅིག་འབྱུང་བ་རྣམས་ནི་རུང་ན། ཕན་ཚུན་དུ་ཀོ་ཇི་ལྟར་རུང༌། དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་འོ་ན་ནི་རྒྱུར་བྱས་པའི་གཟུགས་མེད་ན་མི་འབྱུང་བ་ཕན་ཚུན་དང་འབྱུང་བ་རྣམས་དང་ཡང་ལྷན་ཅིག་དེར་ཐལ་བར་འགྱུར་ལ། སེམས་ཀྱི་མཐུན་པའི་མཚན་ཉིད་ལ་སོགས་པ་ཡང་སེམས་ལ་སོགས་པ་དང་དེར་ཐལ་བར་འགྱུར་རོ། །ཞེས་དགག་པ་བརྗོད་ནས། རང་གི་ལུགས་འཇོག་པ་ན། ཇི་སྐད་དུ། རེ་ཤིག་ཅི་འདི་དག་ལྷན་ཅིག་འབྱུང་བའི་སྟོབས་ཀྱིས་གནས་སམ། འོན་ཏེ་ཚོགས་པ་སྔ་མའི་དབང་གིས་དེ་ལྟར་འབྱུང༌། ཞེས་བྱ་བ་འདི་དཔྱད་པར་བྱའོ། །ཞེས་གསུངས། འདི་མདོ་སྡེ་པས་བྱེ་སྨྲ་ལ་བརྗོད་པ་ནི་མ་ཡིན་ཏེ། རྩ་བ་དང་རྗེས་མཐུན་གྱི་མཚན་ཉིད་འདི་དག་ཐུན་མོང་དུ་ཁས་བླངས་ན་ལྷན་ཅིག་ཏུ་གནས་པ་མཐུན་སྣང་དུ་གྲུབ་འདུག་པའི་ཕྱིར་དང༌། མཚན་གཞི་དང་དེ་དག་གི་མཚན་ཉིད་རྣམས་དང༌། ཡང་ཚོགས་པ་གཅིག་པའི་འབྱུང་བ་བཞི་ལྷན་ཅིག་ཏུ་གནས་པ་དེ། ཁོང་རང་རྣམས་ཕན་ཚུན་དུ་ཕན་བཏགས་སྟོབས་ཀྱིས་གནས་པ་མ་ཡིན་གྱི། ཚོགས་པ་སྔ་མའི་རྒྱུན་གྱིས་ཕྱི་མའི་རྒྱུན་མི་འབྲལ་བར་བསྐྱེད་པ་ལ་ལྷན་ཅིག་ཏུ་གནས་པའི་དོན་དུ་བཤད་པས་སོ། །དེ་ལྟར་བཤད་པ་ལས་དོན་གཞན་ཡང་མཚོན་པ་ནི། བོད་ཀྱི་རྟོག་གེ་པ་དག ཚོགས་པ་གཅིག་ན་གནས་པའི་བུ་རམ་གྱི་རོ་གཟུགས་ལྟ་བུ་རོ་སྔ་མས་རོ་ད་ལྟར་བའི་ཉེར་ལེན་གྱི་རྒྱུ་དང༌། དེས་གཟུགས་ད་ལྟར་བའི་ལྷན་ཅིག་བྱེད་པའི་རྐྱེན་བྱེད་པ་ལྟ་བུ་ཚོགས་པ་གཅིག་ལ་རག་ལས་ཀྱི་དོན་དུ་འཆད་པ་ནི་ནོར་བ་ཡིན་ཏེ། ཚོགས་པ་གཅིག་ན་གནས་པའི་འབྱུང་གྱུར་རྣམས་ཕན་ཚུན་དུ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་མི་རུང་བར་བཤད་པའི་ཕྱིར། འོ་ན་ཚོགས་པ་གཅིག་པའི་དོན་གང་ཞེ་ན། རོ་ད་ལྟར་བའི་ཉེ་བར་ལེན་པའི་རྒྱུ་ནི། རང་རྒྱུ་འབྱུང་བའི་སྟེང་གི་རོ་འཛིན་ཤེས་པ་བསྐྱེད་པའི་ནུས་པ་དེ་ཉིད་ཡིན་ལ། དེ་ཉིད་གཞན་གཟུགས་ད་ལྟར་བ་ལ་སོགས་པ་རྣམས་ཀྱིའང་ལེན་པའི་རྒྱུ་ཡིན་པ་ལ་བསམ་ནས། ཇི་སྐད་དུ། ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱིའང་རྒྱུ། །ཞེས་གསུངས་སོ། །འོ་ན་ཚོགས་པ་གཅིག་པའི་འབྱུང་གྱུར་བཞི་པོ་ཕན་ཚུན་དུ་བྱེད་རྒྱུ་དང་བདག་པོའི་འབྲས་བུ་རུང་ཡང༌། ལྷན་ཅིག་འབྱུང་བའི་རྒྱུ་དང་འབྲས་བུར་མི་འཆད་པ་ཅི་ཞེ་ན། ཕན་ཚུན་དུ་གཅིག་སྐྱེ་བ་ལ་ཅིག་ཤོས་ཀྱིས་གེགས་མ་བྱས་པ་ཙམ་ཡིན་གྱི། དུས་མཉམ་པ་ཕན་ཚུན་དུ་ཕན་འདོགས་པའི་བྱ་བ་མི་བྱེད་པའི་ཕྱིར། དེའི་རྒྱུ་མཚན་གྱིས་ཕན་ཚུན་དུ་སྐྱེས་བུའི་བྱེད་པ་ལྟ་བུ་འཇུག་པ་མེད་ལ། དེ་མེད་པས་སྐྱེས་བུ་བྱེད་པའི་འབྲས་བུར་མི་འབྱུང་ཞིང༌། དེའི་ཚེ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་མི་འབྱུང་བས་ཁྱབ་སྟེ། སྐྱེས་བུ་པ་ནི་གཉིས་ཀྱིས་ཡིན། །ཞེས་འཆད་པའི་ཕྱིར་རོ། །ཕན་ཚུན་ཕན་མི་འདོགས་པའི་ཤེས་བྱེད་ཀྱང༌། ཚོགས་པ་དང་མཚན་ཉིད་ཐ་དད་པས་ནུས་པ་མི་འཇུག་པའོ། །ཞེས་སློབ་དཔོན་སྔ་མ་རྣམས་འཆད་དོ། །དེའི་ཕྱིར་ཚོགས་པ་གཅིག་ན་གནས་པའི་རྡུལ་རྫས་བརྒྱད་ཅེས་ཟེར་བ་འདི་ཡང༌། ཞིབ་མོར་ན། ཚོགས་པ་གཅིག་ལ་བརྟེན་ནས་གནས་པ་ཙམ་ལ་བསམས་ནས་བརྗོད་པ་ཡིན་གྱི། དེ་སྐབས་ཀྱི་འབྱུང་བ་བཞི་ཚོགས་པ་གཅིག བཞི་པོ་དང་འབྱུང་གྱུར་རྣམས་ཚོགས་པ་གཅིག་ཀྱང༌། འབྱུང་གྱུར་བཞི་ནི་ཚོགས་པ་ཐ་དད་དོ། །དེའི་ཤེས་བྱེད་བཞི་པོ་འབྲལ་མི་རུང་མ་ཡིན་པ་ལ་ཐུག་གོ །ཞེས་པ་འདི་ནི་ངེས་པའི་དོན་ནོ། །གསུམ་པ་སྐལ་མཉམ་གྱི་རྒྱུ་ལ་གཉིས་ཏེ། མཚན་ཉིད་དང༌། ཁྱད་པར་གྱི་ཆོས་སོ། །དང་པོ་ནི། ཇི་སྐད་དུ། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་པ་རང་འབྲས་ཕྱི་མ་རང་དང་འདྲ་བར་སྐྱེད་བྱེད་དོ། །གཉིས་པ་ནི། འདྲ་བའི་དོན་རྒྱུ་དང་འབྲས་བུ་རིགས་འདྲ་བ་སྟེ། རྒྱུ་དགེ་བ་ཡིན་ན་འབྲས་བུ་ཡང་དགེ་བ་ཡིན་པ་དང༌། ཉོན་མོངས་ཅན་ཡིན་ན་དང༌། མ་སྒྲིབས་ལུང་མ་བསྟན་ཡིན་ན། འབྲས་བུ་ཡང་དེ་དང་དེ་ཡིན་དགོས་པའོ། །དེ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ཟག་མེད་སྐད་ཅིག་དང་པོའི་རྒྱུ་དགེ་བ་ཡིན་ཀྱང༌། དེ་ལ་སྐལ་མཉམ་གྱི་རྒྱུ་མེད་པའི་ཕྱིར། དེས་ན་དགེ་བ་ཟག་བཅས་ཡིན་ན་ཟག་བཅས་སུ་འདྲ་བ་དང༌། ཟག་མེད་ཡིན་ན་ཟག་མེད་དུ་འདྲ་བ་དགོས་སོ། །ཉོན་མོངས་ཅན་དུ་མཚུངས་ཀྱང༌། རིས་གཅིག་པ་དང་ས་གཅིག་པ་དགོས་ཏེ། སྤང་བྱ་རིགས་ལྔ་པོ་སྐལ་བ་མི་མཉམ་པ་དང༌། ས་གོང་འོག་རྣམས་ཀྱང་སྐལ་བ་མི་མཉམ་པའི་ཕྱིར། འདི་ཡང་ཟག་བཅས་ཀྱི་དབང་དུ་བྱས་ཀྱི། ཟག་མེད་ལ་ས་གཅིག་པར་མ་ངེས་ཏེ། ཇི་སྐད་དུ། ས་དགུ་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་འཆད་པའི་ཕྱིར། རིས་དང་ས་གཅིག་པ་དེ་ཙམ་གྱིས་ཀྱང་ཆོག་པ་མ་ཡིན་ཏེ། དེ་ཙམ་ཞིག་ནི་ཁམས་དང་ས་གཅིག་པའི་གང་ཟག་སོ་སོའི་རྒྱུད་ཀྱི་ཆོས་རྣམས་ལའང་ཡོད་པའི་ཕྱིར། དེས་ན་རྒྱུད་གཅིག་པ་དགོས་སོ། །དེ་ཙམ་གྱིས་ཀྱང་ཆོག་པ་མ་ཡིན་ཏེ། དེ་ཙམ་ཞིག་ནི་དུས་མཉམ་པའི་ཆོས་འགའ་ཞིག་ལའང་ཡོད་པའི་ཕྱིར། དེས་ན་དུས་སྔ་ཕྱི་བ་དགོས་སོ། །དེ་ལྟར་ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་ལ་འདས་པ་དང་ད་ལྟར་བ་གང་རུང་གིས་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །ཞེས་འཆད་པའི་ཕྱིར། མ་འོངས་པ་ལ་དེ་གཉིས་མི་འཇོག་པའི་ཤེས་བྱེད་དུ། འདི་གཉིས་ལ་རྒྱུ་འབྲས་སྔ་ཕྱི་བ་དགོས་ཤིང༌། མ་འོངས་པ་ལ་སྔ་ཕྱི་མེད་པའི་ཕྱིར། ཞེས་སློབ་དཔོན་རྣམས་འཆད་པ་ནི་ཅུང་ཟད་སྤོམས་པས་འདི་ལྟར་བཤད་ན་གོ་བདེ་བ་ཡིན་ཏེ། འདི་གཉིས་ཀྱི། རྒྱུ་འབྲས་ལ་རིགས་འདྲ་བ་ཁོ་ན་ངེས་པར་དགོས་ཤིང༌། མ་འོངས་པའི་ཆོས་རིགས་འདྲ་བ་རྣམས་ལ་ནི་སྔ་ཕྱིའི་སྒོ་ནས་ཀྱང་རྒྱུ་འབྲས་སུ་གཞག་མི་བཏུབ། མཚན་ཉིད་མི་འདྲ་བའི་སྒོ་ནས་ཀྱང་རྒྱུ་འབྲས་སུ་གཞག་མི་བཏུབ་པའི་ཕྱིར་ཞེས་པའོ། །འཆད་ཚུལ་སྔ་མ་དེ་ལྟར་ན་ནི། མ་འོངས་པ་ལ་རྒྱུ་གཞན་གསུམ་ཡང་གཞག་ཏུ་མི་རུང་བར་འགྱུར་ཏེ། དེ་ལ་སྔ་ཕྱི་མེད་པའི་ཕྱིར། རང་ལུགས་ལ་མི་མཚུངས་པའི་ཤེས་བྱེད་ནི། མ་འོངས་པའི་མི་དགེ་བ་ལྟ་བུ་ནི། མ་འོངས་པའི་སྡུག་བསྔལ་ལྟ་བུའི་རྣམ་སྨིན་གྱི་རྒྱུར་རུང་བ་ཡིན་ཏེ། རྒྱུ་འབྲས་གཉིས་པོ་ལ་མ་འོངས་པའི་ས་དེ་ན་སྔ་ཕྱིའི་རིམ་པ་མེད་ཀྱང༌། མཚན་ཉིད་ཐ་དད་པས་ད་ལྟར་གྱི་གནས་སུ་འབྱུང་བའི་ཚེ་སྔ་ཕྱིར་འབྱུང་དགོས་པའི་ཕྱིར། མ་འོངས་པའི་སྡུག་བསྔལ་མཐོང་སྤང་རིགས་འདྲ་གཉིས་ནི། མ་འོངས་པའི་ས་དེ་ན་སྔ་ཕྱི་མེད་པར་མ་ཟད། ད་ལྟར་གྱི་གནས་སུ་སྐྱེས་པའི་ཚེ་ཡང་སྔོན་ལ་གང་བྱུང་བ་ཡིན་ངོས་མ་ཟིན་ཏེ། མཚན་ཉིད་ཐ་དད་པ་མེད་པའི་ཕྱིར། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply