མ་བཤད་ཀྱང་དོན་གྱིས་གོ་བ་ཡིན་ཏེ། རྒྱུ་ཚུལ་མིན་ཡིད་བྱེད་མེད་ན། འབྲས་བུ་མ་རིག་པ་མི་འབྱུང་བའི་ཕྱིར། དཔེར་ན་དགྲ་བཅོམ་པ་བཞིན་ནོ། །ཞེ་ན། འོ་ན་མ་རིག་པ་དང་སྐྱེ་བ་སོགས་ཀྱང་ཡན་ལག་ཏུ་གཞག་མི་དགོས་པར་འགྱུར་ཏེ། མ་བཤད་ཀྱང་དོན་གྱིས་གོ་བའི་ཕྱིར་ཏེ། མ་རིག་པ་དང༌། སྐྱེ་བ་མེད་པར་རྒ་ཤི་སོགས་མི་འབྱུང་བའི་ཕྱིར། སོ་སོ་སྐྱེ་བོ་བཞིན་ནོ། །གཉིས་པ་རང་གི་ལན་ནི། མ་རིག་པའི་རྒྱུ་ལོགས་སུ་བསྟན་མི་དགོས་ཏེ། ཚོར་བ་ལས་སྲིད་པ་འབྱུང་བར་བསྟན་པ་དེ་ཉིད་ཀྱི་རྒ་ཤིའི་རྐྱེན་གྱིས་མ་རིག་པ་འབྱུང་བར་གྲུབ་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཚོར་བའི་བར་ནི་རྒ་ཤིའི་ཡིན། །ཞེས་དང༌། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཞེས་བཤད་པས། མིང་གཟུགས་ནས་ཚོར་བའི་བར་རྒ་ཤིའི་རྟེན་འབྲེལ་དང༌། སྲེད་ལེན་གཉིས་ནི་མ་རིག་པའི་རྟེན་འབྲེལ་དུ་འཆད་པའི་ཕྱིར། འོ་ན་ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་ཉམས་སོ་ཞེ་ན། དངོས་པོའི་གྲངས་ངེས་མ་ཡིན་གྱི། དགོས་པ་ལ་ལྟོས་ནས་བཅུ་གཉིས་སུ་བཤད་པ་ཡིན་ཏེ། མ་རིག་པ་དང་འདུ་བྱེད་གཉིས་སྲེད་སོགས་ཀྱི་ནང་དུ་འདུས་ཀྱང་སྔོན་གྱི་མཐར་མ་གཞག་ན། འཁོར་བ་རྒྱུ་མེད་དང་རྒྱུ་གཞན་ལས་བྱུང་བར་དོགས་པའི་སྒོ་ནས་སྔོན་མཐའ་ལ་རྨོངས་པ་དང༌། སྐྱེ་བ་དང་རྒ་ཤིའི་རྟེན་འབྲེལ་བར་གྱི་བརྒྱད་པོའི་ནང་དུ་འདུས་ཀྱང་ཕྱི་མའི་མཐར་མ་གཞག་ན། སྐྱེ་བ་ཕྱི་མ་མེད་པའམ། ཡོད་ཀྱང་བདག་རྟག་པ་ཕ་རོལ་ཏུ་འགྲོ་བར་དོགས་པའི་སྒོ་ནས་ཕྱི་མཐའ་ལ་རྨོངས་པ་དང༌། སྲེད་སོགས་གསུམ་པོའི་རྟེན་འབྲེལ་མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་དུ་འདུས་ཀྱང༌། བར་དུ་མ་བཞག་ན་ཕྱི་མའི་མཐའ་པ་གཉིས་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བར་དོགས་པའི་རྨོངས་པ་ཟློག་པའི་ཆེད་ཡིན་ནོ། །དེ་བཞིན་དུ་བར་གྱི་བརྒྱད་པོ་སྐྱེ་བ་དང༌། རྒ་ཤིའི་རྟེན་འབྲེལ་དུ་འདུས་ཀྱང༌། ཚེ་བར་པའི་རྟེན་འབྲེལ་དུ་མ་བཞག་ན། ད་ལྟར་གྱི་རང་གི་ངོ་བོ་ལ་རྨོངས་པར་འགྱུར་བས་དེ་ཟློག་པའི་ཆེད་ཡིན་ལ། དེ་ལྟ་ན་ཡང་གཉིས་སུ་མ་བསྡུས་པར་བརྒྱད་དུ་ཕྱེ་བ་དེ་ནི། ཕྱི་མཐའི་རྟེན་འབྲེལ་བརྒྱད་སྐྱེད་བྱེད་དེ་འཆད་ཤེས་པའི་དོན་དུ་ཡིན་ནོ། །དེ་ལྟར་ན་བཅུ་གཉིས་པོ་རྫས་ཀྱི་སྒོ་ནས་ནི་བདུན་ནམ། ཡང་ན་ལྔའི་ནང་དུ་མ་འདུས་པ་མེད་པས་ཐེག་པ་ཆེན་པོ་དག་དང་མི་འདྲའོ། །ཚེ་གསུམ་ལ་འཇོག་ཚུལ་དེ་ལྟ་ན། སྔོན་མཐར་བཤད་པ་དེའི་སྔ་ལོགས་ཀྱི་ཚེ་དང༌། ཕྱི་མཐར་བཤད་པ་དེའི་ཕྱི་ལོགས་ཀྱི་ཚེ་ལ་ཡན་ལག་གི་གྲངས་ཇི་ལྟར་འཇོག་ཅེ་ན། མ་རིག་པ་དང་འདུ་བྱེད་གཉིས་གང་ལ་འཇོག་པ་དེའི་ཚེ་སྔ་མ་ལ་ནི་སྐྱེ་བ་དང་རྒ་ཤི་འཇོག་སྟེ། རྒ་ཤིའི་རྐྱེན་གྱིས་མ་རིག་པ་འབྱུང་བར་འཆད་དགོས་པའི་ཕྱིར། ཕྱི་མཐའི་ཕྱི་ལོགས་ཀྱི་ཚེ་དེ་ལ་མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་འཇོག་པ་ཡིན་ཏེ། རྒྱུ་མཚན་སྔ་མ་ཉིད་ཀྱི་ཕྱིར། ལྡོག་པའི་སྒོ་ནས་འཇོག་ལུགས་དེ་ལྟར་ཡིན་ཀྱང༌། རྫས་ལ་ནི་རྟེན་འབྲེལ་གྱི་ཡན་ལག་གང་དུ་འཇོག་པའི་ཚེ་དེ་ལ་ཡན་ལག་བདུན་ནམ་བཅུ་གཉིས་པོ་མ་ཚང་བ་མི་སྲིད་དོ། །གལ་ཏེ་འོ་ན་བཅུ་གཉིས་པོ་འདི་ལ་རྒྱུ་ལྔ་དང་འབྲས་བུ་བདུན་གྱི་རྣམ་གཞག་འཆད་པ་དེའི་ཚེ། རྣམ་སྨིན་གྱི་རྒྱུ་འབྲས་སུ་ཁས་ལེན་པ་ལས་གཞན་མི་འཐད་པས། རྒྱུའི་སྐབས་ཀྱི་ཕུང་པོ་ལྔ་ཆར་མི་དགེ་བ་དང་དགེ་བ་གང་རུང་དུ་ཐལ་བས་སོ། །སྐབས་དེར་རྣམ་སྨིན་གྱི་ཕུང་པོ་མི་སྲིད་པར་འགྱུར་བ་དང༌། འབྲས་བུ་བདུན་གྱི་སྐབས་ན་ཡོད་པའི་ཕུང་པོ་ལྔ་ཆར་ལུང་མ་བསྟན་དུ་ཐལ་བས་སོ། །དེའི་སྐབས་ཀྱི་དགེ་བ་དང༌། ཉོན་མོངས་པ་ཅན་གྱི་ཕུང་པོ་དག་མེད་པར་འགྱུར་བའམ། ཡོད་ན་གང་དུ་བསྡུད། ཅེ་ན། འདིའི་ལན་ནི། གཙོ་བོའི་དབང་གིས་ཡན་ལག་ལ་ཡང་དེར་བཏགས་པ་ཡིན། ཞེས་པ་ཉིད་ཀྱིས་ཐེབས་པའམ། ཡང་ན་རྒྱུ་ལྔའི་སྐབས་སུ་བཤད་པའི་ཕུང་པོ་ལྔ་ནི། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་གི་ཆ་ནས་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་ལ། འབྲས་བུ་བདུན་གྱི་སྐབས་སུ་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པའི་ཕུང་པོ་ལྔ་ནི། ལུང་མ་བསྟན་རྣམ་སྨིན་སྐྱེས་ཀྱི་ཆ་ནས་འཇོག་པ་ཡིན་ནོ། །ཞེས་ཀྱང་འཆད་པར་ནུས་ཏེ། གཞན་ལ་ནི་རྣམ་སྨིན་གྱི་རྒྱུ་འབྲས་མི་རུང་བའི་ཕྱིར། བྱེ་སྨྲའི་ལུགས་འདིར་བཅུ་གཉིས་པོ་ལ་ས་མཚུངས་ཀྱི་རྣམ་གཞག་འཆད་མི་དགོས་ལ། གལ་ཏེ་སྤྲོས་པ་ལ་དགའ་ན་ཡང༌། འདོད་པའི་མངལ་སྐྱེས་ནས། ཡང་འདོད་པའི་མངལ་སྐྱེས་ཉིད་དུ་སྐྱེ་བ་ལེན་པ་ཁོ་ནའི་དབང་དུ་བྱས་ནས་འཆད་དགོས་པ་ཡིན་ཏེ། གནས་སྐབས་པའི་རྟེན་འབྲེལ་འདི་ལ་ནི། ཁམས་གོང་མར་སྐྱེ་བ་དང༌། གོང་མ་ནས་སྐྱེ་བའི་རྣམ་གཞག་བཤད་པ་མེད་པའི་ཕྱིར། དེ་ལྟ་ན་བཅུ་གཉིས་པོ་ཐམས་ཅད་ས་མཚུངས་པ་ཁོ་ན་ཡིན་ཏེ། འདོད་པའི་ཁམས་ནི་ས་གཅིག་ཁོ་ནར་ངེས་པའི་ཕྱིར། ཇི་སྐད་དུ་ཡང༌། འགྲེལ་པར། གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན། ཞེས་གསུངས་པའི་ཕྱིར། འདོད་པ་ན་སྤྱོད་པའི་གང་ཟག་ཁོ་ནར་བསྟན་པ་ཡིན་ནོ། །ཞེས་འབྱུང་བས་སོ། །དེ་ལྟ་མོད་ཀྱི་འདོད་པ་ནས་ཁམས་གོང་མར་སྐྱེ་བ་ནི་ཡོད་ལ། དེའི་ཚེ་ན་ཡན་ལག་བཅུ་གཉིས་སྔ་མ་ལས་ཕྱི་མ་རིམ་ཅན་ཁོ་ན་དང༌། སྲེད་ལེན་གྱི་ངོས་འཛིན་སོགས་གཞུང་གི་དངོས་བསྟན་ལྟར་མི་འདོད་ཀྱང༌། བཅུ་གཉིས་པོ་ཚང་བ་དེ་ཡང་རྣམ་སྨིན་རྒྱུ་འབྲས་སུ་ཁས་ལེན་དགོས་པས། དེའི་ཚེ་ས་མཚུངས་ཀྱི་ཚུལ་ཐེག་པ་ཆེན་པོ་པ་དག་དང་མཐུན་པར་འདོད་དམ་ཞེ་ན། མ་ཡིན་ཏེ། ལུགས་འདིར་ནི་མ་རིག་པ་དང་སྲེད་ལེན་གཉིས་ལ་འཕེན་འགྲུབ་ཀྱི་ཁྱད་པར་མི་འཆད་པས། མ་རིག་པ་དང་སྲེད་ལེན་ནི་ས་མཚུངས་པ་ཁོ་ནར་ངེས་པའི་ཕྱིར། དེ་བཞིན་དུ་འདོད་པ་ནས་གཟུགས་སུ་སྐྱེ་བའི་ཚེ། མ་རིག་པ་ནས་ཚོར་བའི་བར་བདུན་པོའམ། ཡང་ན་སྲེད་པ་ནས་རྒ་ཤིའི་བར་ལྔ་པོ་གང་རུང་གིས་ཆོག་པ་ཡིན་གྱི། བཅུ་གཉིས་པོ་ཚང་མར་དགོས་པ་མ་ཡིན་ཏེ། དེའི་ཚེ་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་དོན་མེད་པའི་ཕྱིར་ཏེ། ཚོར་བའི་ཚེ་ན་གཟུགས་ཀྱི་རྣམ་སྨིན་རྫོགས་པར་གྲུབ་ཟིན་པའི་ཕྱིར། འདོད་པ་ལ་ནི་མི་མཚུངས་ཏེ། ཡང་འདོད་པ་ནས་འདོད་པར་སྐྱེ་བ་ལ་དེ་ལྟར་འབྱུང་དགོས་པའི་ཕྱིར། ཅིག་ཤོས་ལ་ཡང་གཟུགས་ནས་གཟུགས་སུ་སྐྱེ་བ་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་དགོས་སོ་ཞེ་ན། དེ་ལྟར་དགོས་པས་སྔ་མ་ལ་ཕན་པ་ཅི་ཡང་མེད་པ་ཁོ་ནར་མ་ཟད། གཟུགས་ཀྱི་རང་ས་ནས་རང་ས་དང༌། དེ་ནས་གོང་སར་སྐྱེ་བའི་ཚེ། ཚོར་བའི་རྐྱེན་ཅན་གྱི་སྲེད་པས་འཕེན་བྱེད་ཀྱི་ལས་སོགས་པ་ནི་མི་སྲིད་ལ། འགྲུབ་བྱེད་ཀྱི་ལས་སོག་པ་སྲིད་ཀྱང༌། ཡན་ལག་ལྔ་པོ་ཉིད་ཀྱིས་ཆོག་པ་ཡིན་ཏེ། སྲེད་པ་ནས་རྒ་ཤིའི་བར་ཉིད་ཀྱིས་ཆོག་པའི་ཕྱིར། དེ་ལྟར་ན་ཁམས་གོང་མ་ནས་གོང་མར་སྐྱེ་བ་ལ་ནི་རྫས་ཀྱི་སྒོ་ནས་ཡན་ལག་བཅུ་གཉིས་དགོས་པ་མེད་ལ། འདོད་པ་ནས་འདོད་པར་སྐྱེ་བ་ལ་ནི། སྐྱེ་བ་གཉིས་ལེན་པའི་ཚེ་རྫས་ཀྱི་སྒོ་ནས་ཀྱང་ཡན་ལག་བཅུ་གཉིས་སུ་གཞག་གོ །ཅིག་ཤོས་ལ་མི་མཚུངས་ཏེ། གོང་མ་ནས་གོང་མར་སྐྱེ་བ་ཇི་ཙམ་ལེན་ཀྱང༌། འཕེན་བྱེད་ཀྱི་ལས་དང་ཉོན་མོངས་པ་ནི་རྟེན་དེ་ལ་ཡོད་པ་མི་སྲིད་པའི་ཕྱིར། དེའི་ཕྱིར་གཞུང་འདིར་ནི་ཁམས་གོང་མའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་གཞག་པ་མི་འཆད་དོ། །གཉིས་པ་མདོ་སྡེ་པའི་ལུགས་ཀྱི་ཡན་ལག་སོ་སོའི་ངོས་འཛིན་ལ་གཉིས་ཏེ། གོང་འོག་ཏུ་མ་བཤད་པའི་ཡན་ལག་རྣམ་པ་འདིར་བཤད་པ་དང༌། རྟེན་འབྲེལ་གསུམ་པོ་དཔེ་དང་སྦྱར་བའོ། །དང་པོ་ལ། གལ་ཏེ་མ་རིག་པ་ཉིད་ཁོ་ན་མ་རིག་པའི་རྟེན་འབྲེལ་དུ་འཆད་ན། དེའི་ངོས་འཛིན་ཇི་ལྟ་བུ་ཞེ་ན། འདི་ལ་གཞན་དག་གི་ལུགས་མི་འཐད་པ་དང༌། རང་གི་ལུགས་གཞག་པའོ། །དང་པོ་ལ། རིག་པ་བཀག་ཙམ་མ་རིག་པའི་ངོས་འཛིན་དུ་འཆད་པ་མི་རིགས་པ་དང༌། ཤེས་རབ་ངན་པ་དེའི་ངོས་འཛིན་དུ་མི་རིགས་པའོ། །དང་པོ་ནི། ཇི་སྐད་དུ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །ཞེས་སོགས་ཏེ། འདི་ལ་རིགས་པ་དང༌། ལུང་གཉིས་ལས། དང་པོ་ནི། དེ་ཆོས་ཅན། དེར་མི་རིགས་ཏེ། འདུ་བྱེད་ཀྱི་རྐྱེན་དུ་མི་རུང་བའི་ཕྱིར། བྱེད་རྒྱུའོ་ཞེ་ན། དེ་ལྟ་ན་ཡང་དེའི་འབྲས་བུ་མེད་པའི་ཕྱིར་འདུ་བྱེད་ཀྱི་རྐྱེན་ཉིད་དུ་མི་རིགས་ལ། དེའི་ཚེ་ན་འདུ་བྱེད་ཀྱི་རྐྱེན་མེད་པར་འགྱུར་རོ། །རང་གི་དངོས་མིང་གི་མཐའ་ན་དགག་ཚིག་སྦྱར་བ་ཙམ་གྱི་མེད་པར་དགག་པ་ཉིད་དུ་མི་འགྱུར་ཏེ། དཔེར་ན། མི་མཛའ་བ་དང༌། ཆོས་མ་ཡིན་པ་དང༌། དོན་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་ལུང་ནི། ཀུན་སྦྱོར་སོགས་ཚིག་ཕྱིར། ཞེས་པ་སྟེ། མདོ་ལས། མ་རིག་པའི་ཀུན་སྦྱོར་དང༌། འཆིང་བ་དང༌། ཕྲ་རྒྱས་དང༌། ཆུ་བོ་དང༌། སྦྱོར་བ་ཞེས་གསུངས་ལ། མེད་པར་དགག་པ་ནི་དེར་མི་རུང་བའི་ཕྱིར། གཉིས་པ་ནི། གལ་ཏེ། ཤེས་རབ་དཔའ་བོ་མིན་ལྟའི་ཕྱིར། །ཞེས་སོགས་ཏེ། མ་རིག་པ་ཆོས་ཅན། ལྟ་བ་དང་མཚུངས་ལྡན་དུ་མི་འབྱུང་བར་ཐལ། ལྟ་བ་ལས་རྫས་གཞན་པའི་ཤེས་རབ་ཡིན་པའི་ཕྱིར། ཁྱབ་པ་ནི། ཤེས་རབ་ཀྱི་རྫས་འགལ་བ་གཉིས་མཚུངས་ལྡན་དུ་མི་འབྱུང་བས་སོ། །འདིའི་ལུང་ནི། ཤེས་རབ་ཉོན་མོངས་བརྟན་ཕྱིར་རོ། །ཞེས་པའོ། །གཉིས་པ་རང་ལུགས་ནི། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། ཞེས་པས་འཆད་ལ། དོན་ནི། རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པའོ། །འདིར་བོད་ཁ་ཅིག་ན་རེ། རྣམ་འགྲེལ་མཛད་པས་འཇིག་ལྟ་ཉིད་མ་རིག་པར་ཁས་ལེན་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་མི་འཐད་དེ། དེ་དེ་མ་ཡིན་པའི་ལུང་དང་རིགས་པ་འདི་དག་ཟློག་པར་མི་ནུས་པའི་ཕྱིར་དང༌། འདི་དག་འགོག་པར་ཡང་མི་མཛད་པའི་ཕྱིར། འོ་ན། ཇི་སྐད་དུ། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག ཅེས་བཤད་པ་ཇི་ལྟར་དྲང་ཞེ་ན། མ་ཡིན་ཏེ། ལུང་དེས་ནི་འཇིག་ཚོགས་ལ་ལྟ་བ་དེ་མ་རིག་པ་ལས་བྱུང་བ་དང༌། དེ་ལས་ཆགས་སོགས་འབྱུང་བར་ཡང་མི་མཛད་པའི་ཕྱིར། དེ་ལས་གཞན་དུ་ན། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། འཇིག་ཚོགས་ལ་ལྟ་བ་མ་རིག་པ་ཉིད་དུ་བཞེད་པར་འགྱུར་ཏེ། ཇི་སྐད་དུ། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་འབྱུང་བ་བློ་ཡིས་མཐོང༌། །ཞེས་བཤད་པའི་ཕྱིར། དེས་ན་ལྟ་བ་དང་ལྟ་མིན་གྱི་ཁྱད་པར་མི་ཕྱེད་པ་འདི་ལྟ་བུ་རྣམ་འགྲེལ་མཛད་པའི་ཐུགས་ལ་འཁྲུངས་པ་ག་ལ་སྲིད། དེ་ལྟ་ན་ཡང་སྤྱིར་མ་རིག་པ་ལ་ཉོན་མོངས་པ་ཅན་ཡིན་མིན་གཉིས་འཆད་པ་ནི། བསྟན་བཅོས་འདི་པ་དག་གི་ཡང་ལུགས་ཡིན་པར་གོང་དུ་བཤད་ཟིན་ལ། དེའི་ནང་ནས་འདིར་བསྟན་པ་ནི། ཉོན་མོངས་པ་ཅན་གྱི་མ་རིག་པ་ཁོ་ན་སྟེ། སྲིད་པར་སྐྱེ་བ་འཕེན་འགྲུབ་ཀྱི་རྒྱུར་གྱུར་པའི་ལས་ཀུན་ནས་སློང་བྱེད་ཡིན་པའི་ཕྱིར། དེ་བས་ན་བདག་ཏུ་རྨོངས་པའོ། །འོ་ན་བདག་ཏུ་ལྟ་བ་ཉིད་ཀྱང་མ་རིག་པར་འགྱུར་ཏེ། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་འགལ་ཟླ་དངོས་ཡིན་པའི་ཕྱིར་ན། ཇི་སྐད་དུ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །ཞེས་བྱ་བའི་དོན་དེ་ཚང་བའི་ཕྱིར་སྙམ་ན། གཏན་ཚིགས་མ་གྲུབ་སྟེ། དེ་ལྟར་ན་མཐར་འཛིན་པའི་ལྟ་བ་སོགས་ཀྱང་མ་རིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་འགལ་བ་མི་མཐུན་ཕྱོགས་སུ་གནས་པའི་ཕྱིར། ཁྱོད་ལྟར་ན་འཛིན་སྟངས་དངོས་སུ་འགལ་བས་དེར་འཇོག་ནུས་པ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་མིང་གཟུགས་ལ། གཟུགས་ནི་བཤད་ཟིན་ཞིང༌། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་དག་གོ །ཅིའི་ཕྱིར་མིང་ཞེས་བྱ་ན། འཇིག་རྟེན་ན་དོན་གོ་བར་བྱེད་པ་ལ་མིང་ཞེས་བྱ་སྟེ། དཔེར་ན། བ་ལང་དང༌། རྟ་དང༌། ལུག་དང༌། ར་ཞེས་བྱ་བ་ལྟ་བུའོ། །དེས་ན་བ་ལང་ཞེས་པའི་མིང་གིས་ནོག་ལྐོག་ཤལ་གོ་བར་བྱེད་པ་དེ་བཞིན་དུ། ཚོར་བ་ལ་སོགས་པའི་མིང་གིས་ཀྱང་མྱོང་བའི་ཆར་གྱུར་པའི་སེམས་བྱུང་སོགས་གོ་བར་བྱེད་པའོ། །འོ་ན་གཟུགས་ཀྱི་ཕུང་པོ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། སྒྲ་བཤད་པ་ཡོད་ཀྱང་འཇུག་པ་མེད་པའི་ཕྱིར་རོ། །འགྲེལ་པར། གཞན་དག་ན་རེ། འདིར་ལུས་བོར་ནས་སྐྱེ་བ་གཞན་དུ་ཚོལ་བའི་ཕྱིར། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་དག་ཡིན་ནོ། །ཞེས་ཟེར་རོ། །ཞེས་ཀྱང་བཤད་དོ། །གསུམ་པ་རེག་པ་ལ། དབྱེ་བ་ནི། རེག་དྲུག ཅེས་པ་ཡིན་ལ། མཚན་ཉིད་ནི། འདུས་ཏེ་བྱུང་བ་ཡིན། ཞེས་པའོ། །འདི་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པ་རྒྱུ་དང༌། རེག་པ་འབྲས་བུར་བསྟན་ནོ། །འོ་ན་དབང་པོ་ལྔ་ནི། དོན་དང་རྣམ་པར་ཤེས་པ་དག་དང་ལྷན་ཅིག་འདུ་བར་རིགས་ན། ཡིད་ཀྱི་དབང་པོ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་འདུ་བར་མི་རིགས་ཏེ། གཅིག་གི་དུས་སུ་ཅིག་ཤོས་མེད་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། འབྲས་བུ་རེག་པ་གཅིག་བསྐྱེད་པར་མཐུན་པ་ཙམ་ལ་འདུས་པའི་མིང་བཏགས་སོ། །རེག་པའི་འདིའི་ངོས་འཛིན་ལ། འགྲེལ་པར་མི་འདྲ་བ་གསུམ་བཤད་པ་ཡིན་ཏེ། ཁ་ཅིག་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ཉིད་རེག་པ་ཡིན་ནོ། །ཞེས་ཟེར་བ་དང༌། ཁ་ཅིག་འདུས་པ་ལས་བྱུང་བའི་སེམས་བྱུང་རྫས་གཞན་ཞིག་རེག་པ་ཡིན་ནོ། །ཞེས་ཟེར་བ་དང༌། ཁ་ཅིག་གསུམ་པོ་འདུས་པའི་དུས་ཉིད་ན་རེག་པ་རྫས་གཞན་དུས་མཉམ་པ་ཞིག་ཡོད་པར་འདོད་པ་ལས། ཆོས་མངོན་པ་པ་དག་གི་རུང་ལུགས་ནི་རྩ་བར་བཤད་པ་དེ་ཉིད་དོ། །རེག་པ་དང་པོ་ལྔ་ལ་ནི་ཐོགས་པའི་རེག་པ་ཞེས་བྱ་སྟེ། ཐོགས་བཅས་ཀྱི་དབང་པོ་ལ་བརྟེན་པའི་ཕྱིར། དྲུག་པ་ལ་ཚིག་བླ་དགས་ཀྱི་རེག་པ་ཞེས་བྱ་སྟེ། ཡིད་ཀྱི་དབང་པོ་ལ་བརྟེན་པ་ཡིན་ལ། ཡིད་ནི་གཙོ་བོར་མིང་ལ་དམིགས་པས་ན་ཡུལ་གྱི་མིང་གིས་ཡུལ་ཅན་ལ་བཏགས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། མདོ་ལས། ཡིད་ཀྱི་རྣམ་པར་ཤེས་པས་ནི་སྔོན་པོའང་ཤེས་ལ། སྔོན་པོའོ་ཞེས་བྱ་བར་ཡང་རྣམ་པར་ཤེས་པའོ། །ཞེས་གསུངས། དེའི་གོ་བ་ཡང༌། སྔོན་པོའོ་ཞེས་བྱ་བ་ནི་མིང་ཡིན་ལ། དེ་ལ་དམིགས་པས་ན་མིང་ལ་དམིགས་པ་ཞེས་བྱ་ཞིང༌། དེའི་རྒྱུ་མཚན་གྱིས་ཚིག་ལ་དམིགས་པ་དང་མིང་ལ་བརྟེན་པའི་རེག་པ་ཞེས་བྱའོ། །དེ་ལྟར་ཤེས་པ་ལས་མིང་གཞིའི་ཕུང་པོ་ཞེས་པའི་སྒྲ་དོན་ཀྱང་རྟོགས་ནུས་ཏེ། མིང་ལ་དམིགས་ནས་དོན་ལ་གཞོལ་བར་བྱེད་པའི་ཕྱིར། དཔེར་ན་བ་ལང་ངོ་སྙམ་དུ་བཟུང་ནས་ནོག་ལྐོག་ཤལ་ངེས་པར་བྱེད་པ་བཞིན་ནོ། །དེ་ལྟར་ན་བཞི་པོ་ཐམས་ཅད་སྒྲ་དོན་འཛིན་པའི་རྟོག་པར་ཐལ་བ་མ་ཡིན་ནམ་ཞེ་ན། ཕལ་ཆེར་འདོད་པ་ཉིད་དེ། སེམས་བྱུང་རྣམས་ནི་མཐའ་དག་རྟོག་པ་ཉིད་དུ་བཤད་ཟིན་ལ། སྒོ་ལྔའི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པའང་ངོ་བོ་ཉིད་ཀྱི་རྟོག་དཔྱོད་དང་བཅས་པར་འཆད་པའི་ཕྱིར། འོ་ན་རྟོག་མེད་ཀྱི་ཤེས་པ་མི་སྲིད་པར་འདོད་དམ་ཞེ་ན། མ་ཡིན་ཏེ། མཉམ་གཞག་ཟག་མེད་ཀྱི་ཤེས་པ་ཁས་ལེན་པའི་ཕྱིར། བཞི་པ་ཚོར་བ་ལ། མཚན་ཉིད་ནི་གོང་དུ་བཤད་ཟིན་ལ། རྒྱུའི་ཁྱད་པར་ནི་དེ་ལས་བྱུང་བའི་ཞེས་དང༌། མཚན་གཞིའི་དབྱེ་བ་ནི། དྲུག་ཅེས་པའོ། །བསྡུ་ན་ལུས་ཀྱི་ཚོར་བ་དང་སེམས་ཀྱི་ཚོར་བ་གཉིས་སུ་འདུ་བ་ཡིན་ཏེ། བདག་རྐྱེན་དབང་པོ་ལུས་ལ་བརྟེན་པ་དང༌། སེམས་ལ་བརྟན་པ་གཉིས་སུ་འདུ་བའི་ཕྱིར། སེམས་ཀྱི་ཚོར་བ་དེ་ཉིད་གཞིར་བྱས་པ་ལ། ཡིད་ཡུལ་ལ་ཉེ་བར་རྒྱུ་བའི་བྱེ་བྲག་གི་རྣམ་པ་བཅོ་བརྒྱད་དུ་དབྱེ་བ་དང༌། ཡིད་བདེ་བ་དང༌། མི་བདེ་བ་དང༌། བཏང་སྙོམས་ཀྱི་ཚོར་བ་གསུམ་པོ་གཟུགས་སོགས་ཡུལ་དྲུག་ལ་དམིགས་པའི་བྱེ་བྲག་ལས་སོ། །བཅོ་བརྒྱད་པོ་ཐམས་ཅད་ཟག་པ་དང་བཅས་པ་ཁོ་ན་ཡིན་ཏེ། སྲིད་པ་འཕེལ་བར་བྱེད་པའི་ཕྱིར་དང༌། ཡུལ་ལ་ཞེན་པ་དང་བཅས་པའི་ཉེ་བར་རྒྱུ་བའི་ཕྱིར། དབྱེ་བ་ནི་གཞུང་ཇི་ལྟ་བ་བཞིན་ཡིན་ལ། དེ་དག་ཀྱང་བྱེ་སྨྲ་སྔ་རབས་པའི་ལུགས་སུ་འཆད་ཅིང༌། སློབ་དཔོན་ནི་ཡིད་ཉེ་རྒྱུ་བཅོ་བརྒྱད་པོ་དེ་དག་ལ་ཞེན་པ་བརྟེན་པ་དང༌། ངེས་པར་འབྱུང་བ་བརྟེན་པའི་བྱེ་བྲག་གི་གཉིས་གཉིས་སུ་དབྱེ་ཞིང༌། ཕྱི་མ་རྣམས་ནི་དགེ་བ་ཁོ་ན་དང༌། སྤྱིར་ཡུལ་ལ་རྒྱུ་ཡང༌། ཞེས་པའི་ཚུལ་གྱིས་རྒྱུ་བ་ནི་མ་ཡིན་ནོ། །དེའི་ཕྱིར་དང་པོ་རྣམས་ཁོ་ན་ཉོན་མོངས་པ་ཅན་དང༌། ཡུལ་ལ་ཞེན་པའི་རྒྱུ་བའོ། །དེ་ཡང་སྔ་རབས་པའི་ལྟར། ས་འོག་མ་ལ་ཆགས་པ་དང་བྲལ་བའི་གོང་མའི་ཡིད་ཉེ་རྒྱུ་ནི། ས་འོག་མ་ལ་དམིགས་ནས་ཉེ་བར་རྒྱུ་བ་མ་ཡིན་ཏེ། དེ་ལ་ཆགས་པ་དང་བྲལ་བའི་ཕྱིར། དེ་ལྟར་ན་ཡིད་བདེ་བ་ལ་སོགས་པ་གསུམ་པོ་ཉོན་མོངས་པ་ཅན་ཁོ་ན་ལ་ཉེ་རྒྱུ་ཞེས་བྱའོ། །དེ་གསུམ་ཟག་པ་དང་བཅས་པ་ཐམས་ཅད་ལ་ཉེ་རྒྱུ་ཞེས་མི་བྱ་སྟེ། དགྲ་བཅོམ་པའི་རྒྱུད་ཀྱི་ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་བཞིན་ནོ། །འོ་ན་གོང་མའི་ཡིད་ཉེ་རྒྱུ་འོག་མ་ལ་དམིགས་པར་བཤད་པའི་གོ་དོན་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོའི་ཡིད་བདེ་བ་དང་བཏང་སྙོམས་གཉིས་ཀྱིས། འདོད་པའི་ཡུལ་དྲུག་ལ་དམིགས་ཞེས་པ་ནི་འདོད་པའི་སྤྲུལ་སེམས་མངོན་དུ་བྱས་པའི་ཚེ་ཡིན་ཏེ། འདོད་པའི་སྤྲུལ་སེམས་ནི་བསམ་གཏན་གྱི་དངོས་གཞི་དག་དང་མཚུངས་པར་ལྡན་པའི་ཕྱིར། མདོར་ན་ཡིད་ལ་བརྟེན་པའི་ཚོར་བ་གསུམ་པོ་ཟག་པ་དང་བཅས་པ་མཐའ་དག་ལ་ཡིད་ཉེ་རྒྱུ་ཞེས་མི་བྱ་ཡི། ཡུལ་ལ་ཞེན་པས་རྒྱུ་བ་དག་ལ་དེ་བཞིན་བྱའོ། །དེ་ཡང་ཡིད་བདེ་བས་ནི་རྗེས་སུ་ཆགས་པར་བྱེད། ཡིད་མི་བདེ་བས་ནི་ཁོང་ཁྲོ་བར་བྱེད། བཏང་སྙོམས་ཀྱིས་ནི་སོ་སོར་མ་བརྟགས་པར་བཏང་སྙོམས་སུ་བྱེད་པའོ། །འོ་ན་ལུས་ཀྱི་ཚོར་བ་ལ་ཡིད་ཉེ་རྒྱུ་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡིད་ཉེ་རྒྱུ་ནི་རྟོག་བཅས་ཀྱི་ཡིད་ལ་བརྟེན་པ་ཡིན་ལ། ལུས་ཚོར་ནི་དབང་པོ་གཟུགས་ཅན་ལ་ཡང་བརྟེན་པའི་རྣམ་པར་མི་རྟོག་པའི་ཕྱིར། འདི་ཡང་ཡིད་རྟོག་མ་ཡིན་པའི་དོན་ཡིན་གྱི། དབང་ཤེས་རྟོག་པར་མི་འདོད་པའི་ལུགས་ནི་མ་ཡིན་ནོ། །འོ་ན་བསམ་གཏན་གསུམ་པའི་བདེ་བ་ཡིད་ཉེ་རྒྱུའི་ནང་དུ་མི་འཆད་པ་ཅི་ཞེ་ན། དེ་ནི་བརྟེན་པར་གནས་པའི་ཕྱིར། ཞེས་པ་ཉིད་ལན་ཡིན་མོད། འགྲེལ་པར་ནི། དང་པོ་འདོད་པའི་ཁམས་ན་ཡིད་ཀྱི་ས་པའི་བདེ་བའི་དབང་པོ་མེད་པའི་ཕྱིར། དེའི་མི་མཐུན་པ་སྡུག་བསྔལ་གྱི་ཉེ་བར་རྒྱུ་བ་མེད་པའི་ཕྱིར་རོ། །ཞེས་གྲག་གོ །ཞེས་བཤད་དོ། །ཡང་གལ་ཏེ་རེག་པ་ལས་ཚོར་བ་འབྱུང་ཞེས་པ་དེ། དུས་མཉམ་དུ་འབྱུང་བའམ། རྗེས་སུ་འབྱུང་བ་གང་ཡིན། དུས་མཉམ་པ་ནི་མ་ཡིན་ཏེ། གཉིས་ཀ་གྲུབ་པ་ལ་བསྐྱེད་བྱ་སྐྱེད་བྱེད་མི་འཐད་པའི་ཕྱིར། རྗེས་སུ་བྱུང་བ་ཡིན་ན་རེག་པ་དང་ལྡན་པའི་སེམས་ལ་ཚོར་བ་མེད་པ་གཅིག་སྲིད་པར་འགྱུར་ལ། དེ་ལྟ་ན་ཚོར་བ་སེམས་ཀྱི་ས་མང་པོ་པ་མ་ཡིན་པར་འགྱུར་རོ། །ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་གཉིས་པོ་དུས་མཉམ་པ་ཁོ་ན་སྟེ། ལྷན་ཅིག་གི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། མར་མེ་ལས་འོད་དང༌། མྱུ་གུ་ལས་གྲིབ་མ་བཞིན་ནོ། །མདོ་ལས་ཀྱང༌། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་དང༌། གསུམ་འདུས་པའི་རེག་པ་དང༌། ལྷན་ཅིག་སྐྱེས་པའི་ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་སྐྱེའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཟེར། མདོ་སྡེ་པ་ན་རེ། རེག་པའི་རྗེས་སུ་ཚོར་བ་སྐྱེ་དགོས་པ་ཡིན་ཏེ། དུས་མཉམ་པའི་རྒྱུ་འབྲས་ཡིན་ན་ཕན་ཚུན་རྒྱུ་འབྲས་སུ་ཐལ་བར་འགྱུར་ལ། དེ་ལྟ་ན། མདོ་ལས། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་བར་གསུངས་ཀྱི། ཚོར་བའི་རྐྱེན་གྱིས་རེག་པ་འབྱུང་བ་མ་ཡིན་པར་བཤད་པ་དང་འགལ་ལོ། །ཚོར་བ་སོགས་ས་མང་པོ་པར་བཤད་པ་ནི། སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་དོན་མ་ཡིན་གྱི། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། སློབ་པ་དང་མི་སློབ་པ་དང༌། རྟོག་པ་དང་བཅས་མ་བཅས་སོགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་སེམས་ཀྱི་ས་མང་པོ་པར་བཤད་དོ། །ཞེས་ཟེར། བོད་ཀྱི་སློབ་དཔོན་དག་ན་རེ། གཉིས་པོ་སེམས་ཀྱི་ས་མང་དུ་ཁས་ལེན་ན། དུས་མཉམ་པའི་རྒྱུ་འབྲས་སུ་ཁས་ལེན་དགོས་ཏེ། གཞན་དུ་ན་སེམས་མེད་ལས་ལངས་མ་ཐག་པའི་སེམས་ལ་ཚོར་བ་མེད་པར་འགྱུར་བ་དང༌། གཟུངས་འཛིན་མིག་ཤེས་ཀྱི་དེ་མ་ཐག་འབྲས་སུ་སྒྲ་འཛིན་ཉན་ཤེས་སྐྱེས་པ་དེའི་ཚེ། གཟུགས་ལ་དམིགས་པའི་རེག་པས་སྒྲ་ལ་དམིགས་པའི་ཚོར་བའི་རྐྱེན་བྱེད་པ་ཡོད་པར་འགྱུར་བ་དང༌། རེག་པའི་དུས་སུ་ཚོར་བ་མེད་པས་ས་མང་པོ་པར་འགལ་བའི་ཕྱིར། ཞེས་པ་འདི་ཉིད་བྱེ་སྨྲའི་འདོད་པར་བཤད་ལ། མདོ་སྡེ་པ་ན་རེ། དེ་དག་སེམས་ཀྱིས་མང་པོ་པར་འཆད་པ་འདི་གང་ལས་གྲུབ། བྱེ་སྨྲ་ན་རེ་བསྟན་བཅོས་ལས་སོ། །ཁོ་བོ་ཅག་ནི་མདོ་ཚད་མར་བྱེད་ཀྱི། བསྟན་བཅོས་ཚད་མར་མི་བྱེད་དེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་བརྟེན་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །འདིར་བརྟགས་པ་ནི། བྱེ་སྨྲའི་ལུགས་ལ། གཙོ་སེམས་གཅིག་གི་འཁོར་དུ་འབྱུང་བའི་གཉིས་པོ་ལྷན་ཅིག་འབྱུང་བའི་རྒྱུས་འབྲས་སུ་ཁས་ལེན་ཀྱང༌། སེམས་མེད་ལས་ལངས་མ་ཐག་པའི་ཚེ་ལྟ་བུ། རེག་པའི་དུས་སུ་ཚོར་བ་ཡོད་པས་ཁྱབ་པར་ཁས་མི་ལེན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཀྱང་རྒྱུན་ལ་ལྟོས་ནས་འཆད་པའི་ཕྱིར། འོ་ན་དེའི་དུས་ཀྱི་རེག་པའི་ལྷན་ཅིག་འབྱུང་བའི་རྒྱུར་གྱུར་པའི་ཚོར་བ་དེ་གང་ཞེ་ན། རེག་པ་དེའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་དུས་ན་ཡོད་པའི་ཚོར་བའོ། །འོ་ན་གཉིས་པོ་རྟེན་མཚུངས་པར་འགྱུར་ལ། འདོད་མི་ནུས་ཏེ། དུས་མི་མཚུངས་པའི་ཕྱིར་སྙམ་ན་ཁྱབ་པ་མ་ངེས་ཏེ། སྙོམས་པར་འཇུག་ཀའི་ཚོར་བ་དང༌། སྙོམས་འཇུག་ལས་ལངས་མ་ཐག་པའི་རེག་པ་མཚུངས་ལྡན་གྱི་རྒྱུ་འབྲས་སུ་ཁས་ལེན་པ་ནི་མ་ཡིན་པའི་ཕྱིར་རོ། །གསུམ་པོ་མཚོན་བྱེད་ཀྱི་དཔེ་བསྟན་པ་ནི། ཡན་ལག་བཅུ་གཉིས་པོ་མདོར་བསྡུ་ན། ཉོན་མོངས་པ་དང༌། ལས་དང༌། བཞི་གསུམ་དུ་འདུས་ལ། གསུམ་པོ་དེའི་འདྲ་ཆོས་ཀྱི་དཔེ་སྟོན་པ་ནི། ཇི་སྐད་དུ། འདིར་ནི་ཉོན་མོངས་ས་བོན་བཞིན། །ཞེས་སོགས་སོ། །ཡང་བཅུ་གཉིས་པོ་སྲིད་པ་བཞི་ཡང་བསྡུ་བ་ནི། སྲིད་པ་བཞི་པོ་དེ་དག་ལས། །ཞེས་སོགས་སོ། །དེ་སྐད་དུ་ཡང༌། འགྲེལ་པ་ལས། ཡང་ཚེའི་རྒྱུན་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ན། འདི་ལྟ་སྟེ། སྲིད་པ་བར་མ་དང༌། སྐྱེ་བའི་སྲིད་པ་དང༌། དུས་སྔ་མའི་སྲིད་པ་དང༌། འཆི་བའི་སྲིད་པ་དང༌། སྲིད་པ་བཞི་ལས་མི་འདའ་སྟེ། ཞེས་གསུངས་སོ། །དེ་ལྟར་གསུངས་མོད། བར་དོའི་སྲིད་པ་ནི། ཡན་ལག་བཅུ་གཉིས་ཀྱི་མ་བསྡུས་ཏེ། སྔོན་མཐའི་ཡན་ལག་གཉིས་ཀྱིས་ཀྱང་མ་བསྡུས། བར་གྱི་བརྒྱད་དུ་ཡང་མི་འདུ། ཕྱི་མཐའི་གཉིས་ཀྱིས་ཀྱང་མ་བསྡུས་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་སྟེ། སྔོན་མཐའི་གཉིས་པོ་ནི་རྣམ་སྨིན་གྱི་རྒྱུར་གྱུར་པའི་ལས་ཉོན་ལ་སྤྱོད་པའི་སྐབས་ཡིན། བར་དོའི་སྲིད་པ་ནི་རྣམ་སྨིན་མྱོང་བའི་ཐོག་མ་ཡིན་པའི་ཕྱིར། གཏན་ཚིགས་གཉིས་པ་གྲུབ་སྟེ། བརྒྱད་པོའི་ཐོག་མ་ནི་མའི་མངལ་དུ་ཉིང་མཚམས་སྦྱར་བ་ནས་རྩོམ་པའི་ཕྱིར། གཏན་ཚིགས་གསུམ་པ་གྲུབ་སྟེ། སྐྱེ་རྒ་གཉིས་ཀྱི་ཐོག་མ་ཡང་ངོས་འཛིན་ཚུལ་བར་གྱི་བརྒྱད་པོ་དང་མཚུངས་པའི་ཕྱིར། འདིར། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་བཤད་པ་འདིས་ནི་བར་སྲིད་དུ་སྐྱེས་མ་ཐག་པའང་ཉོན་མོངས་པ་ཅན་དུ་གྲུབ་པ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར། ཉོན་མོངས་པ་གང་གིས་ཤེས་ན། འགྲེལ་པར་ཉོན་མོངས་པ་རྣམས་ཁོ་ན་ཡིན་གྱི། ཀུན་དཀྲིས་ཆིག་རྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །ཞེས་བཤད་ཅིང༌། སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་ཡང་གདོན་མི་ཟ་བར་ཉོན་མོངས་ཅན་དུ་རིག་པར་བྱའོ། །ཞེས་གསུངས་སོ། །འོ་ན་ཀུན་དཀྲིས་ཆིག་རྐྱ་ཐུབ་པ་གང་ཞེ་ན། ཕྲག་དོག་དང་སེར་སྣ། ཁྲོ་བ་དང་འཆབ་པ་བཞི། དེའི་སྟེང་དུ་གང་སྤེལ་གྱིས་འགྱོད་པ་བསྣན་ནས་ལྔ་པོ་དེ་ལ་ནི་ཆིག་རྐྱ་ཐུབ་པ་ཞེས་བྱ་སྟེ། མ་རིག་པ་ལས་གཞན་པའི་ཉོན་མོངས་པ་དང༌། མཚུངས་པར་ལྡན་པ་ལ་མི་ལྟོས་པའི་ཕྱིར། འོ་ན། བློ་ནི་ཕྱིན་ཅི་ལོག་གྱུར་པས། །ཅེས་པས། ཕྲག་དོག་གིས་མཚམས་སྦྱོར་བར་བཤད་པ་མ་ཡིན་ནམ། ཞེ་ན། དེར་ནི་ཅིག་ཤོས་ལ་ཁོང་ཁྲོ་བར་བཤད་ཀྱི། ཕྲག་དོག་པར་བཤད་པ་མེད་མོད། འདི་ནི་ཉོན་མོངས་པ་གཞན་དང་མ་འདྲེས་པའི་ཕྲག་དོག་སོགས་ལ་བསམ་པ་ཡིན་གྱི། བཞི་པོ་གང་རུང་ཡིན་ན་ཉིང་མཚམས་སྦྱོར་སེམས་སུ་འགལ་བ་ནི་མ་ཡིན་ནམ་སྙམ་སྟེ། དཔྱད་པར་བྱའོ། །གཞན་ནི་རྣམ་གསུམ། ཞེས་པ་ནི། ཕལ་ཆེར་དེ་ཁོ་ན་ལྟར་ངེས་ལ། དམིགས་ཀྱིས་བསལ་བ་ནི། ཇི་སྐད་དུ། མྱ་ངན་འདའ་ལུང་བསྟན་མིན་གཉིས། །ཞེས་དགྲ་བཅོམ་པའི་འཆི་སེམས་ནི་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་གང་རུང་དུ་བཤད་དོ། །སའི་དངོས་གཞི་ལས་ནི་འཆི་སེམས་ལ་ལུང་མ་བསྟན་གྱིས་ཁྱབ་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། འདུ་ཤེས་ཕྲ་མོ་རྒྱུ་བར་གྱུར་པའི་ཚེ་ནི། དགེ་བའི་སེམས་བཟློག་ཅིང༌། ལུང་དུ་མ་བསྟན་པའི་སེམས་ཉིད་དུ་གནས་ཏེ། ཞེས་དང༌། དོན་བཟང་རྣམ་པར་བཤད་པ་ལས། ཐེག་པ་ཆེན་པོ་ལ་ནི་འཆི་བའི་སེམས་ཐམས་ཅད་མ་བསྒྲིབས་ལུང་མ་བསྟན་ཡིན་པར་བརྗོད་ན། ཞེས་གསུངས་པས་སོ། །འོ་ན་ཀུན་ལས་བཏུས་སུ། དགེ་བའི་སེམས་ཡོད་པར་འཆི་བ་སོགས་གསུམ་བཤད་པ་ཅི་ཞེ་ན། དེ་ནི་འཆི་སེམས་དངོས་ཀྱི་སྔ་རོལ་དུ་འབྱུང་བའི་སེམས་ལ་དགོངས་པར་སའི་དངོས་གཞི་ལས་བཤད་དོ། །གཉིས་པ་གང་གིས་གནས་པའི་ཟས་ལ། མཚན་ཉིད་ནི། སྲིད་པ་གསོ་བར་བྱེད་པའི་རྐྱེན་ནོ། །དབྱེ་བ་ལ། དངོས་དང༌། གྲངས་ངེས་ལས་འཕྲོས་པའི་དོན་ནོ། །དང་པོ་ནི་བཞི་སྟེ། ཁམ་གྱི་དང༌། རེག་པའི་དང༌། སེམས་པའི་དང༌། རྣམ་པར་ཤེས་པའི་ཟས་སོ། །དང་པོ་ནི། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་པ་གསུམ་པོ་ཚོགས་པའི་གོང་བུ་ཞིག་ལྕེའི་དབང་པོས་ཉམས་སུ་མྱོང་བ་ལ་འདོད་པ་ནི་མ་ཡིན་གྱི། སྣ་ལྕེ་ལུས་གསུམ་པོ་གང་རུང་གི་དབང་པོས་ཁམ་དུ་བཅད་ཅིང་མིད་པ་ན། རང་རང་གི་དབང་པོ་དང་དེའི་རྟེན་གྱི་འབྱུང་བ་ལ་ཕན་འདོགས་པའི་དོན་ནོ། །འོ་ན་ཉི་མ་དང་མེ་ལ་སོགས་པའི་རེག་བྱ་ཇི་ལྟར་ཟས་ཡིན་ཏེ། ལུས་ཀྱི་དབང་པོས་ཁམ་དུ་གཅོད་པ་མེད་པའི་ཕྱིར། ཞེ་ན། གཞན་དག་ཕལ་ཆེ་བའི་དབང་དུ་བྱས་ཤེས་ཟེར་མོད། རེག་བྱ་ཉམས་སུ་མྱོང་བ་ཉིད་ཀྱི་ཁམ་དུ་བྱེད་པར་གྲུབ་བོ། །འོ་ན་གཟུགས་ཁམས་ཀྱི་རེག་བྱ། ཟས་སུ་འགྱུར་རམ་སྙམ་པ་ལ། འདོད་པ་ན། ཞེས་སྨྲས་སོ། །འོ་ན་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཟས་སུ་འགྱུར་ཏེ། ཟས་ཀྱི་གཟུགས་མཐོང་བ་ན། ཚིམ་པ་དང༌། དེའི་རྐྱེན་གྱི་ལུས་རྒྱས་པ་ཡོད་པའི་ཕྱིར་སྙམ་ན། མ་ཡིན་ཏེ། གཟུགས་ཀྱི་སྐྱེ་མཆེད་དེས་རང་གི་དབང་པོ་དང༌། དེའི་རྟེན་འབྱུང་བ་ལ་མི་ཕན་པའི་ཕྱིར་དང༌། ཟས་མཐོང་བ་ཙམ་གྱིས་ལུས་རྒྱས་པ་ནི། ཡུལ་དབང་རྣམ་ཤེས་གསུམ་ཕྲད་པ་ལས་རེག་པ་ཟས་སོང་བ་དང༌། དེ་དུས་ཀྱི་ཡུལ་དེ་ཡང་གཟུགས་ཀྱི་སྐྱེ་མཆེད་དངོས་མ་ཡིན་གྱི། ཡིད་རྟོག་པ་ལ་སྣང་བའི་ཆོས་ཡིན་ལ། འདི་ལ་ནི་ལུགས་འདིར་མིང་ཞེས་བཤད་དོ། །དེ་ལས་གཞན་དུ་གཟུགས་མཐོང་བ་ཙམ་གྱིས་ཕན་པ་ཡིན་ན། ཆགས་བྲལ་ཕྱིར་མི་འོང་དང༌། དགྲ་བཅོམ་པ་དག་གིས་ཟས་ཀྱི་གཟུགས་ཡིད་འོང་མཐོང་བ་ན་ཡང་ལུས་ལ་ཕན་འདོགས་པར་འགྱུར་རོ། །དེ་ནི་དྲི་རོ་སོགས་ལ་ཡང་མཚུངས་སོ། །ཞེས་རྒོལ་བ་དག་བྱུང་ན་ལན་ཇི་ལྟར་འདེབས། དེས་དེ་གཉིས་ཀ་ལ་མི་ཕན་པའི་གཏན་ཚིགས་མ་གྲུབ་སྟེ། དེས་རང་གི་དབང་པོ་ལ་ཡང་ཕན། དགྲ་བཅོམ་པའི་ལུས་རྒྱས་པ་ལ་ཡང་ཕན་པའི་ཕྱིར། ཕྱིར་མི་འོངས་དང་དགྲ་བཅོམ་པ་ཁམ་ཟས་ལ་ཆགས་པ་དང་བྲལ་ཟིན་པ་མ་ཡིན་ནམ་ཞེ་ན། ཁྱབ་པ་མ་ངེས་ཏེ། དེ་ལ་ཆགས་པ་དང་མ་བྲལ་བ་དག་ནི། དེ་ལ་སྲེད་པ་དང༌། དེ་དང་མཚུངས་པར་ལྡན་པའི་བདེ་བ་དང༌། དེ་ལ་ཡིད་དུ་འོང་བར་གཅོད་པའི་རེག་པས་ཀྱང་དབང་པོ་རྟེན་བཅས་ལ་ཕན་འདོགས་པར་བྱེད་པ་ཡིན་ལ། ཆགས་བྲལ་དག་ལ་ནི་ཁམ་ཟས་ཉིད་ཀྱིས་ཕན་འདོགས་པར་བྱེད་མོད། དེ་ལ་བརྟེན་པའི་རེག་པ་དང༌། སེམས་པའི་ཟས་ཀྱིས་ཕན་འདོགས་པ་མེད་པའི་ཕྱིར། འོ་ན་རང་གི་དབང་པོ་ལ་མི་ཕན་ཞེས་པ་ཉིད་ཀྱིས་ཆོག་མོད། གྲོལ་ལ་མི་ཕན་ཕྱིར། ཞེས་པའི་གཏན་ཚིགས་ཀྱི་འབྲེལ་ཅི་ཞེ་ན། གཟུགས་ཀྱི་སྐྱེ་མཆེད་ཁམ་གྱི་ཟས་སུ་འགྲོ་བ་ཡོད་ན། དེས་དགྲ་བཅོམ་པའི་དབང་པོ་བརྟེན་བཅས་ལ་ཡང་ཕན་འདོགས་དགོས་པ་ལས། དེ་ལ་མི་ཕན་པའི་ཕྱིར། དགོས་པ་ཡིན་ཏེ། དཔེར་ན་སྐྱེ་མཆེད་གཞན་གསུམ་བཞིན། འོ་ན་དེས་གཟུགས་ཀྱི་སྐྱེ་མཆེད་མཐོང་བས་ཆགས་བྲལ་ལ་མི་ཕན་ན། གཞན་གྱི་ལ་ཕན་འདོགས་པར་མཐོང་བ་ཅི་ཞེ་ན། གཞན་ལ་ནི་དེས་ཕན་པ་མ་ཡིན་གྱི། དེའི་འབྲས་བུ་རེག་པས་ཕན་པ་ལ་དེས་ཕན་པར་འཁྲུལ་བའོ། །དེས་ན་གཟུགས་ཀྱི་སྐྱེ་མཆེད་ཀྱིས་རང་གི་དབང་པོ་ལ་མི་ཕན་པར་ནི་མངོན་སུམ་གྱིས་གྲུབ་ཅིང༌། དེའི་འབྲས་བུ་རེག་པས་ཕན་པ་ལ་དེས་ཕན་པ་ཉིད་དུ་འཁྲུལ་བར་ནི་གཏན་ཚིགས་ཀྱིས་སྒྲུབ་པའོ། །གཏན་ཚིགས་དེ་གང་ཞེ་ན། དེ་མཐོང་བ་ལས་ཆགས་པ་དང་མ་བྲལ་བའི་ལུས་རྒྱས་ལ། ཆགས་བྲལ་གྱི་ལུས་མི་རྒྱས་པའི་ཕྱིར་ཞེས་པའོ། །དེའི་ཚེ་ལུས་དབང་རྒྱས་པ་གཟུགས་ཉིད་ཟས་སུ་སོང་བས་ཡིན་ནོ། །ཞེ་ན། མ་ཡིན་ཏེ། དེ་ལུས་ཀྱི་དབང་པོ་སོགས་ཀྱི་ཡུལ་མ་ཡིན་པའི་ཕྱིར། གཞན་གསུམ་ལ་མི་མཚུངས་ཏེ། གསུམ་པོས་ནི་རང་རང་གི་དབང་པོ་ལ་དང༌། དེས་དབང་རྟེན་ལ་དང༌། དེས་ལུས་ཀྱི་འབྱུང་བ་ལ་ཕན་འདོགས་པའི་ཕྱིར་རོ། །ཟས་ལྷག་མ་གསུམ་ནི། ཇི་སྐད་དུ། རེག་དང་སེམས་དང་རྣམ་པར་ཤེས། །ཟག་བཅས་ཟས་ཡིན། ཞེས་པ། རེག་པ་ནི་བཤད་མ་ཐག་པ་དེ་ཉིད་ཡིན་ལ། རྣམ་པར་ཤེས་པ་ཡང་ཕུང་ཁམས་ཀྱི་སྐབས་སུ་བཤད་ཟིན་པ་དེ་ཉིད་དོ། །སེམས་པ་ནི། འདིར་ཡིད་ཀྱི་ལས་དང་ཡང་སྲིད་འཕེན་བྱེད་ལ་བཤད་པ་ཡིན་ཏེ། སྲིད་གཞན་འཕེན་དང༌། ཞེས་འབྱུང་བའི་ཕྱིར་རོ། །འདི་དང་མངོན་པ་གོང་མར་བཤད་པའི་རེ་བས་རེ་བ་ལས་གྱུར་པ། ཞེས་བཤད་པ་གཉིས་དོན་གཅིག་དགོས་པ་ལྟ་བུར་སྣང་ཡང༌། དེ་དང་སེམས་པའི་ལས་དོན་མི་གཅིག་པས། དེ་འདིར་བཤད་པ་བཞི་པོའི་ནང་དུ་མ་འདུས་ལ། འགྲེལ་པར་ནི་དེ་ཉིད་ཀྱང་བཤད་པ་ཡིན་ཏེ། ཇི་སྐད་དུ། ཡིད་ལ་སེམས་པ་ཡང་འདིར་གནས་པར་བྱེད་པ་ཡིན་པར་སྣང་སྟེ། འདི་སྐད་དུ། ལོ་ཉེས་ཀྱིས་ཉེན་པའི་ཕ་ཞིག་གིས། ཐལ་བའི་རྐྱལ་པ་ཁ་ཐུར་མས་གཏུར་ཏེ། ཕྱེ་ཡིན་ནོ་བར་བུ་གཉིས་ཤིག་ཡིད་ཆེས་པར་བྱས་པ་དང༌། དེ་གཉིས་ཀྱང་དེ་ལས་རྟོག་པར་བྱེད་ཅིང་རིང་མོ་ཞིག་ཏུ་གནས་པར་གྱུར་ཏེ། གཅིག་གི་ཁ་ཕྱེ་ནས་ཐལ་བ་ཡིན་ནོ་སྙམ་སྟེ། རེ་བ་མེད་པར་གྱུར་པ་དང་ཤིའོ། །ཡང་རྒྱ་མཚོར་གྲུ་ཆག་པའི་མི་ཞིག ཐང་ཡིན་ནོ་སྙམ་ནས་ལྦུ་བའི་ཕུང་པོ་ཞིག་གི་དྲུང་དུ་ཕྱིན་ཏེ། དེ་ལ་ཀུན་ཏུ་མནར་བ་མེད་པ་དང་ཤིའོ། །ཞེས་གྲག་གོ །འགྲོ་བའི་རྣམ་གྲངས་ལས་ཀྱང༌། རྒྱ་མཚོ་ཆེན་པོ་ནས་སྲོག་ཆགས་ཆེ་ལོང་རྣམས་ཆུའི་ནང་ནས་ཐང་ལ་བཏོན་ཏེ། བྱེ་མ་ཅན་གྱི་ཐང་ལ་སྒོ་ང་རྣམས་གཞག་ནས་བྱེ་མས་བཀབ་སྟེ། སླར་ཡང་རྒྱ་མཚོའི་ནང་དུ་འགྲོའོ། །དེ་ལ་མ་གང་དག་གི་དྲན་པས་མ་བརྗེད་པའི་སྒོ་ང་དེ་དག་ནི་རུལ་བར་མི་འགྱུར་རོ། །བརྗེད་པ་དེ་དག་ནི་རུལ་བར་འགྱུར་རོ། །ཞེས་བཤད་དེ། གཞན་གྱི་ཟས་ཀྱིས་ཟས་དང་བཅས་པར་འགྱུར་བའི་ཕྱིར་དེ་ནི་མི་བརྗེད་དོ། །སྒོ་ང་གང་དག་གིས་མ་ལ་བསམས་ནས་དྲན་པས་མི་བརྗེད་པ་དེ་དག་ནི་རེག་པའི་གནས་སྐབས་ཏེ། དྲན་པས་རུལ་བར་མི་འགྱུར་ལ། གང་དག་གི་བརྗེད་པ་དེ་དག་ནི་རུལ་བར་འགྱུར་རོ། །ཞེས་ནི་བརྗོད་དོ། །ཞེས་གསུངས། སྤྱིར་ཟག་པ་དང་བཅས་པ་ཐམས་ཅད་སྲིད་པ་གསོ་བས་ན་ཟས་ཡིན་མོད། འདིར་བཞི་བཤད་པ་ནི། གཙོ་བོར་གྱུར་པའོ། །དེ་ཡང་ཁམ་སོགས་བཞི་པོ་གང་རུང་ཡིན་ལ། དེ་དང་དེའི་ཟས་མ་ཡིན་པའི་མུ་ལ་སོགས་པ་བཞིར་བཤད་པ་ཡིན་ལ། མུ་དང་པོ་ནི་དབང་པོ་ལ་གནོད་པའི་ཁམ་དང༌། ཟག་པ་མེད་པའི་རེག་པ་སོགས་སོ། །འདིར་དབང་པོ་བརྟེན་བཅས་ལ་ཕན་པ་དང་རྒྱས་འགྱུར་ཡིན་པ་ཙམ་གྱིས་ཟས་ཡིན་པའི་ཁྱབ་པ་མེད་དེ། ཟག་མེད་ཀྱི་རེག་པ་སོགས་སོ། །དེ་སྐད་དུ་ཡང༌། རེག་པ་ལ་སོགས་པ་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང༌། འབྱུང་བ་རྣམས་འཕེལ་བར་འགྱུར་ཡང༌། ཟས་མ་ཡིན་པ་ལྟ་ཡོད་དམ་ཞེ་ན། ཡོད་དེ། གཞན་གྱི་ས་པ་དང༌། ཟག་པ་མེད་པ་རྣམས་སོ། །ཞེས་གསུངས། དེས་ན་ཟས་སུ་འཇོག་པ་ལ་ས་གཅིག་པ་དགོས་སོ། །ཁམ་ཟས་ཀྱིས་ཕན་འདོགས་ཚུལ་ལ་ཡང་གཉིས་ཏེ། ལོངས་སྤྱོད་པའི་ཚེ་དང༌། ཞུ་བའི་དུས་སུ་ཕན་འདོགས་པའོ། །དམྱལ་བ་པའི་ཟས་ཟངས་ཞུན་དང༌། ལྕགས་ཀྱི་ཐོ་ལུམ་འབར་བ་ལྟ་བུ་ཡང༌། ཞུ་བའི་དུས་སུ་ཟས་མ་ཡིན་ཏེ། དབང་པོ་བརྟེན་བཅས་ལ་གནོད་པའི་ཕྱིར། ལོངས་སྤྱོད་པའི་ཚེ་ཟས་ཡིན་ཏེ། བཀྲེས་སྐོམ་སེལ་བའི་ཕྱིར། གྲངས་ངེས་ནི། སྲིད་པར་སྐྱེད་པ་མ་ལྟ་བུའི་ཟས་གཉིས་དང༌། སྐྱེས་ཟིན་གསོ་བར་བྱེད་པ་མ་མ་ལྟ་བུའི་ཟས་སོ། །དང་པོ་ནི། ཡང་སྲིད་འཕེན་པར་བྱེད་པའི་སེམས་བྱུང་སེམས་པ་དང༌། དེའི་བག་ཆགས་བསྒོམས་པའི་རྣམ་པར་ཤེས་པའོ། །དེ་སྐད་དུ་ཡང༌། སྲིད་གཞན་འཕེན་དང་འགྲུབ་པ་ཡིན། །དོན་དུ་གཉིས་ཏེ་གོ་རིམ་བཞིན། །ཞེས་སོ། །འདི་ཡང་ཞིབ་མོར་ན། སྐྱེ་སྲིད་འཕེན་པ་དང༌། བར་སྲིད་འགྲུབ་པའི་ཟས་ཞེས་སྦྱར་ན་ལེགས་པ་ཡིན་ཏེ། གོང་འོག་གི་འཕྲོས་དང་མཐུན་པའི་ཕྱིར། གཉིས་པ་ནི་རྟེན་ལུས་ལ་ཕན་འདོགས་པ་ཁམ་གྱི་ཟས་དང༌། བརྟེན་པ་སེམས་སེམས་བྱུང་ལ་ཕན་འདོགས་པ་རེག་པའི་ཟས་ཏེ། ཇི་སྐད་དུ། འདི་ལ་གནས་དང་ནི། བརྟེན་པ་རྒྱས་པའི་དོན་དུ་གཉིས། །ཞེས་གསུངས་སོ། །གཉིས་པ་འཕྲོས་པའི་དོན་ནི། མདོ་ལས། སེམས་ཅན་འབྱུང་བ་རྣམ་པར་བྱེད་པ་དང༌། འཚོ་བར་བྱེད་པ་དང༌། སྲིད་པ་ཚོལ་བ་བྱེད་པ་རྣམས་ལ་ཕན་པར་བྱེད་པ་ནི་ཟས་ཡིན་ནོ། །ཞེས་གསུངས་ན། སྲིད་པ་ཚོལ་བ་དེ་གང་ཞེ་ན། ཇི་སྐད་དུ། ཡིད་ལས་བྱུང་དང་སྲིད་ཚོལ་དང༌། །དྲི་ཟ་སྲིད་པ་བར་མ་དང༌། །འགྲུབ་པའོ། །ཞེས་གསུངས་ལ། དེ་ཡང་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་ན་མངོན་པར་འགྲུབ་པ་ཞེས་བྱ་སྟེ། མདོ་ལས། གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་ནས། གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས་སོ། །དེས་ན་བར་དོའི་ལུས་ནི་གནོད་པ་དང་བཅས་པའི་ལུས་འགྲུབ་བྱེད་ཡིན་གྱི། གནོད་པ་དང་བཅས་པ་དངོས་མ་ཡིན་ཏེ། མཚོན་སོགས་ཀྱིས་མི་གནོད་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན། སྐྱེ་སྲིད་འཕེན་བྱེད་ཀྱིས་ལས་ལ་སྐྱེ་བའི་ཀུན་སྦྱོར་དང༌། བར་སྲིད་འཕེན་བྱེད་ཀྱི་ལས་ལ་མངོན་པར་འགྲུབ་པའི་ཀུན་སྦྱོར་ཞེས་འཆད་པ་དེའི་སྒྲ་དོན་ཀྱང་ཁོང་དུ་ཆུད་པར་འགྱུར་རོ། །གསུམ་པ་མཐར་འཆི་བའི་ཚུལ་ལ་གསུམ་སྟེ། འཆི་བའི་སེམས་གང་ཡིན་པ་དང༌། ཇི་ལྟར་འཆི་བའི་ཚུལ་དང༌། ཤི་ནས་ཇི་ལྟར་འབྱུང་བའོ། །དང་པོ་ནི། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོས་སྐྱེ་བ་རྣམས། །ཡིད་ཀྱི་ཤེས་པ་ཁོ་ནར་འདོད། །རྩེ་གཅིག་སེམས་མེད་ལ་དེ་མེད། །མྱ་ངན་འདས་ལུང་བསྟན་མིན་གཉིས། །ཞེས་གསུངས་སོ། །དེ་དག་གི་གོ་དོན་ནི། ཡིད་ཀྱི་རྣམ་ཤེས་མཚུངས་ལྡན་དང་བཅས་པའི་དབང་དུ་བྱས་པ་ཡིན་ཏེ། དགེ་བའི་རྩ་བ་ཆད་པ་ནི་ལོག་ལྟས་དང༌། མཚམས་སྦྱོར་བ་ནི་ཐེ་ཚོམ་མམ་ཡང་དག་པའི་ལྟ་བས་དང༌། འདོད་ཆགས་དང་བྲལ་བ་ནི་མཉམ་གཞག་ཏུ་གྱུར་པའི་ཤེས་རབ་ཀྱིས་དང༌། ཉམས་པ་ནི་ཚུལ་མིན་ཡིད་བྱེད་ཀྱིས་བྱེད་ལ་འཆི་འཕོ་བ་དང་སྐྱེ་བ་ལེན་པ་ནི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་བྱེད་དེ། དེ་ཉིད་ལ་དབང་པོ་དང་སེམས་བྱུང་རྣམས་ཐིམ་པའི་ཚུལ་གྱིས་འཆི་བ་དང༌། སླར་དེ་རྣམས་ལྡང་བའི་ཚུལ་གྱིས་སྐྱེ་བའི་ཕྱིར། ཐེག་པ་ཆེན་པོ་པ་དག་ནི་སྐྱེ་བ་དང་འཆི་བའི་སེམས་གཉིས་ཀ་ཀུན་གཞིའི་རྣམ་ཤེས་སུ་ངེས་པས། ཇི་སྐད་དུ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་དང༌། གཞན་ནི་རྣམ་གསུམ། ཞེས་འཆད་པ་གཉིས་ཀ་ཁས་མི་ལེན་ནོ། །འོ་ན་ཚོར་བ་གང་ལ་བརྟེན་ནས་འཆི་འཕོ་ཞེ་ན། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་པའོ། །དེ་ལྟར་བཤད་པ་དེའི་ཕྱིར་བསམ་གཏན་དང་པོ་གསུམ་དུ་སྐྱེས་ནས་འཆི་བ་དེའི་ཚེ། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་མངོན་དུ་བྱེད་དགོས་པ་ཡིན་ཏེ། དངོས་གཞིའི་ཚོར་བ་ལ་བཏང་སྙོམས་མེད་པའི་ཕྱིར། དེ་ལྟར་བཤད་པ་འདི་དང༌། ལུས་གཅིག་ཅིང་འདུ་ཤེས་ཐ་དད་པར་འཆད་པའི་ཐད་དུ། དངོས་གཞིའི་ཚོར་བས་སྐྱོ་ནས། ཉེར་བསྡོགས་ཀྱི་ཚོར་བ་ལ་འཇུག་པར་བཤད་པ་དེས་ནི། འབྲས་བུ་སྐྱེ་བའི་རྟེན་ལ། ཉེར་བསྡོགས་ཀྱི་སྙོམས་འཇུག་མེད་པར་འདོད་པ་ཡང་ཁེགས་པ་ཡིན་ཏེ། དེར་ས་འོག་མ་ལ་ཆགས་བྲལ་བྱེད་པའི་ཉེར་བསྡོགས་མེད་ཀྱང༌། མཐོང་ཆོས་ལ་བདེ་བར་གནས་པའི་ཉེར་བསྡོགས་ཡོད་པའི་ཕྱིར། ཡང༌། སེམས་མེད་ལ་དེ་མེད། ཅེས་པས་འདུ་ཤེས་མེད་པ་པའི་རྟེན་ལ་ཡིད་ཀྱི་རྣམ་པར་ཤེས་པ་མངོན་དུ་གྱུར་པར་གྲུབ་ཅིང༌། འདིར་རྩེ་གཅིག་སེམས་མེད་ལ་དེ་མེད། །ཅེས་བཤད་དོ། །གཏན་ལ་དབབ་པར་བསྡུ་བ་ནི། ལྷག་བཅས་པ་འགོག་པ་ལ་སྙོམས་པར་ཞུགས་བཞིན་པའི་ངང་ཉིད་ནས་ལྷག་མེད་དུ་འདའ་བར་བཤད་དོ། །གཉིས་པ་ནི། འོག་མིན་ལྷར་འགྲོ། ཞེས་སོགས་ཡིན་ལ། གསུམ་པ་ནི། འཕགས་དང༌། ཞེས་སོགས་དང༌། འཕགས་པ་རྣམས་ནི་ངན་འགྲོར་སྐྱེ་བ་མེད་པས་ཡང་དག་པའི་ཚོགས་ཞེས་བྱ། མཚམས་མེད་བྱེད་པ་དག་ནི་དེ་ལས་ལྡོག་པས་ལོག་པའི་ཚོགས་ཞེས་བྱ། ལྷག་མ་རྣམས་ནི་མ་ངེས་པའི་ཚོགས་སོ། །དེ་དག་གིས་ནི་སེམས་ཅན་གྱི། །ཁམས་གསུམ་སྐྱེ་དང་གནས་པ་དང༌། །འཆི་དང་སླར་ཡང་སྐྱེ་བའི་ཚུལ། །བཤད་པས་བདག་མེད་མཐོང་བར་ཤོག། །།དེ་ནས་སྣོད་ཀྱི་འཇིག་རྟེན་གྱི་སྐབས་སུ་དཀའ་བའི་གནས་ཁ་ཅིག་བཤད་པར་བྱ་བ་ལས། ཇི་སྐད་དུ། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་གསུངས་པ་འདིའི་དོན་ལ། །རི་མཚོའི་ཁྱད་པར་འདི་དག་ནི། སྤྱིར་གླིང་འདི་ཉིད་ན་ཡོད་པར་ཁས་ལེན་དགོས་པ་ཡིན་ཏེ། འགྲེལ་པར། ཇི་སྐད་དུ། འཛམ་བུའི་གླིང་འདིའི་བྱང་ཕྱོགས་འཛམ་བུའི་གླིང་འདི་ཉིད་ན་རི་ནག་པོ་གསུམ་ཡོད་དོ། །དེ་དག་འདས་ནས་ཡང་གསུམ་ཡོད་དོ། །དེ་ནས་ཡང་གསུམ་ཡོད་དེ། རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །གངས་རི་དེའི་ཕ་རོལ། རི་སྤོས་ངད་ལྡན་པའི་ཚུ་རོལ་ན། མཚོ་མ་དྲོས་པ་ཞེས་བྱ་བ་གང་ལས་ཆུ་བོ་ཆེན་པོ་བཞི་པོ། གངྒཱ་དང༌། སིནྟུ་དང༌། སི་ཏ་དང༌། པཀྵུ་འབབ་པ་ཡོད་དོ། །དེའི་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་ལ། ཆུར་ཡང་དཔག་ཚད་ལྔ་བཅུ་ཡོད་དོ། །ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ༌། །དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པར་དཀའོ། །ཞེས་གསུངས་པའོ། །དེ་དག་ཀྱང༌། ཇི་སྐད་དུ། འཛམ་བུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་པོ་ཤིང་རྟའི་དབྱིབས། །ཞེས་པའི་ཚད་དེའི་ནང་དུ་ཆུད་པར་འདོད་དགོས་པ་ཡིན་ཏེ། གླིང་འདི་ལ་དེ་བས་ལྷག་པའི་ཚད་མི་འདོད་པའི་ཕྱིར། དེ་ལྟ་ན་ཡང༌། འདི་ནས་ཞེས་པ། རྡོ་རྗེའི་གདན་ནམ། མཉན་ཡོད་འདི་ནས་ཞེས་པ་ནི་ཡི་གེའི་དོན་མ་ཡིན་ཏེ། འགྲེལ་པར། འཛམ་བུའི་གླིང་འདིའི་བྱང་ཞེས་བཤད་པའི་ཕྱིར་དང༌། གཞུང་འདིའི་གོང་དེར། འདི་ནས་ཤར་ན། ཞེས་དང༌། འདི་ནས་ནུབ་ན། ཞེས་སོགས་བཤད་པ་དེ་དག་ཀྱང༌། འཛམ་བུའི་གླིང་འདི་ནས་ཞེས་པའི་དོན་དུ་ངེས་པར་འཆད་དགོས་པ་ཉིད་དུ་དམིགས་པའི་ཕྱིར། ཁ་ཅིག་ན་རེ། འཛམ་བུའི་གླིང་ན་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་མི་ནུས་པ་དེ་ལྟ་བུ་མེད་དེ། དེ་འདྲ་སྣང་རུང་མ་དམིགས་པའི་ཕྱིར། འགྲེལ་པར་བཤད་པ་དེ་ནི་འཕགས་ཡུལ་བའི་མི་རྫུ་འཕྲུལ་མེད་པས་བགྲོད་དཀའ་བར་སྟོན་པ་ཙམ་མོ། །དེས་ན་ཏི་སེ་དང་མཚོ་མ་ཕམ་ལ་དགོངས་ནས། དེ་ལྟར་གསུངས་པ་ཡིན་ནོ། །ཞེས་ཟེར། དེ་མི་འཐད་པ་ལ་གཉིས་ཏེ། རྣམ་བཅད་མི་འཐད་པ་དང༌། ཡོངས་གཅོད་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། བོད་སྔ་མའི་ལུང་རིགས་དང༌། རང་ལུགས་ཀྱི་ལུང་རིགས་སོ། །དང་པོ་ནི། དེ་ན་དེ་ལྟ་བུ་མེད་པར་མི་འགྲུབ་སྟེ། འཛམ་བུའི་གླིང་འདི་ན་ཡུལ་ཆེན་པོ་བཅུ་དྲུག ཡུལ་ཕྲན་སྟོང༌། སྐད་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ། མི་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་པར་གྲགས་ལ། དེ་དག་ཀྱང་ད་ལྟའི་མི་རྫུ་འཕྲུལ་དང་མི་ལྡན་པས་འདི་དང་འདི་ཡིན་ནོ་ཞེས་བསྟན་པར་མི་ནུས་པའི་ཕྱིར། ཞེས་གསུངས། གཉིས་པ་ལ། ལུང་དང༌། རིགས་པ་གཉིས་ལས། དང་པོ་ནི། འོ་ན་དུས་ཀྱི་འཁོར་ལོའི་རྒྱུད་ལས། བྱང་ཤམ་བྷ་ལའི་གནས་ཀྱི་བཀོད་པ་རྒྱས་པར་གསུངས་པ་མི་འཐད་པར་འགྱུར་རོ། །དེ་ནི་ཁོ་བོ་ཅག་ལ། བསྒྲུབ་བྱ་ཡིན་པའི་ཕྱིར། སྒྲུབ་བྱེད་དུ་མི་རུང་ངོ༌། །ཞེ་ན། འོ་ན། ལུང་སྨན་གྱི་གཞི་ལས། གནོད་སྦྱིན་གཏུམ་མོ་མི་བཟད་གནས་པ་ཡིད་འོང་ཞིང༌། །མེ་ཏོག་མང་པོ་ཤིང་གིས་རྣམ་པར་མཛེས་བྱས་པས། །དེ་ལས་རྒྱ་མཚོ་དུག་ཅན་དག་ཏུ་འགྲོ་བ་ཡི། །ཆུ་བོ་བཞི་པོ་འདི་དག་ཕྱོགས་བཞིར་འབབ། །གངྒཱ་དང་ནི་སིནྟུ་པཀྵུ་དང༌། །སི་ཏ་དེ་ལ་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པར། །དེར་ནི་ཐུབ་པ་དགེ་འདུན་བཅས་པ་བཞུགས། །ཞེས་བཤད་པའི་ལུང་དེ་ཡང་འདོར་དགོས་པ་ཉིད་དུ་འགྱུར་རོ། །གཉིས་པ་ནི། འཛམ་བུའི་གླིང་ནས་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་མི་ནུས་པའི་གནས་མེད་ན། གླིང་འདིར་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་དང་སྨོན་ལམ་ལས་བྱུང་བའི་ཞིང་རྣམས་ཀྱང་མེད་པར་འགྱུར་ཞིང༌། དེ་དང་མི་ལྡན་པས་བགྲོད་དཀའ་བའི་གནས་ཀྱང་མེད་པར་འགྱུར་ཏེ། བགྲོད་དཀའ་བ་དེའི་མཚན་གཞི་གཟུང་དུ་མེད་པའི་ཕྱིར། ཡོད་དེ། ཏི་སེ་ལྟ་བུའོ། །ཞེ་ན། འཛམ་བུའི་གླིང་གིས་ཕྱོགས་ཐམས་ཅད་དེ་དང་མི་ལྡན་པས་བགྲོད་དཀའ་བར་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་ཐེག་པ་ཆུང་ངུའི་སྐབས་འདིར། སྙིང་རྗེ་དང་སྨོན་ལམ་གྱིས་གྲུབ་པའི་ཞིང་ལ་སོགས་པའི་རྣམ་གཞག་ཁས་མི་ལེན་ནོ། །ཞེ་ན། འོ་ན། འགྲེལ་པར། དེའི་དབུས་སུ་གསེར་གྱི་རང་བཞིན་གྱི་ས་གཞི་ལ། གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་མཛད་པ། རྡོ་རྗེའི་གདན་མངོན་པར་འགྲུབ་སྟེ། དེ་ནི་ལུས་སམ་ས་ཕྱོགས་གཞན་གྱིས་བཟོད་པར་མི་ནུས་སོ། །ཞེས་བཤད་པ་དང་འགལ་བར་འགྱུར་ཏེ། དེ་འདྲ་དེ་ལས་དང་ཉོན་མོངས་པའི་བདག་འབྲས་མ་ཡིན་པས་མེ་ཆུ་རླུང་གསུམ་གྱིས་འཇིག་པར་མི་ནུས་པའི་ཕྱིར་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་སྲིད་པ་ཐ་མ་པའི་ལུས་དང༌། རྡོ་རྗེའི་གདན་མ་གཏོགས་ལུས་དང་ས་ཕྱོགས་གཞན་གྱིས་མི་བཟོད་པར་བཤད་པའི་ཕྱིར་དང༌། ལས་ཉོན་གྱི་བདག་འབྲས་སུ་གྱུར་པའི་སར་ཏིང་ངེ་འཛིན་དེ་སྐྱེད་ནས་ཕྱོགས་དེ་འཇིག་པར་འགྱུར་བ་ཉིད་དུ་བཤད་པའི་ཕྱིར་རོ། །གཉིས་པ་ནི། མཚོ་མ་དྲོས་པ་སོགས་ཀྱི་མཚན་གཞི་དེ་ལྟར་འཛིན་པ་མི་འཐད་དེ། ཕལ་ཆེན་དང་གདགས་པ་གཉིས་ཀ་དང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན། ཕལ་ཆེན་ལས། ཆུ་ཀླུང་བཞི་པོ་དེ་དག་གོ་རིམ་བཞིན་དུ། ཕྱོགས་བཞིའི་དངུལ་དང༌། གསེར་དང༌། བཻ་ཌཱུརྻ་དང༌། རྡོ་རྗེའི་ཁ་དོག་ཅན་གྱི་བྲག གླང་པོ་ཆེ་ལ་སོགས་པའི་ཁའི་སྒོ་དཔག་ཚད་ཙམ་ནས་བབ་སྟེ། རིམ་པ་ལྟར། དངུལ་དང༌། གསེར་དང༌། བཻ་ཌཱུརྻ་དང༌། རྡོ་རྗེའི་བྱེ་མ་འདྲེན་ཞིང༌། མ་དྲོས་པ་ལ་ལན་བདུན་བདུན་གཡས་ཕྱོགས་སུ་བསྐོར་ནས། མ་འདྲེས་པ་དེ་ཉིད་ཕྱོག་བཞིའི་རྒྱ་མཚོར་འགྲོའོ། །ཞེས་བཤད་པའི་ཕྱིར་དང༌། གདགས་པ་ལས། ཆུ་ཀླུང་གངྒཱ་སིནྟུ་པཀྵུ་དང༌། །སི་ཏ་དབབ་རླབས་ལྦུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་བསིལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོར་ར་འཁོར་ཡུག་དག་ནས་འབྱུང༌། །གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིནྟུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡི་བྱང་ཕྱོགས་རྒྱ་མཚོར་སི་ཏ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་བཞིན་ཡང་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་གསུངས་སོ། །གལ་ཏེ་མཚོ་མ་ཕམ་ལ་མཚན་ཉིད་དེ་དག་མ་ཚང་ཡང༌། མ་དྲོས་པ་མ་ཡིན་པའི་ཉེས་པ་མེད་དེ། དུས་ཀྱི་དབང་གིས་གཞན་དུ་འགྱུར་བའི་ཕྱིར། ཞེས་ཟེར་བ་དེ་ཡང་ལན་དུ་རིགས་པ་མ་ཡིན་ཏེ། ཐམས་ཅད་གཞན་དུ་འགྱུར་ན་ནི། ཆུ་བོ་གངྒཱ་ཡང་མ་དམིགས་དགོས་ལ། ཆ་མཐུན་ཙམ་ཞིག་གཞན་དུ་འགྱུར་བར་འདོད་ན་ནི། གངྒཱ་མཚོ་དེ་ནས་བབ་བཞིན་དུ། གཞན་གསུམ་པོ་ཡང་དེ་ནས་འབབ་པར་སྣང་དགོས་པ་ལས་མི་སྣང་བའི་ཕྱིར་དང༌། གངྒཱ་མཚོ་དེ་ནས་ཤར་དུ་འབབ་པར་བཤད་ཀྱི། ནུབ་ཕྱོགས་སུ་འབབ་པར་མ་བཤད་པའི་ཕྱིར་དང༌། མ་ཕམ་གྱི་ཕྱོགས་བཞིའི་ཆུ་བོ་གངྒཱ་ལ་སོགས་པའི་མིང་ཅན་དུ་ཁས་ལེན་པ་དེ་དག་ཀྱང༌། འཛམ་བུའི་གླིང་འདིའི་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཁོ་ནར་འབབ་ཀྱི། ཕྱོགས་གཞན་གྱི་རྒྱ་མཚོར་འབབ་པ་ཉིད་དུ་ནི་མ་དམིགས་ཤིང༌། ཁས་ཀྱང་མི་ལེན་པའི་ཕྱིར། འོ་ན་ཡུམ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་གཅིག་འབབ་ཅིང༌། །ཞེས་འཛམ་བུའི་གླིང་གི་ཆུ་ཀླུང་ཇི་སྙེད་པ་མཚོ་མ་དྲོས་པ་ལས་འབབ་པར་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། མ་དྲོས་མཚོ་ལ་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཞེས་འཛམ་བུའི་ཆུ་ཀླུང་ཇི་སྙེད་པ་ཀླུ་དེའི་མཐུ་ལས་འབབ་པར་བཤད་ཀྱི། མཚོ་དེ་ལས་འབབ་པར་མ་བཤད་པའི་ཕྱིར། དེས་ན་རི་ནག་པོ་དགུ་ནི་རྒྱ་བོད་མཚམས་ཀྱི་རི་མ་ཡིན་ཏེ། འགྲེལ་པ་ཉིད་ལས་འཛམ་བུའི་གླིང་འདིའི་བྱང་ཕྱོགས་ཀྱི་རི་ཞེས་བཤད་ཀྱི། འཕགས་ཡུལ་གྱི་བྱང་ཕྱོགས་ཡིན་པར་མ་བཤད་པའི་ཕྱིར། དེའི་ཕྱིར་འཛམ་བུའི་གླིང་གི་ཡུལ་ཕྲན་གང་ཡིན་ཐམས་ཅད་དེའི་མི་རྫུ་འཕྲུལ་དང་མི་ལྡན་པ་དག་གིས་ཀྱང་བགྲོད་པར་ནུས་པ་དང་སྣང་དུ་རུང་བར་འདོད་པ་དེས་ནི། དྲི་མ་མེད་པའི་རྒྱུད་འགྲེལ་དག་ལས་འབྱུང་བའི་ཡུལ་ཆེན་པོ་སོ་བདུན་དང༌། བྱང་ཤམ་བྷ་ལའི་བཀོད་པ་སོགས་ལ་སྐུར་པ་བཏབ་པས་བག་ཡོད་པར་བྱའོ། །དེའི་འོག་ཏུ་ཉི་མ་དང་ཟླ་བས་གླིང་བཞིར་བྱ་བ་ཇི་ལྟར་བྱེད་པའི་ཚུལ་འཆད་པ་ནི། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པའོ། །གཞུང་འདི་ནི། སྤྱིར་གླིང་བཞི་པོར་དགུན་དཔྱིད་ལ་སོགས་པའི་དུས་བཞི་དུས་ཅིག་ཆར་དུ་འབྱུང་བ་ཉིད་དུ་བསྟན་པ་ཡིན་ཏེ། དེར་དུས་བཞི་པོ་འཆོལ་བར་ཁས་བླངས་ན། འཆར་དུས་གཅིག་ཅེས་པ་དེ་འགྲིག་པའི་དུས་གཅིག་ཀྱང་མི་སྲིད་པའི་ཕྱིར། དུས་བཞི་མཉམ་པོ་ཇི་ལྟར་འགྲིག་ཅེ་ན། སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་ཀྱི་ཉིན་ཞག་གཉིས་པོ་དེ་ལ་འགྲིག་པ་ཡིན་ཏེ། དེའི་ཚེ་གླིང་བཞི་པོ་ཉིན་མཚན་གཉིས་ཀ་ཡུད་ཙམ་བཅོ་ལྔ་རེ་ཡོད་པར་ཆ་མཉམ་པའི་ཕྱིར། གལ་ཏེ་དུས་བཞི་འཆོལ་བའི་ལུགས་ལའང༌། སྟོན་དཔྱིད་ཀྱི་དུས་སུ་སྔ་དྲོ་དང་ཕྱི་དྲོ་ལ་དུས་རིང་ཐུང་གི་ཁྱད་པར་མངོན་སུམ་གྱིས་གྲུབ་པས། ཡུད་ཙམ་རིང་ཐུང་གི་ཁྱད་པར་འབྱེད་པ་མི་འགལ་ལོ་ཞེ་ན། དུས་ཀྱི་ཁྱད་པར་འགྲིག་ཏུ་ཆུག་ཀྱང༌། ས་ཚོད་ཀྱི་ཁྱད་པར་མི་འགྲིག་པའི་རིགས་པ་ཟློག་མི་ནུས་པའི་ཚུལ་འདི་ལྟར། གླིང་འདིར་ལྷོ་བགྲོད་མཐར་ཐུག་པའི་ཉི་མ་འཆར་ས་དང༌། བྱང་བགྲོད་མཐར་ཐུག་པའི་དུས་ཀྱི་ཉི་མ་འཆར་ས་གཅིག་པར་འགྱུར་ཏེ། ཤར་གླིང་དུ་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་མ་ཕྱེད་པའི་ས་ཚོད་གཅིག་པའི་ཕྱིར། ཁྱབ་པ་ཁས་བླངས། གཏན་ཚིགས་ནི་གླིང་འདིར་དེ་ལྟ་བུའི་ས་ཚོད་གཅིག་པ་བཞིན་ནོ། །དེའི་འོག་ཏུ་དབྱར་དགུན་གྱི་ཉི་མ་ཟློག་པའི་དུས་ངོས་འཛིན་པ་ནི། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེ་དགུ་ནས་མཚན་རིང༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཅེས་པ་འཆར་དུས་གཅིག་པའི་དེ་ནས་རྩིས་པའི་དགུན་གྱི་བཞི་པ་དགུན་ཟླ་ཐ་ཆུངས་དང༌། དབྱར་གྱི་གཉིས་པ་དབྱར་ཟླ་ཐ་ཆུངས་ཀྱི་ཐ་མའི་ཚེས་བརྒྱད་ལ་དབྱར་དགུན་གྱི་ཉི་མ་ཟློག་པ་ཡིན་ཏེ། ཉིན་མཚན་མཉམ་པའི་དུས་དེ་ནས་ཟླ་བ་གསུམ་དང་ཉིན་ཞག་ཕྱེད་གསུམ་ཙམ་ན་ལྡོག་པའི་ཕྱིར། འོ་ན་ཐ་ཆུངས་དེ་གང་ལ་བྱ་ཞེ་ན། འདི་ལ་གཉིས་ཏེ། དོན་གནས་ཚོད་ཀྱི་དབང་དུ་བྱས་པ་དང༌། ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་པའོ། །དང་པོ་ནི། ཉི་མ་ལྡོག་དུས་གཉིས་དང༌། ཉིན་མཚན་མཉམ་པའི་དུས་གཉིས་ཏེ། བཞི་པོ་དེ་ལ་དབྱར་དགུན་དང་སྟོན་དཔྱིད་ཀྱི་ཐ་ཆུངས་ཞེས་བྱའོ། །དེ་ཡང་འདི་ལྟར། དགུན་ཉི་ལྡོག་པའི་ཉིན་མོ་ནས་གཟུང་བའི་ཉིན་ཞག་སུམ་ཅུ་ལྷག་ཙམ་ཞིག་ཚང་ངེས་དེ་ལ་དགུན་ཟླ་ཐ་ཆུངས་དང༌། དཔྱིད་ཀྱི་ཉིན་ཞག་མཉམ་པའི་དུས་དེ་ནས་བཟུང་བའི་ཉིན་ཞག་སུམ་ཅུ་ཅུང་ཟད་ལྷག་དང་བཅས་པ་དེ་ལ་དཔྱིད་ཟླ་ཐ་ཆུངས་དང༌། དབྱར་ཉི་ལྡོག་པའི་ཉིན་མོ་ནས་བརྩམས་པའི་དེ་འདྲ་དེ་ལ་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཉིན་མཚན་མཉམ་པའི་ཉིན་མོ་ནས་བརྩམས་པའི་དེ་འདྲ་དེ་ལ་སྟོན་ཟླ་ཐ་ཆུངས་ཞེས་བྱའོ། །དེའི་ཕྱིར་ལོ་གཅིག་གི་དབང་དུ་བྱས་པའི་དོན་གནས་ཚོད་ཀྱི་ར་འབྲིང་ཐ་ཆུངས་གསུམ་ཡོངས་སུ་རྫོགས་པ་ལ་ནི་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་དགོས་ལ། ཐ་སྙད་སྦྱར་བདེ་བའི་ཚེ་ར་འབྲིང་སོ་སོ་རེ་རེ་དང༌། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་ཡོངས་སུ་རྫོགས་པའི་ཟླ་བ་རེ་རེ་སྦྱར་ནས་ངོས་བཟུང་བ་དེའི་ཚེ་ནི། ར་འབྲིང་སོགས་ཀྱི་ཐ་སྙད་ཡོངས་སུ་རྫོགས་པ་ལ་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་རྩ་བཞི་ལས་མེད་པས་ཁྱད་པར་ཞིབ་ཏུ་ཕྱེད་དགོས་ལ། དེའི་ཚེ་དོན་ལ་ནི་སྔ་མ་ཉིད་དབང་བཙན་པ་ཡིན་ཏེ། དབྱར་དགུན་ལ་སོགས་པའི་དུས་བཞི་འབྱུང་བ་ནི་ཉི་མའི་འགྲོས་ལ་རག་ལས་པའི་ཕྱིར། དེས་ན་ཐ་ཆུངས་བཞི་པོ་མར་ངོ་སྔོན་འགྲོ་ཡིན་པའི་ངེས་པ་མེད་དེ། ལྡོག་མཚམས་དང་མཉམ་མཚམས་བཞི་པོ་ཡར་ངོ་ལ་བྱུང་ན་ཡར་ངོ་སྔོན་འགྲོ་དང༌། མར་ངོ་ལ་བྱུང་ན་མར་ངོ་སྔོན་འགྲོར་འཇོག་པའི་ཕྱིར་དང༌། དབྱར་ཟླ་གཉིས་པོའི་ཐ་མ་ཡར་ངོ་སྔོན་འགྲོ་ཁོ་ན་ལ་ངོས་བཟུང་ནས། དེའི་ཚེས་དགུ་ནས་དབྱར་ཉི་ལྡོག་པའི་ངེས་པ་མེད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། གལ་ཏེ་འོ་ན་དགུན་གྱི་བཞི་པ་དང༌། དབྱར་གྱི་གཉིས་པ་ཐ་ཆུངས་ཁོ་ན་ལ་བྱེད་པར་གང་གིས་འགྲུབ་ཅེ་ན། སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཕྱེད་རྫོགས་བྱེད་ཤུལ་དུ་ལུས་པ་དེ་ནས་ལོ་མགོ་ངོས་འཛིན་པ་ནི་བསྟན་བཅོས་པ་དག་གི་ལུགས་ཡིན་པ་ལས་འགྲུབ་པ་ཡིན་ཏེ། དེ་ཡང་འདི་ལྟར། དུས་ཚིགས་རེ་རེ་ལ་ཟླ་བ་བཞི་བཞིར་བྱས་པའི་དུས་ཚིགས་གསུམ་དུ་བྱས་པ་དེ་ཉིད་སྐབས་འདིར་ཁས་ལེན་རྒྱུ་ཡིན་ནོ། །ཞེས་བོད་ཀྱི་རྣམ་བཤད་བྱེད་པ་དག་འཆད་པ་ནི་ངེས་པར་མི་རིགས་ལ། དུས་ཚིགས་རེ་རེ་ལ་ཟླ་བ་གསུམ་གསུམ་དུ་བྱས་ནས་དུས་ཚིགས་བཞིར་འབྱེད་པ་དེའི་ཚེ། དབྱར་གྱི་ཟླ་བ་གཉིས་པ་ནི་དབྱར་ཟླ་འབྲིང་པོ་ཉིད་ཡིན་ལ། དེའི་ཐ་མའི་ཚེས་དགུ་ནི་དབྱར་ཟླ་ཐ་ཆུངས་ཀྱི་ཡར་ངོ་ཉིད་དུ་གྲུབ་པའི་ཕྱིར། དེ་ཉིད་རྒྱས་པར་བཤད་ན། འདིར་དུས་ཚིགས་གསུམ་དུ་འབྱེད་པ་སྐབས་སུ་བབ་པ་མ་ཡིན་ཏེ། དེར་འབྱེད་པ་ལ་ནི་ཕྱག་དར་ཁྲོད་ཀྱིས་གོས་ངོས་བཟུང་བར་སླ་བ་ལས་དགོས་པ་གཞན་མེད་ལ། འདིར་ནི་ཉི་མའི་བགྲོད་པའི་དབང་གི་དབྱར་དགུན་སྟོན་དཔྱིད་དུས་བཞི་ཇི་ལྟར་འབྱུང་བའི་ཚུལ་འཆད་པའི་སྐབས་ཡིན་པས་སོ། །འདིར་ཇི་ལྟར་བཤད་ཅེ་ན། དོན་གནས་ཚོད་ཀྱི་དབང་དུ་བྱས་ན། དགུན་ཉི་ལོག་ནས་དཔྱིད་ཀྱི་ཉིན་མཚན་མཉམ་པའི་བར་ནི་དགུན་གྱི་དུས་དང༌། དེ་ནས་དབྱར་ཉི་ལྡོག་པའི་བར་ནི་དཔྱིད་ཀྱི་དུས་དང༌། དབྱར་ཉི་ལོག་ནས་སྟོན་གྱི་ཉིན་མཚན་མཉམ་པའི་བར་ནི་དབྱར་གྱི་དུས་དང༌། དེ་ནས་དགུན་ཉི་ལྡོག་པའི་བར་ནི་དགུན་སྟོད་ཀྱི་དུས་ཏེ། རེ་རེ་ལའང་ཉིན་ཞག་སུམ་ཅུ་རྩ་གཅིག་ཏུ་ཁད་ཉེ་བ་དེ་ལ་ཟླ་བར་བྱས་པའི་ཟླ་བ་གསུམ་གསུམ་མོ། །མདོར་ན་ཉིན་མཚན་མཉམ་པའི་རི་མོའི་དབུས་ན་ཉི་མ་བྱང་དུ་གནས་པའི་ཟླ་བ་དྲུག་ནི་དཔྱིད་དང་དབྱར་གྱི་དུས་ཡིན་ལ། ལྷོར་གནས་པའི་ཟླ་བ་དྲུག་ནི་སྟོན་དང་དགུན་གྱི་དུས་སོ། །དེའི་ཤེས་བྱེད་ཀྱང༌། དུས་དེ་དག་ནི་གོ་རིམ་བཞིན་དུ། ཚ་བ་དང༌། ཆར་འབབ་པ་དང༌། རྩི་བཅུད་སྨིན་པ་དང༌། གྲང་བའི་དུས་དངོས་སུ་འཇོག་པའི་ཕྱིར། འོ་ན་དུས་རེ་རེའི་ཚད་ལ་ཟླ་བ་གསུམ་གསུམ་དུ་ངེས་པ་དེ་ར་འབྲིང་ཐ་ཆུངས་གསུམ་དང་སྦྱོར་དགོས་པ་ཁོ་ནར་ངེས་སམ་ཞེ་ན། དོན་གནས་ཚོད་ཀྱི་ཚེ་དེ་ལྟར་སྦྱོར་བ་མ་ཡིན་ཏེ། དེ་ལྟར་སྦྱར་ན་དོན་གྱི་གནས་ཚོད་དང་ཐ་སྙད་ཀྱི་སྦྱོར་ལུགས་མ་མཐུན་པས་འཆོལ་བར་འགྱུར་བའི་ཕྱིར། དཔེར་ན་སྟོན་ཟླ་ཆུང་གི་ཚེས་བཅུ་དྲུག་ནས་དགུན་གྱི་ཐོག་མ་ངོས་བཟུང་བ་དེའི་ཚེ། དགུན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནས་དཔྱིད་ཀྱི་དང༌། དབྱར་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནས་སྟོན་གྱི་ཐོག་མ་འཛིན་དགོས་ལ། དོན་ལ་དེ་ལྟར་མི་གནས་པ་བཞིན་ནོ། །མི་གནས་པ་ཅི་ཞེ་ན། དེ་ལྟར་འཐད་ན། དགུན་ཉི་ལོག་ནས་ཞག་བཅོ་ལྔར་སླེབས་པའི་ཚེ་དཔྱིད་ཀྱི་དུས་སུ་ཐལ་བ་དང༌། དཔྱིད་ཀྱི་ཉིན་མཚན་མཉམ་ནས་ཞག་བཅོ་ལྔར་སླེབས་པའི་ཚེ་དབྱར་གྱི་དུས་སུ་ཐལ་བ་དང༌། དབྱར་ཉི་ལོག་ནས་ཞག་བཅོ་ལྔར་སླེབས་པའི་ཚེ་སྟོན་གྱི་དུས་སུ་ཐལ་བ་དང༌། སྟོན་གྱི་ཉིན་མཚན་མཉམ་པ་ནས། ཞག་བཅོ་ལྔར་སླེབས་པའི་ཚེ་དགུན་གྱི་དུས་སུ་ཐལ་བས་སོ། །ཐལ་བ་དེ་ལྟར་འཕེན་ནུས་པའི་རྒྱུ་མཚན་ཡང༌། དབྱར་དགུན་གྱི་ཐ་ཆུངས་གཉིས་ཉི་མ་ལོག་པའི་དུས་ཡིན་པར་ནི། རང་འགྲེལ་དང༌། འདུས་བཟང་དང༌། ཕྱོགས་གླང་གི་འགྲེལ་པ་རྣམས་མཐུན་ལ། དེའི་རིགས་པས་སྟོན་དཔྱིད་ཀྱི་ཐ་ཆུངས་གཉིས་ཉིན་མཚན་མཉམ་པའི་དུས་སུ་འགྲུབ་པའི་ཕྱིར། དེ་ལྟར་གྲུབ་བོ། །དེ་ལས་ཅི་འགྱུར་ཞེ་ན། སྟོན་གྱི་ཉིན་མཚན་མཉམ་པའི་དུས་ཏེ་སྟོན་ཟླ་ཐ་ཆུང་དུ་གྲུབ་པ་ན། དེའི་ཚེས་བཅུ་དྲུག་ནས་དགུན་གྱི་ཐོག་མ་འཛིན་དགོས་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་གཞན་རྣམས་ཀྱང་སྔ་མ་སྔ་མའི་ཐ་ཆུངས་རྣམས་ཀྱི་ཚེས་བཅུ་དྲུག་ནས་འཛིན་དགོས་པར་གྲུབ་པས་སོ། །དེ་ལ་འདི་སྙམ་དུ། དེ་ལྟར་ཁས་ལེན་པ་དེའི་ཚེ། བསྟན་བཅོས་ལ་གྲགས་པའི་དགུན་ཟླ་ར་བ་དང་འབྲིང་པོ་གཉིས་སྟོན་གྱི་དུས་ཡིན་པ་དང༌། དཔྱིད་ཟླ་ར་བ་འབྲིང་གཉིས་དགུན་གྱི་དུས་ཡིན་པ་དང༌། དབྱར་ཟླ་ར་འབྲིང་གཉིས་དཔྱིད་ཀྱི་དུས་ཡིན་པ་དང༌། སྟོན་ཟླ་ར་འབྲིང་གཉིས་དབྱར་གྱི་དུས་སུ་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་འདོད་ནུས་པ་མ་ཡིན་ཏེ། འཇིག་རྟེན་ན་གྲགས་པའི་དུས་བཞི་ཁས་ལེན་བཞིན་དུ་འཇིག་རྟེན་གྱི་གྲགས་པ་དང་འགལ་བར་བྱས་པའི་ཕྱིར། ཇི་སྐད་དུ། གལ་ཏེ་གྲགས་པ་ལ་རྒལ་བའི། །རྟོག་ལ་རྒྱུ་ཅི་ཡོད་ཅེ་ན། །ཞེས་པ་ལྟར་རོ་སྙམ་ན། ཐལ་བ་དེ་བཞི་ཀ་འདོད་ཐོག་ཡིན་ཏེ། དེ་ལྟར་ལུང་དང་རིགས་པས་གྲུབ་པའི་ཕྱིར། ལུང་ནི། སྟོན་ཟླ་ར་བ་དང་འབྲིང་པོ་ནི་དོན་གནས་ཚོད་ཀྱི་དབྱར་ཁོ་ན་ཉིད་དུ་འདུལ་བ་ལས་བཤད་པ་ཡིན་ཏེ། དབྱར་ཟླ་བ་གསུམ་དུ་གནས་པར་ཁས་བླངས་ནས། སྟོན་ཟླ་ཐ་ཆུངས་ཀྱི་ཚེས་བཅོ་ལྔ་ལ་དགག་དབྱེ་འབྱུང་བའི་དུས་སུ་བཤད་པའི་ཕྱིར། གལ་ཏེ་དེ་ནི་དབྱར་ཕྱི་མའི་དབང་དུ་བྱས་ལ། དབྱར་ཕྱི་མ་ནི་རྐྱེན་དགོས་ལ་ལྟོས་པའི་དམིགས་བསལ་ཡིན་པས་སྒྲུབ་བྱེད་མ་ངེས་སོ་ཞེ་ན། དེ་ལྟ་མོད་ཀྱི་སྒྲུབ་བྱེད་སོ་ན་གནས་པ་ཡིན་ཏེ། དབྱར་སྔ་མ་ཟླ་བ་གསུམ་ཁས་བླངས་པ་དེའི་ཚེ། སྟོན་ཟླ་འབྲིང་པོའི་ཚེ་བཅོ་ལྔ་དགག་དབྱེའི་དུས་སུ་བཤད་པས་སོ། །དེ་ལྟར་གྲུབ་པ་ན། དབྱར་ཟླ་ར་བ་དང་འབྲིང་པོའི་ཕྱེད་ནི་དཔྱིད་ཀྱི་དུས་སུ་གྲུབ་པ་ཡིན་ཏེ། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་དབྱར་སྔ་མའི་ཐོག་མ་འཛིན་པའི་ཕྱིར། དེ་སྐད་དུ་ཡང༌། མདོ་རྩ་བ་ལས། དབྱར་གནས་པར་ཁས་བླངས་པར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་བར་གྱིའོ། །དབྱར་ཟླ་ཐ་ཆུངས་ཉིའོ། །ཞེས་གསུངས་སོ། །དེའི་ཕྱིར་དཔྱིད་ཟླ་ར་བ་དང་འབྲིང་པོ་ཡང་དགུན་གྱི་དུས་སུ་གྲུབ་ཅིང༌། དགུན་ཟླ་ར་བ་དང་འབྲིང་པོ་སྟོན་གྱི་དུས་སུ་གནས་པར་གྲུབ་བོ། །རིགས་པ་ནི། དབྱར་ཉི་མ་ལོག་གོང་གི་ཟླ་བ་གཉིས་ནི་དབྱར་གྱི་དུས་དངོས་མ་ཡིན་ཏེ། ཆར་འབབ་པའི་དུས་མ་ཡིན་པས་དེའི་མཚན་ཉིད་མ་ཚང་བའི་ཕྱིར། དགུན་ཉི་མ་ལོག་གོང་གི་ཟླ་བ་གཉིས་ཀྱང་དགུན་གྱི་དུས་དངོས་མ་ཡིན་ཏེ། གྲང་བའི་དུས་མ་ཡིན་པའི་ཕྱིར། གཞན་གཉིས་ལའང་དེ་བཞིན་ནོ། །གལ་ཏེ་དགུན་ཟླ་ར་འབྲིང་དེའི་དུས་དངོས་མ་ཡིན་པར་ཐ་ཆུངས་ནས་དེའི་མགོ་འཛིན་པར་འདོད་ན། བུ་ཐུ་བོ་དང་འབྲིང་པོ་བུ་དངོས་སུ་ཁས་མི་ལེན་པར་ཐ་ཆུངས་ནས་བུའི་ཐོག་མ་འཛིན་དགོས་པར་འདོད་པ་དང་མཚུངས་པ་ཡིན་ནམ་ཞེ་ན། འདི་ལ་མགོ་མཚུངས་དང་རྣལ་མ་གཉིས་ལས། དང་པོ་ནི། འོ་ན་ཁྱེད་ཀྱང་འདུལ་བ་ཁས་ལེན་པས། དབྱར་ཟླ་ར་བ་དང་འབྲིང་པོའི་བཅོ་ལྔ་ཚུན་དབྱར་སྔ་མའི་དུས་སུ་ཁས་མི་ལེན་པའི་ཕྱིར་ན། བུ་ཐུ་བོ་དང་འབྲིང་པོའི་དཔེ་དང་འགལ་བའི་ཉེས་པ་མཚུངས་པར་འགྱུར་རོ། །གཉིས་པ་ནི། མཚུངས་པ་མ་ཡིན་ཏེ། ར་འབྲིང་ཐ་ཆུངས་གསུམ་གྱི་རྣམ་གཞག་ནི་འཇིག་རྟེན་གྱི་གྲགས་པ་ཡིན་ལ། དེ་ཉིད་དོན་གྱི་གནས་ཚོད་དང་མ་མཐུན་པས། དོན་གྱི་གནད་ཚོད་ལག་ལེན་དུ་བྱེད་པའི་ཚེ། དམ་པའི་ཆོས་འདུལ་བར་འཇིག་རྟེན་གྱི་གྲགས་པ་ལས་གཞན་དུ་བཤད་པའི་ཕྱིར་རོ། །དེ་བས་ན། ཇི་སྐད་དུ། རབ་གྲགས་ཚད་མ་ཉིད་མིན་ཕྱིར། །དེར་འཛིན་པ་ལ་རྒྱུ་ཅི་ཡོད། །ཅེས་པ་ལྟར་རོ། །འོ་ན་ཇི་སྐད་དུ། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་དང༌། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་བཤད་པ་དེ་ཉིད་མི་འཐད་པར་འགྱུར་ཏེ། དེ་འདྲ་དེ་དགུན་གྱི་བཞི་པ་དང་དབྱར་གྱི་གཉིས་པར་མི་འདོད་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། བསྟན་བཅོས་དང་འཇིག་རྟེན་གྱི་གྲགས་པ་ལས་དགུན་གྱི་བཞི་པ་དང་དབྱར་གྱི་གཉིས་པའི་ཐ་མར་བཤད་པ་དེ། དེ་དང་དེའི་ཐོག་མའི་ངོས་འཛིན་ཡིན་ནོ་ཞེས་རྒྱས་པར་བཤད་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །འོ་ན་འཇིག་རྟེན་གྱི་གྲགས་པ་ལས་གནས་ཚོད་དང་མི་མཐུན་པར་འཆད་པ་ཅི་ཞེ་ན། འཇིག་རྟེན་ན་ནི་སྟོན་གྱི་ཉིན་མཚན་མཉམ་པའི་དུས་སྟོན་ཟླ་ཐ་ཆུངས་སུ་གྲགས་པ་ཡིན་ཏེ། མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་གྱུར། །སྟོན་ཟླ་ཐ་ཆུངས་ཞེས་བྱ་བ། །འདིར་ནི་རབ་ཏུ་གྲགས་པ་ཡིན། །ཉིན་དང་མཚན་ནི་མཉམ་པ་སྟེ། །ཡུད་ཙམ་བཅོ་ལྔ་བཅོ་ལྔར་ཡིན། །བྲ་ཉེ་དང་ནི་སྨིན་དྲུག་ཀྱང༌། །ལན་གཉིས་ཡོངས་སུ་འཁོར་བར་བྱེད། །ཅེས་སྟོན་ཟླ་ཐ་ཆུངས་ངོས་བཟུང་བའི་ཤུགས་ཀྱིས། མགོ་དང་རྒྱལ་གྱི་ཟླ་བ་ལ་དགུན་ཟླ་ར་འབྲིང་དུ་འཆད་དགོས་ཀྱང༌། དེ་ནི་དེའི་དུས་དངོས་མ་ཡིན་པར་གོང་གི་ལུང་དང་རིགས་པ་ལས་རྟོགས་ནུས་པས་སོ། །གཉིས་པ་ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་པ་ལ་གསུམ་སྟེ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་གཞག་པ་དང༌། གྲུབ་པའི་དོན་བསྟན་པའོ། །དང་པོ་ནི། བོད་ཕྱི་མ་ཁ་ཅིག་ན་རེ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཀྱི་གཞུང་འདིས་ཉི་མ་ལྡོག་མཚམས་བསྟན་པ་མ་ཡིན་གྱི། ཉིན་མཚན་མཉམ་པའི་དུས་བསྟན་པ་ཡིན་ཏེ། དབྱར་གྱི་གཉིས་པ་དང༌། དགུན་གྱི་བཞི་པ་ནི་སྟོན་ཟླ་ར་བ་དང་དཔྱིད་ཟླ་ར་བ་ལ་ངོས་འཛིན་པ་ཡིན་ལ། དེ་ལ་དབྱར་དགུན་གྱི་ཉི་མ་ལྡོག་པའི་གོ་སྐབས་མེད་པའི་ཕྱིར་དང༌། ཉིན་མཚན་མཉམ་པའི་དུས་ཉིད་འགྲིག་པའི་ཕྱིར་དང༌། ཉིན་མཚན་མཉམ་པའི་དུས་དེ་ཉིད་ནས་ཞག་རེ་རེ་ཞིང་ཡུད་ཙམ་རེ་རེས་རིང་ཐུང་དུ་བྱེད་ནུས་པ་ཡིན་གྱི། ཉི་མ་ལྡོག་པའི་དུས་ནས་བརྩམས་པའི་ཞག་རེ་ལ་ཡུད་ཙམ་རེ་རེས་རིང་ཐུང་དུ་བྱེད་མི་ནུས་པའི་ཕྱིར། དཔེར་ན་ཉིན་མོ་ཡུད་ཙམ་བཅུ་གཉིས་དང་མཚན་མོ་ཡུད་ཙམ་བཅོ་བརྒྱད་ཡོད་པ་ན་དགུན་ཉི་ལྡོག་པ་ཡིན་ལ། དེའི་ཚེ་ཉིན་མོའི་སྟེང་དུ་ཐང་རེ་རེ་བསྣན་པ་ཙམ་གྱིས་མཚན་མོ་ལས་རིང་བར་བྱེད་མི་ནུས་པ་བཞིན་ནོ། །ཞེས་ཟེར་རོ། །དེ་ནི་གཞུང་གི་དོན་དུ་མི་རུང་སྟེ། གཞུང་འདིས་དབྱར་དགུན་གྱི་ཉི་མ་ལྡོག་པའི་མཚམས་འཛིན་པ་ཡིན་པར། རྒྱལ་པོའི་སྲས་སུ་གདགས་པའི་བསྟན་བཅོས་ཀྱི་ལུང་དྲངས་ནས་བཤད་པའི་ཕྱིར། ལུང་དེ་ཡང་གང་ཞེ་ན། ཇི་སྐད་དུ། ལོ་གཅིག་ལ་ཉིན་མོ་ནི་ཡུད་ཙམ་བཅུ་གཉིས། མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད་པ་ཡོད་དམ་ཞེ་ན། ཡོད་དེ། དཔྱིད་ཟླ་ར་བ་ཡར་གྱི་ཚེས་བརྒྱད་ཀྱི་ཉིན་ཞག་གོ །དེ་ལས་ཟློག་པ་ཡོད་དམ། ཡོད་དེ། སྟོན་ཟླ་ར་བ་ཡར་གྱི་ཉིན་ཞག་གོ །ཞེས་བཤད་པ་དེ་ཉིད་གཞུང་འདིས་འཆད་པའི་ཕྱིར་དང༌། ཁྱེད་ཅག་གི་འདོད་པ་དེ་ལྟར་ཡིན་པ་དེའི་ཚེ། དགུན་ཟླ་ར་བའི་མིང་ཅན་དེ་ལ་དགུན་ཉི་ལྡོག་པ་དང༌། དབྱར་ཟླ་ར་བའི་མིང་ཅན་དེ་ལ་དབྱར་ཉི་ལྡོག་པར་ཐལ་བ་ལས། འདོད་ནུས་པ་མ་ཡིན་ཏེ། དབྱར་དགུན་གྱི་ཉི་མ་ལྡོག་པའི་དུས་ཀྱི་ཟླ་བ་དེ་ལ་དབྱར་དགུན་གྱི་ར་བའི་མིང་གིས་འདོགས་པ་ནི་གང་ན་སུའི་ལུགས་ལ་ཡང་མི་སྣང་བའི་ཕྱིར་དང༌། སྟོན་ཟླ་ཐ་ཆུངས་ཀྱི་ངོས་འཛིན་མི་འདྲ་བ་གསུམ་ཡོད་པར་སྔོན་ཆད་གྲགས་པ་ལས་དེ་དག་གང་ལྟར་ནའང་དབྱར་དགུན་གྱི་ར་བའི་མིང་ཅན་གཉིས་ལ་ཉི་མ་ལྡོག་པར་མི་སྲིད་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། སྤྱིར་དགུན་གྱི་བཞི་པ་དང༌། དབྱར་གྱི་གཉིས་པ་ངོས་ཟིན་པ་ལ་ལོའི་འགོ་ངོས་འཛིན་དགོས་ཤིང༌། དེ་ལ་ལུགས་གཉིས་ཏེ། འཇིག་རྟེན་དང༌། བསྟན་བཅོས་ཀྱི་ལུགས་སོ། །དང་པོ་ནི། དགུན་ཟླ་ར་བའི་ཚེས་གཅིག་ནས་འཛིན་པ་ཡིན་ལ། གཉིས་པ་ནི་སྟོན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནས་འཛིན་པས་ན་ཟླ་བ་ཕྱེད་ཀྱི་ཁྱད་པར་ཞུགས་པའོ། །ལུགས་འདིར་ཕྱི་མ་བསྟན་བཅོས་ཀྱི་ལུགས་དེ་ཁས་ལེན་དགོས་པ་ཡིན་ཏེ། ཞག་མི་ཐུབ་དང་བཅས་པ་ཡི། །ཞེས་པའི་སྐབས་ནས་བསྟན་པའི་ཞག་མི་ཐུབ་འདོར་ཚུལ་ལས་རྟོགས་པའི་ཕྱིར། ཇི་ལྟར་ཞེ་ན། དེའི་ཐད་ཀྱི་འགྲེལ་པ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་ལ། དེའི་ཚེ་དགུན་སྟོད་ཀྱི་ཞག་མི་ཐུབ་ནི་རྒྱལ་གྱི་ཟླ་བའི་མར་ངོ་ལ་འབྱུང་བར་བཤད་ལ། འགོའི་ཟླ་བའི་ཚེས་གཅིག་ནས་ལོའི་འགོ་མ་བཟུང་ན། རྒྱལ་གྱི་མར་ངོའི་མཚམས་སུ་ཟླ་བ་ཕྱེད་དང་གཉིས་འདས་ཀྱི་ཞག་མི་ཐུབ་ཅེས་བྱ་བ་དེ་མི་འབྱུང་ལ། འགོ་ཟླའི་ཚེས་གཅིག་དང༌། སྟོན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནི་དོན་གཅིག་ལ་འདུ་བ་ཡིན་ནོ། །རྒྱལ་གྱི་མར་ངོའི་མཚམས་སུ་དེ་ལྟར་འབྱུང་བ་ཡང་ཡིན་ཏེ། དགེ་ཚུལ་གྱི་དང་པོའི་ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་གསུངས་སོ། །འདི་ཡང་རྣམ་གསལ་གྱི་དཔེ་ཙམ་ཡིན་པས་འགོ་ཟླའི་ཚེས་གཅིག་ཁོ་ན་ནས་ལོ་འགོ་འཛིན་པར་མ་ངེས་མོད། ལོའི་འགོ་འཛིན་པ་ན་མར་ངོ་སྔོན་འགྲོ་ཞིག་ནི་ངེས་པར་ཁས་ལེན་དགོས་ཏེ། གཞན་དུ་ན་ཟླ་བ་ཕྱེད་དང་གཉིས་འདས་ཀྱི་ཞག་མི་ཐུབ་འདོར་བ་དེ་མར་ངོ་ཁོ་ན་ལ་མི་འབྱུང་བར་ཐལ་བའི་ཕྱིར། འོ་ན་སྟོན་ཟླ་ཐ་ཆུངས་གང་ལ་བྱ་ཞེ་ན། འདི་ལ་ལུགས་མི་འདྲ་བ་གསུམ་སྟེ། ཁྲུམས་ཀྱིས་ཉ་བའི་ཚེས་གཅིག་ཅེས་པའི་མིང་ཅན་ཧོར་ཟླ་བརྒྱད་པའི་བཅུ་དྲུག་ནས་འཛིན་པ་དང༌། ཐ་སྐར་གྱི་ཟླ་བའི་མིང་ཅན་ཧོར་ཟླ་དགུ་པར་གྲགས་པའི་བཅུ་དྲུག་ནས་འཛིན་པ་དང༌། སྨིན་དྲུག་གི་ཟླ་བའི་མིང་ཅན་ཧོར་ཟླ་བཅུ་པར་གྲགས་པའི་བཅུ་དྲུག་ནས་འཛིན་པ་རྣམས་སོ། །དེ་ཡང་ལུགས་ཕྱི་མ་གཉིས་ལ་ནི་མདོའི་ཁུངས་ཅུང་ཟད་རེ་ཡོད་ལ། ལུགས་དང་པོ་དེ་ནི་དགུན་གྱི་ཟླ་བ་བཞི་པ་ལ་དགུན་ཉི་ལྡོག་པར་གསུངས་པའི་རིགས་པས་བཙན་ཐབས་སུ་བསྒྲུབས་པ་ཡིན་ཏེ། ཧོར་ཟླ་བཅུ་གཅིག་པར་གྲགས་པའི་ཚེས་བཅུ་ཙམ་ལ་དགུན་ཉི་ལྡོག་པ་གཅིག་སྲིད་པ་དེའི་ཚེ། ཧོར་ཟླ་བརྒྱད་པ་ནས་དགུན་གྱི་ཐོག་མ་མི་འཛིན་དབང་མེད་བྱུང་བའི་ཕྱིར་དང༌། ཡང་དེ་འདྲའི་དུས་དེ་དགུན་ཟླ་བཞི་པ་དང༌། བཞི་པ་ཡང་དཔྱིད་ཟླ་ར་བ་ལ་བཤད་ན་ནི། ཧོར་ཟླ་བཅུ་པ་ལ་དགུན་ཟླ་ཐ་ཆུངས་དང༌། དགུ་པ་ལ་འབྲིང་པོ་དང༌། བརྒྱད་པ་ལ་ར་བ་དང༌། བདུན་པ་ལ་སྟོན་ཟླ་ཐ་ཆུངས་སུ་ངེས་པར་འཆད་དགོས་པས། ཆར་འབབ་པའི་འགོ་ཟུག་པ་དང༌། དབྱར་ཟླ་གསུམ་རྫོགས་པར་དུས་མཉམ་པ་ཞིག་ཁས་ལེན་དགོས་པ་འབྱུང་ངོ༌། །དེ་ལྟར་མཐའ་དཔྱད་ནས། རང་གི་ལུགས་རྣམ་པར་དག་པ་ནི། འདི་ལྟར། ར་འབྲིང་གསུམ་གྱི་རྣམ་གཞག་བྱེད་པ་ནི་འཇིག་རྟེན་གྱི་ལུགས་དང༌། ཡར་ངོ་སྔོན་དུ་འགྲོ་བར་ཁོ་ནར་ངེས་ལ། ཉ་སྐར་གྱི་མིང་གིས་འདོགས་པ་ནི་བསྟན་བཅོས་ཀྱི་ལུགས་དང༌། མར་ངོ་སྔོན་དུ་འགྲོ་བར་ངེས་སོ། །དགུན་ཉི་ལྡོག་པའི་དུས་ནི་གསུམ་སྟེ། ཧོར་ཟླ་བཅུ་གཅིག་པར་གྲགས་པའི་ཚེས་དགུ་དང༌། བཅོ་ལྔ་དང༌། ཉེར་གཅིག་ལྟ་བུ་ཡིན་ལ། དེའི་ཚེ་དུས་དེ་དང་དེ་ནས་དགུན་གྱི་བཞི་པ་དང༌། དགུན་ཟླ་ཐ་ཆུངས་སུ་འཇོག་ཅིང༌། དེ་ལྟར་འཇོག་པ་དེའི་ཚེ་སྟོན་ཟླ་ཐ་ཆུངས་ཀྱི་ཐོག་མ་ནི་ཧོར་ཟླ་བརྒྱད་པའི་ཚེས་བདུན་ནས་དང༌། བཅུ་གསུམ་ནས་དང༌། བཅུ་དགུ་ནས་འཛིན་པ་ཡིན་ལ། སྟོན་ཟླ་ཐ་ཆུངས་ཀྱི་ཞག་བཅོ་ལྔ་རྫོགས་མཚམས་ནས་ལོ་འགོ་འཛིན་ནོ། །ཞེས་རྒྱས་པར་བསྟན་ཟིན་པ་དེའི་ཕྱིར། སྟོན་ཟླ་ཐ་ཆུངས་ཀྱི་ངོས་འཛིན་ཧོར་ཟླ་བརྒྱད་པ་ལ་བྱ་བ་དང་དགུ་པ་ལ་བྱ་བ་གཉིས་ནི། དགུན་ཉི་ལྡོག་པ་སྔ་ཕྱིའི་རིམ་པ་ལས་རྣམ་པར་བཞག་གོ །དེ་ལྟ་ཡིན་པ་དེའི་ཕྱིར་ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་ན། ལོ་གཉིས་ནི་ཧོར་ཟླ་བརྒྱད་པ་ལ་སྟོན་ཟླ་ཐ་ཆུངས་སུ་བྱ་སྟེ། ལོ་གཉིས་ཀྱི་རིང་ལ་ཧོར་ཟླ་བཅུ་གཅིག་པའི་བཅོ་ལྔ་ཚུན་ལ་དགུན་ཉི་ལྡོག་པའི་ཕྱིར། དེའི་རྗེས་ཀྱིས་ལོ་གཅིག་ནི་ཧོར་ཟླ་དགུ་པ་ལ་སྟོན་ཟླ་ཐ་ཆུངས་སུ་བྱ་སྟེ། དེའི་ཧོར་ཟླ་བཅུ་གཅིག་པའི་བཅོ་ལྔ་ཕན་ཆད་དུ་དགུན་ཉི་ལྡོག་པའི་ཕྱིར། དེ་བཞིན་དུ་དབྱར་ཉི་ལྡོག་པའི་དུས་ཀྱང་གསུམ་སྟེ། ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་དང༌། དེའི་ཉི་ཤུ་ལྔ་ལ་དང༌། ཧོར་ཟླ་དྲུག་པའི་ཚེས་ལྔ་ལ་ལྡོག་པ་ལྟ་བུ་ཡིན་ལ་དེའི་དབང་གིས་དབྱར་ཟླ་ཐ་ཆུངས་ཀྱི་ངོས་འཛིན་ཀྱང་སོ་སོར་ངེས་མོད། ཐ་སྙད་སྦྱར་བདེ་བའི་ཚེ་ཧོར་ཟླ་དྲུག་པ་ཁོ་ནར་ངེས་ཏེ། དབྱར་གྱི་ཉི་མ་ནི་ཧོར་ལ་ལྔ་པའི་ཚེས་བཅོ་ལྔ་ཕན་ལྡོག་པར་ངེས་པའི་ཕྱིར་རོ། །གསུམ་པ་གྲུབ་དོན་བསྟན་པ་ནི། དབྱར་གྱི་ཁས་ལེན་དང༌། དེ་ཉིད་ཧོར་ཟླ་གང་ལ་འབྱུང་བའི་ཚུལ་དང་སྦྱར་ནས་བཤད་ན་གོ་སླ་བས། འདི་ལྟར། དབྱར་སྔ་མ་ནི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་དང༌། དབྱར་ཕྱི་མ་ནི་དབྱར་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནས་ཁས་ལེན་པར་ངེས་པ་ཡིན་ལ། དེ་ཡང་དོན་ལ་དབྱར་ཉི་གང་ལ་ལོག་པའི་ཚེས་དེ་ནས་བརྩམས་པའི་ཟླ་བ་གཅིག་ནི་དབྱར་ཟླ་ཐ་ཆུངས་ཡིན་ཞིང༌། དེའི་གོང་གི་ཟླ་བ་དེ་མ་ཐག་པ་དེ་ནི་དབྱར་ཟླ་འབྲིང་པོར་ངེས་སོ། །དེའི་ཕྱིར་ཧོར་ཟླ་དྲུག་པའི་ནང་དུ་དབྱར་ཉི་ལོག་ན་དང༌། ཧོར་ཟླ་ལྔ་པའི་མར་ངོ་ལ་དབྱར་ཉི་ལོག་ན། ཧོར་ཟླ་དྲུག་པ་ལ། དབྱར་ཟླ་ཐ་ཆུངས་སུ་བྱས་ནས་དབྱར་ཕྱི་མ་ཁས་ལེན་ཞིང་ཧོར་ཟླ་ལྔ་པའི་ཡར་ངོ་ལ་དབྱར་ཉི་ལྡོག་ན། ཟླ་བ་དེ་ཉིད་ལ་དབྱར་ཟླ་ཐ་ཆུངས་སུ་བཤད་ནས། དབྱར་ཕྱི་མའི་ཁས་ལེན་བྱ་ཞིང༌། དེའི་སྔ་ལོགས་སུ་བྱུང་བའི་ཟླ་བ་ཧོར་ཟླ་བཞི་པར་གྲགས་པ་དེ་ཉིད་ལ་དབྱར་སྔ་མའི་ཁས་ལེན་བྱ་དགོས་པ་ཡིན་ཏེ། མར་ངོ་སྔོན་དུ་འགྲོ་བའི་དབང་དུ་བྱས་པའི་དབྱར་ཉི་གང་ལ་ལྡོག་པའི་ཟླ་བ་དེ་དབྱར་ཟླ་ཐ་ཆུངས་སུ་འཇོག་དགོས་པའི་ཕྱིར། ཧོར་ཟླ་བཞི་པ་ལ་དབྱར་སྔ་མ་ཁས་བླངས་པ་གཅིག་སྲིད་པ་དེའི་ཚེ་སྔ་བའི་སྐྱོན་འབྱུང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཉི་མ་ལྡོག་པའི་དུས་ཀྱི་ཚད་ངེས་པར་བཟུང་བ་ན་འཆུག་པ་མེད་པའི་ཕྱིར་དང༌། ཉི་མ་ལྡོག་དུས་སྔ་བའི་དུས་དེར་ལོ་དེ་ལ་ཉི་མ་མ་ལོག་གོང་དུ་ཟླ་བའི་ཤོལ་ངེས་པར་འདོར་དགོས་པས་ཁྱབ་པའི་ཕྱིར། མདོར་ན་ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་པ་དེའི་ཚེ་ནི་ཚེས་ཀྱི་ལོ་དང་ཟླ་བ་དབང་བཙན་ལ། དོན་གནས་ཚོད་ལ་ནི་ཁྱིམ་ཞག་དབང་བཙན་པས་ཞག་བཅུ་གཅིག་ཙམ་གྱི་བར་ཁྱད་ཞུགས་པའི་ཕྱིར་དབྱར་སྔ་མའི་ཁས་ལེན་གཅིག་པུ་ལའང་དོན་གནས་ཚོད་ཀྱི་དབང་དུ་བྱས་པའི་དུས་ཚོད་སྔ་ཕྱི་ཅི་རིགས་པར་འབྱུང་མོད། ལོ་གང་ལ་ཟླ་བའི་ཤོལ་དོར་བ་དེའི་ཚེ་དུས་ངེས་པར་འགྲིག་པ་ཡིན་ནོ། །འདིའི་སྤྲོས་པ་ལྷག་མ་ནི་འོག་ཞག་མི་ཐུབ་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །ཉི་མ་ལྡོག་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ཉི་མ་ལྷོ་བྱང་འགྲོ་ཚེའོ། །ཞེས་པ། ཉི་མས་ལྷོའི་བགྲོད་པ་མཐར་ཐུག་ནས་བྱང་དུ་འགྲོ་བ་དང༌། བྱང་གི་བགྲོད་པ་མཐར་ཐུག་ནས་ལྷོར་འགྲོ་བ་ལ་ནི་ཉི་མ་ལྡོག་པ་ཞེས་བྱ་ལ། དེ་ཡང་ལྷོར་འགྲོ་བ་མཐར་ཐུག་པའི་ཚད་ནི་འཛམ་བུའི་གླིང་ལས་དཔག་ཚད་དྲུག་དང་གཅིག་གི་བཅོ་བརྒྱད་ཆས་རྒྱ་མཚོའི་སྟེང་གི་ཆར་འགྲོ་ལ། བྱང་དུ་འགྲོ་བ་མཐར་ཐུག་པའི་ཚེ་ནི། འཛམ་བུའི་གླིང་གི་དཀྱིལ་དྲང་ཐད་ཀྱི་སྟེང་གི་ཆར་འགྲོ་བ་ཡིན་ནོ། །ཞེས་གསུངས་ལ། དེའི་ཚེ་ཉི་མའི་འོད་ཟེར་གླིང་གི་དཀྱིལ་དུ་ཕོག་པས་དྲོ་བའི་ཕྱིར་དཔྱིད་དང་དབྱར་དུ་འགྱུར་ལ། ཅིག་ཤོས་ཀྱི་ཚེ་ནི་འོད་ཀྱི་གཙོ་བོ་རྒྱ་མཚོར་ཕོག་ཅིང་གླིང་ལ་ཟེར་ཙམ་ལས་མ་ཕོག་པས་གྲང་བའི་ཕྱིར་ན། རིམ་གྱིས་སྟོན་དང་དགུན་དུ་འགྱུར་རོ། །གླིང་བཞིར་ཉི་མ་འཁོར་བའི་ཚུལ་དེ་ཡང་ཇི་ལྟར་ཞེ་ན། ལུགས་གཉིས་ཏེ། ཟླུམ་པོར་འཁོར་བ་དང༌། ནར་ཐབས་སུ་འཁོར་བའོ། །དང་པོ་ལའང་ལུགས་གཉིས་བྲུ་གུ་འཛིངས་པ་ལྟ་བུའི་ཚུལ་གྱིས་འཁོར་བ་དང༌། གདུགས་ཀྱི་རྩིབ་མ་ལྟ་བུའི་ཚུལ་གྱིས་འཁོར་བའོ། །ལུགས་དང་པོ་དེ་རྒྱུད་འགྲེལ་གྱི་སྒྲས་ཟིན་དང་མཐུན་ཀྱང༌། ལུང་རིགས་ཀྱིས་ཡིད་བརྟན་དུ་རུང་བ་ནི་ལུགས་གཉིས་པ་དེའོ། །ལུགས་ཕྱི་མ་ནར་ཐབས་སུ་འཁོར་བ་དེ་ལ་ནི་མཚོན་བྱའི་འཁོར་ལོ་ལྟ་བུར་འཁོར་བ་ཞེས་བྱ་ལ། འདི་ཡང་སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་ཚེ་ཟླུམ་པོར་འཁོར་བ་ཁོ་ན་ཡིན་ལ། འདིའི་ལུང་ཁུངས་ནི། རྨ་བྱ་ཆེན་མོ་ནས། ཉི་མ་དང་ནི་ཟླ་བ་དང༌། །སུམ་ཅུ་རྩ་བདུན་ཚང་བ་ན། །འཆར་བ་དང་ནི་ནུབ་པ་དང༌། །འཁོར་ལོའི་མཚོན་བྱ་བཞིན་དུ་རྒྱུ། །ཞེས་གསུངས་པ་ཡིན་ནོ། །ལུགས་འདི་ལ་བརྟེན་པའི་ཚེ་ནི་གླིང་གཉིས་སུ་བྱང་བགྲོད་མཐར་ཐུག་དུས་གཅིག་འཆར་དུ་འབྱུང་ཞིང༌། གླིང་གཉིས་སུ་ལྷོ་བགྲོད་མཐར་ཐུག་དུས་ཅིག་ཆར་དུ་འབྱུང་ལ། ཟླུམ་པོར་བསྐོར་ནས་ཉིན་མཚན་མཉམ་པ་དེའི་ཚེ་ནི་གླིང་གཉིས་སུ་སྟོན་གྱི་ཉིན་མཚན་མཉམ་པ་དང༌། གླིང་གཉིས་སུ་དཔྱིད་ཀྱི་ཉིན་མཚན་མཉམ་པ་དུས་ཅིག་ཆར་དུ་འབྱུང་བ་འདི་ཉིད་ཆོས་མངོན་པའི་ལུགས་རྣམ་པར་དག་པའོ། །ཞེས་བོད་སྔ་མ་རྣམས་གསུངས་མོད། ལུགས་འདི་དང་གླིང་བཞི་ཀར་དུ་དུས་བཞི་འཆོལ་མའི་ལུགས་གཉིས་ཀ་ཡང་ལུང་རིགས་ཀྱི་བརྟགས་པ་མི་བཟོད་པས། རང་ལུགས་རྣམ་པར་དག་པ་ནི། ཉི་མ་དང་ཟླ་བ་གཉིས་ཀ་ཡང་ལྷོ་བྱང་གི་བགྲོད་པ་ཐམས་ཅད་ཀྱི་ཚེ་ན། ཟླུམ་པོར་འཁོར་བ་ཁོ་ནར་ངེས་པའི་དབང་གིས་གླིང་བཞི་པོ་ཐམས་ཅད་དུ་དགུན་མཉམ་དང་དབྱར་མཉམ་ལ་སོགས་པའོ། །ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་ཡར་གྱི་ངོ་དང་མར་གྱི་ངོ་ལ་ཟླ་བའི་དཀྱིལ་འཁོར་ཅུང་ཟད་སྣང་ཡང་རངས་པོ་མི་སྣང་བ་དང༌། ཡར་ངོའི་བཅོ་ལྔ་ལ་རྫོགས་པར་སྣང་ཞིང༌། མར་ངོའི་བཅོ་ལྔ་ལ་ཅུང་ཟད་ཀྱང་མི་སྣང་བ་འདིའི་རྒྱུ་ཅི་ཡིན་ཞེ་ན། ཉི་མ་དང་ནི་ཉེ་བ་ལ། །རང་གི་གྲིབ་མས་འགྲིབ་པར་སྣང༌། །ཞེས་པ་དངོས་བསྟན་ནི། ཉི་མ་དང་ཐག་ཉེ་བའི་ཚེ། ཟླ་བ་རང་གི་གྲིབ་མ་རང་ལ་བབས་ནས་ཆ་ཤས་ཀྱིས་སྒྲིབ་ལ། ཐག་རིང་བའི་ཚེ་ཟླ་བ་རང་གི་གྲིབ་མ་ཇེ་ཆུང་དུ་སོང་ནས་མི་སྒྲིབས་པ་ཡིན་ཏེ། དཔེར་ན་མཚན་མོ་ཀ་བ་དང་སྒྲོན་མའི་འོད་ཉེ་བ་དང་རིང་བ་བཞིན་ནོ། །ཞེས་འཆད་པ་ཡིན་ལ། འདིའི་དོན་ལ་གཞན་དག་ན་རེ། ཉི་མའི་འོད་ཟེར་གང་འཕོག་པའི་ཆ་དེ་སྣང་བ་ཡིན་ལ། མི་འཕོག་པའི་ཆ་དེ་མི་སྣང་བ་ཡིན་ཏེ། ཀ་བ་དང་སྒྲོན་འོད་ཀྱི་དཔེ་ལས་གོ་བ་ཡིན་ནོ། །ཞེས་ཟེར། ཁ་ཅིག་ན་རེ། ཟླ་བ་རང་གི་གྲིབ་མས་བསྒྲིབས་པའི་ཆ་དེ་སྣང་བ་ཡིན་ཏེ། ཉི་མ་དང་གང་ཉེ་བའི་ཕྱོགས་དེ་སྣང་ལ། གྲིབ་མ་ཡང་ཕྱོགས་དེ་ཉིད་དུ་འབྱུང་བའི་ཕྱིར། དཔེར་ན་མཎྜལ་གྱི་ཁ་གྱེན་དུ་བསླང་བ་ལ་མར་མེའི་འོད་ཕོག་པའི་གྲིབ་མ་ནི་འོད་དང་ཉེ་བའི་ཕྱོགས་སུ་འབྱུང་གི ཕར་ངོས་སུ་འབྱུང་བ་མ་ཡིན་པ་བཞིན་ནོ། །ཞེས་ཟེར། དེ་གཉིས་ཀ་ཡང་རིགས་པ་མ་ཡིན་ཏེ། གཉིས་པོ་ཐག་ཤིན་ཏུ་རིང་བ་ཚེས་བཅོ་ལྔའི་མཚན་མོ་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་མི་སྣང་བ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་སྣང་བའི་རྒྱུ་ཉི་མའི་འོད་ཟེར་ཕོག་པ་ཡང་མེད། རང་གི་གྲིབ་མས་བསྒྲིབས་པ་ཡང་མེད་པའི་ཕྱིར། དེ་བས་ན་འདི་ལྟར། ཟླ་བ་ལ་གྲིབ་མ་འཕོག་རྒྱུ་མེད་པ་དེའི་ཚེ་ནི་སྣང་ལ། ཡོད་པ་དེའི་ཚེ་མི་སྣང་བ་ཡིན་ཏེ། ཀ་བ་ལ་རང་གི་གྲིབ་མས་སྒྲིབ་པའི་དུས་ཤིག་ཡོད་པ་དང་མེད་པའི་ཚེ་བཞིན་ནོ། །དེ་ཡང་ཉི་མ་དང་ཉེ་བའི་ཚེ་ནི་གྲིབ་མ་འབྱུང་ལ། ཇེ་རིང་དུ་སོང་བའི་ཚེ་གྲིབ་མ་ཆུང་ཞིང༌། ཤིན་ཏུ་རིང་བའི་ཚེ་གྲིབ་མ་མེད་པ་ཡིན་ཏེ། གྲིབ་པ་འབྱུང་བ་ནི་སྣང་བ་ལ་རག་ལས་པའི་ཕྱིར། དེས་ན་བཅོ་ལྔའི་མཚན་མོ་ནི་ཟླ་བའི་དཀྱིལ་འཁོར་རྫོགས་པར་སྣང་བ་ཡིན་ཏེ། སྒྲིབ་བྱེད་ཀྱི་གྲིབ་མ་མེད་པའི་ཕྱིར། འདིའི་དུས་སུ་ཟླ་བའི་དཀྱིལ་འཁོར་གང་ན་ཡོད་པའི་ནམ་མཁའི་གནས་དེར་ཉི་མའི་འོད་ཟེར་གྱིས་ཁྱབ་མ་ཁྱབ་ནི་འོག་ནས་བརྟགས་པར་བྱའོ། །དེ་ནས་ཚེས་བཅུ་དྲུག་གི་མཚན་མོ་ཟླ་བའི་ཆ་ཤས་གཅིག་ནུབ་ནས་འགྲིབ་པ་ཡིན་ལ། དེ་ཡང་གང་འགྲིབ་པ་ནི་ཚེས་གཅིག་གི་ཉིན་འཕེལ་བའི་ཆ་དེ་ཡིན་ལ། གང་གིས་འགྲིབ་པ་ནི་རང་གི་གྲིབ་མས་སོ། །གྲིབ་མ་འབྱུང་བའི་རྒྱུ་ནི་ཉི་མའི་འོད་ཟེར་ཤར་ཕྱོགས་ནས་ཕོགས་པའི་རྐྱེན་གྱིས་སོ། །གྲིབ་མ་གང་དུ་འབྱུང་བ་ནི། ནུབ་ཀྱི་ཕྱོགས་སུ་སྟེ། སྣང་བ་ཤར་ཕྱོགས་ནས་བྱུང་བའི་རྐྱེན་གྱིས་ཐོབ་པའི་རང་གི་གྲིབ་མ་ཡིན་པས་སོ། །དེ་བཞིན་དུ་སྣང་བ་ལྷོ་ནས་བྱུང་བའི་ཚེ་གྲིབ་མ་བྱང་དུ་འཆར་བ་དང༌། སྣང་བ་ནུབ་ནས་བྱུང་བའི་ཚེ་གྲིབ་མ་ཤར་དུ་འཆར་བ་སོགས་ཀྱང་མངོན་སུམ་གྱིས་གྲུབ་པའོ། །འོ་ན་ཟླ་བའི་གྲིབ་མས་རང་སྒྲིབ་ལ། སྐར་མ་ལ་སོགས་པ་གཞན་མི་སྒྲིབ་པ་ཅི་ཞེ་ན། སྒྲོན་མ་དང་ཉེ་བའི་ཀ་བའི་གྲིབ་མས་རང་གི་ཕྱོགས་གཅིག་ཁོ་ན་སྒྲིབ་ཀྱི། གཞན་མི་སྒྲིབ་པ་བཞིན་ནོ། །དེ་བཞིན་དུ་ཚེས་བཅུ་བདུན་དང་བཅོ་བརྒྱད་ལ་སོགས་པའི་ཚེ། སྔར་ཡར་ཚེས་གཉིས་དང་གསུམ་ལ་སོགས་པ་ལ་གང་འཕེལ་བའི་ཆ་དེ་ཉིད་འགྲིབ་པ་ཡིན་ཞིང༌། ཉེར་དགུའི་ཉིན་ཆ་ཤས་གཅིག་སྣང་བ་དེ་ནི་ཡར་ཚེས་བཅོ་ལྔའི་ཚེ་འཕེལ་བའི་ཆ་དེ་ཉིད་དོ། །དེའི་ཕྱིར་གང་ཚེས་ཟླ་གཅིག་གི་ཟླ་བའི་ཆ་ཤས་ཡིན་ན། ཚེས་ཞག་བཅོ་ལྔ་ལས་ལྷག་པར་མི་གནས་པས་ཁྱབ་ཅིང༌། ཚེས་ཞག་བཅུ་བཞིའི་བར་དུ་གནས་པས་ཁྱབ་ཅེས་བྱའོ། །དེ་ནས་གནམ་སྟོང་གི་ཉིན་ཉི་ཟླ་ཁ་སྦྱར་བའི་རྐྱེན་གྱིས་རང་གི་གྲིབ་མས་རངས་པོ་བསྒྲིབས་པ་ཡིན་ཏེ། དཔེར་ན་ཀ་བའི་སྟེང་དུ་མར་མེ་གཞག་པ་བཞིན་ནོ། །དེ་ནས་ཚེས་གཅིག་གི་ཉིན་ཉི་ཟླ་ཁ་བྲལ་ནས་གྲིབ་མ་ཆ་གཅིག་ནུབ་པས་ཟླ་བའི་ཆ་ཤས་གཅིག་སྣང་བ་དང༌། ཚེས་གཉིས་ལ་སོགས་པ་དག་ལ་གྲིབ་མའི་ཆ་གཉིས་ནུབ་པ་དང་གསུམ་ནུབ་པ་སོགས་སྦྱར་ནས། ཟླ་བའི་ཆ་ཤས་གཉིས་སྣང་བ་དང་གསུམ་སྣང་བ་སོགས་ཤེས་པར་བྱའོ། །གལ་ཏེ་ཀ་བ་དང་སྒྲོན་མེའི་དཔེ་དོན་ལྟར་ན། འོ་ན་ཉི་མའི་འོད་ཟེར་ཕོགས་པ་དེའི་ཆ་དེ་སྣང་བར་ཁས་ལེན་དགོས་སོ་ཞེ་ན། ཉི་མའི་འོད་ཟེར་གང་ཕོག་པ་དང༌། མ་ཕོག་པ་ནི་ཟླ་བའི་དཀྱིལ་འཁོར་སྣང་བ་དང་མི་སྣང་བའི་རྒྱུ་མ་ཡིན་ཏེ། དེ་ལ་དེ་མ་ཕོག་པའི་དུས་མི་སྲིད་པའི་ཕྱིར། འོ་ན་ཅི་ཞེ་ན། རང་གི་གྲིབ་མས་སྒྲིབས་པ་དང་མ་སྒྲིབས་པའོ། །འོ་ན་ཉི་མའི་འོད་ཟེར་ཕོག་པ་དེ་གྲིབ་མ་འབྱུང་བའི་རྒྱུ་མ་ཡིན་པར་འགྱུར་རོ། །ཞེ་ན། དེ་དེའི་རྒྱུ་ཡིན་མོད། དེ་ཙམ་གྱིས་གྲིབ་མ་འབྱུང་བར་མ་ངེས་ཏེ། ཉི་མ་དང་ཐག་ཤིན་ཏུ་རིང་པོ་ནས་ཀ་བ་ལ་སྒྲོན་མའི་འོད་ཕོག་པ་བཞིན་ནོ། །འོ་ན་ཡར་ངོ་དང་མར་ངོའི་ཚེ་ཟླ་བའི་དཀྱིལ་འཁོར་ཉི་མ་དང་ཐག་ཉེ་བའི་ཕྱོགས་དེ་ཁོ་ན་སྣང་བ་ཅི་ཞེ་ན། དེ་ནི་གྲིབ་མས་མ་སྒྲིབས་པའི་ཆ་ནས་ཡིན་གྱི། ཉི་ཟེར་ཕོག་པའི་ཆ་ནས་མ་ཡིན་ནོ། །ཞེས་བཤད་ཟིན་ཏོ། །འོ་ན་གྲིབ་མ་ཕར་ཕྱོགས་ཁོ་ནར་འབྱུང་བ་ཅི་ཞེ་ན། སྣང་བ་ནུབ་ཕྱོགས་སུ་ཉེ་བ་ན་གྲིབ་མ་ཤར་ཕྱོགས་སུ་འབྱུང་བ་ནི། རང་གྲིབ་ཐམས་ཅད་ཀྱི་སྤྱི་ལུགས་ཡིན་པའི་ཕྱིར། ཞེས་ཀྱང་བཤད་ཟིན་ཏོ། །ཚེས་བཅོ་ལྔའི་མཚན་མོ་ཟླ་བའི་དཀྱིལ་འཁོར་ལ་འོད་ཟེར་ཕོག་པ་འདི་སྒྲུབ་བྱེད་གང་ལས་ཤེས་ན། ཉི་མ་ནུབ་རིའི་རྩེ་མོར་སོན་པ་དེའི་ཚེ། ཚེས་བཅོ་ལྔའི་ཟླ་བ་ཤར་རིའི་རྩེ་མོ་ནས་ཤར་བ་ཡིན་ལ། དེའི་དུས་ཀྱི་ཉི་མའི་འོད་ཟེར་དེས་འཛམ་བུའི་གླིང་གི་ནམ་མཁའ་མཐའ་དག་ལ་ཁྱབ་པའི་ཕྱིར། ཡང་དག་པར་ན་འཛམ་བུའི་གླིང་ལྟ་ཞོག གླིང་བཞི་ཀའི་ནམ་མཁའ་ལ་ཁྱབ་པ་ཡིན་ཏེ། འཛམ་བུའི་གླིང་གི་ཉི་མ་འཆར་སའི་ནམ་མཁའ་དེ་ནི་ཤར་གླིང་གི་དཀྱིལ་དྲང་ཐད་ཀྱི་ནམ་མཁའ་ཡིན་ལ། དེ་ཉིད་བྱང་སྒྲ་མི་སྙན་གྱི་སྟེང་གི་ཉི་མ་ནུབ་པའི་ཐད་ཀྱི་ནམ་མཁའ་ཡིན་པ་དང༌། ཡང་འཛམ་བུའི་གླིང་གི་ཉི་མ་ནུབ་སའི་ནམ་མཁའ་དེ་ཉིད་དུ་ནུབ་གླིང་གི་དཀྱིལ་དྲང་ཐད་ཀྱི་ནམ་མཁའ་ཡིན་ལ། དེ་ཉིད་བྱང་སྒྲ་མི་སྙན་གྱི་ཉི་མ་འཆར་སའི་ཐད་ཀྱི་ནམ་མཁའ་ཡང་ཡིན་པའི་ཕྱིར་རོ། །ཡང་ཉི་མས་ལྷོ་བྱང་གི་བགྲོད་པ་གཉིས་མཐར་ཐུག་པ་ལ་ཉིན་ཞག་གསུམ་བརྒྱ་དང་དྲུག་ཅུ་དགོས་པར་ནི། གཞུང་འདི་ཉིད་ཀྱི་ཞག་མི་ཐུབ་འདོར་ཚུལ་གྱི་སྐབས་ནས་གསལ་བར་འབྱུང་ལ། དེའི་སྟེང་དུ་ཉིན་ཞག་ལྔ་ཙམ་ཞིག་སྣོན་དགོས་པར་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། ལོ་སྔ་མའི་དབྱར་ཉི་ལྡོག་པའི་ཟླ་དུས་ཚེས་གྲངས་ལས། དེའི་ལོ་རྟིང་མའི་དབྱར་ཉི་ལྡོག་དུས་ཀྱི་ཚེས་གྲངས་ནི་ཉིན་ཞག་བཅུ་གཅིག་ཙམ་གྱིས་ཕྱིར་ནུར་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་བས་ན་ཉི་མ་ལ་དེ་ལྟར་ཡིན་མོད། ཟླ་བའི་ལྷོ་བྱང་གི་བགྲོད་པ་གཉིས་མཐར་ཐུག་པ་ལ་ཡུན་ཇི་ཙམ་ཞིག་ཐོགས་ཤེ་ན། འོལ་སྤྱི་ཙམ་དུ་རྩིས་པ་དེའི་ཚེ། དེས་དེ་གཉིས་མཐར་ཐུག་པ་ལ་ཚེས་ཟླ་གཅིག་གིས་ཆོག་པ་ཡིན་ཏེ། དཔེར་ན་ཉི་མས་ལྷོ་བགྲོད་མཐར་ཐུག་པའི་དུས་ཀྱི་གནམ་སྟོང་གི་ཉིན་ཉི་ཟླ་གཉིས་པོ་ཁ་སྦྱོར་དུ་ཡོད་པ་ལས། དེ་ནས་ཞག་བཅོ་ལྔ་པ་ཚེས་བཅོ་ལྔའི་མཚན་མོ་ཟླ་བས་བྱང་གི་བགྲོད་པ་མཐར་ཐུག་ཅིང༌། དེ་ནས་ཡང་ཞག་བཅོ་ལྔ་པ་གནམ་སྟོང་གི་ཉིན་ཉི་ཟླ་ཁ་སྦྱར་བ་བཞིན་ནོ། །དེའི་ཚེ་བྱང་བགྲོད་མཐར་ཐུག་པ་ཅི་ཞེ་ན། དེས་མཐར་ཐུག་པ་ཡིན་ཏེ། དེའི་དུས་ཀྱི་མཚན་མོ་ལ་ཡུད་ཙམ་བཅོ་བརྒྱད་ཡོད་ཅིང༌། དེར་ཟླ་བ་ནི་མཚན་དང་མཉམ་པར་འཆར་ནུབ་བྱེད་ལ། བྱང་བགྲོད་མཐར་མ་ཐུག་ན་ཡུན་དེ་ཙམ་མི་ཐུབ་པའི་ཕྱིར་དང༌། མངོན་སུམ་གྱིས་བརྟགས་པས་ཀྱང་ཕལ་ཆེར་ཤེས་པའི་ཕྱིར། ཡང་དེ་བཞིན་དུ་ཉི་མས་བྱང་བགྲོད་མཐར་ཐུག་པའི་དུས་ཀྱི་གནམ་སྟོང་གི་ཉིན་ཉི་ཟླ་གཉིས་ཁ་སྦྱར་དུ་ཡོད་པ་ལས། དེ་ནས་བརྩམས་པའི་ཚེས་བཅོ་ལྔའི་མཚན་མོ་ཟླ་བས་ལྷོ་བགྲོད་མཐར་ཐུག་པ་ཡིན་ཏེ། དེའི་མཚན་དང་ཟླ་བ་གཉིས་རིང་ཐུང་མཉམ་པར་འཆར་ནུབ་བྱེད་ལ། ལྷོ་བགྲོད་མཐར་ཐུག་ཏུ་མ་སླེབས་ན། མཚན་མོའི་ཆ་ཡུད་ཙམ་བཅུ་གཉིས་པོ་དེ་དང་ཚད་མཉམ་པར་མི་རུང་བའི་ཕྱིར། འོ་ན་ཟླ་བའི་དཀྱིལ་འཁོར་གྱིས་ཚེས་ཟླ་རེ་ལ་བགྲོད་པ་གཉིས་མཐར་ཐུག་རེ་རེ་བྱེད་པའི་ཁྱབ་པ་ཡོད་དམ་ཞེ་ན། དེ་ཡང་མ་ཡིན་ཏེ། སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་ཀྱི་གནམ་སྟོང་གི་ཉིན་ཉི་ཟླ་ཁ་སྦྱར་དུ་ཡོད་པ་ལས། དེ་ནས་བརྩམས་པའི་ཚེས་བཅོ་ལྔའི་མཚན་མོ་ཡང་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་མ་འཆར་ནུབ་བྱེད་པའི་ས་དེ་ཉིད་དུ་ཟླ་བ་ཡང་འཆར་ནུབ་བྱེད་དགོས་པ་ཡིན་ཏེ། དེ་ལྟར་མ་བྱས་ན་ཉིན་མཚན་མཉམ་པའི་དུས་ཀྱི་ཚེས་བཅོ་ལྔའི་ཟླ་བ་མཚན་དང་མཉམ་པ་མི་འབྱུང་བའི་ཕྱིར། དེའི་རིགས་པས་དགུན་ཉི་ལོག་ནས་ཟླ་གཅིག་སོང་བའི་འོག་ཏུ་གནམ་སྟོང་གི་ཉིན་ཉི་ཟླ་གཉིས་མཉམ་དུ་ཚོགས་པ་དེ་ནས་ཟླ་བ་བྱང་དུ་འགྲོ་བའི་ཚེ། བྱང་བགྲོད་མཐར་ཐུག་ཏུ་འགྲོ་བ་ནི་མ་ཡིན་གྱི། འོ་ན་ཇི་ཙམ་གྱི་བར་དུ་འགྲོ་ཞེ་ན། ཉི་མ་བྱང་བགྲོད་མཐར་ཐུག་པའི་འོག་ཏུ་ཟླ་བ་གཅིག་ལོན་པ་དེའི་ཚེ། གང་ནས་འཆར་ནུབ་བྱེད་པའི་ས་ཚོད་དེར་འགྲོ་ཞིང༌། དེ་ལས་ལྷག་པར་མི་འགྲོ་བ་ཡིན་ཏེ། དེ་དུས་ཀྱི་ཉིན་མོའི་ཚད་དང་ཅིག་ཤོས་ཀྱི་མཚན་མོའི་ཚད་མཉམ་དགོས་པའི་ཕྱིར། དེ་བཞིན་དུ་སྦྱར་བས་དགུན་ཉི་ལོག་ནས་ཟླ་བ་དྲུག་ལོན་པའི་དུས་ཀྱི་ཟླ་བ་དེ་ནི་བྱང་ཕྱོགས་སུ་འགྲོ་ན། དབྱར་ཉི་ལོག་ནས་ཟླ་བ་དྲུག་ལོན་པའི་དུས་ཀྱི་ཉི་མ་གང་ནས་འཆར་ནུབ་བྱེད་པའི་ས་ཚོད་དེ་ཉིད་ནས་འཆར་ནུབ་བྱེད་དགོས་པ་ཡིན་གྱི། དེ་ལས་གཞན་དུ་འགྲོ་བ་མ་ཡིན་ཏེ། རིགས་པ་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཟླ་བའི་རང་འགྲོས་ཀྱིས་ལྷོ་བྱང་དུ་བགྲོད་པའི་དུས་ཀྱི་ཚད་མཐའ་གཅིག་ཏུ་ངེས་པ་མེད་མོད། རང་འགྲོས་ཀྱིས་གླིང་བཞི་འཁོར་བའི་ཚད་ནི་ངེས་པ་ཅན་ཡིན་ཏེ། ཉིན་ཞག་ཕྱེད་དང་སུམ་ཅུ་ན་འཁོར་བའི་ཕྱིར། ཟླ་བས་ཤར་ཕྱོགས་སུ་རང་འགྲོས་ཀྱིས་ཇི་ཙམ་རེ་འགྲོ་བའི་ཚད་ཀྱང་མངོན་སུམ་ལ་སྣང་བ་ཉིད་ཡིན་ཏེ། དཔེར་ན་ཚེས་གསུམ་གྱི་ཉི་མ་ནུབ་མཚམས་སུ་ཉི་ཟླའི་བར་ཐག་ཇི་ཙམ་ཞིག་འདུག་པ་དེ་ལས་ཚེས་བཞིའི་ཉིན་ཇི་ཙམ་རེ་འཕགས་པ་དེའི་ཚད་ནི་མངོན་སུམ་གྱིས་འགྲུབ་པ་བཞིན་ནོ། །དེ་བས་ན་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ན་ཟླ་བས་ཤར་དུ་ཕྱིན་པས་འཛམ་བུའི་གླིང་གི་ནམ་མཁའི་ཤར་ནུབ་ཀྱི་རྒྱ་ཁྱོན་ཇི་ཙམ་ཡོད་པ་དེ་བགྲོད་ནུས་པ་མངོན་སུམ་གྱིས་གྲུབ། དེས་ནི་གླིང་བཞི་ཀ་ལ་ལྟོས་པའི་ནམ་མཁའི་ཤར་ནུབ་ཀྱི་རྒྱ་ཁྱོན་གྱི་ཕྱེད་རྫོགས་པ་ཡིན་ལ། མར་ངོ་ལ་ཡང་དེ་ཙམ་ཞིག་རྫོགས་པས་ཚེས་ཟླ་གཅིག་ཚང་བ་ཡིན་ནོ། །དེ་ཡང་ཅུང་ཟད་ཞིབ་མོར་བསམས་ན། ཉི་ཟླ་གཉིས་ལྷན་ཅིག་ཏུ་ཚོགས་པའི་ཉིན་ཞག་ནི་གནམ་སྟོང་གི་ཉིན་ཞག་ཡིན་ལ། གཉིས་པོ་ཁ་བྲལ་ནས་མཉམ་དུ་ཚོགས་པ་ལ་མངོན་དུ་ཕྱོགས་པའི་བར་ནི། ཚེས་གཅིག་ནས་ཉེར་དགུའི་ཕྱི་མཐའི་བར་ཡིན་པར་གྲུབ་པ་དེའི་ཕྱིར་ཟླ་བའི་རང་འགྲོས་ཀྱིས་ཉིན་ཞག་ཉི་ཤུ་རྩ་བརྒྱད་ཙམ་ན་གླིང་བཞི་འཁོར་བར་འཆད་དགོས་སོ། །འོ་ན་ཟླ་བའི་རང་འགྲོས་ཤར་དུ་འགྲོ་བ་ཞིག་ཡོད་པར་ནི་ཉི་མ་དང་མཉམ་དུ་ཚོགས་ཚུལ་དང་བྲལ་ཚུལ་ལ་བརྟགས་པས་ཤེས་པར་ནུས་ན། ཉི་མའི་རང་འགྲོས་ཤར་དུ་འགྲོ་བ་ཡོད་དམ་མེད། ཡོད་ན་དེ་ཡོད་པར་གང་ལས་དཔག་ནུས་ཞེས་ན། དེ་ནི་ངེས་པར་ཁས་ལེན་དགོས་ཏེ། འཇིག་རྟེན་པ་དག་གི་ཐུན་མོང་དུ་མཐོང་བའི་འབྱུང་འགྲོས་འདིས་གཅིག་པུ་ལས་གཞན་རང་འགྲོས་ཅུང་ཟད་ཀྱང་མེད་ན། ལྷོ་བྱང་དུ་འགྲོ་བའང་མེད་དགོས་པ་ལས། དེ་ནི་མངོན་སུམ་གྱིས་གྲུབ་པའི་ཕྱིར། ལྷོ་བྱང་དུ་འགྲོ་བར་མངོན་སུམ་གྱིས་གྲུབ་མོད། ཤར་དུ་འགྲོ་བར་གང་གིས་འགྲུབ་ཅེ་ན། དེ་ཡང་མངོན་སུམ་ལས་ཏེ། ཉི་མ་དང་སྐར་མ་མཉམ་དུ་ཚོགས་ཚུལ་ལ་བརྟགས་པས་སོ། །དེ་ཡང་འདི་ལྟར། དཔེར་ན་ཉི་མ་དང་སྐར་མ་སྨིན་དྲུག་མཉམ་དུ་ཚོགས་པ་ནས་ཞག་བཅུ་བཞི་ཙམ་སོང་བའི་ཚེ། སྣར་མ་དང་མཉམ་དུ་ཚོགས་པ་དང༌། དེ་ནས་དེ་ཙམ་ཞིག་སོང་བའི་ཚེ་སྐར་མ་མགོ་དང་མཉམ་དུ་ཚོགས་པ་ལ་སོགས་པ་རིམ་པར་མཐོང་བ་བཞིན་ནོ། །དེ་ལྟར་ན་ཉི་མས་རང་འགྲོས་ཀྱིས་ཤར་དུ་ཕྱིན་པས་གླིང་བཞི་འཁོར་བ་དང༌། རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་འཁོར་བ་དང༌། དགུན་ཉི་ལོག་ནས་དགུན་ཉི་ལྡོག་ཁའི་བར། ཞེས་བྱ་བ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་ལ་ནི་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་དགོས་པར་གོང་དུ་བཤད་ཟིན་པ་དེ་ཉིད་དོ། །འོ་ན་སྐར་མ་ལ་ཡང་རང་འགྲོས་ཁས་ལེན་ནམ་ཞེ་ན། དེ་ལྟར་ཡང་བཀག་པ་མེད་མོད། ཚེ་བསྐལ་པ་ལ་སོགས་པར་མི་ཐུབ་པའི་སོ་སོ་སྐྱེ་བོ་རྣམས་ཀྱི་མངོན་སུམ་གྱིས་རྟོགས་པར་དཀའ་བས་འདིར་མི་འཆད་དོ། །གལ་ཏེ་རྒྱུ་སྐར་རྣམས་ལ་རང་འགྲོས་མི་འཆད་པ་དེའི་ཚེ། ཟླ་བས་ལོ་གཅིག་ལ་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱིས་འཁོར་ལོ་ལན་བཅུ་གཉིས་འཁོར་བར་ཁས་ལེན་དགོས་ཏེ། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཚང་བའི་ཕྱིར། ཞེ་ན། དེ་ལྟར་དགོས་མོད། དེ་ལས་ཅིར་འགྱུར། དེ་ལྟ་ན་ཡང་ཟླ་བའི་དཀྱིལ་འཁོར་གྱིས་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་རྩ་བཞི་ན། རྒྱུ་སྐར་གྱི་འཁོར་ལོ་ལན་བཅུ་གཉིས་འཁོར་ཟིན་པའི་ཕྱིར། ཉི་མས་ཀྱང་དུས་དེ་ཙམ་ན་འཁོར་ལོ་དེ་ལན་གཅིག་འཁོར་ཐུབ་པར་འགྱུར་ཏེ། ཉི་མས་ལོ་གཅིག་ལ་དེ་ལྟར་ཐུབ་པའི་ཕྱིར། ཞེ་ན། མཚུངས་པ་མ་ཡིན་ཏེ། ཉི་མས་དེ་ལྟར་གྲུབ་པ་ནི་ཁྱིམ་ལོ་གཅིག་དང་དབྱར་དགུན་ལ་སོགས་པའི་དུས་བཞི་ཚང་མ་གཅིག་ཡོངས་སུ་རྫོགས་པའི་དབང་དུ་བྱས་ལ། ཟླ་བས་རྒྱུ་སྐར་གྱི་འཁོར་ལོ་ལན་བཅུ་གཉིས་འཁོར་བ་ལ་ནི་དུས་བཞི་ཡོངས་སུ་རྫོགས་པ་གཅིག་ཚང་མི་དགོས་པའི་ཕྱིར། དེའི་ཕྱིར་སྨིན་དྲུག་ལ་སོགས་པའི་ཉ་སྐར་གྱི་མིང་ཅན་གྱི་ཟླ་བ་དེ་དང་དེ་དག་སྨིན་དྲུག་ཅན་ལ་སོགས་པ་དངོས་ཡིན་པའི་ངེས་པ་མེད་དོ། །དེ་དག་དངོས་སུ་འཇོག་པ་ལ་ནི་ཉིན་ཞག་སུམ་ཅུ་རྩ་ལྷག་པ་རེ་དགོས་ཤིང༌། ཟླ་བ་ལ་ནི་ཉིན་ཞག་ཕྱེད་དང་སུམ་ཅུ་ལས་མེད་པའི་ཕྱིར། དེའི་ཕྱིར་འདུལ་བ་ལས་ལོ་ལྔ་ལྔ་ན་ཟླ་ཤོལ་རེ་རེ་འདོན་པར་གསུངས་པ་ཡིན་ནོ། །གལ་ཏེ་འོ་ན་ཆོས་མངོན་པའི་ལུགས་འདིར། འགྲོ་བའི་ཚེ་ཚད་ལ་སོགས་པ་འཇལ་བ་ན་ལོའི་ཚད་ཀྱིས་འཇལ་བར་བཤད་པ་དེའི་ཚེ། ལོའི་ཚད་དེ་ཇི་ཙམ་ཞེ་ན། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུས་བསྒྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པ་གཞུང་འདིའི་དངོས་བསྟན་གྱི་འཁྲུལ་གཞི་ནི། ཉིན་ཞག་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བཤད་པ་ལྟ་བུར་སྣང་བས། ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་དགོས་པ་ལྟ་བུར་བཤད་པ་དང༌། ཞག་མི་ཐུབ་དང་བཅས་པ་ཡི། །ཞེས་པས་ཀྱང་སྔ་མ་དེའི་སྟེང་དུ་ཞག་མི་ཐུབ་ཅེས་བྱའི་ཞག་གྲངས་ལྷག་པོ་དྲུག་བསྣོན་དགོས་པ་ལྟ་བུར་མངོན་ཞིང་བཤད་ནས་འཁྲུལ་པ་མང་པོ་བྱུང་ངོ༌། །དེ་ནི་མི་རིགས་ཏེ། ལུང་དེའི་དོན་ནི་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་ང་བཞི་ལས་མེད་པར་སྟོན་པ་ཡིན་གྱི། དེ་ལས་ལྷག་པར་སྟོན་པ་མ་ཡིན་ཏེ། ཟླ་བ་རེ་ལ་ཉིན་ཞག་སུམ་ཅུ་རེ་ཡོད་ཅེས་པའི་སྤྱིར་བཏང་གི་ཚིག་སྔར་བཏང་ནས། ཞག་མི་ཐུབ་དང་བཅས་པ་ཡི། །ཞེས་དམིགས་བསལ་གྱི་ཚིག་རྗེས་སུ་བྱུང་བའི་ཕྱིར། ཞག་མི་ཐུབ་དང་བཅས་པ་ཞེས་པའི་དོན་ཅི་ཞེ་ན། བཅས་པ་ཞེས་བྱ་བའི་དོན་ནི་ལྷག་པོ་འདོན་རྒྱུ་ཡོད་པ་མ་ཡིན་ཏེ། ཞག་དྲུག་ཆད་པའི་མིང་ཡིན་པའི་ཕྱིར། འོ་ན་ཅི་ཞེ་ན། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱེད་ན། རེ་རེ་ཞིང་ཡང་ཉིན་ཞག་སུམ་ཅུ་ཚང་ངམ་སྙམ་པ་ལ། དེ་ནི་མ་ཡིན་ཏེ། ཟླ་བ་རེ་རེ་ཞིང་ཡང་ཉིན་ཞག་ཕྱེད་ཕྱེད་མ་ཚང་བས། མ་ཚང་བ་དེ་ཡང་ཚང་བ་ལྟར་བཅོས་ནས་དེ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་པའི་ཕྱིར། ཞེས་པའོ། །དེས་ན་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་རྩ་བཞི་ལས་ལྷག་པ་མེད་དེ། ཟླ་བ་བཅུ་གཉིས་པོ་རེ་རེ་ལ་ཉིན་ཞག་ཕྱེད་དང་སུམ་ཅུ་རེ་ལས་མེད་པའི་ཕྱིར། དེའི་ཤེས་བྱེད་གོང་ཏུ་རྒྱས་པར་བསྟན་ཟིན་པ་དེ་ཉིད་དོ། །ཟླ་བའི་དཀྱིལ་འཁོར་གྱིས་ཞག་ཕྱེད་དང་སུམ་ཅུ་ན་རྒྱུ་སྐར་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་རེ་འཁོར་བའི་ཕྱིར། འོ་ན་ཟླ་བ་རེ་ལ་ཞག་ཕྱེད་དང་སུམ་ཅུའི་ཚད་མི་ཤེས་པས་ཟླ་བའི་ཚད་ཇི་ལྟར་འཛིན་ཞེ་ན། ཟླ་བ་གཉིས་གཉིས་ན་ཞག་ཚང་མ་རེ་རེ་དོར་བས་ཆོག་པ་ཡིན་ཏེ། དེའི་ཚེ་ཞག་གཅིག་ཚང་བར་ལོངས་པའི་ཕྱིར། དེ་ལ་ནི་ཞག་ལྔ་བཅུ་ང་དགུ་ཚང་བ་ན་ཟླ་བ་གཉིས་ཐལ་བ་ཞེས་བྱ་བའི་མིང་འདོགས་ཤིང༌། དེ་ལྟར་བཏགས་པ་དེ་ཉིད་ཀྱིས་ཞག་མི་ཐུབ་དོར་བ་ཞེས་བྱ་བའི་དོན་གྲུབ་པའོ། །དེའི་ཕྱིར་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུའི་སྟེང་ནས་དྲུག་མ་ཚང་བར་བྱས་པ་ཡིན་ཏེ། ཟླ་བ་གཉིས་གཉིས་ན་ཞག་མི་ཐུབ་རེ་རེ་དོར་བའི་ཕྱིར། དེ་སྐད་དུ་ཡང༌། འདི་ཉིད་ཀྱི་ཐད་ཀྱི་འགྲེལ་པར། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་སོ། །འདིའི་དོན་བཤད་པ་ལ་གསུམ་སྟེ། སྐབས་འདིར་དུས་ཚིགས་ཀྱི་དབྱེ་བ་དུ་ཞིག་ཡིན་པ་དང༌། དུས་ཀྱི་དང་པོ་གང་ནས་འཛིན་པ་དང༌། ཟླ་ཤོལ་འབྱུང་བའི་རྒྱུ་མཚན་ནོ། །དང་པོ་ནི། འདིར་རྩ་བའི་དབྱེ་བ་ནི་གསུམ་དུ་བྱས་པ་ཡིན་ཏེ། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཞེས་བཤད་པའི་ཕྱིར། ཡན་ལག་གི་དབྱེ་བ་ནི་དེ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་བ་ཡིན་ཏེ། ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །ཞེས་དུས་ཚིགས་རེ་རེ་ལ་ཟླ་བ་གཉིས་གཉིས་སུ་མཛད་པའི་ཕྱིར། གལ་ཏེ་ཟླ་བ་གཉིས་གཉིས་ན་ཞག་མི་ཐུབ་རེ་རེ་འབྱུང་བ་མ་ཡིན་ནམ། ཕྱེད་དང་གཉིས་འདས་པ་ན་འབྱུང་བར་འཆད་པ་འདི་ཅི་ཞེ་ན། འདི་ལ་གཉིས་ཏེ། རྒྱུ་མཚན་དངོས་དང༌། དེ་ལ་ཉེས་པས་མི་གནོད་པའོ། །དང་པོ་ནི། དུས་ཚིགས་དྲུག་པོ་ཐམས་ཅད་ལ་ཡར་ངོ་སྔོན་དུ་འགྲོ་བ་ཡིན་ན། ཟླ་བ་གཉིས་གཉིས་འདས་པ་ན་ཞག་མི་ཐུབ་དོར་བས་ཆོག་ཀྱང༌། བསྟན་འཆོས་པ་དག་གི་ལུགས་འདིར་མར་ངོ་སྔོན་དུ་འགྲོ་བ་ཁོ་ནར་ངེས་ལ། དེའི་ཚེ་ཟླ་བ་གཉིས་ཀྱི་མཚམས་སུ་ཞག་མི་ཐུབ་དོར་ན་མར་ངོ་ལ་གསོ་སྦྱོང་མི་ཐུབ་པ་འབྱུང་བ་དང་བྱེད་དགོས་པར་ཐལ་བའི་སྐྱོན་ཡོད་པས་སོ། །གཉིས་པ་ནི། འོ་ན་ཞག་མི་ཐུབ་དྲུག་ལས་ལྷག་པ་ལོ་གཅིག་གི་ནང་དུ་འདོར་དགོས་པར་འགྱུར་རོ། །དུས་ཚིགས་དྲུག་པོ་རེ་རེའི་ཟླ་བ་ཕྱེད་གཉིས་འདས་ན་ཞག་མི་ཐུབ་འདོར་བའི་ཕྱིར། ཞེ་ན། ཉེས་པ་མེད་དེ་ཟླ་བ་ཕྱེད་དང་གཉིས་པོའི་གོང་ན་དུས་ཚིགས་སྔ་མ་ལ་ལྟོས་པའི་ཟླ་བ་ཕྱེད་ལུས་པར་བཤད་པ་དེ་དང་བསྡོམས་པས་ཟླ་བ་གཉིས་ལོངས་པར་བཤད་པའི་ཕྱིར། འདིར་དུས་ཚིགས་གསུམ་དུ་བཤད་པ་དེའི་ཚེ་དུས་རེ་རེ་ལ་ཟླ་བ་བཞི་བཞི་འབྱུང་བས་དེ་དག་གི་ངོས་འཛིན་གང་ཞེ་ན། བོད་ཀྱི་རྣམ་བཤད་བྱེད་པ་དག དགུན་ཟླ་ར་བ་ནས་དཔྱིད་ཟླ་ར་བའི་བར་བཞི་ནི་དགུན་གྱི་དུས་དང༌། དཔྱིད་ཟླ་འབྲིང་པོ་ནས་དབྱར་ཟླ་འབྲིང་པོའི་བར་བཞི་ནི་དཔྱིད་དུས་དང༌། དབྱར་ཟླ་ཐ་ཆུངས་ནས་སྟོན་ཟླ་ཐ་ཆུངས་ཀྱི་བར་ཟླ་བ་བཞི་ནི་དབྱར་གྱི་དུས་སོ། །ཞེས་འཆད་དེ། དེ་ལྟར་འཆད་པ་ལ་ཉེས་པ་ཆེར་མི་འབྱུང་མོད། འོན་ཀྱང་དུས་ཚིགས་གསུམ་དུ་བསྡུ་བ་དང༌། ཟླ་བ་ལ་ར་འབྲིང་ཐ་གསུམ་གྱི་རྣམ་བཞག་འཆད་པ་ནི་འགྲིགས་པ་མིན་ཏེ། དུས་གསུམ་དུ་བྱ་བ་ནི་བསྟན་བཅོས་ཁོ་ནའི་ལུགས་ཡིན་གྱི། འཇིག་རྟེན་ལ་མ་གྲགས་པ་དང༌། དེའི་ཚེ་ཟླ་བའི་ངོ་ཡང་མར་ངོ་སྔོན་འགྲོ་ཁོ་ནར་ངེས་པ་དང༌། ར་འབྲིང་ཐ་གསུམ་གྱི་རྣམ་གཞག་ནི་དུས་ཚིགས་བཞིར་ཕྱེ་བའི་དབང་དུ་བྱས་ཤིང་དེ་ཡང་འཇིག་རྟེན་ལ་གྲགས་པ་ཁོ་ནས་གྲུབ་པ་དང༌། དེའི་ཚེ་ཟླ་བའི་ངོ་ཡང་ཡར་ངོ་སྔོན་འགྲོ་ཁོ་ན་ཉི་དུ་ངེས་པར་འཆད་པས་སོ། །དེས་ན་དུས་ཚིགས་གསུམ་གྱི་ཟླ་བ་བཞིའི་ཐོག་མ་ནི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་འཛིན་པ་ཡིན་ལ། དེ་དུས་ཀྱི་ཟླ་བ་ཕྱེད་པོ་དེ་སྟོན་གྱི་དུས་ཡིན་པར་ནི་མི་འཆད་དེ། དགུན་གྱི་ཐོག་མའི་ཟླ་བར་འཆད་པའི་ཕྱིར། དེ་ལྟ་ན་ཡང་དགུན་ཟླ་ར་བར་འཆད་པ་ནི་མ་ཡིན་ཏེ། དགུན་གྱི་ཐོག་མའི་ཟླ་བ་གང་ཡིན་དགུན་ཟླ་ར་བར་མི་འཆད་པའི་ཕྱིར། དེས་ན་དགུན་ཟླ་དང་པོ་དད། གཉིས་པ་ཞེས་སོགས་ཀྱི་ཐ་སྙད་དང༌། དཔྱིད་ཟླ་དང་པོ་ནས་བཞི་པའི་བར་དང༌། དབྱར་ཟླ་དང་པོ་ཞེས་སོགས་ཀྱི་ཐ་སྙད་འདོགས་སོ། །གཉིས་པ་ནི། ལོའི་འགོ་འཛིན་ཚུལ་གཉིས་ཏེ། དོན་གནས་ཚོད་ཀྱི་དབང་དུ་བྱས་པ་དང༌། ཐ་སྙད་གྲགས་ཚོད་ཀྱི་དབང་དུ་བྱས་པའོ། །དང་པོ་ནི། སྤྱིར་ལོ་གཉིས་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔར་ངེས་པ་ཡིན་ཏེ། དགུན་ཉི་ལོག་ནས་ལྡོག་ཁའི་བར་ལ་ཞག་གྲངས་དེར་ངེས་པའི་ཕྱིར། དེས་ན་དགུན་ཉི་ལོག་པའི་ཉིན་ནས་དགུན་གྱི་ཐོག་མ་འཛིན་པ་ཡིན་ཏེ། དེ་ནས་ཤིན་ཏུ་གྲང་བའི་འགོ་ཟུག་པའི་ཕྱིར། དེ་ནས་བཟུང་སྟེ་ཉིན་ཞག་སུམ་ཅུ་ལྷག་ཙམ་རེ་ཚང་བའི་ཟླ་བ་གསུམ་ནི་དགུན་གྱིས་དུས་དང༌། མཚམས་དེར་དཔྱིད་ཀྱི་ཉིན་མཚན་མཉམ་པ་འབྱུང་ལ། དེ་ནས་བཟུང་བའི་ཟླ་བ་དེ་ལྟ་བུ་གསུམ་ནི་དཔྱིད་ཀྱི་དུས་དངོས་དང༌། མཚམས་དེར་དབྱར་གྱི་ཉི་མ་ལྡོག་ལ། དེ་ནས་བཟུང་སྟེ་སྔ་མ་ལྟ་བུའི་ཟླ་བ་གསུམ་ནི་དབྱར་གྱི་དུས་དངོས་དང༌། མཚམས་དེར་སྟོན་གྱི་ཉིན་མཚན་མཉམ་ལ། དེ་ནས་བཟུང་བའི་ཟླ་བ་གསུམ་ནི་སྟོན་གྱི་དུས་དངོས་སོ། །དེ་ལྟར་བཞི་ལས་དཔྱིད་ཟླ་གསུམ་པོའི་སྟེང་ནས་གཉིས་དགུན་ལ་བསྣན། དབྱར་ཟླ་གསུམ་པོའི་སྟེང་ནས་གཉིས་དཔྱིད་ཀྱི་དུས་ལ་བསྣན། སྟོན་ཟླ་གསུམ་པོ་དབྱར་ལ་བསྣན་ནས། དུས་རེ་ལ་ཟླ་བ་བཞི་བཞིར་འབྱེད་པ་འདི་ནི་བསྟན་བཅོས་པ་དག་གི་ལུགས་ཡིན་ལ། འཇིག་རྟེན་ན་གྲགས་པའི་དུས་བཞི་པོ་གསུམ་དུ་བསྡུས་པའི་དགོས་པ་ནི། འཇིག་རྟེན་པས་སྟོན་གྱི་དུས་སུ་ཁས་ལེན་པའི་ཟླ་བ་གསུམ་པོ་དེ་ཆར་འབབ་པའི་དུས་དངོས་ཡིན་པའི་རྒྱུ་མཚན་གྱིས་དབྱར་གྱི་དུས་སུ་བསྡུ་དགོས་པར་རྟོགས་པའི་ཕྱིར་ཡིན་ནོ། །དེའི་དགོས་པ་ཡང༌། དབྱར་ཁས་ལེན་གྱི་དུས་རྟོགས་པའི་ཕྱིར་ཡིན་ཏེ། དབྱར་ཉི་ལོག་ནས་ཉིན་མཚན་མཉམ་པའི་བར་གྱི་ཟླ་བ་གསུམ་པོ་དེ་དབྱར་གྱི་དུས་དངོས་གཞི་ཡིན་པར་རྟོགས་ནུས་པའི་ཕྱིར། དེ་ལྟ་བུའི་ཟླ་བ་གསུམ་པོ་དེའི་གོང་རོལ་གྱི་ཟླ་བ་ཕྱེད་དང༌། འོག་རོལ་གྱི་ཟླ་བ་ཕྱེད་ནི། འཇིག་རྟེན་ལ་གྲགས་པའི་དབྱར་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་སུ་རྟོགས་སོ། །འོ་ན་དབྱར་ཉི་ལྡོག་པའི་ཉིན་ནས་དབྱར་གནས་པར་ཁས་ལེན་ནམ་ཞེ་ན། དེའི་ཉིན་ནས་བརྩམས་པའི་ཟླ་བ་ཕྱེད་ཀྱི་སྔ་རོལ་ནི་དབྱར་སྔ་མའི་ཁས་ལེན་གྱི་དུས་ཡིན་ལ། ཟླ་བ་ཕྱེད་ཀྱི་འོག་རོལ་ནི་དབྱར་ཕྱི་མའི་ཁས་ལེན་གྱི་དུས་སོ། །འོ་ན་དེ་ལྟར་བཤད་པ་དེའི་ཚེ་དགུན་གྱི་ཟླ་བ་བཞི་པ་ནི་འཇིག་རྟེན་ན་གྲགས་པའི་དཔྱིད་ཟླ་ཐ་ཆུངས་དེ་ཡིན་པར་ཁས་བླངས་པ་དང༌། དབྱར་གྱི་བཞི་པ་ནི་འཇིག་རྟེན་ལ་གྲགས་པའི་དགུན་ཟླ་འབྲིང་པོ་དེར་ཁས་བླངས་པས་དོན་གྱི་གནས་ཚུལ་ཤིན་ཏུ་འཁྲུགས་པ་དང༌། བསྟན་བཅོས་དང་འགལ་ཏེ། བསྟན་བཅོས་ལས་དགུན་རྣམས་ཀྱི་བཞི་པ་དགུན་ཟླ་ཐ་ཆུངས་ལ་བཤད་པའི་ཕྱིར། ཞེ་ན། ཉེས་པ་ཕྱི་མས་མི་གནོད་དེ། བསྟན་བཅོས་སུ་སྐབས་དེར་འཇིག་རྟེན་ན་གྲགས་པའི་ར་འབྲིང་གི་ཐ་སྙད་བཀོད་ནས། དོན་གྱི་ངོས་འཛིན་གནས་ཚོད་ལྟར་བཤད་པས་མིང་དོན་མ་མཐུན་པའི་ཕྱིར། དཔེར་ན་ཧོར་ཟླ་བརྒྱད་པ་སྐར་མ་ཁྲུམས་ཀྱིས་ཉ་བ་དེ་དགུན་ཟླ་དང་པོར་བཤད་མོད། དེ་དེར་མི་རུང་བ་བཞིན་ནོ། །ཉེས་པ་སྔ་མ་ལ་ཧ་ཅང་ཐལ་བ་མེད་དེ། འཇིག་རྟེན་ན་གྲགས་པའི་དཔྱིད་ཟླ་ཐ་ཆུངས་དོན་གནས་ཚོད་ཀྱི་དགུན་ཟླ་བཞི་པ་ཡིན་པ་དང༌། འཇིག་རྟེན་ན་གྲགས་པའི་དགུན་ཟླ་འབྲིང་པོ་གནས་ཚོད་ཀྱི་དབྱར་ཟླ་བཞི་པར་ཁས་ལེན་པ་ཉིད་གནས་ཚུལ་དང་མཐུན་པའི་ཕྱིར། དཔེར་ན་ཧོར་ཟླ་དགུ་པ་སྐར་མ་ཐ་སྐར་གྱིས་ཉ་བ་དེ་གྲགས་ཚོད་ལ་དགུན་ཟླ་གཉིས་པར་བཤད་ཀྱང༌། གནས་ཚོད་ལ་དགག་དབྱེ་འབྱུང་བའི་དུས་ཡིན་པས་དབྱར་གྱི་ཟླ་བ་བཞི་པར་འཆད་དགོས་པ་བཞིན་ནོ། །གཉིས་པ་གྲགས་ཚོད་བཤད་པ་ལ་གཉིས་ཏེ། འཇིག་རྟེན་གྱི་གྲགས་ཚོད་དང༌། བསྟན་བཅོས་ཀྱི་གྲགས་ཚོད་དོ། །བོད་ཁ་བ་ཅན་ན་ལོ་གསར་པའི་འཇོག་མཚམས་མང་དུ་གྲགས་པ་དེ་དག་ནི། གློ་བུར་དུ་རང་རང་གི་འདོད་པ་སོ་སོ་བས་བཏགས་པའི་ཕྱིར་འཇིག་རྟེན་གྱི་གྲགས་པར་མི་རུང་ལ། ཐོག་མ་མེད་པའི་རྣམ་པར་རྟོགས་པ་གཏིང་ཚུགས་པས་གྲུབ་པ་ལྟར་དེ་དག་ལ་གྲགས་པ་ཞེས་བྱའོ། །དེ་ཡང་གང་ཞེ་ན། དབྱར་དགུན་གཉིས། སྟོན་དཔྱིད་གཉིས་ཏེ་དུས་བཞི་དང༌། རེ་རེ་ལ་ར་བ་དང་འབྲིང་པོ་ཐ་ཆུངས་གསུམ་གསུམ་དུ་འབྱེད་པ་དང༌། དེ་ཡང་ཆར་འབབ་པའི་དུས་དངོས་ལ་དབྱར་དུ་མི་འཇོག་པར་སྟོན་དུ་འཇོག་པ་དང༌། ཚ་བའི་དུས་དངོས་ལ་དཔྱིད་དུ་མི་འཇོག་པར་དབྱར་དུ་འཇོག་པ་དང༌། གྲང་བའི་དུས་དངོས་ལ་དགུན་དུ་མི་འཇོག་པར་དཔྱིད་དུ་འཇོག་པ་ཡིན་པར་གྲགས་ཏེ། སྟོན་ཟླ་ཐ་ཆུངས་ཀྱི་ངོས་འཛིན་ཚུལ་ལ་མི་འདྲ་བ་གསུམ་སྣང་བ་དེ་གང་ལྟར་བྱས་ཀྱང་དོན་དེ་ཉིད་ལས་མ་འདས་པའི་ཕྱིར། དཔེར་ན་སྟོན་ཟླ་ཐ་ཆུངས་ཀྱི་ངོས་འཛིན་དགུན་ཐག་ཉེ་ཤོས་སུ་གྱུར་པ་ཧོར་ཟླ་བཅུ་པ་ལ་བཟུང་ཡང༌། ཆར་ཆུའི་སྒང་ཡོལ་ནས་དབྱར་གནས་ཁས་ལེན་བྱེད་དགོས་པར་བྱུང་བ་བཞིན། གཉིས་པ་ནི། བསྟན་བཅོས་སུའང་དུས་བཞི་དང་ར་འབྲིང་གི་རྣམ་གཞག་འཇིག་དང་མཐུན་པར་བཀོད་མོད། ཉེས་པ་ཆེར་མི་སྐྱེད་པའི་ཚུལ་ཤེས་དགོས་པ་ལས་དོན་གཉིས་ཏེ། ཇི་ལྟར་བཀོད་པའི་ཚུལ་དང༌། ཉེས་པ་ཆེར་མི་སྐྱེད་པའི་ཚུལ་ལོ། །དང་པོ་ལ་དངོས་དང༌། གནས་ཚོད་དང་མཐུན་པར་ཁས་ལེན་པའི་ཐབས་བཤད་པའོ། །དང་པོ་ནི། སྤྱིར་བསྟན་བཅོས་དག་ན་བཤད་ཚུལ་མང་ཡང་འཆུག་མེད་ཡིད་བརྟན་རུང་བ་ནི་འདི་ལྟར། དུས་བཞིའི་ཐ་ཆུངས་བཞི་ལ་དབྱར་དགུན་གྱི་ཉི་མ་ལྡོག་པ་དང༌། ཉིན་མཚན་མཉམ་པའི་དུས་འབྱུང་བར་བཤད་པ་ནི་མི་འཆུག་པའི་གཟེར་ངེས་པ་ཅན་ནོ། །དེས་ན་ཟླ་བ་གང་ལ་ཉིན་མཚན་མཉམ་པ་སོགས་ཀྱི་དུས་དེ་དང་དེ་འབྱུང་བའི་ཟླ་བ་དེ་ཡིན་ན། དུས་བཞི་པོའི་ཐ་ཆུངས་བཞི་པོ་གང་རུང་ཡིན་པས་ཁྱབ་ཅིང༌། ཐ་ཆུངས་བཞི་པོ་གང་རུང་ཡིན་ན་ཡང་དེ་དང་དེ་འབྱུང་བའི་ཟླ་བ་དེ་ཡིན་པས་ཁྱབ་པ་ཡིན་ནོ། །འོ་ན་དེ་དག་ཐ་ཆུངས་བཞི་པོའི་སྟོད་སྨད་གང་དུ་འབྱུང་ཞེ་ན། རེ་ཞིག་ཞག་མི་ཐུབ་འདོར་བའི་ཚུལ་གཏང་སྙོམས་སུ་བཞག་ནས་བཤད་ན་གོ་སླ་བས། འདི་ལྟར། དགུན་ཉི་ལྡོག་པ་སོགས་གང་ལ་བྱུང་བའི་ཉི་མ་དེ་ཉིད་ནས་ཐ་ཆུངས་བཞི་པོའི་འགོ་འཛིན་ནོ། །དེ་ཉིད་ལོའི་ཐོག་མ་ཡང་ཡིན་ཏེ། དགུན་གྱི་ཐོག་མ་དེ་ཉིད་ནས་འཛིན་པའི་ཕྱིར། གཉིས་པ་ནི། འོ་ན་སྟོན་ཟླ་ཐ་ཆུངས་ཀྱི་བཅུ་དྲུག་ནས་དགུན་གྱི་མགོ་འཛིན་པར་འཆད་པ་དང་འགལ་ལོ་ཞེ་ན། འཇིག་རྟེན་པས་དགུན་ཟླ་ཐ་ཆུངས་སུ་འཆད་པ་དེ་གནས་ཚོད་ཀྱི་དགུན་ཟླ་དང་པོར་འཆད་དགོས་པ་ཡིན་ཏེ། དགུན་ཉི་ལྡོག་དུས་ཀྱི་ཟླ་བ་དེ་ཡིན་པའི་ཕྱིར། དེའི་ཕྱིར་འཇིག་རྟེན་པས་སྟོན་ཟླ་ཐ་ཆུངས་སུ་འཆད་པ་དེ་གནས་ཚོད་ཀྱི་སྟོན་ཟླ་དང་པོར་གྲུབ་ལ། དེ་ལྟར་གྲུབ་པ་ན། འཇིག་རྟེན་པས་དགུན་ཟླ་འབྲིང་པོར་ཁས་ལེན་པ་དེ་སྟོན་ཟླ་ཐ་ཆུངས་སུ་གྲུབ་བོ། །དེ་ལྟར་གྲུབ་པ་ནི་དེའི་ཚེས་བཅུ་དྲུག་ནས་ལོའི་འགོ་འཛིན་པར་ནི་རིགས་པ་ཡིན་ཏེ། དགུན་ཉི་ལྡོག་པའི་དུས་ཀྱི་ཟླ་བ་ཕྱེད་ཀྱི་གོང་ནས་ལོའི་འགོ་བཟུང་ན་ཐ་སྙད་ཀྱི་གཞུང་ལུགས་དང་མཐུན་པའི་ཕྱིར། མཐུན་པ་ཅི་ཞེ་ན། ཐ་སྙད་ཀྱི་གཙུག་ལག་ཏུ་ལོ་འགོ་འཛིན་པ་ནི་ཚེས་ལོའི་དབང་དུ་བྱས་པ་ཡིན་ལ། ཉི་མ་ལྡོག་དུས་ནས་ལྡོག་ཁའི་བར་ལ་ལོར་བྱས་པ་ནི་ཁྱིམ་ལོའི་དབང་དུ་བྱས་པ་ཡིན་ཞིང༌། ཚེས་ལོའི་འགོ་འཛིན་པ་ཁྱིམ་ལོའི་འགོ་ལས་ཞག་བཅུ་གཅིག་ཙམ་གྱིས་སྔ་བར་འཛིན་པ་ནི་ངེས་པ་ཅན་ཡིན་མོད། དེ་ལྟ་ན་ཡང་ཟླ་བ་ཕྱེད་ཀྱིས་སྔ་བར་བཟུང་ན་རྟོགས་སླ་བའི་ཕྱིར། དཔེར་ན་ཉི་མ་ཧོར་ཟླ་བཅུ་གཅིག་པའི་ཡར་ངོ་ལ་ལྡོག་ན་ལོའི་འགོ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་འཛིན་པ་སྙད་བདེ་བ་བཞིན་ནོ། །དེའི་ཚེ་ཧོར་ཟླ་བཅུ་པ་དེ་ཉིད་གནས་ཚོད་ལ་སྟོན་ཟླ་ཐ་མ་ཡིན་ཏེ། དགུན་ཉི་ལྡོག་པའི་སྔ་ལོགས་ཀྱི་ཟླ་བ་དེ་ཡིན་པའི་ཕྱིར་ཁྱབ་སྟེ། དགུན་གྱི་ལྡོག་དུས་དེ་ཉིད་དགུན་ཟླའི་ཐོག་མ་ཡིན་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཐ་ཆུངས་བཞི་པོ་འཆུག་མེད་ཀྱི་སྒོ་ནས་ངོས་བཟུང་བ་དེ་ཉིད་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་ཚོད་ཀྱི་ཐ་ཆུངས་སུ་བཤད་ཀྱང༌། དོན་གནས་ཚོད་ཀྱི་རྭ་བ་ཡིན་ཏེ། དུས་བཞི་པོ་རང་རང་གི་ཐོག་མའི་ཟླ་བ་ཡིན་པའི་ཕྱིར། འོ་ན་བསྟན་བཅོས་ལས་སྟོན་ཟླ་ཐ་ཆུངས་ནས་ལོ་འགོ་ངོས་འཛིན་པར་བཤད་པ་དེ། གནས་ཚོད་ཀྱི་སྟོན་ཟླ་ར་བ་ནས་ལོ་འགོ་ངོས་འཛིན་པར་སོང་ལ། དེ་ལྟ་ན་གནས་ཚོད་ཀྱི་དགུན་ཟླ་ཐ་ཆུང་ནས་ལོ་འགོ་འཛིན་པར་འདོད་པ་དང་མ་མཐུན་ན་ཞེ་ན། གཉིས་པ་ཉེས་པ་ཆེར་མི་བསྐྱེད་པར་བསྟན་པ་ནི། བསྟན་བཅོས་སུ་སྟོན་གྱི་ཉིན་མཚན་མཉམ་པའི་དུས་ནས་བརྩམས་པའི་ཟླ་བ་ཕྱེད་ཀྱི་ཚེ་ལོ་འགོ་འཛིན་པ་དང༌། གནས་ཚོད་ལ་དགུན་ཉི་ལྡོག་པའི་ཉིན་ནས་ལོ་འགོ་འཛིན་པ་གཉིས་མ་མཐུན་ཀྱང༌། གནས་ཚོད་ལ་འགྲིག་པ་ཁོ་ན་ཡིན་ཏེ། བསྟན་བཅོས་ལས་དུས་ཚིགས་གསུམ་དུ་བསྡུ་བའི་སྐབས་འདིར། དབྱར་ཟླ་ཐ་ཆུངས་དབྱར་གྱི་ཐོག་མའི་ཟླ་བ་ཉིད་དུ་འཆད་དགོས་པའི་ཕྱིར་དང༌། དུས་ཚིགས་ལྔར་བྱས་པའི་ཚེ་ཡང་དབྱར་ཟླ་འབྲིང་པོའི་མར་ངོ་ནས་དབྱར་གྱི་དང་པོར་འཆད་པ་ཡིན་གྱི། དབྱར་ཟླ་ར་བ་དང་འབྲིང་པོའི་ཕྱེད་ནི་དཔྱིད་ཀྱི་ཟླ་བ་ཁོ་ནར་བཤད་པའི་ཕྱིར། འོ་ན་དབྱར་ཟླ་ཐ་ཆུངས་དབྱར་གྱི་དང་པོ་ཡིན་ན་དུས་དེར་དབྱར་སྔ་མའི་ཁས་ལེན་བྱེད་པར་རིགས་སོ་ཤེ་ན། འདི་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །འོ་ན་ཁྱོད་ཀྱང་དབྱར་ཟླ་ར་བ་ལ་དབྱར་ཟླ་དང་པོར་འཆད་པའི་ཕྱིར། དུས་དེར་དབྱར་སྔ་མ་ཁས་ལེན་པར་རིགས་སོ། །གཉིས་པ་ནི། གནས་ཚོད་ཀྱི་དབྱར་ཟླ་དང་པོའི་སྔོན་རོལ་གྱི་ཟླ་བ་ཕྱེད་ནས་དབྱར་སྔ་མའི་ཁས་ལེན་བྱེད་པ་ནི་ཚེས་ལོའི་དབང་དུ་བྱས་པ་ཡིན་ཏེ། ཚེས་ལོའི་འགོ་འཛིན་པ་དང་ཁྱིམ་ལོའི་འགོ་འཛིན་པ་གཉིས་ལ་ཞག་བཅུ་གཅིག་གི་བར་ཁྱད་ཡོད་པའི་ཕྱིར། དབྱར་ཕྱི་མའི་ཁས་ལེན་ཀྱང་གནས་ཚོད་ཀྱི་དབྱར་གྱི་ཐོག་མ་དེ་ཉིད་དུ་བྱེད་པ་ནི་ཡིན་ཏེ། གནས་ཚོད་ཀྱི་དབྱར་གྱི་འགོ་ཟུག་ནས་ཟླ་བ་ཕྱེད་ན་ཁས་ལེན་པའི་ཕྱིར། གནས་ཚོད་ལ་དེ་ལྟར་ཡིན་ཀྱང་ལག་ལེན་དུ་བྱེད་པའི་ཚེ་ཚེས་ཟླ་དང་བསྟུན་དགོས་པ་ཡིན་ཏེ། དཔེར་ན་ཧོར་ཟླ་ལྔ་པའི་ཉེར་ལྔ་ལ་དབྱར་ཉི་ལོག་ན། དེའི་ཚེས་བཅུ་དྲུག་ནས་དབྱར་སྔ་མ་དང༌། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ལ་དབྱར་ཕྱི་མའི་ཁས་ལེན་བྱེད་དགོས་པ་བཞིན་ནོ། །ཧོར་ཟླ་དྲུག་པའི་ཚེས་ལྔ་ལྟ་བུ་ལ་དབྱར་ཉི་ལོག་ན་ཡང་སྔ་མ་དེ་ཁོ་ན་ལས་གཞན་མེད་དེ། ཡར་ངོ་སྔོན་དུ་འགྲོ་བའི་ཟླ་བ་གཅིག་པུ་དེའི་ཁོངས་སུ་དབྱར་ཉི་ལོག་ན་ཟླ་བ་དེ་རངས་པོ་དབྱར་ཟླ་ཐ་ཆུངས་སུ་བཞག་དགོས་པའི་ཕྱིར། ཡང་ཧོར་ཟླ་ལྔ་པའི་ཚེས་བཅུ་དང་བཅོ་ལྔ་ལྟ་བུ་ལ་དབྱར་ཉི་ལོག་ན། ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཕན་ཆོད་དབྱར་ཟླ་འབྲིང་པོ་དང༌། བཞི་པའི་བཅུ་དྲུག་ནས་ལྔ་པའི་བཅོ་ལྔའི་བར་དབྱར་ཟླ་ཐ་ཆུངས་སུ་ཁས་ལེན་དགོས་པས། ལྔ་པའི་བཅུ་དྲུག་ལ་དབྱར་ཕྱི་མའི་ཁས་ལེན་དང༌། བཞི་པའི་བཅུ་དྲུག་ལ་དབྱར་སྔ་མའི་ཁས་ལེན་བྱེད་དགོས་པ་ཡིན་ཏེ། དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་བར་དེ་དབྱར་སྔ་མའི་ཁས་ལེན་འབྱུང་བའི་ཕྱིར། གལ་ཏེ་ཧོར་ཟླ་བཞི་པ་ལ་དབྱར་སྔ་མའི་ཁས་ལེན་ཧ་ཅང་ཐལ་ལོ་ཞེ་ན། འདི་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི་ཧོར་ཟླ་ལྔ་པའི་ཡར་ངོ་ལ་ཉི་མ་ལྡོག་པ་ཧ་ཅང་ཐལ་ལོ། །ཐལ་བ་མེད་དེ། དེར་དེ་ལྡོག་པ་མངོན་སུམ་གྱིས་གྲུབ་བོ་ཞེ་ན། འོ་ན་ཅིག་ཤོས་ལ་ཡང་དེར་ཐལ་བ་མེད་དེ། དབྱར་ཉི་གང་ལ་ལོག་པའི་ཟླ་བ་དེའི་སྔ་མ་དེ་དབྱར་ཟླ་འབྲིང་པོར་འཇོག་པ་བསྟན་བཅོས་པ་དག་གི་ལུགས་ཡིན་པའི་ཕྱིར། གཉིས་པ་ནི། ཧོར་ཟླ་བཞི་པ་ལ་དབྱར་སྔ་མའི་ཁས་ལེན་བབ་པ་དེའི་ཚེ། ལོ་དེའི་ནང་དུ་ངེས་པར་ཟླ་ཤོལ་གཅིག་སྔོན་དུ་སོང་བས་ཁྱབ་པ་ཡིན་ཏེ། ལོ་གསུམ་གྱི་ཉི་མ་ལྡོག་པའི་དུས་ཞག་བཅུ་གཅིག་རེས་འཕྱི་བར་སོང་ནས། སླར་ཡང་སྔར་ཤུལ་དུ་ལྡོག་པ་གཅིག་ཡོད་པ་དེ་ནི་ངེས་པར་ཟླ་ཤོལ་ལ་ལྟོས་པའི་ཕྱིར། དེས་ན་དེའི་ཚེ་དབྱར་སྔ་མའི་ཁས་ལེན་སྔས་པའི་སྐྱོན་མེད་དོ། །འདིར་གྲགས་ཚོད་ལ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་དབྱར་སྔ་མའི་ཁས་ལེན་བྱེད་ཅེས་འཆད་ཀྱང༌། གནས་ཚོད་ནི་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ལ་དབྱར་སྔ་མའི་ཁས་ལེན་བྱེད་པ་ཡིན་ཏེ། གྲགས་ཚོད་ཀྱི་དབྱར་ཟླ་འབྲིང་པོ་དེ་ཉིད་གནས་ཚོད་ཀྱི་དཔྱིད་ཟླ་ཐ་མ་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དུས་ཀྱི་དཔྱིད་ཀྱི་ཟླ་བ་བཞི་པོ་བགྲངས་རྒྱུ་མེད་པར་འགྱུར་ཏེ། གྲགས་ཚོད་ཀྱི་དབྱར་ཟླ་འབྲིང་པོ་ནི་དཔྱིད་ཀྱི་ཟླ་བར་མི་རུང་བའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། བསྟན་བཅོས་འདིར་དུས་ཚིགས་ཀྱི་དབྱེ་བསྡུ་འཆད་ཚུལ་གསུམ་འབྱུང་ཡང་གཉིས་སུ་འདུས་པ་ལས། དང་པོ་འཇིག་རྟེན་གྱི་གྲགས་པ་དང་བསྟུན་པའི་དུས་ཚིགས་གཅིག་པོ་རབ་འབྲིང་སོགས་གསུམ་གསུམ་དུ་རྣམ་པར་བཞག་ནས་གསུམ་པོ་དེ་ཡང་འཆུག་མེད་ཀྱི་སྒོ་ནས་ངོས་འཛིན་པ་ནི། ཇི་སྐད་དུ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་སོ། །སྐབས་འདིར་ཞག་མི་ཐུབ་ཀྱི་རྣམ་གཞག་མི་དགོས་ཏེ། ཉི་མ་ལྡོག་མཚམས་ཀྱིས་ལོ་དང་ཟླ་བར་རྣམ་པར་བཞག་ཅིང༌། དེ་ལ་ནི་ཞག་མི་ཐུབ་འདོར་རྒྱུ་མེད་པའི་ཕྱིར། ཡང་གནས་ཚོད་ཀྱི་དབང་དུ་བྱས་པའི་དུས་གསུམ་གྱི་རྣམ་པར་བཞག་པ་དང༌། དེ་ལ་ཟླ་བ་བཞི་བཞིར་ཕྱེད་ནས་འཆད་པ་ནི། ཞག་མི་ཐུབ་དང་བཅས་པ་ཡི། །ཞེས་པའི་གཞུང་རྩ་འགྲེལ་གྱི་སྐབས་སུ་བཤད་པ་ཡིན་ལ། གསུམ་པོ་དེ་ལའང་གཉིས་གཉིས་སུ་ཕྱེ་ནས་དུས་ཚིགས་དྲུག་ཏུའང་འགྲེལ་པ་ལས་ཕྱེ་བ་དེ་ནི་ཞག་མི་ཐུབ་འདོར་ཚུལ་བདེ་བླག་ཏུ་རྟོགས་པའི་ཆེད་དུའོ། །སྐབས་འདིའི་དུས་ཚོད་རེ་རེ་ལ་ཟླ་བ་བཞི་བཞིར་ཡོད་པ་དེ། གྲགས་ཚོད་ཀྱི་དགུན་ཟླ་རྭ་བ་སོགས་དང་སྦྱར་བར་བྱ་བ་ནི་མ་ཡིན་ཏེ། གནས་ཚོད་ཀྱི་ཟླ་བ་བཞི་བཞི་དང་སྦྱོར་དགོས་པའི་ཕྱིར། དེས་ན་ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ལ་དགུན་ཉི་ལོག་པའི་ཚེ་དེ་ཉིད་དགུན་ཟླ་དང་པོ་ཡིན་ལ། དེའི་གོང་རོལ་གྱི་ཟླ་བ་དེ་སྟོན་ཟླ་ཐ་ཆུངས་དངོས་ཡིན་པས་དེའི་བཅུ་དྲུག་ནས་ལོའི་འགོ་བཟུང་སྟེ། ཧོར་ཟླ་གཉིས་པའི་ཡར་ངོའི་བཅོ་ལྔའི་བར་ནི་དགུན་གྱི་དུས་དང༌། དེ་ནས་དྲུག་པའི་ཡར་ངོའི་བཅོ་ལྔའི་བར་ནི་དཔྱིད་ཀྱི་དུས་དང༌། དེ་ནས་བཅུ་པའི་ཡར་ངོའི་བཅོ་ལྔའི་བར་གྱི་ཟླ་བ་བཞི་ནི་དབྱར་གྱི་དུས་སོ། །དེ་ལས་གཞན་དུ་གྲགས་ཚོད་བསྟན་བཅོས་སུ་བཀོད་པ་དེ་ཉིད་ཁས་བླངས་ན་དོན་ལོགས་པ་སྟོན་པར་འགྱུར་ཏེ། དགུན་ཉི་གང་ལ་ལྡོག་པའི་ཟླ་བ་དེ་ཉིད་དགུན་གྱི་ཟླ་བ་བཞི་པར་བཤད་ཅིང༌། དབྱར་ཉི་གང་ལ་ལྡོག་པ་དེ་དབྱར་གྱི་ཟླ་བ་གཉིས་པར་བཤད་པས་ཧོར་ཟླ་བཅུ་གཅིག་པས་དགུན་གྱི་ཟླ་རྫོགས་པ་དང༌། ཧོར་ཟླ་བདུན་པས་དབྱར་གྱི་ཟླ་བ་བཞི་རྫོགས་པར་སོང་ལ། དེ་ནས་ཧོར་ཟླ་བརྒྱད་པ་སོགས་གསུམ་པོ་དགུན་གྱི་ཟླ་བར་ཁས་བླངས་པས་ལུང་རིགས་མངོན་སུམ་རྣམས་དང་འགལ་བར་འགྱུར་བས་སོ། །འོ་ན་གྲགས་ཚོད་ཀྱི་ལོ་འགོ་དང་གནས་ཚོད་ཀྱི་ལོ་འགོ་མི་མཐུན་པར་འཛིན་པ་ཅི་ཞེ་ན། དེ་གཉིས་ལ་ཟླ་བ་ཕྱེད་དང་གསུམ་གྱི་བར་ཁྱད་ཞུགས་པ་ཡིན་ཏེ། སྟོན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནས་དང༌། དགུན་ཟླ་ཐ་ཆུངས་ཀྱི་ཚེས་གཅིག་ནས་འཛིན་པའི་བར་ཁྱད་ཞུགས་པའི་ཕྱིར། ཞེས་པའམ། ཡང་ན་གནས་ཚོད་ཀྱི་སྟོན་ཟླ་དང་པོའི་ཚེས་བཅུ་དྲུག་ནས་འཛིན་པ་དང༌། དགུན་ཟླ་དང་པོའི་ཚེས་གཅིག་ནས་འཛིན་པའི་བར་ཁྱད་ཞུགས་པའི་ཕྱིར། ཞེས་པ་འདི་ཡིན་ལ། དེ་ཡང་དང་པོ་ནི་ཚེས་ལོ་དབང་བཙན་པར་བྱས་ནས་མར་ངོ་སྔོན་དུ་འགྲོ་བའི་ཚེས་གཅིག་ཁོ་ན་ནས་ངེས་པ་ཅན་ཡིན་ལ། ཕྱི་མ་ནི་ཁྱིམ་ལོ་དབང་བཙན་པར་བྱས་དགུན་ཉི་ལྡོག་པའི་ཉིན་ནས་འཛིན་ཀྱང་ཚེས་གྲངས་ཀྱི་ངེས་པ་མེད་དོ། །འོ་ན་སྟོན་གྱི་ཐོག་མ་ནས་དང༌། དགུན་གྱི་ཐོག་མ་ནས་འཛིན་པ་གཉིས་པོ་གང་དབང་བཙན་ཞེ་ན། ཕྱི་མ་དབང་བཙན་པ་ཡིན་ཏེ། འདིར་འགྲེལ་པ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱིས་དུས་ཞེས་གསུངས་ཤིང༌། འགྲེལ་བཤད་དུ། སངས་རྒྱས་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ། །ཞེས་པས་སོ། །འོ་ན་ལོ་འགོའི་འཛིན་ཚུལ་སྔ་མ་ཁས་མི་ལེན་ནམ་ཞེ་ན། ཚེས་ལོ་དབང་བཙན་པར་བྱས་པ་དེའི་ཚེ་ངེས་པར་ཁས་ལེན་དགོས་པ་ཡིན་ཏེ། དེ་ཁས་མ་བླངས་ན་འདུལ་བ་ལས་གསུངས་པའི་དུས་གོ་དང༌། དབྱར་དང༌། གསོ་སྦྱོང་དང༌། དགག་དབྱེ་ལ་སོགས་པ་གསུངས་པ་ཐམས་ཅད་དངོས་མི་ཟིན་པར་འགྱུར་བའི་ཕྱིར། གསུམ་པ་ཟླ་ཤོལ་འབྱུང་བའི་རྒྱུ་མཚན་ལ་གཉིས་ཏེ། རྒྱུ་མཚན་དངོས་དང༌། དུས་ནམ་གྱི་ཚེ་འབྱུང་བའོ། །དང་པོ་ནི། ལོ་རེ་རེ་ལ་ཞག་མི་ཐུབ་དྲུག་དྲུག་དོར་བའི་རྒྱུ་ལས་བྱུང་བ་ཡིན་ཏེ། ཉིན་ཞག་སུམ་ཅུ་ལ་ཟླ་བ་དང༌། དེ་བཅུ་གཉིས་ལ་ལོར་བྱེད་པ་ནི་འཇིག་རྟེན་གྱི་གྲགས་པས་གྲུབ་པ་ཡིན་ལ། དེའི་ཚེ་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་དགོས་པ་ལས། ལོ་རེ་རེ་ཞིང་མི་ཐུབ་དྲུག་དྲུག་དོར་ནས། ལོ་རེ་ལ་ཞག་སུམ་བརྒྱ་དང་ལྔ་བཅུ་རྩ་བཞི་ལས་མ་བྱུང་བས། ལོ་རེ་བཞིན་དུ་ཞག་དྲུག་དྲུག་མ་ཚང་བ་དེ་ཁ་བསྐངས་ནས་ཚབ་ཏུ་གསབ་དགོས་པའི་ཕྱིར། འོ་ན་ཁ་བསྐངས་དགོས་པའི་རྒྱུ་མཚན་ཅི་ཡིན། དེ་དགོས་བཞིན་དུ་མ་ཚང་བ་ལ་ལོར་འཇོག་པ་ཅི་ཞེ་ན། མ་བསྐངས་ན་ལོར་ལ་ཞག་དྲུག་དྲུག་མ་ཚང་བས་ལོ་ལྔ་སོང་བ་ན་དུས་བཞི་ཚང་མ་ལྔ་མི་རྫོགས་པའི་ཕྱིར། མི་རྫོགས་པ་ཅི་ཞེ་ན། དེ་རྫོགས་པ་ལ་དགུན་ཉི་ལྡོག་ཐེབས་དང་དབྱར་ཉི་ལྡོག་ཐེབས་ལྔ་ལྔ་ཚང་དགོས་པ་ལས། ཟླ་བ་ལྷག་པོ་གཅིག་བསྐྱིན་པ་མ་བཅུག་ན་དེ་འདྲ་དེ་མི་རྫོགས་པའི་ཕྱིར། དེ་ལ་སྒྲུབ་བྱེད་འགོད་མི་དགོས་ཏེ། མངོན་སུམ་གྱིས་གྲུབ་པའི་ཕྱིར། ཁ་བསྐངས་དགོས་བཞིན་དུ་ཞག་དྲུག་མ་ཚང་བ་ལ་ལོ་བཞག་དགོས་པ་ཡིན་ཏེ། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་སུམ་ཅུ་ཐམས་ཅད་པ་ཚང་བ་ལ་ཟླ་བ་རེ་རེར་བཞག་དགོས་ཤིང༌། དེ་ཚང་བ་ལ་ནི་ཉིན་ཞག་ཕྱེད་དང་སུམ་ཅུ་ལས་མེད་པར་གོང་དུ་རྒྱས་པར་བཤད་ཟིན་པའི་རྣམ་དཔྱོད་ཀྱིས་བརྟགས་པ་ན་མངོན་སུམ་གྱི་འགྲུབ་པའི་ཕྱིར། གཉིས་པ་ནི། འདུལ་མངོན་གྱི་དངོས་བསྟན་ལྟར་ན། ལོ་ལྔ་པའི་སྟེང་དུ་ཟླ་བ་གཅིག་གི་ཤོལ་དོར་དགོས་པ་ཡིན་ཏེ། དེར་དྲུག་ཚན་ལྔའི་བསྐྱིན་པ་གསོབ་དགོས་པའི་ཕྱིར། དེ་ལྟར་ལོ་ལྔ་རྫོགས་པ་ན་ཤོལ་གྱི་ཟླ་བ་གཅིག་པུ་དེ་ཡང་དོར་ཟིན་པ་གཅིག་དགོས་ཏེ། དུས་དེར་ལོ་ལྔ་པོའི་ཞག་གྲངས་ཚང་དགོས་པའི་ཕྱིར། དེ་ལྟར་བཤད་པ་དེ་ནི་གཞུང་གི་དངོས་བསྟན་ཡིན་ལ། དོན་གནས་ཚོད་ཀྱི་དབང་དུ་བྱས་ན་ལོ་རེ་ལ་ཞག་མི་ཐུབ་བཅུ་གཅིག་རེ་འདོར་དགོས་པ་ཡིན་ཏེ། དུས་བཞི་རྫོགས་པའི་ལོ་ལ་ནི་ཉི་མས་ལྷོ་བྱང་གི་བགྲོད་པ་གཉིས་མཐར་ཐུག་དགོས་ལ། སྔ་ལོའི་དགུན་ཉི་ལོག་པ་ནས་ཕྱི་ལོའི་དགུན་ཉི་ལྡོག་པའི་ཟླ་དུས་དང་ཚེས་གྲངས་རྩིས་པ་ན་ཞག་བཅུ་གཅིག་གི་བར་ཁྱད་ཞུགས་པའི་ཕྱིར། དེས་ན་ལོ་ཕྱེད་དང་གསུམ་ལྷག་ན་ཟླ་ཤོལ་རེ་རེ་དོར་དགོས་པ་ཡིན་ཏེ། དེ་མ་དོར་ན་ལོ་གསུམ་གྱི་ཚེ་དུས་བཞི་ཚང་མ་གསུམ་མི་རྫོགས་པའི་ཕྱིར། དོན་དེ་ལ་བསམ་ནས་ཟླ་ཤོལ་དོར་བ་རྒྱལ་པོའི་རྗེས་སུ་འབྲང་དགོས་པར་གསུངས་སོ། །འོ་ན་འདུལ་མངོན་གྱི་དངོས་བསྟན་ལས་འབྱུང་བའི་ཟླ་ཤོལ་འདོར་ཚུལ་གྱིས་གོ་མི་ཆོད་ན། ཞག་མི་ཐུབ་འདོར་ཚུལ་གྱིས་ཀྱང་གོ་མི་ཆོད་པར་ཁས་ལེན་དགོས་སམ་ཞེ་ན། དེ་མ་ཡིན་ཏེ། ཚེས་ཀྱི་ཟླ་བ་བཅུ་གཉིས་པོ་དེ་ལ་ཞག་མི་ཐུབ་དྲུག་ལས་ལྷག་པ་གང་ན་སུའི་ལུགས་ལ་ཡང་དོར་རྒྱུ་མེད་པའི་ཕྱིར་རོ། །དེས་ན་ཚེས་ལོ་གཅིག་ལ་ཚེས་ཟླ་བཅུ་གཉིས་ཀྱིས་ཆོག་ཀྱང༌། ཁྱིམ་ལོ་གཅིག་ལ་ནི་ཚེས་ཟླ་བཅུ་གཉིས་དང་དེའི་སྟེང་དུ་ཉིན་ཞག་བཅུ་གཅིག་ངེས་པར་སྣོན་དགོས་པ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པའོ། །དེ་ལྟར་དོན་གཅིག་ཚིག་མང་པོས། །རྒྱས་པར་བཟླས་པ་ཆོས་མངོན་པའི། །དུས་ཚིགས་འཁྲུལ་བའི་གཏམ་ཉིད་ཀྱིས། །ཡིད་བརྟན་མེད་དེ་སྤངས་ཕྱིར་རོ། །དེ་ནས་ཇི་སྐད་དུ། གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །ཞེས་པར། སྤྱིར་གཟུགས་ཅན་གྱི་ཚད་དང༌། བསྐལ་པ་ལ་སོགས་པ་དུས་ཀྱི་ཚད་རྟོགས་པ་ནི་དེ་དག་གི་ཐུང་མཐའི་ཚད་ཤེས་པ་ལ་རག་ལས་པ་ཡིན་ཏེ། དེ་ངོས་མ་ཟིན་ན་དཔག་ཚད་དང༌། བསྐལ་པ་དང་ལེའུ་དང༌། རབ་བྱེད་ལ་སོགས་པའི་ཚད་འཛིན་པར་མི་ནུས་པའི་ཕྱིར། དེ་དག་གང་ཞེ་ན། དུས་ཀྱི་ཐུང་མཐའ་ནི་སྐད་ཅིག་མའོ། །མིང་གི་ཐུང་མཐའ་ནི་ཡི་གེའོ། །གཟུགས་ཀྱི་ཐུང་མཐའ་ནི་རྡུལ་ཕྲ་རབ་བོ། །དེ་དག་གི་ཚད་ཀྱང་གང་ཞེ་ན། དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་གཅིག་གི་ཚད་ནི། ཆོས་མངོན་པ་བ་རྣམས་ན་རེ། སྐྱེས་བུ་སྟོབས་ལྡན་གྱིས་སེ་གོལ་གཅིག་གཏོག་པའི་ཡུན་ལ་དུས་མཐའི་སྐད་ཅིག་མ་དྲུག་ཅུ་རྩ་བཞི་ངེས་པ་ཡིན་ནོ། །ཞེས་ཟེར། འགྲེལ་པ་ལས། ཇི་སྐད་དུ། ཡང་སྐད་ཅིག་མའི་ཚད་ཇི་ཙམ་ཞེ་ན། རྐྱེན་རྣམས་ཚོགས་པ་ཇི་སྲིད་དུ། །ཆོས་ཀྱི་བདག་ཉིད་ཐོབ་པའམ། །ཆོས་འགྲོ་བ་ནས་ཇི་སྲིད་དུ་རྡུལ་ཕྲ་རབ་རྡུལ་ཕྲ་རབ་གཞན་དུ་འགྲོ་བ་ཡིན་ནོ། །ཞེས་བཤད་པ་འདི་དང༌། རྣམ་འགྲེལ་ལས། ཡི་གེའི་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམ་ཚད་དུ་བཞག་པ་ཡིན། །དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་པས་རྫོགས། །རྡུལ་གཅིག་བསྒྲེས་དུས་ཆུང་བ་ཡི། །མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། །ཅེས་བཤད་པ་རྣམས་དོན་གཅིག་ལ། །དེའི་ཚེ་རྡུལ་ཕྲན་བསྒྲེས་པ་ཞེས་བྱ་བའི་དོན་ནི། དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་དངོས་འབྲས་བསྐྱེད་པའི་ཡུན་ཚད་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། རྐྱེན་རྣམས་ཚོགས་པ་ཇི་སྲིད་དུ། །ཆོས་ཀྱི་བདག་ཉིད་ཐོབ་པའམ། །ཞེས་བཤད་པའི་ཕྱིར། དེ་བཞིན་དུ་རྡུལ་ཕྲན་དུ་མ་དང་མ་འབྲེལ་བ་ཞེས་པའི་དོན་ཡང༌། དེ་ལྟ་བུའི་སྐད་ཅིག་དྲུག་ཅུ་རྩ་བཞི་ཚང་བ་ལ་བྱ་དགོས་ཏེ། སེ་གོལ་གཏོགས་པའི་ཡུན་ཚད་དང་མིག་འབྱེད་འཛུམ་བྱེད་པ་ཙམ་གྱི་ཚད་ནི་དོན་གཅིག་ལ་འདུ་བའི་ཕྱིར། དུས་མཐའི་སྐད་ཅིག་འདི་ལ་གནས་པའི་ཆ་ནི་ཁས་ལེན་པ་ཡིན་ཏེ། སྐད་ཅིག་ཏུ་གནས་ན་རྟག་ཏུ་གནས་དགོས་པའི་ཕྱིར། སྐྱེ་འཇིག་ཅིག་ཆར་དུ་བྱེད་པ་མ་ཡིན་ན། འཇིག་པ་དུས་གཞན་ལ་ལྟོས་པར་ཐལ་བའི་ཕྱིར་དང༌། དེ་ལྟར་བྱེད་ན། སྐྱེས་ཟིན་པ་དང༌། ཞིག་ཟིན་པ་དུས་མཉམ་དགོས་པའི་ཕྱིར་དང༌། གནས་པ་ཡོད་ན་ཆ་མེད་དུ་ཡང་འགལ་བའི་ཕྱིར་རོ། །དེ་ལྟ་བུའི་སྐད་ཅིག་མ་འདི་ནི། བྱས་པ་དང་དངོས་པོ་ལྟ་བུའི་གཏན་ཚིགས་ཀྱིས་དཔག་པར་བྱ་བ་ཡིན་གྱི། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་མི་རྟོགས་པས་ལྐོག་ཏུ་གྱུར་པ་ཁོ་ནའོ། །དེ་ལྟ་ན་ཡང་མངོན་གྱུར་གྱི་གདགས་གཞིར་མི་རུང་བ་མ་ཡིན་ཏེ། རྡུལ་ཕྲ་རབ་བཞིན་ནོ། །དེ་ལྟར་ངོས་བཟུང་བ་དེ་དང༌། ཇི་སྐད་དུ། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །ཞེས་པའི་ཡ་གྱལ་གྱི་སྐད་ཅིག་དེ་དོན་གཅིག་གམ་ཞེས་བརྟག་དགོས་ཏེ། དཔེར་ན་རྡུལ་ཕྲན་གྱི་ཆུང་མཐའ་དང༌། རྫས་རྡུལ་ཕྲ་རབ་དོན་མི་གཅིག་པ་བཞིན་ནོ། །དེས་ན་འདིར་བཤད་པའི་དུས་མཐའི་སྐད་ཅིག་མ་གཅིག་ལ་ནི་གནས་ཆའི་ཐུང་མཐའ་ཞིག་ཁས་བླངས་ན་ལེགས་ཏེ། ཐང་གཅིག་གི་ཚད་ཀྱིས་བགོས་པ་ན་གནས་ཆ་ཞིག་ངེས་པར་ཐོབ་པའི་ཕྱིར་དང༌། ཇི་སྐད་དུ། དུས་གསུམ་ཅིག་ཆར་མི་སྐྱེ་བས། །ད་ལྟའི་སྐད་ཅིག་ཆ་མེད་ཡིན། །ཞེས་ད་ལྟར་གྱི་དུས་ཡན་ཞིག་པ་གཅིག་ལ་ངོས་བཟུང་བའི་ཕྱིར། དེ་ནས་མིང་གི་མཐའ་ཡི་གེར་བཤད་པ་དེ་ནི། ཡི་གེའི་ཆུང་མཐའ་ཨ་ཐུང་ལྟ་བུ་ཞིག་ལ་བྱ་བ་ནི་མ་ཡིན་ཏེ། མིང་ཚིག་ཡི་གེ་གསུམ་གྱིས་ཟླས་ཕྱེ་བའི་མིང་ཉིད་ཀྱི་ནང་ཚན་ཐུང་ཤོས་གཅིག་ལ་ངོས་བཟུང་བའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པར། མིང་ཚིག་མཐའ་ནི་ཡི་གེ་སྟེ། །དཔེར་ན་བ་ལང་ཞེས་བྱ་བ་ལྟ་བུའོ། །ཞེས་སོ། །དེ་ནས་རྡུལ་ཕྲ་རབ་ཀྱི་མིང་ཅན་ནི་གཉིས་ཏེ། རྫས་ཀྱི་དང༌། སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་བོ། །དང་པོ་ནི་འདིར་གཟུགས་ཅན་གྱི་ཆུང་མཐར་མི་འཇོག་སྟེ། དབང་ཤེས་ཀྱི་ཡུལ་ལས་འདས་པར་བཤད་པས་གཟུགས་ཅན་དུ་མི་རུང་བའི་ཕྱིར་དང༌། སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་པར་འདོད་པའི་ཕྱིར། གཞན་དུ་ན་འཇིག་རྟེན་གྱི་ཁམས་ཞིག་ཚོགས་པའི་རྡུལ་ཕྲ་རབ་རྣམས་ཞིག་པ་ཡིན་པར་འགྱུར་ཏེ། སྒྲིབ་ཐོགས་ཀྱི་བྱ་བ་བྱེད་པའི་ཕྱིར། དེས་ན་འདིར་བཤད་པའི་ཆུང་མཐའ་ནི་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་ཅེས་བྱ་བ་དེ་ཡིན་ལ། དེ་ལ་མིང་གི་རྣམ་གྲངས་ནི། བསགས་རྡུལ་ཕྲ་རབ་ཅེས་ཀྱང་བྱ་ལ། དེའི་ངོས་འཛིན་ནི། ཇི་སྐད་དུ། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བཤད་པ་དེ་ཉིད་དོ། །དེའི་རིགས་པས་རྫས་རྡུལ་ཕྲ་རབ་ནི། འབྱུང་བ་སོ་སོའི་རྡུལ་གང་ཞིག འབྱུང་བ་གཞན་གྱི་རྡུལ་དང་འབྲེལ་མེད་ཡན་གར་དུ་གནས་པའོ། །དེ་འདྲ་དེས་ནི་སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་དེ། དེ་བྱེད་པ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་གང་རུང་གི་སྤྱོད་ཡུལ་དུ་འགྱུར་དགོས་པས། དེ་འདྲ་དེ་ཇི་སྐད་དུ། འགྲེལ་པ་འདི་ཉིད་ལས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་འདི་དག་ནི་སྐྱེ་མཆེད་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ་ཞེས་དང༌། དེའི་དོན་འཆད་པ་ན། རྣམ་འགྲེལ་ལས། རྡུལ་ཕྲན་གཞན་དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཤེས་དེ་གཅིག་ལ་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། །ཅེས་གསུངས་སོ། །འོ་ན་འཇིག་རྟེན་གྱི་ཁམས་ཞིག་ནས་སླར་ཡང་ཆགས་པའི་ཚེ། སྣོད་ཀྱི་འཇིག་རྟེན་སྐྱེད་བྱེད་ཀྱི་ཉེ་བར་ལེན་པའི་རྒྱུ་གང་ཞེ་ན། འདི་ལ་ལུགས་གཉིས་ཏེ། ཕྱི་རོལ་དོན་སྨྲའི་ལུགས་དང༌། ཐེག་པ་ཆེན་པོ་པའི་ལུགས་སོ། །དང་པོ་ལ་གཉིས་ཏེ། མུ་སྟེགས་པའི་ལུགས་དང༌། ཉན་ཐོས་སྡེ་པའི་ལུགས་སོ། །དང་པོ་ནི། བྱེ་བྲག་པ་ན་རེ། ཕྱི་རོལ་དོན་ནི་གཉིས་ཏེ། ཡན་ལག་དང༌། ཡན་ལག་ཅན་ནོ། །དང་པོ་ནི། རྡུལ་ཕྲ་རབ་རྣམས་ཡིན་ལ། འདི་དག་ནི་འཇིག་རྟེན་གྱི་ཁམས་ཞིག་ནས་སོ་སོར་གནས་པའི་ཚེ་ཡན་ལག་ཅན་གྱི་རྫས་དང་བྲལ་ཞིང༌། རྫས་མངོན་སུམ་ལ་སྣང་དུ་མི་རུང་བ་དང༌། སྒྲིབ་ཐོགས་ལ་སོགས་པའི་བྱ་བ་དང་བྲལ་བ་རྟག་པའི་རྫས་སུ་ཁས་ལེན་པ་ཡིན་ལ། འཇིག་རྟེན་འཆགས་པའི་ཚེ་དེ་དག་ཕན་ཚུན་ནས་བསྡུད་བྱེད་ཀྱི་རླུང་གིས་བསྡུས་པས། ཡན་ལག་ཅན་གྱི་རྫས་སྐྱེ་བ་ཡིན་ལ། དེ་ཡང་རྡུལ་ཕྲ་རབ་རེ་རེ་བ་རྣམས་དང་པོར་འདུས་པ་ཡན་ལག་ཅན་གྱི་རྫས་དང་པོ་དང༌། དང་པོ་དེ་འདྲ་མང་པོ་འདུས་པས་ཡན་ལག་ཅན་གྱི་རྫས་གཉིས་པ་དང༌། དེ་ནས་ཐུག་པ་མེད་པའི་བར་དུ་སྐྱེ་བ་ཡིན་ལ། དེའི་ཚེ་ཡན་ལག་ཅན་གང་ཡིན་པ་དེ་རང་གི་ཡན་ལག་ལས་རྫས་གཞན་རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་དང༌། ལས་སམ་བྱ་བ་ཅན་ཞིག་ཏུ་ཁས་ལེན་ཞིང༌། སྤྱིར་ཡན་ལག་ཅན་ཐམས་ཅད་མི་རྟག་པ་དང༌། ཡན་ལག་ལའང་རྡུལ་ཕྲ་རབ་ལ་ཐུག་པའི་བར་ཐམས་ཅད་མི་རྟག་ལ། རྡུལ་ཕྲ་རབ་ཏུ་གྱུར་པའི་ཡན་ལག་ཁོ་ན་རྟག་པ་ཡིན་ཏེ། འཇིག་རྟེན་འཇིག་པའི་ཚེ་ན་འཇིག་བྱེད་ཀྱི་རྐྱེན་གང་གིས་ཀྱང་བཤིག་པར་མ་ནུས་པའི་ཕྱིར། དེ་ཡང་འདི་ལྟར། མྱུ་གུ་ནི་ཉེར་ལེན་རང་གི་རྡུལ་ཕྲ་རབ་ཁོ་ན་ལས་སྐྱེ་བ་ཡིན་གྱི། ས་བོན་ཞེས་བྱ་བའི་ཡན་ལག་ཅན་ལ་སྐྱེ་བ་ནི་མ་ཡིན་ཏེ། ཡིན་ན་དུས་རིགས་མི་མཐུན་ལས་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ཡང་དཔེར་ན། སྒྲ་ནི་ནམ་མཁའ་རྟག་པའི་ཡོན་ཏན་ཡིན་པ་དང༌། དྲི་ནི་ས་དང༌། རེག་བྱ་རླུང་གི་ཡོན་ཏན་ཡིན་པ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་ཡང་སའི་རྡུལ་ཕྲ་རབ་ཡན་གར་བས་དྲི་མི་འབྱུང་བ་ནི་སའི་རྡུལ་ཕྲ་རབ་མང་པོ་ཕྱོགས་གཅིག་ཏུ་མ་འདུས་པར་ནི་དྲིའི་ཡོན་ཏན་བརྩོམ་མི་ནུས་ལ། ཡོན་ཏན་དེ་ནི་རྟེན་ཡན་ལག་ཅན་གྱི་རྫས་ལ་མ་བརྟེན་པར་མི་འབྱུང་ལ། ཡོན་ཏན་གྱི་རྟེན་དུ་འགྱུར་བའི་ཡན་ལག་ཅན་གྱི་རྫས་སུ་འཇོག་པ་ལའང༌། འབྱུང་བ་བཞི་ཀའི་རྡུལ་ཕྲ་རབ་ཕན་ཚུན་དུ་ལྡན་དགོས་པ་ཡིན་ཏེ། དེ་མེད་ན་གཟུགས་སྒྲ་ལ་སོགས་པའི་ཡོན་ཏན་དང༌། ཡོན་ཏན་སོ་སོའི་བྱེད་ལས་ཀྱི་རྟེན་དུ་མི་རུང་བའི་ཕྱིར། ཞེས་འཆད་པ་ཡིན་ལ། འགོག་བྱེད་ཀྱི་རིགས་པ་ནི་འགྲེལ་པ་འདི་ཉིད་ལས་འབྱུང་བ་དང༌། རྣམ་འགྲེལ་ལས་གསུངས་པ་དོན་མི་མཐུན་པ་མེད་པ་ཁོ་ནར་མ་ཟད། རྣམ་འགྲེལ་དུ་རིགས་པའི་ཟུར་ཐོན་པར་འབྱུང་བ་དེ་ཉིད་དུ་བལྟའོ། །གཉིས་པ་ཉན་ཐོས་སྡེ་པའི་འདོད་པ་ལ། གཉིས་ཏེ། དོན་དངོས་དང༌། དཀའ་བའི་གནས་ཇི་ལྟར་འབྱུང་བའོ། །དང་པོ་ནི། དོན་སྨྲ་བ་གཉིས་ཀ་ཡང་ཕྱི་རོལ་དོན་གྱི་གནས་ཚུལ་ནི་རྡུལ་ཕྲ་རབ་ཉིད་དུ་གནས་པར་ཁས་ལེན་པའི་ཕྱིར་ན། འཇིག་རྟེན་ཞིག་པའི་ཚེ་ན་རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་ཤིང༌། དེ་ཡང་བྱེ་བྲག་ཏུ་སྨྲ་བ་ནི། བྱེ་བྲག་པའི་འདོད་པ་དང༌། ཆ་མཐུན་པར་རྫས་རྡུལ་ཕྲ་རབ་ཀྱིས་སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་པ་དང༌། དབང་པོའི་ཡུལ་ལས་འདས་པར་ཁས་ལེན། མདོ་སྡེ་པས་ནི། ཇི་སྐད་དུ། འདིས་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་བསལ་བ་ཡིན། །ཞེས་འདོད་པ་ཙམ་ཞིག་ཁྱད་པར་དུ་ཟད་ལ། དེ་ནས་རགས་པ་རྩོམ་པའི་ཚེ། རྡུལ་ཕྲ་རབ་རྣམས་འབྱར་ཡང་རེག་པ་མེད་ཅིང༌། རགས་པ་རྣམས་ནི་ཕྱོགས་རེ་རེས་རེག་པའི་ཚུལ་གྱིས་རྩོམ་ཞེས་པ་དང༌། མདོ་སྡེ་པ་ནི། རྡུལ་ཕྲ་རབ་རྣམས་བསྐོར་བ་བར་སྟོངས་དང་བཅས་པའི་ཚུལ་གྱིས་རྩོམ། ཞེས་པ་ཙམ་ཞིག་ཁྱད་པར་དུ་ཟད་ཀྱི། ཕྱི་རོལ་གྱི་དོན་རགས་པ་གང་ཡིན་ཀྱང་ཉེར་ལེན་རྡུལ་ཕྲ་རབ་ལས་སྐྱེ་བ་ཉིད་དུ་ཁས་ལེན་པ་ལ་ཁྱད་པར་མེད་དོ། །གཉིས་པ་ནི། ཇི་སྐད་དུ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པ་དང༌། འགྲེལ་པར་ཇི་སྐད་དུ། ཉི་མ་བདུན་གྱིས་ནི་མེས་འཇིག་པ་ཡིན་ནོ། །ཆར་ཆུས་ཀྱིས་ནི་ཆུས་འཇིག་པ་ཡིན་ནོ། །རབ་ཏུ་འཁྲུགས་པས་ནི་རླུང་གིས་འཇིག་པ་ཡིན་ཏེ། དེ་དག་གིས་ནི་སྣོད་རྣམས་ཀྱི་ཆ་ཤས་ཕྲ་མོ་ཡང་མི་ལུས་པར་བྱེད་དོ། །འདི་ལ་མུ་སྟེགས་བྱེད་ཁ་ཅིག་ནི། རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡིན་པས་དེའི་ཚེ་དེ་དག་ལུས་སོ། །ཞེས་བྱ་བར་འདོད་དོ། །དེ་དག་ཅིའི་ཕྱིར་དེ་ལྟར་འདོད་ཅེ་ན། རགས་པ་རྣམས་རྒྱུ་མེད་པ་ཅན་དུ་འབྱུང་བར་འགྱུར་ན་མི་རུང་ངོ་སྙམ་མོ། །སེམས་ཅན་རྣམས་ཀྱི་ལས་ལས་སྐྱེས་པའི་མཐུའི་བྱེ་བྲག་ཅན་གྱི་རླུང་ས་བོན་ཡིན་ནོ་ཞེས་མ་བཤད་དམ། ཡང་ན་འཇིག་པའི་རྩེ་མོ་རླུང་པོ་དེ་རྒྱུ་ཡིན་པར་འགྱུར་རོ། །ས་སྟོན་སྡེ་པའི་མདོ་ལས་ནི། རླུང་གིས་འཇིག་རྟེན་གྱི་ཁམས་གཞན་དག་ནས་ས་བོན་དག་ཁྱེར་ཏེ་འོང་ངོ༌། །ཞེས་གསུང༌། དེ་ལྟར་དོགས་པ་འདི་ལ་དཀའ་བའི་གནས་ཇི་ལྟར་འབྱུང་སྙམ་ན། རགས་པ་ཉེར་ལེན་རྡུལ་ཕྲ་རབ་ལས་སྐྱེ་བ་བཀག་ནས་ལས་ཁོ་ན་ལས་སྐྱེ་བར་བཤད་པ་ལྟ་བུར་སྣང་ལ། དེ་ལྟ་ན་དོན་སྨྲ་བའི་ལུགས་ལས་ཉམས་པ་དང༌། རྡུལ་ཕྲན་རྟག་པ་བཀག་ནས། མི་རྟག་པ་ལས་སྐྱེ་བ་རང་ལུགས་སུ་བཤད་ན་རུང་བ་ཡིན་མོད། རླུང་གི་ས་བོན་ཅན་ཞེས་ངེས་བཟུང་སྨོས་པའི་དགོས་པ་ཇི་ལྟར་ཡིན་པ་དང༌། འཇིག་པ་གསུམ་གྱི་རྩེ་མོར་གྱུར་པའི་རླུང་དེ་དག་གི་ནི་སྣོད་ཀྱི་འཇིག་རྟེན་དང་པོར་འཆགས་པའི་རྒྱུ་ཡིན་པ་ལ་བརྟག་ན། རླུང་གིས་འཇིག་རྟེན་བཤིག་པའི་ཚེ་རྡུལ་ཕྲན་གཞན་གསུམ་པོ་མ་ལུས་པར་རླུང་གཅིག་པུ་ལས་པ་དེ་སྣོད་ཀྱི་རྒྱུ་ཡིན་པ་ལྟ་བུར་བཤད་པས། དེ་ལྟ་ནའང་དོན་སྨྲ་བའི་ལུགས་ཉམས་སོ་སྙམ་པའི་དོགས་པ་སྐྱེའོ། །དེ་སེལ་བར་བྱེད་པའི་ལན་ནི་འདི་ལྟར། ལས་བྱེད་པ་པོར་འཆད་པ་དེ་ནི་ཉེ་བར་ལེན་པའི་རྒྱུ་ཉིད་དུ་ཁས་ལེན་པ་མ་ཡིན་གྱི། བདག་པོའི་རྐྱེན་ཡིན་པའི་རྒྱུ་རྐྱེན་དང༌། དབང་ཕྱུག་རྟག་པ་ལ་སོགས་པའི་བྱེད་པ་པོ་གཞན་གྱི་བློ་སྔོན་དུ་སོང་བ་དགག་པའི་ཕྱིར་དུ་ཡིན་ནོ། །དེས་ན་བདག་པོའི་རྐྱེན་ཐུན་མོང་གི་ལས་དང༌། ཉེ་བར་ལེན་པའི་རྒྱུའམ་རྐྱེན་འབྱུང་བ་བཞི་པའི་རྡུལ་ཕྲ་རབ་དབང་པོའི་ཡུལ་ལས་འདས་པ་དེ་རྣམས་ཕྱོགས་གཅིག་ཏུ་སྡུད་བྱེད་ཀྱི་རྐྱེན་སེམས་ཅན་སྤྱི་མཐུན་གྱི་ལས་ལས་སྐྱེས་པའི་རླུང་གི་བྱས་ནས་སྣོད་འཆགས་པར་བྱེད་དོ་ཞེས་པའི་དོན་ཡིན་ལ། དེ་ལྟ་ན་ཡང་ས་བོན་ཡིན་ནོ་ཞེས་པ་ནི་སྤྱིར་རྒྱུ་ཡིན་པ་ལ་དགོངས་པ་ཡིན་པས། དེ་འདྲའི་རླུང་དེ་ལྷན་ཅིག་བྱེད་པའི་རྐྱེན་དུ་བཞག་དགོས་པ་ཡིན་ཏེ། སེམས་ཅན་སྤྱི་མཐུན་གྱི་ལས་ལས་སྐྱེས་པར་བཞག་པའི་ཕྱིར། སྣོད་ཀྱི་ཉེར་ལེན་དུ་གྱུར་པའི་རླུང་གི་རྡུལ་ཕྲ་རབ་ནི་མིན་ཏེ། དེ་དག་ནི་སྤྱི་མཐུན་གྱི་ལས་ལས་བྱུང་བ་མ་ཡིན་པའི་ཕྱིར་དང༌། སྤྱི་མཐུན་གྱི་ལས་ཟད་པའི་དུས་སུ་འབྱུང་བའི་ཕྱིར། འཇིག་པའི་རྩེ་མོར་གྱུར་པའི་རླུང་ཞེས་བཤད་པ་དེ་ཡང་སྡུད་བྱེད་ཀྱི་རླུང་ལ་བསམས་པ་ཡིན་གྱི། རྩོམ་བྱེད་ཀྱི་རླུང་མིན་ཏེ། རྩོམ་བྱེད་ཀྱི་རླུང་གང་ཡིན་ལ་དོགས་པ་གཅོད་དགོས་ན། རྩོམ་བྱེད་ཀྱི་རྡུལ་ཕྲན་གཞན་གསུམ་ལའང་དོགས་པ་གཅོད་དགོས་པ་ལས་མ་བཅད་པའི་ཕྱིར། གལ་ཏེ་རྡུལ་ཕྲ་རབ་སྣོད་ཀྱི་ཉེར་ལེན་དུ་འདོད་ན། བྱེ་བྲག་པའི་འདོད་པ་དང་ཁྱད་པར་ཅི་ཞེ་ན། དེའི་ལུགས་ལ་ནི་སྣོད་འཇིག་པའི་ཚེ། མ་ཞིག་ན་ནི་རྟག་པ་ཡིན་དགོས་ལ། དེའི་ཚེ་ཞིག་ན་ནི་མེད་པས་སྣོད་རྒྱུ་མེད་དུ་འགྱུར། ཞེས་འདོད་ལ། རང་གི་ལུགས་ལ་ནི། རྡུལ་ཕྲ་རབ་ལྷན་ཅིག་ཏུ་གནས་པ་ཞིག་ཀྱང༌། ཡན་གར་དུ་གནས་པ་ནི་མི་རྟག་པ་ཡིན་པས་ཕྱིར་འཇིག་མོད། འཇིག་བྱེད་གསུམ་པོ་གང་རུང་གིས་བཤིག་པར་ནུས་པ་མ་ཡིན་ཏེ། གསུམ་པོ་ནུས་པ་འཇུག་པའི་ཡུལ་དུ་མི་རུང་བའི་ཕྱིར། རུང་ན་རེག་བྱའི་སྐྱེ་མཆེད་ཅན་དུ་ཐལ་བར་འགྱུར་རོ། །འོ་ན་དེ་དུས་ཀྱི་རྡུལ་ཕྲ་རབ་རེག་བྱ་ཅན་དུ་ཁས་ལེན་པ་མ་ཡིན་ནམ། ཞེ་ན། དེར་ཁས་ལེན་པའི་སྐབས་ཤིག་ཡོད་པ་དེ་ནི་ལུས་ཅན་གྱི་དོན་རེག་བྱ་ཅན་དུ་འཆད་པའི་ཚེ་ཡིན་ལ། རེག་བྱ་ཅན་གང་ཡིན་ལ་རེག་བྱའི་སྐྱེ་མཆེད་ཅན་གྱིས་མ་ཁྱབ་སྟེ། དཔེར་ན་དྲི་ལ་སོགས་པ་བཞིན་ནོ། །དེ་སྐད་དུ་ཡང༌། འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །ཞེས་བཤད་པ་ལྟར་རོ། །ས་སྟོན་སྡེ་པའི་ལུང་གི་དོན་ནི། འཇིག་རྟེན་འདི་ཞིག་པའི་ཚེ་གནས་དེ་རྩོམ་བྱེད་ཀྱི་རྡུལ་མེད་པས་སྡུད་བྱེད་ཀྱི་རླུང་གིས་འཇིག་རྟེན་གྱི་ཁམས་གཞན་ནས་འབྱུང་བ་བཞིའི་རྡུལ་གྱི་ས་བོན་བླངས་ནས་རྩོམ་ཞེས་བྱ་བའི་དོན་ཏེ། དེའི་དུས་ཀྱི་ས་བོན་དེ་ནི་མ་ཞིག་པའི་སྣོད་ཀྱི་འཇིག་རྟེན་གཞན་ནས་ལེན་པའི་དོན་ཏེ། ཞིག་པའི་དབང་དུ་བྱས་ན་ནི་ལེན་པ་རྒྱུ་མེད་པ་ཉིད་དུ་འདྲ་བའི་ཕྱིར། གཉིས་པ་ཐེག་པ་ཆེན་པོ་པའི་ལུགས་ལ། སྣོད་ཀྱི་འཇིག་རྟེན་ཉེར་ལེན་རྡུལ་ཕྲ་རབ་ལས་བྱུང་བ་མ་ཡིན་ཏེ། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རོ། །འོ་ན་དེའི་ཉེ་བར་ལེན་པའི་རྒྱུ་ཅི་ཞེ་ན། སྣོད་ཀྱི་འཇིག་རྟེན་ཞེས་བྱ་བའི་ཐ་སྙད་འཇུག་པའི་གཞི་ནི་གསུམ་སྟེ། ཀུན་བརྟགས་པའི་དང༌། རྣམ་པར་བརྟགས་པའི་དང༌། ཆོས་ཉིད་ཀྱིའོ། །དང་པོ་ནི། ལྡོག་པ་གཞན་སེལ་ལས་མ་འདས་པས་དེའི་སྐྱེད་བྱེད་ཀྱི་རྒྱུ་འཚོལ་བའི་ངལ་བ་མི་དགོས་ལ། གསུམ་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གནས་པས་དེའི་སྐྱེད་བྱེད་ཀྱི་རྒྱུ་དཔྱད་པར་སླ་བ་ཡིན་མོད། འདིར་དཔྱད་པ་སྐབས་སུ་མ་བབ་ལ། དེ་ལྟ་ན་ཡང་གཟུང་འཛིན་གཉིས་ཀྱི་དྲི་མ་རང་སར་དག་པ་ན་འོག་མིན་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ལྷུན་གྱིས་གྲུབ་ཉིད་ཀྱི་ཕྱིར། སྣོད་དེའི་ཉེ་བར་ལེན་པའི་རྒྱུ་ནི་གཉིས་མེད་ཀྱི་ཡེ་ཤེས་ཁོ་ནའོ། །གཉིས་པ་རྣམ་པར་བརྟགས་པའི་སྣོད་ནི་མདོ་སྡེའི་རྒྱན་དུ། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །ཞེས་པའི་གཞུང་གིས་བསྟན་པའི་གནས་སུ་སྣང་བའི་རྣམ་རིག་ཅེས་བྱ་བ་དེ་ཡིན་ལ། དེའི་ཉེར་བར་ལེན་པའི་རྒྱུའམ་རྒྱུའི་རྐྱེན་ནི། ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་གི་སྣོད་དུ་སྣང་བའི་བག་ཆགས་སམ་ས་བོན་ནོ། །བདག་པོའི་རྐྱེན་ནི་བག་ཆགས་དེ་འཇོག་པར་བྱེད་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །བག་ཆགས་དེ་སད་བྱེད་ཀྱི་རྐྱེན་ནི་ཁམས་འོག་མ་གཉིས་ཀྱི་སས་བསྡུས་པའི་སྲེད་པ་སྟེ། ཁམས་འོག་མ་གཉིས་ཀྱི་གནས་དང་ལུས་སུ་སྣང་བའི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེ་འདོད་པ་དང་སྲིད་པའི་འདོད་ཆགས་ཀྱིས་ཡོངས་སུ་བརྟས་ཤིང་སྨིན་པར་བྱས་པ་ལས་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་སྣང་བའི་རྣམ་རིག་འཆར་བའི་ཕྱིར་རོ།། །།སྨྲས་པ། གང་འདིར་ཉན་ཐོས་སྡེ་པའི་དོན་དམ་དཔྱད་བློས་རྣམ་པར་དཔྱད་ན་རྡུལ་ཕྲན་ཡང༌། །རྙེད་པའི་སྐབས་ཡོད་མིན་པར་བཤད་ན་རགས་པའི་ཆོས་རྣམས་སྨོས་ཀྱང་ཅི་འཚལ་བའི། །རྣམ་དཔྱོད་བཟང་པོས་རྣམ་པར་བརྟགས་པའི་སྣོད་དང་བཅུད་ཀྱི་འཇིག་རྟེན་རྣམ་གཞག་པ། །འདི་ཡང་གང་སྣང་སེམས་དང་སྒྱུ་མར་འཆད་པའི་ཐེག་མཆོག་ལམ་དུ་འཇུག་པའི་སྒོ། །ཞེས་ཆོས་མངོན་པ་མཛོད་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་ཞིབ་མོར་བཤད་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་ལས། གནས་གསུམ་པ་འཇིག་རྟེན་བསྟན་པའི་མཛོད་རྣམ་པར་བཤད་པ་ཡིན་ནོ།། །།དེའི་འོག་ཏུ་གནས་བཞི་པ་ལས་བསྟན་པའི་མཛོད་ཀྱི་དཀའ་བའི་གནས་ཞིབ་མོར་བཤད་པ་ལ་གཉིས་ཏེ། ལས་ཀྱི་རང་བཞིན་སྤྱིར་བཤད་པ་དང༌། མདོ་ལས་གསུངས་པའི་ལས་ཀྱི་རྣམ་གྲངས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྔ་ཕྱིའི་འབྲེལ་བཙལ་བ་དང༌། འབྲེལ་པ་ཅན་གྱི་ལས་ཉིད་དངོས་བཟུང་བའོ། །དང་པོ་ནི། གལ་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་སུ་མངོན་པར་བཀྲ་བ་དེ་བྱེད་པ་པོ་ཞིག་གིས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ནམ་ཞེ་ན། ལན་ལ། རྒྱང་འཕན་ནི་རྒྱུ་མེད་དུ་བྱུང་བར་འདོད། གྲངས་ཅན་ནི་གཙོ་བོས་བྱས་པར་འདོད། བྱེ་བྲག་པ་ནི་དབང་ཕྱུག་རྟག་པས་བྱས་པར་འདོད། ཉན་ཐོས་པ་རྡུལ་ཕྲན་གྱིས་བྱས་པར་འདོད། སེམས་ཙམ་པ་སེམས་ཀྱིས་བྱས་པར་འདོད། དབུ་མ་པ་རྟེན་ཅིང་འབྲེལ་པར་བྱུང་བ་ཙམ་དུ་འདོད་དོ། །ཞེས་ཀུན་ལ་གྲགས་མོད། དཔྱིས་ཕྱིན་པའི་བཤད་པ་ནི་འདི་ལྟར་ཡིན་ཏེ། ཕྱི་རོལ་གྱི་དོན་བདེན་གྲུབ་ཁས་ལེན་པ་དང་མི་ལེན་པའི་ཕྱོགས་གཉིས་ལས། དང་པོ་ནི། མུ་སྟེགས་བྱེ་བྲག་པ་དང༌། རང་སྡེ་ཉན་ཐོས་སྡེ་པའོ། །དེ་གཉིས་ཀའི་ལུགས་ལ། སྣོད་ཀྱི་འཇིག་རྟེན་སོགས་རགས་པ་མཐའ་དག་ཉེར་ལེན་རྡུལ་ཕྲ་རབ་ལས་བྱུང་བར་མཚུངས་ཀྱང༌། བྱེད་པ་པོ་དབང་ཕྱུག་རྟག་པའི་བློ་སྔོན་དུ་བཏང་ནས་བྱས་པ་དང༌། བློ་སྔོན་དུ་བཏང་བ་མེད་ཀྱང་བྱེད་པ་པོ་ལས་ཉིད་དུ་འདོད་པ་ཞེས་བྱ་བ་ནི་ཁྱད་པར་རོ། །གཉིས་པ་ལ་གཉིས་ཏེ། སྣང་བ་སེམས་སུ་ཁས་ལེན་པ་དང༌། སྣང་བ་དོན་སེམས་གང་དུ་ཡང་ཁས་མི་ལེན་པའོ། །དང་པོ་ནི། གཞན་སྡེ་གྲངས་ཅན་དང༌། རང་སྡེ་སེམས་ཙམ་པའོ། །དེ་གཉིས་ཀས་ཀྱང་སྣོད་དུ་སྣང་བ་འདི་ནི་སེམས་ཀྱི་སྣང་བ་ཙམ་དུ་ཟད་པའི་ཕྱིར་ཉེར་ལེན་རྡུལ་ལས་སྐྱེ་བ་ནི་མ་ཡིན་ནོ། །ཞེས་བྱ་བ་ཉིད་དུ་འདོད་པར་མཐུན་ནོ། །འོ་ན་ཉེ་བར་ལེན་པའི་རྒྱུ་གང་ལས་སྐྱེ་ཞེ་ན། གྲངས་ཅན་ཕྱི་རོལ་གྱི་དོན་གྱི་སྣང་བ་མཐའ་དག་གཙོ་བོས་བྱས་པར་འདོད་ལ། སེམས་ཙམ་པ་ནི་གཞིའི་སྟེང་གི་བག་ཆགས་ལས་བྱུང་བར་འདོད། དེ་ལྟ་ན་ཡང་བྱེད་པ་པོའི་འདོད་ཚུལ་ནི་མི་མཐུན་ཏེ། སེམས་ཙམ་པས་ནི་བྱེད་པ་པོ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་ཡིན་ལ། གྲངས་ཅན་ནི། གཙོ་བོ་ཉིད་བྱེད་པ་པོ་དང་རྒྱུ་གཉིས་ཀ་ཡིན་པར་འདོད་དོ། །གྲངས་ཅན་གྱིས་སྣང་བ་སེམས་སུ་ཁས་ལེན་ཀྱང༌། ཤེས་པར་འདོད་པ་ནི་མ་ཡིན་ཏེ། བདེ་སོགས་བེམ་པོར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི་ངོ་བོ་ཉིད་མེད་པར་སྨྲ་བ་དག་སྟེ། དོན་དུ་སྣང་བ་ཇི་སྙེད་པ་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཁས་ལེན་པར་བྱེད་ཀྱང༌། དོན་དང་ཤེས་པ་གང་དུ་གྲུབ་དཔྱད་པ་ན་མི་རྙེད་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འདིར་བཅུད་ཀྱི་སེམས་ཅན་ལས་ལས་སྐྱེས་པ་ཡིན་ཞེས་སྟོན་དགོས་པ་ནི་མ་ཡིན་ཏེ། དེ་ནི་གནས་གསུམ་པ་ཉིད་དུ་རྒྱས་པར་བསྟན་ཟིན་པའི་ཕྱིར། གལ་ཏེ། སྣོད་དང་བཅུད་གཉིས་ཀ་ལས་ལས་སྐྱེས་པར་འདྲ་ན། སེམས་ཅན་ཁ་ཅིག་ལུས་ངན་པ་ཅན་སྣོད་བཟང་པོར་སྐྱེས་པ་དང༌། ཁ་ཅིག་སྣོད་ངན་པར་སྐྱེས་ཀྱང་ལུས་བཟང་པོ་དག་དང་ལྡན་པར་མཐོང་བ་ཅི་ཞེ་ན། དེ་ལྟར་སྐྱེས་བ་དེ་ལྷའི་འགྲོ་བ་པ་དག་ལ་ནི་མ་ཡིན་ཏེ། དེ་དག་ནི་ལས་དཀར་པོ་ཁོ་ནའི་མཐུས་སྣོད་བཅུད་གཉིས་ཀ་བཟུང་བའི་ཕྱིར། ངན་སོང་གི་དབང་དུ་བྱས་པ་ཡང་མ་ཡིན་ཏེ། དེ་དག་ནི་ལས་ནག་པོ་ཁོ་ནའི་མཐུས་སྣོད་བཅུད་གཉིས་ཀའི་ལུས་གཟུང་བའི་ཕྱིར། དེས་ན་ལས་འདྲེས་མར་བྱེད་པ་མི་ལྟ་བུའི་དབང་དུ་བྱས་པ་ཡིན་ཏེ། དེ་དག་པའི་ཐུན་མོང་མ་ཡིན་པའི་ལས་དཀར་པོའི་མཐུས་ལུས་བཟང་པོ་དང༌། ཐུན་མོང་གི་ལས་ནག་པོའི་མཐུས་སྣོད་ཀྱི་འཇིག་རྟེན་ངན་པ་དག་འཛིན་པ་ཡིན་ལ། དེ་ལས་བཟློག་སྟེ་འཛིན་པ་དག་ཀྱང་དམིགས་པའི་ཕྱིར་རོ། །དེ་ཡང་ལས་དཀར་པོ་ལྟ་བུ་གཅིག་གི་དབང་དུ་བྱས་ན། ལུས་ནི་རྣམ་སྨིན་གྱི་འབྲས་བུ་དང༌། སྣོད་ནི་བདག་པོའི་འབྲས་བུའོ། །ལས་སོ་སོའི་དབང་དུ་བྱས་ན། སྣོད་བཅུད་བཟང་ངན་མ་མཐུན་པ་དེའི་ཚེ། ལུས་བཟང་པོ་ནི་ལས་དཀར་པོ་ཞིག་གི་རྣམ་སྨིན་དང༌། སྣོད་ངན་པ་ནི་ལས་ནག་པོ་ཞིག་གི་བདག་པོའི་འབྲས་བུའོ། །འོ་ན་ལུས་བཟང་པོ་དེ་འགྲུབ་བྱེད་ཀྱི་ལས་དཀར་པོའི་བདག་པོའི་འབྲས་བུ་དེ་གང་དུ་སོང་བ་ཡིན་ཞེ་ན། དུས་གཞན་ཞིག་ཏུ་སྣོད་ཀྱི་འཇིག་རྟེན་བཟང་པོ་ཞིག་སྐྱེད་པའི་བྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །དུས་དེར་དེ་གཞན་དུ་མི་འགྱུར་བའི་ཤེས་བྱེད་ནི། སྣོད་དེའི་ནང་དུ་སྐྱེས་པའི་སེམས་ཅན་སྤྱི་མཐུན་གྱི་ལས་མི་དགེ་བས་དེར་བསྐྱེད་པའི་གེགས་བྱས་པའོ། །དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་བཟང་པོར་སྐྱེས་པའི་ལུས་ངན་པ་ཅན་འདི་ཡང༌། ལས་དཀར་པོ་དེའི་བདག་འབྲས་གྲུབ་པ་ཡིན་མོད། དེའི་རྣམ་སྨིན་ལུས་སུ་མི་འགྲུབ་པའི་ཤེས་བྱེད་ནི། དེའི་རང་རྒྱུད་ཀྱི་མི་དགེ་བས་དེ་སྐྱེ་བ་ལ་གེགས་བྱས་པའོ། །གཉིས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། ཇི་སྐད་དུ། ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེ་སྐྱེད་ལུས་དང་ངག་གི་ལས། །དེ་དག་རྣམ་རིག་མིན། །ཞེས་བཤད་པ་འདི་ལ། འདིར་བསྟན་ངོས་བཟུང་དང༌། མདོ་སྡེ་པ་སོགས་ཀྱི་ལུགས་དང་མ་འདྲེས་པར་བྱ་བ་གཉིས་སོ། །དང་པོ་ནི། འདིར་སེམས་པ་ཞེས་པ་སེམས་བྱུང་སེམས་པ་ཉིད་ཡིན་ལ། དེ་ཡང་རང་དང་མཚུངས་པར་ལྡན་པའི་སེམས་ཇི་སྙེད་པ་ཡུལ་ལ་གཡོ་བར་བྱེད་པས་ན་ལས་ཞེས་བྱ། ཡིད་ཀྱིས་ཀུན་ནས་བསླངས་པའི་ཆ་ནས་ཡིད་ཀྱི་ལས་ཞེས་བྱའོ། །སྒྲ་བཤད་པ་འདི་ཡང་སེམས་པ་ཡིད་ཀྱི་ལས་སུ་འཇོག་པའི་ཤེས་བྱེད་ཡིན་གྱི། ལུས་ངག་གི་ལས་ལ་ཧ་ཅང་ཐལ་བ་མེད་དེ། འདི་ལ་ནི་ལས་སུ་འཇོག་པའི་ཤེས་བྱེད་ཀྱི་གཏན་ཚིགས་འདི་ལས་གཞན་མེད་ལ། གཞན་གཉིས་པོ་ལ་ནི་ལས་སུ་འཇོག་བྱེད་གཞན་ཡོད་པའི་ཕྱིར། གཞན་དེ་གང་ཞེ་ན། ལུས་ལ་བརྟེན་པའི་བྱ་བ་ཡིན་པས་ན་ལུས་ཀྱི་ལས་དང༌། ངག་གྱི་རང་བཞིན་དུ་གྱུར་པའི་བྱ་བ་ཡིན་པས་ན་ངག་གི་ལས་ཞེས་བྱའོ། །འོ་ན་སེམས་པ་དེས་བྱས་པའི་ལས་གང་ཞེ་ན། དེ་ནི་ལུས་ངག་གི་ལས་གཉིས་ལ་ཟེར་བ་མ་ཡིན་ལ། དེ་ལ་ནི་མདོ་ལས། བསམས་པའི་ལས་ཞེས་ཀྱང་བཤད། སེམས་པ་དེས་བསམ་པ་སྔོན་དུ་སོང་བའི་ཕྱིར། དེས་ལུས་ངག་གི་ལས་སྐྱེད་པའི་དུས་ལ། གཉིས་ཏེ། སྔོན་རྒྱུའི་དུས་དང༌། ཕྱིས་འབྲས་བུ་དང་ལྷན་ཅིག་པའི་དུས་གཉིས་ལས། གཉིས་ཀ་ཡང་སེམས་པའི་ལས་ཞེས་གཅིག་ཏུ་བསྡུད་པ་ཡིན་གྱི། སྡེ་པ་གཞན་དག་གི་འདོད་པ་ལྟར། དེ་དུས་ཀྱི་ཀུན་སློང་དུ་གྱུར་པའི་སེམས་པ་ལ་ལུས་ངག་གི་ལས་ཞེས་འདོགས་པ་ནི་མ་ཡིན་ཏེ། ལུས་ངག་གི་ལས་གཉིས་པོ་དེ་རེ་རེ་ལ་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་འབྱེད་ཅིང༌། ཀུན་སློང་དུ་གྱུར་པའི་སེམས་དེ་དག་གཞན་གྱིས་རིག་པར་བྱར་ཡོད་པ་རིག་བྱེད་དང༌། དེ་མེད་པས་ན་རིག་བྱེད་མ་ཡིན་པ་ཞེས་བྱའོ། །དེའི་ཤེས་བྱེད་ཀྱང༌། རྣམ་པར་རིག་བྱེད་ནི་དེ་དུས་ཀྱི་ཀུན་སློང་གི་གཙོ་བོར་ཀུན་ནས་བསླང་བ་ཡིན་ལ། དེ་ཡང་ཀུན་སློང་དང་མཐུན་པར་སྟོན་པ་ཡིན་ཏེ། དཔེར་ན་ཕྱག་འཚལ་ལོ་སྙམ་པའི་བློ་སྔོན་དུ་བཏང་ནས་ཕྱག་འཚལ་བ་བཞིན་ནོ། །གཉིས་པ་ནི། མདོ་སྡེ་པ་དང་སེམས་ཙམ་པ་དག་གི་ལུགས་ལ་ནི། ལས་གསུམ་ཀའི་ངོ་བོ་ཡང་སེམས་ཉིད་དུ་ཁྱད་པར་མེད་ལ། ལུས་ངག་གི་བྱ་བ་ཀུན་ནས་སློང་བའི་ཆ་ནས་བསམ་པའི་ལས་དང༌། དེ་དག་ཀུན་ནས་མི་སློང་བར་སེམས་པ་རྐྱང་པར་གནས་པའི་ཆ་ནས་སེམས་པའི་ལས་ཞེས་བྱའོ། །འདིར་སློང་མི་སློང་གི་དོན་ཡང་ལུས་ངག་གི་བྱ་བ་དང་ལྷན་ཅིག་ཏུ་འཇུག་པ་ལ་དང་མི་འཇུག་པ་ལ་བྱ་བ་ཡིན་གྱི་སྤྱིར་རྒྱུ་ཡིན་མིན་གྱི་སྒོ་ནས་ནི་མ་ཡིན་ཏེ། སེམས་པའི་ལས་དང་ལུས་ངག་གི་ལས་ཀྱི་བརྒྱུད་པའི་རྒྱུར་ཁས་ལེན་དགོས་པའི་ཆ་ནས་སོ། །དེས་ན་གཉིས་པོའི་ཁྱད་པར་ནི། རྒྱུ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་དང༌། དེ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པའི་སེམས་པའོ། །དེ་རེ་རེ་ལ་ཡང་ལུས་ངག་ཡིད་གསུམ་གྱི་ལས་གསུམ་གསུམ་དུ་འབྱེད་པ་ཡིན་ཏེ། ལུས་ཀྱི་སེམས་པའི་དང༌། ངག་གི་སེམས་པའི་དང༌། ཡིད་ཀྱི་སེམས་པའི་ལས་གསུམ་དང༌། ཡང་ལུས་ཀྱི་བསམ་པའི་དང༌། ངག་གི་བསམ་པའི་དང༌། ཡིད་ཀྱི་བསམ་པའི་ལས་གསུམ་དུ་ཕྱེད་དགོས་པའི་ཕྱིར། ལུས་ངག་གཉིས་པོའི་སེམས་པ་དང་བསམ་པའི་ཁྱད་པར་ནི། ལུས་ངག་གི་བྱ་བ་དེ་ཀུན་ནས་སློང་བྱེད་ཀྱི་སེམས་པ་དང༌། ལུས་ངག་གི་བྱ་བ་དེ་དང་ལྷན་ཅིག་ཏུ་འཇུག་པའི་སེམས་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་ལ། ཡིད་ཀྱི་སེམས་པ་དང་བསམ་པའི་ཁྱད་པར་ཡང༌། ཡིད་ཀྱི་བྱ་བ་དེ་ཉིད་རྒྱུ་དུས་དང་དེ་དུས་ཀྱི་ཁྱད་པར་ལས་རྣམ་པར་བཞག་གོ །མདོར་ན་ལུས་ཀྱི་བྱ་བ་དང་ལྷན་ཅིག་པའི་སེམས་བྱུང་སེམས་པ་དེ་ལུས་ཀྱི་ལས་སུ་གྱུར་པའི་བསམ་པའི་ལས་ཀྱི་མཚན་ཉིད་དང༌། ལུས་ཀྱི་བྱ་བ་དེའི་རྒྱུ་དུས་ཀྱི་ཀུན་སློང་དུ་གྱུར་པའི་སེམས་པ་དེ་ལུས་ཀྱི་ལས་སུ་གྱུར་པའི་སེམས་པའི་ལས་ཀྱི་མཚན་ཉིད་དང༌། དེ་བཞིན་དུ་གཞན་གཉིས་ལའང་སྦྱོར་ཞིང༌། སྤྱིར་ལུས་ཀྱི་བྱ་བ་འཇུག་པའི་སེམས་བྱུང་སེམས་པ་དང༌། དེ་བཞིན་དུ་ངག་གི་དང༌། ཡིད་ཁོ་ནའི་བྱ་བ་འཇུག་པར་བྱེད་པའི་སེམས་པ་དེ་ཡིད་ལས་ཀྱི་མཚན་ཉིད། ཅེས་འཇོག་ལ། དེས་ན་ལས་གསུམ་པོ་ལ་གཞི་མཐུན་མི་སྲིད་ཅིང༌། སེམས་བསམ་གཉིས་ཀྱང་གཞི་མི་མཐུན་ལ། སེམས་པ་དང་གསུམ་པོ་མི་འགལ་ཞིང༌། བསམ་པ་དང་གསུམ་པོ་ལ་གཞི་མཐུན་སྲིད་དོ། །ཞེས་བྱ་བ་འདི་ནི་བྱེ་མདོ་གཉིས་ཀྱི་ཁྱད་པར་གང་ཡིན་ལ། ཐེག་པ་ཆེན་པོ་པ་དག་ཀྱང་ལུགས་ཕྱི་མ་འདི་ཉིད་ཁས་ལེན་ཏེ། གཉིས་པ་ངོས་འཛིན་རྒྱས་པར་བཤད་པ་ལ་གསུམ་སྟེ། རིག་བྱེད་དང༌། རིག་བྱེད་མ་ཡིན་པ་དང༌། དེ་དག་གི་ཁྱད་པར་བཤད་པའོ། །དང་པོ་ལ། དངོས་དང༌། གཞན་གྱི་ལུགས་མི་འཐད་པའོ། །དང་པོ་ནི། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་པའོ། །གལ་ཏེ་འོ་ན་རིག་བྱེད་དང་པོ་ལུས་ཀྱི་དབྱིབས་སུ་འདོད་པ་དེའི་ཚེ། རྣམ་སྨིན་གྱི་ལུས་དང་དངོས་སམ། དེ་ལས་རྫས་ཐ་དད་པ་ཞིག་ཏུ་འདོད། དང་པོ་ལྟར་ན། རིག་བྱེད་དགེ་མི་དགེ་མི་སྲིད་པར་འགྱུར་ཏེ། རྣམ་སྨིན་གྱི་ལུས་ནི་ལུང་མ་བསྟན་ཁོ་ནར་ངེས་པའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ། ལུས་ཅན་གཅིག་གི་གོ་ས་དེ་དང་བོངས་ཚོད་མཉམ་པའི་ལུས་ཅན་རྫས་ཐ་དད་པ་གཉིས་ཤོང་བའི་གོ་སྐབས་མེད་པའི་ཕྱིར་ཞེ་ན། བརྟག་པ་དང་པོ་ཁས་མི་ལེན་ལ། གཉིས་པ་ལྟར་ཁས་ལེན་ཀྱང་ཉེས་པས་མི་གནོད་དེ། ལུས་ཀྱི་རིག་བྱེད་ཀྱི་མཚན་གཞི་ནི། ཕྱག་འཚལ་བ་སོགས་ལུས་ཀྱི་རྣམ་འགྱུར་འདི་ལྟར་བྱའོ། །སྙམ་པའི་ཀུན་སློང་སྔོན་དུ་བཏང་ནས་ཕྱག་འཚལ་བ་ལྟ་བུའི་ལུས་ཀྱི་དབྱིབས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཡོད་པ་མངོན་སུམ་ལ་སྣང་བ་ཞིག་ཡིན་ལ། དེ་གཞིའི་ལུས་ལས་རྫས་ཐ་དད་ཀྱང༌། གཅིག་པ་ལྟ་བུར་སྣང་བའི་དཔེ་ནི། ནགས་ལ་མེ་ཞུགས་པ་ལྟ་བུའོ། །ཉེས་པ་དེས་མི་གནོད་པའི་ཤེས་བྱེད་ནི། རིག་བྱེད་ཀྱི་ལུས་འོད་ལྟར་དུ་དྭང་བའི་ཕྱིར་དང༌། རྣམ་སྨིན་གྱི་ལུས་ནི་གསེབ་དང་བཅས་པའི་ཕྱིར་དང༌། འོ་ན་རྣམ་སྨིན་གྱི་ལུས་ཀྱི་རྟེན་འབྱུང་བ་ལས་ཐ་དད་པའི་འབྱུང་བ་ཞིག་རྣམ་པར་རིག་བྱེད་དེའི་རྒྱུར་དགོས་སམ་མི་དགོས། མི་དགོས་ན་ལུས་རྫས་ཐ་དད་པ་གཉིས་ཡོད་པར་འགལ་ལ། དགོས་ན་ལས་ཀྱི་རིག་བྱེད་དུ་མ་དང་བཅས་པའི་ལུས་དེ་སྔར་ལས་ཆེ་བ་དང་ལྕི་བ་ལ་སོགས་པར་འགྱུར་རོ་ཞེ་ན། རྣམ་སྨིན་གྱི་ལུས་ལས་རྫས་ཐ་དད་པའི་རྒྱུ་མཐུན་གྱི་ལུས་དེའི་རྟེན་འབྱུང་བ་ཡང༌། རྣམ་སྨིན་གྱི་ལུས་ཀྱི་རྟེན་འབྱུང་བ་ལས་རྫས་ཐ་དད་པ་ཞིག་ཁས་ལེན་ཏེ། དེ་མེད་ན་འབྱུང་གྱུར་གྱི་ལུས་རྫས་གཞན་གཉིས་འབྱུང་བའི་ཕྱིར། དེ་ལྟ་ན་ཡང་ཉེས་པ་མི་འཇུག་པའི་རྒྱུ་མཚན་ནི། ལུས་ལ་གསེབ་ཡོད་པའི་ཕྱིར། ཞེས་པ་འདི་ཡིན་ལ། རིག་བྱེད་ཀྱི་རྟེན་འབྱུང་བ་ནི་འོད་ལྟར་དྭང་བ་ཉིད་དུ་ཁས་མི་ལེན་ནོ། །ཕྱག་འཚལ་བ་ལྟ་བུའི་རིག་བྱེད་མངོན་དུ་གྱུར་པ་དེའི་ཚེ། མཆུ་འགུན་པ་དང་ལག་པ་གཡོབ་པ་དང༌། གོམ་སྟབས་འཁྱོར་བ་སོགས་ནི་ཞར་ལ་བྱུང་བ་ཡིན་གྱི། རིག་བྱེད་དངོས་མ་ཡིན་ཏེ། དེའི་ཚེ་ལག་པ་གཡོབ་པར་བྱའོ་སྙམ་པའི་བློ་སྔོན་དུ་བཏང་བ་མེད་པའི་ཕྱིར། འོ་ན་གང་དག་གི་རིག་བྱེད་ཀྱང་ལུས་ཀྱི་རིག་བྱེད་དང་འདྲ་བར། གཞིའི་ངག་སྒྲ་ལས་རྫས་ཐ་དད་པ་ཞིག་ཁས་ལེན་ནམ་ཞེ་ན། དེར་ནི་ཀུན་སློང་སྔོན་དུ་སོང་བའི་ངག་སྒྲ་དེ་ཉིད་ངག་གི་རིག་བྱེད་དངོས་དང༌། ངག་གི་ལས་སུ་ཁས་ལེན་པའི་ཕྱིར་རོ། །འདིར་ནགས་ལ་མེ་ཞུགས་པ་ལྟ་བུའི་ཚུལ་ཁས་ལེན་མི་དགོས་ཏེ། ལུས་ནི་རྣམ་སྨིན་གྱི་ངོ་བོ་ཡིན་པས་དགེ་མི་དགེར་འགྱུར་བ་མེད་ལ། ངག་སྒྲའི་རང་བཞིན་ནི་ཀུན་སློང་གི་དབང་གིས་དགེ་སོགས་གསུམ་ཆར་དུ་རུང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལུས་ཀྱི་རིག་བྱེད་ཀྱི་ངོས་འཛིན་གཞན་དུ་འདོད་པ་དགག དབྱིབས་རྫས་གྲུབ་ལ་རྩོད་པ་སྤངས་པའོ། །དང་པོ་ནི་གནས་མ་བུའི་སྡེ་པ་ན་རེ། ལུས་མ་ཉམས་པར་གཅིག་ནས་གཅིག་ཏུ་འགྲོ་བ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ཏེ། དེ་ཀུན་སློང་གཞན་གྱིས་རིག་པར་བྱར་མེད་པའི་ཕྱིར། དེས་ན་ལུས་གཡོ་བ་ཉིད་རིག་བྱེད་ཡིན་གྱི། མི་གཡོ་བ་ནི་རིག་བྱེད་མ་ཡིན་ཏེ། ཞེས་ཟེར། དེ་འགོག་པ་ལ་གཉིས་ཏེ། རྩ་བའི་རྟགས་དགོད་པ་དང༌། རྟགས་མི་མཐུན་ཕྱོགས་ལ་ཡོད་པ་དགོག་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། འགྲོ་མིན། ཞེས་པ་བསྒྲུབ་པར་བྱ་བའི་ཆོས་སོ། །གཏན་ཚིགས་ནི། འཇིག་ཕྱིར་རོ། །ཞེས་པའོ། །གཉིས་པ་ལ་གཉིས་ཏེ། དམ་བཅའ་དང༌། དེའི་རིགས་པའོ། །དང་པོ་ནི། གང་ཕྱིར་འདུས་བྱས་ནི། སྐད་ཅིག་མ་ཡིན་ཏེ། ཞེས་པའོ། །གཉིས་པ་ལ་གཉིས་ཏེ། འཇིག་པ་རྒྱུ་མེད་ཀྱི་སྒྲུབ་བྱེད་དང༌། རྒྱུ་བཅས་ལ་གནོད་བྱེད་དོ། །དང་པོ་ནི། འདུས་བྱས་དང་སྐད་ཅིག་གི་གཞི་མཐུན་ནི། སེམས་སེམས་བྱུང་དང༌། སྒྲ་དང༌། མེ་ལྕེ་དང༌། གློག་དང༌། འབབ་ཆུ་ལ་སོགས་པ་ལྟ་བུ་སྲིད་ཀྱང༌། མཐར་འཇིག་པ་ལ་སྐད་ཅིག་གིས་འཇིག་པས་མ་ཁྱབ་སྟེ། བུམ་པ་འཇིག་པ་ཐོ་བ་དང༌། ཤིང་འཇིག་པ་མེ་སོགས་ལ་ལྟོས་པའི་ཕྱིར། ཞེ་ན། འདི་ལ་གཉིས་ཏེ། འཇིག་པ་དངོས་མེད་ཡིན་པའི་རྒྱུ་མཚན་གྱིས་རྒྱུ་ལས་མི་སྐྱེ་བར་བསྟན་པ་དང༌། འཇིག་པ་མངོན་སུམ་གྱིས་མི་འགྲུབ་པའི་རྒྱུ་མཚན་གྱིས་རྒྱུ་ལས་མི་སྐྱེ་བར་བསྟན་པའོ། །དང་པོ་ནི། འགྲེལ་པ་ལས། དང་པོ་རྣམས་འཇིག་པ་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱ་བའི་རྒྱུ་ཡིན་ན་འཇིག་པ་ཡང་མེད་པ་ཡིན་པས། མེད་པ་གང་ཡིན་པ་དེ་ལ་ནི་ཅི་ཞིག་བྱར་ཡོད། ཅེས་བཤད་དོ། །གཉིས་པ་ནི། ཡང་འགྲེལ་པ་ཉིད་ལས། དེ་ལྟ་བས་ན་དོན་འདི་ནི་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འདི་ལ་རྗེས་སུ་དཔག་པར་བྱ་བ་གང་ཞེ་ན། རེ་ཤིག་མེད་པ་ནི་བྱ་བ་མ་ཡིན་པའི་ཕྱིར། ཞེས་པ་ནི་བསྟན་ཟིན་ཏོ། །ཞེས་གསུངས། གཉིས་པ་གནོད་བྱེད་ནི། རྒྱུ་མེད་པ་ལ་འགའ་མི་འབྱུང༌། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །ཞེས་པ་འདི་ལ། རྐང་པ་དང་པོའི་དོན་ནི། རྒྱུ་ལ་མ་ལྟོས་པར་འཇིག་པའི་ཆོས་འགའ་ཞིག་ཀྱང་མི་སྲིད་པར་འགྱུར་ཏེ། འདུས་བྱས་རྣམས་འཇིག་པ་རྒྱུ་ལ་ལྟོས་པའི་ཕྱིར། འདོད་ན། གློག་དང༌། སྒྲ་དང༌། མེ་ལྕེ་ལ་སོགས་པ་རྒྱུ་མེད་དུ་འཇིག་པར་མངོན་སུམ་གྱིས་མཐོང་བ་དང་འགལ། རྐང་པ་གཉིས་པའི་དོན་ནི། རྫ་བུམ་སོ་གཏོང་བའི་ཚེ། ཚོས་པ་དང༌། ཆེར་ཚོས་པ་དང༌། ཆེས་ཆེར་ཚོས་པ་གསུམ་རིམ་ཅན་དུ་བྱུང་ན། དམར་པོ་དང༌། སེར་པོ་དང༌། ནག་པོར་འབྱུང་ལ། དེའི་ཚེ་གསུམ་པོ་རིམ་ཅན་དུ་སྐྱེད་བྱེད་ཀྱི་མེ་ལྕེ་དེ་དག་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། རྫ་བུམ་དམར་པོར་སྐྱེད་བྱེད་ཀྱི་མེ་ལྕེ་དེ་ནག་པོར་སྐྱེད་བྱེད་དུ་འགྱུར་ལ། འདོད་པ་དེ་ལྟར་ན། དེ་ཆོས་ཅན། དེའི་དམར་པོ་འཇིག་བྱེད་ཀྱི་རྒྱུར་ཐལ། དེ་ནག་པོར་སྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དམར་པོར་སྐྱེད་བྱེད་ཀྱི་མེ་ལྕེ་དེ་རྒྱུ་ལ་མ་ལྟོས་པར་ཞིག་པ་ཉིད་དུ་འགྱུར་ཏེ། དེའི་དུས་སུ་མེད་པའི་ཕྱིར། ཡོད་ན་རྫས་ཐ་དད་པ་ཉིད་དུ་མི་འགྲུབ་པར་མ་ཟད། དེ་ནག་པོར་སྐྱེད་བྱེད་དུ་ཐལ་བའི་ཉེས་པ་སོ་ན་གནས་ཏེ། ནག་པོར་སྐྱེད་བྱེད་ཀྱི་མེ་ལྕེ་དུས་སུ་དམར་པོར་སྐྱེད་བྱེད་ཀྱི་མེ་ལྕེ་དམིགས་པའི་ཕྱིར། ཞེས་བྱ་བའི་དོན་ཏོ། །སྐབས་འདི་དག་ཏུ། ལུས་མི་རྟག་པར་སྒྲུབ་པ་ལ་འདུས་བྱས་རྟགས་སུ་འགོད་པ་ཡིན་གྱི། དངོས་པོ་ནི་རྟགས་སུ་མི་འགོད་དེ། རང་ལུགས་ལ་ཡང་རྟག་པའི་དངོས་པོ་ཁས་ལེན་པའི་ཕྱིར། ནམ་མཁའ་བཞིན་ནོ། །འོ་ན་ཕྱོགས་ཆོས་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཏེ། འདུས་བྱས་ཀྱི་མཚན་ཉིད་ནི་སྐྱེ་གནས་རྒ་འཇིག་བཞིའི་བདག་ཏུ་འཆད་དགོས་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། མཚན་ཉིད་ངེས་པ་སྔོན་དུ་མ་སོང་བར་མཚོན་བྱ་ངེས་པར་མི་འབྱུང་མོད། འདུས་བྱས་ནི། མཚན་ཉིད་བཞི་པོ་དེའི་མཚན་གཞིར་བཤད་པ་ཡིན་གྱི། མཚོན་བྱར་མི་འཐད་པའི་ཕྱིར། དེ་འདུས་བྱས་ཡིན་པར་གང་གིས་གྲུབ་ཅེ་ན། སྐྱེ་ལྡན་ཡིན་པ་ལྟ་བུའི་རྟགས་ཀྱིས་འགྲུབ་པ་ཡིན་གྱི། མཚན་ཉིད་བཞི་ཀ་རྟགས་སུ་འགོད་དགོས་པ་མ་ཡིན་ཏེ། ཆོས་ཅན་ལུས་ཀྱི་སྟེང་དུ། མཚན་ཉིད་འཇིག་པ་ཞེས་བྱ་བ་དེ་ཉིད་གནས་མ་བུའི་སྡེ་པའི་ངོར་བསྒྲུབ་བྱ་ཡིན་པའི་ཕྱིར། སྐབས་འདིར་རྣམ་བཤད་མཛད་པ་སྔ་མ་རྣམས་ཀྱིས། འཇིག་པ་རྒྱུ་བཅས་ལ་གནོད་བྱེད་དང༌། རྒྱུ་མེད་ཀྱི་སྒྲུབ་བྱེད་འཆད་པ་ན། སྡེ་བདུན་མཛད་པའི་རིགས་པ་དང་མཐུན་པར་བཤད་མོད། དེ་ལྟར་བཤད་ན་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ལ་བཞི་གྲགས་པ་ཡིན་ཏེ། དེར་ནི་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་འཇིག་བྱེད་ཀྱི་རྒྱུ་ཡིན་པར་འཆད་དགོས་ལ། འདིར་ནི་བུམ་པའི་སྐྱེ་བ་ཞེས་བྱའི་ཆོས་རྫས་གཞན་དེས་བུམ་པ་སྐྱེ་བར་བྱེད་པ་ཡིན་གྱི་འཇིག་པར་བྱེད་པ་ནི་མ་ཡིན་པའི་ཕྱིར་དང༌། འཇིག་པ་རྒྱུ་གཞན་ལ་མི་ལྟོས་ན། བུམ་པའི་འཇིག་པ་ཞེས་བྱ་བའི་ཆོས་རྫས་གཞན་དེས་བུམ་པ་འཇིག་པ་ཉིད་དུ་ཁས་ལེན་པ་དང་འགལ་བའི་ཕྱིར། འདིར་བུམ་པའི་འཇིག་པ་སྐྱེད་པར་བྱེད་པ་དང༌། བུམ་པ་འཇིག་པར་བྱེད་པ་ཡང་དོན་གཞན་ཡིན་ཏེ། དང་པོ་ནི་བུམ་པའི་སྐྱེ་བས་བྱེད་ལ། གཉིས་པ་ནི། འཇིག་པའི་འཇིག་པ་ཞེས་བྱ་བ་དེས་བྱེད་པའི་ཕྱིར། འཇིག་པ་རྒྱུ་དོན་གཞན་ལ་མི་ལྟོས་པ་ཞེས་པ་ཡང་འདིར་ཁས་མི་ལེན་ཏེ། འཇིག་པ་དང་འཇིག་པའི་འཇིག་པ་གཉིས་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་ཁས་ལེན་པའི་ཕྱིར་རོ། །དེས་ན་ལུགས་འདིར། བུམ་པ་དང་སྐྱེས་བུའི་ལུས་ལ་སོགས་པའི་འདུས་བྱས་རྣམས་ཆོས་ཅན། རང་གི་ངང་གིས་འཇིག་པ་ཡིན་ཏེ། མཚན་ཉིད་སྐྱེ་སོགས་བཞི་ཚོགས་པའི་དོན་ཡིན་པའི་ཕྱིར། འཇིག་བྱེད་དོན་གཞན་ལ་ལྟོས་ན་རང་གི་ངང་གིས་འཇིག་པ་ཇི་ལྟར་ཞེ་ན། རང་དང་རང་གི་མཚན་ཉིད་བཞི་པོ་དེ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པའི་ཕྱིར། དེས་ན་བུམ་པའི་སྐྱེ་བ་དང་འཇིག་པ་གཉིས་ཀ་ཡང༌། བྱེད་རྒྱུ་དང༌། སྐལ་མཉམ་གྱི་རྒྱུ་ནི་གཅིག་ལས་སྐྱེས་པ་ཡིན་ཏེ། འཇིག་པ་དང༌། རྫ་མཁན། ཐལ་ལུགས་སོགས་ལས་སྐྱེས་པར་འདྲ་བའི་ཕྱིར། ལྷན་ཅིག་འབྱུང་བའི་རྒྱུ་ནི་ཐ་དད་དེ། སྐྱེ་བའི་རྒྱུ་ནི། སྐྱེ་བའི་སྐྱེ་བ་ཞེས་བྱ་བ་ཉིད་ཡིན་ལ། འཇིག་པའི་རྒྱུ་ནི་འཇིག་པའི་འཇིག་པ་ཞེས་བྱ་བ་དེ་ཉིད་ཡིན་པའི་ཕྱིར། དེ་ལྟ་མོད་ཀྱི། བུམ་པ་དང་དེའི་འཇིག་པ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་གྲུབ་པ་ཉིད་ཀྱིས་བུམ་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་གྲུབ་བོ། །སྐབས་འདིར་འཇིག་པ་དངོས་མེད་དུ་བཤད་པའི་དོན་ཅི། དེ་སྒྲ་ཇི་བཞིན་པ་ཡིན་ན་བུམ་པའི་འཇིག་པ་དེ་བུམ་པའི་སྐྱེ་བས་སྐྱེ་བར་བཤད་པ་སོགས་དུ་མ་དང་འགལ་བར་མ་ཟད། འདུས་བྱས་ཀྱི་མཚན་ཉིད་དུ་བཤད་པ་དང་ཡང་འགལ་ཏེ། དངོས་པོར་མེད་ན་འདུས་བྱས་ཀྱི་མཚན་ཉིད་དུ་འགལ་བའི་ཕྱིར། སྙམ་པའི་དོགས་པ་འདི་སྤང་བར་དཀའ་བ་ཡིན་ནོ། །འདི་བརྟག་པར་བྱ་བ་ལ་གཉིས་ཏེ། སྐད་ཅིག་གིས་འཇིག་པ་དངོས་མེད་དུ་འཆད་པའི་གོ་དོན་དང༌། འཇིག་རྒྱུ་དོན་གཞན་གྱིས་ཞིག་པ་དངོས་མེད་དུ་འཆད་པའི་གོ་དོན་ནོ། །དང་པོ་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply