ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས། ཇ ༽

འོ་ན་འདོད་པའི་རྟེན་ལ་གཟུགས་མེད་ནམ་མཁའི་ཉེར་བསྡོགས་ཐོབ་པ་ཤི་འཕོས་ནས་བསམ་གཏན་བཞི་པར་སྐྱེས་པ་དེའི་ཚེ། ནམ་མཁའི་ཉེར་བསྡོགས་ཤི་འཕོས་པས་བཏང་བ་མ་ཡིན་ནམ་ཞེ་ན། དེ་ནི་ཡོངས་སུ་ཉམས་པས་གཏོང་བའི་ནང་དུ་འདུས་ལ། འཆི་འཕོས་པས་གཏོང་བ་འདི་ལ་མེད་དེ། སྦྱོར་ལམ་གཟུགས་མེད་ལ་བརྟེན་པ་མི་སྲིད་པའི་ཕྱིར་རོ། །ས་འཕོ་ཚུལ་གཉིས་པོ་དེ་ལ་གོང་འོག་ཏུ་སྐྱེ་བ་ཞེས་པའི་མིང་འདོགས་པའི་རྒྱུ་མཚན་ནི། ཆགས་བྲལ་བྱེད་པའི་ཚེ་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ལ། དེ་དུས་ཀྱི་ས་གོང་མ་ལ་སྲེད་པ་དང་མཚུངས་པར་ལྡན་པའི་སེམས་པ་དག་ཡིན་ལ། དེ་ནི་ཁམས་གོང་མར་འཕེན་བྱེད་དངོས་ཡིན་པའི་ཕྱིར། ཆགས་བྲལ་ལས་ཉམས་པ་ནི་ས་འོག་མ་ལ་འདུན་པ་དང་ཆགས་པའི་སྲེད་པ་དང༌། དེ་དང་མཚུངས་པར་ལྡན་པའི་སྲེད་པ་ཉིད་ཡིན་ལ། དེ་ནི་ས་འོག་མའི་སྐྱེ་བ་འགྲུབ་བྱེད་དངོས་ཡིན་པའི་ཕྱིར། གསུམ་པ་ཟག་མེད་ཀྱི་གཏོང་ཚུལ་ནི། འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་པ། དགེ་བ་ཟག་མེད་ནི་རྒྱུ་གསུམ་གྱིས་གཏོང་བར་འགྱུར་ཏེ། འབྲས་བུ་ཐོབ་པ་ལས་ནི་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ་སྦྱངས་པ་ལ་ནི་དབང་པོ་རྟུལ་པོའི་ལམ་མོ། །ཡོངས་སུ་ཉམས་པ་ལས་ནི་ལམ་གོང་མ་འབྲས་བུ་ཁྱད་པར་ཅན་ཏེ། རེ་ཤིག་སྡོམ་པ་རྣམས་ནི་དེ་ལྟར་གཏོང་ངོ༌། །ཞེས་གསུངས། དེའི་དོན་ནི། རྒྱུན་ཞུགས་ཞུགས་པས་དེའི་འབྲས་བུ་དང༌། ཕྱིར་འོང་ཞུགས་པས་དེའི་འབྲས་བུ་དང༌། ཕྱིར་མི་འོང་ཞུགས་པ་དང་དགྲ་བཅོམ་ཞུགས་པས་རང་རང་གི་འབྲས་བུ་ཐོབ་པའི་ཚེ་བཏང་བ་ཡིན་ཏེ། ཞུགས་ལམ་ཟག་མེད་བཏང་ནས་འབྲས་བུས་བསྡུས་པའི་དགེ་བ་ཟག་མེད་ཐོབ་པའི་ཕྱིར། འོ་ན་མཐོང་ལམ་ཤེས་པ་བདུན་པོ་ཕྱི་མ་ཕྱི་མ་ཐོབ་པའི་ཚེ་དང༌། ཟག་མེད་ལམ་གྱིས་འདོད་ཉོན་དང་པོ་ནས་ལྔ་པའི་བར་སྤངས་པ་དང༌། ཟག་མེད་ལམ་གྱིས་བསམ་གཏན་དང་པོའི་ཉོན་མོངས་ནས་སྲིད་ཉོན་བརྒྱད་པའི་བར་སྤངས་པའི་ཚེ་ཡང་ཟག་མེད་ལམ་གྱི་དགེ་བ་སྔ་མ་སྔ་མ་བཏང་བར་འགྱུར་ཏེ། དེའི་ཚེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསར་ཐོབ་རེ་རེ་ཡོད་པའི་ཕྱིར། ཞེ་ན། འདོད་པར་ནུས་པ་ཡིན་ཏེ། ཇི་སྐད་དུ། ཟག་མེད་འདོད་ཆགས་བྲལ་བ་ཡིས་ཞེས་འཆད་པའི་ཕྱིར་རོ། །དེ་ལྟ་ཡང༌། མཐོང་ལམ་གྱི་ཤེས་པ་བདུན་པོ་ལ་ནི་མ་ཡིན་ཏེ། ཇི་སྐད་དུ། གཅིག་མིན་མཐོང་ལ་གནས་པ་ནི། །ལྔ་ཡི་བར་དང་ཡང་དག་ལྡན། །ཞེས་བཤད་པས་སོ། །ཡང་ན། ཟག་མེད་འདོད་ཆགས་བྲལ་བ་ཡི། །ཞེས་པ་ཉོན་མོངས་པའི་རྣམ་པ་རེ་རེ་ནས་ཆགས་བྲལ་བྱས་པ་ལ་མི་འཆད་པར། ཁམས་ལ་ཆགས་བྲལ་བྱས་པ་ལ་བཤད་ན། གཟུགས་ལ་ཆགས་བྲལ་གྱི་ཚེ་འབྲས་བུ་བཞིའི་ནང་ཚན་གསར་ཐོབ་མེད་ཀྱང༌། ཡོངས་ཤེས་དྲུག་གི་ནང་ནས་གསར་དུ་ཐོབ་པ་གཅིག་ཡོད་མོད། དེའི་ཚེ་ན་ཡོངས་ཤེས་དང་འབྲས་བུ་གང་ཡང་གཏོང་བ་མེད་དོ། །དེ་བཞིན་དུ་ས་རེ་རེ་ནས་ཆགས་བྲལ་བྱས་པ་དེའི་ཚེ་འབྲས་བུ་གསར་ཐོབ་ཡོད་ཀྱང༌། གཏོགས་པ་ནི་འདོད་ཉོན་དགུ་པ་དང་སྲིད་ཉོན་དགུ་པའི་ཚེའོ། །ཞེས་སོགས་ཞིབ་ཏུ་དཔྱད་པར་བྱའོ། །གཉིས་པ་དབང་པོ་སྦྱངས་པ་ནི། དད་མོས་མཐོང་ཐོབ་ཏུ་འཕོས་པ་དང༌། རྗེས་འབྲང་གཉིས་འཕོས་པ་དང༌། ཟད་ཤེས་ནས་མི་སྐྱེ་བ་ཤེས་པ་ཐོབ་པ་དང༌། དགྲ་བཅོམ་པ་དུས་སྦྱོར་བ་མི་གཡོ་བའི་ཆོས་ཅན་དུ་དབང་པོ་འཕོས་པའི་ཚེ་ལྟ་བུའོ། །གསུམ་པ་ཡོངས་སུ་ཉམས་པས་གཏོང་བ་ནི་གཉིས་ཏེ། ཙམ་ལས་ཉམས་པ་དང༌། ཁྱད་པར་ཅན་ལས་ཉམས་པའོ། །དང་པོ་ནི་དགྲ་བཅོམ་པ་འབྲས་བུ་ལས་ཉམས་པ་རྒྱུན་ཞུགས་ཀྱི་བར་དུ་སོང་བ་ལྟ་བུའོ། །གཉིས་པ་ནི་ཕྱིར་མི་འོང་ཁམས་གོང་མའི་ཆགས་བྲལ་ལས་ཉམས་པ་དང༌། རྒྱུན་ཞུགས་འབྲས་གནས་འདོད་ཉོན་དང་པོ་སོགས་སྤངས་པ་ལས་ཉམས་པ་ལྟ་བུའོ། །སྡོམ་མིན་གྱི་གཏོང་ཚུལ་ནི། སྡོམ་མིན་སྡོམ་པ་ཐོབ་པ་དང༌། །ཞེས་སོགས་ཏེ། འདི་དག་གི་དོན་ལ་བཏགས་པ་ན། ཡིད་ཀྱི་མི་དགེ་བ་གསུམ་ཁས་ལེན་པའི་ངོ་བོར་གྱུར་པའི་སྡོམ་མིན་གྱི་རྣམ་གཞག་ནི་བྱེད་པ་མ་ཡིན་ཏེ། ལུས་ཀྱི་རྗེས་སུ་འབྲང་བར་བཤད་པའི་ཕྱིར་དང༌། སོ་ཐར་གྱི་སྡོམ་པ་ཙམ་གྱིས་སྤོང་བར་བཤད་པའི་ཕྱིར། བར་མའི་གཏོང་ཚུལ་ནི། བར་མ་ཤུགས་བླངས་བྱ་བ་དང༌། །ཞེས་སོགས་ཏེ། འདི་ཡང་ལུས་ཀྱི་རྗེས་སུ་འབྲང་བ་དང༌། རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ངོ་བོར་གྱུར་པ་དག་གི་དབང་དུ་བྱས་པ་ཡིན་གྱི། བར་མ་དགེ་བ་ཐམས་ཅད་ལ་དེས་ཁྱབ་པ་མ་ཡིན་ཏེ། སོ་ཐར་སྡོམ་ལྡན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཞིན་ནོ། །དེ་ལྟར་བསམ་གཏན་དང་ཟག་མེད་ཀྱི་གཏོང་ཚུལ་གྱིས་ནི་མཉམ་པར་གཞག་པའི་ས་པའི་དགེ་བ་ཡིན་མིན་ཐམས་ཅད་ཀྱི་གཏོང་ཚུལ་བཤད་ཟིན་ལ། སོ་ཐར་སྡོམ་པའི་གཏོང་ཚུལ་གྱིས་ནི་འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་གྱི་གཏོང་ཚུལ་བཤད་ཟིན་པ་ཡིན་ཏེ། དེར་རིག་བྱེད་ཀྱི་གཏོང་ཚུལ་མ་བཤད་ཀྱང༌། ཅིག་ཤོས་བཤད་པས་དོན་གྱི་གོ་བ་དང༌། བར་མའི་རིག་བྱེད་ལ་ནི་ཐོབ་པའི་རྒྱུན་རྗེས་སུ་འབྲེལ་བ་མེད་པས་འདས་པ་དང་ལྡན་པ་མེད་ཀྱང༌། བྱེད་པ་དག་ལ་ད་ལྟར་ལྡན། །ཞེས་བཤད་པ་ཉིད་ཀྱིས་ཆོག་གོ །དེ་ལྟར་བཤད་པ་དེའི་ཚེ་འོ་ན་འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མ་ཡིན་པ་དག་གི་གཏོང་ཚུལ་ཇི་ལྟ་བུ་ཞེ་ན། འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། །ཞེས་པ། དགེ་བའི་རྩ་བ་ཆད་པ་དང༌། ཁམས་གོང་མར་སྐྱེས་པ་གཉིས་ཀྱིས་གཏོང་བ་དང༌། གཉིས་པོ་དེ་ཁོ་ནར་མ་ཟད། འདོད་ཆགས་དང་བྲལ་བས་ཀྱང་ཁ་ཅིག་གཏོང་བར་ཡོད་དེ། ཡིད་མི་བདེ་བའི་དབང་པོ་དགེ་བའི་ངོ་བོར་སྐྱེས་པ་གང་ཡིན་པ་དེའོ། །འདི་ལ་གོང་མར་ས་འཕོས་པ་ཙམ་གྱིས་མི་ཆོག་པར། གོང་དུ་སྐྱེས་པ་ངེས་པར་དགོས་པ་ཅི་ཞེ་ན། དེའི་ཤེས་བྱེད་ནི་སོ་ཐར་གྱི་སྡོམ་པ་དང་ལྷན་ཅིག་ཏུ་ཐོབ་པའི་སེམས་པ་ལྟ་བུ་ནི་ཤི་འཕོས་པས་གཏོང་བ་ཡིན་གྱི། ས་འཕོས་པ་ཙམ་གྱིས་མ་ཡིན་པའི་ཕྱིར། འོ་ན་འདོད་པར་གཏོགས་པའི་ཉོན་མོངས་པ་ཅན་གཟུགས་ཅན་རྣམས་ཀྱི་གཏོང་ཚུལ་ནི། སྡོམ་མིན་དང་བར་མ་དགེ་བའི་གཏོང་ཚུལ་གྱིས་རྟོགས་ནུས་ན། གཟུགས་ཅན་མ་ཡིན་པའི་གཏོང་ཚུལ་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་ཅན་གཟུགས་མིན་ནི། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཞེས་པའོ། །བདུན་པ་རྟེན་གྱི་ཁྱད་པར་ནི། ཟ་མ་མ་ནིང་སྒྲ་མི་སྙན། །ཞེས་སོགས་ཏེ། གཟུགས་མེད་པའི་ཁམས་ནའང་ལུས་ངག་གི་ལས་ལྡན་པ་ནི་ཡིན་ཏེ། ཟག་མེད་ཀྱི་སྡོམ་པ་དང་ལྡན་པའི་ཕྱིར། གཉིས་པ་མདོ་ལས་གསུངས་པའི་ལས་ཀྱི་རྣམ་གྲངས་བསྟན་པ་ལ། དོན་ཚན་རྣམ་པ་བཅོ་ལྔ་བཤད་པ་ཡིན་ཏེ། ལས་གསུམ་ཚན་དུ་དབྱེ་བ་དང༌། མྱོང་འགྱུར་གྱི་དབྱེ་བ་དང༌། དཀར་ནག་ལ་སོགས་པ་བཞིར་དབྱེ་བ་དང༌། ཐུབ་པ་དང་གཙང་བྱེད་ཀྱི་དབྱེ་བ་དང༌། ཉེས་སྤྱད་ལེགས་སྤྱད་ཀྱི་དབྱེ་བ་དང༌། དགེ་མི་དགེ་བཅུར་དབྱེ་བ་དང༌། ལས་འབྲས་བུ་དང་བཅས་པར་དབྱེ་བ་དང༌། རིགས་མི་རིགས་ཀྱིས་བསྐྱེད་པའི་དབྱེ་བ་དང༌། འཕེན་རྫོགས་ཀྱི་དབྱེ་བ་དང༌། སྒྲིབ་པ་གསུམ་བཤད་པ་དང༌། མཚམས་མེད་ལྔ་བཤད་པ་དང༌། ཉེ་བ་ལྔ་བཤད་པ་དང༌། བསོད་ནམས་བྱ་བའི་གཞི་གསུམ་བཤད་པ་དང༌། ཆ་མཐུན་གསུམ་བཤད་པ་དང༌། རིགས་པས་རབ་ཏུ་གཅུགས་པའི་ལས་གསུམ་བཤད་པ་རྣམས་སོ། །དང་པོ་ནི། མདོ་ལས་དགེ་མི་དགེ་སོགས་གསུངས་པ་དེའི་ངོ་བོ་གང་ཡིན་ཞེ་ན། ལས་བདེ་མི་བདེ་དང་གཞན་ནི། །དགེ་དང་མི་དགེ་དང་གཞན་ཡིན། །ཞེས་པ། འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་སྟེ། ཇི་སྐད་དུ། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར། ཞེས་པའི་བཤད་པའི་ཕྱིར། སྙམ་ན། འདིར་བཤད་པའི་བདེ་བ་དང༌། འོག་ནས་འབྱུང་བའི་བདེ་བ་མིང་འདྲ་ཡང༌། དོན་གྱི་ངོས་འཛིན་ཚུལ་མི་འདྲ་བ་ཡིན་ཏེ། མཚན་ཉིད་འཇོག་ཚུལ་མི་མཐུན། ཐ་སྙད་འདོགས་ཚུལ་ཡང་མི་མཐུན་པའི་ཕྱིར། དེ་ཡང་འདིར་ནི་ཟག་བཅས་ཀྱི་བདེ་བ་དང་ཟག་མེད་ཀྱི་བདེ་བ་གཉིས་ཀའི་དབང་དུ་བྱས་ལ། དང་པོ་ཉིད་ཀྱང་ཚོར་བ་ཁོ་ནར་མ་ངེས་ཤིང༌། འོག་ནས་འབྱུང་བའི་བདེ་སྡུག་བཏང་སྙོམས་གསུམ་ཀ་ཚོར་བའི་དབང་དུ་བྱས་པ་ལས་དང༌། ཐ་སྙད་ཀྱང་འདིར་ནི་ལས་བདེ་བ་དང་ལས་མི་བདེ་བ་དང༌། དེ་ལས་གཞན་པའི་ལས་ཞེས་ཟེར་བ་ཡིན་ལ། དེའི་དོན་ཡང༌། གནས་སྐབས་དང་གཏན་དུ་སྡུག་བསྔལ་ལས་སྐྱོབ་པ་དང༌། རེ་ཤིག་དང་གཏན་གྱི་བདེ་བ་ལ་མི་སླུ་བའི་ཕྱིར་ན་ལས་བདེ་བ་ཞེས་དང༌། དེ་ལས་ཟློག་པའི་ཕྱིར་ན་ལས་མ་བདེ་བ་དང༌། གཉིས་པོ་གང་རུང་མ་ཡིན་པའི་བྱ་བ་ལ། ལས་ལུང་མ་བསྟན་ཞེས་བྱ་བ་དང༌། འོག་ཏུ་ནི་བདེ་བ་མྱོང་འགྱུར་དང༌། སྡུག་བསྔལ་དང་བཏང་སྙོམས་མྱོང་གྱུར་གྱི་ལས་ཞེས་བྱ་བའི་ཐ་སྙད་བཏགས་པའོ། །དེ་ནས་གསུམ་ཚན་གཉིས་པ་ནི། ཇི་སྐད་དུ། བསོད་ནམས་བསོད་ནམས་མིན་མི་གཡོ། །ཞེས་པར་མི་གཡོ་བའི་དོན་ནི། ཇི་སྐད་དུ། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་པ་ཡིན་ལ། དེའི་གོ་དོན་ནི། འདོད་པ་ན་སྤྱོད་པའི་དག་པ་རྣམས་ལས་ཁ་ཅིག་མཐོ་རིས་ཀྱི་རྟེན་ལ་སྨིན་རྒྱུ་ཡིན་ལ། རྐྱེན་གྱི་དབང་གིས་དུད་འགྲོའི་རྟེན་ལ་སྨིན་པ་ལྟ་བུ་སྲིད་པས་ན་འགྲོ་བ་གཞན་དུ་གཡོ་བ་ཞེས་བྱ་ལ། ཁམས་གོང་མ་ན་དཔྱོད་པའི་ལས་དགེ་བ་ནི་འགྲོ་བ་གཞན་ལྟ་ཅི་སྨོས། ས་གཞན་དུ་གཡོ་བ་ཡང་མི་སྲིད་དེ། དཔེར་ན་བསམ་གཏན་དང་པོར་སྨིན་རྒྱུའི་ལས་དེའི་འབྲས་བུ་བསམ་གཏན་གཉིས་པར་སྨིན་པ་མི་སྲིད་པ་དང༌། གོང་སའི་རྟེན་ལ་སྨིན་རྒྱུ་དེ་འོག་མའི་རྟེན་ལ་སྨིན་པ་མི་སྲིད་པའི་ཕྱིར། འོ་ན་འདོད་པར་ཡང་མཚུངས་ཏེ། དེར་ས་ཐ་དད་པ་མེད་པའི་ཕྱིར། ཞེ་ན། དེར་ས་ཐ་དད་པ་མེད་ཀྱང་འགྲོ་བ་ཐ་དད་ཡོད་ལ། ཁམས་གོང་མ་བ་དག་ནི་འགྲོ་བ་གཅིག་ཏུ་ངེས་པ་ཉིད་ཀྱི་ཕྱིར་མི་མཚུངས་སོ། །འདི་ཡང་འདོད་པའི་ལྷར་འཕེན་བྱེད་ཀྱི་ལས་ཤིག་དུད་འགྲོར་འཕེན་བྱེད་ཀྱི་ལས་སུ་སོང་བ་ལྟ་བུར་ནི་འཆད་པ་མ་ཡིན་ཏེ། བདེ་བ་མྱོང་འགྱུར་གྱི་ལས་སྡུག་བསྔལ་མྱོང་འགྱུར་གྱི་ལས་སུ་འགྲོ་བ་མི་སྲིད་པའི་ཕྱིར། འོ་ན་ཅི་ཞེ་ན། ལྷའི་རྟེན་ལ་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྨིན་རྒྱུའི་དགེ་བའི་ལས་དེའི་འབྲས་བུ་ལུས་དང་ལོངས་སྤྱོད་ཕན་སུམ་ཚོགས་པ་དུད་འགྲོའི་རྟེན་ལ་འབྱུང་བ་ལྟ་བུའོ། །དེ་ཡང་དཔེར་ན། སྦྱིན་པའི་རྒྱུ་མཐུན་གྱི་འབྲས་བུ་ལོངས་སྤྱོད་དེ། བདེ་འགྲོ་འཕེན་བྱེད་ཀྱི་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་མཉམ་དུ་ཚོགས་ན་བདེ་འགྲོའི་རྟེན་ལ་འབྱུང་རྒྱུ་ཡིན་ཀྱང༌། དེ་དང་བྲལ་བའི་རྟེན་གྱིས་དུད་འགྲོའི་རྟེན་ལ་འབྱུང་བ་ལྟ་བུའོ། །དེས་ན་ལས་དགེ་བ་དེའི་རྒྱུ་མཐུན་གྱི་འབྲས་བུ་གཞན་དུ་མི་གཡོ་བས་ན་མི་གཡོ་བ་ཞེས་བྱ་བ་ཡིན་གྱི། རྣམ་པར་སྨིན་པ་མི་གཡོ་བའི་དོན་གྱིས་དེར་གཞག་པ་ནི་མ་ཡིན་ཏེ། རྣམ་སྨིན་ནི་འདོད་པའི་ཁམས་སུ་ཡང་མི་གཡོ་བའི་ཕྱིར། དཔེར་ན་མིར་འཕེན་བྱེད་ཀྱི་ལས་དེ་དུད་འགྲོར་འཕེན་བྱེད་ཀྱི་ལས་སུ་འགྱུར་མི་སྲིད་པ་བཞིན་ནོ། །དེའི་འོག་ཏུ་ལས་གསུམ་ཚན་གསུམ་པ་ནི། ཇི་སྐད་དུ། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར། ཞེས་སོགས་སུ་བདེ་བ་མྱོང་འགྱུར་སོགས་གསུམ་པོ་སྤྱིར་རྣམ་སྨིན་ཙམ་གྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། །ཞེས་འབྱུང་བ་ལྟར་བཅུ་གཉིས་པོ་དེ་དག་ལ་ཡང་རྣམ་པར་སྨིན་པ་ཡོད་པའི་ཕྱིར། དེ་ལྟར་རྣམ་སྨིན་ཙམ་གྱི་དབང་དུ་བྱས་ན་ནི། བསམ་གཏན་བཞི་པ་ནས་སྲིད་རྩེའི་བར་གྱི་དགེ་བ་དག་ཀྱང་འབྲས་བུ་བདེ་བ་དང་བཅས་པ་ཡིན་མོད། དེ་ལྟ་ན་ཡང་བདེ་བ་མྱོང་འགྱུར་ཞེས་ནི་མི་བྱ་སྟེ། མྱོང་འགྱུར་ནི་ཚོར་བའི་ཁྱད་ཆོས་སུ་དམིགས་པའི་ཕྱིར། ཡང༌། ཇི་སྐད་དུ། འོག་ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ། ཞེས་པ་འདི་གཞན་གྱི་ལུགས་ཏེ། རང་གི་ལུགས་ལ་ནི། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་ཚོར་བ་བཏང་སྙོམས་དེ། བསམ་གཏན་དང་པོར་འཕེན་བྱེད་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་མ་ཡིན་གྱི། རྒྱུ་མཐུན་གྱི་འབྲས་བུ་ཁོ་ནའོ། །དེ་ལྟར་ན་ཡང་དེར་དེའི་རྣམ་སྨིན་མེད་པར་མི་འགྱུར་ཏེ། རྣམ་སྨིན་ནི་ཚོར་བ་ཁོ་ནར་མ་ངེས་པའི་ཕྱིར་རོ། །འོ་ན། ཇི་སྐད་དུ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །ཅེས་བཤད་པ་དང་འགལ་ལོ་སྙམ་ན། མ་ཡིན་ཏེ། དེ་འདྲ་དེའི་རྣམ་སྨིན་དེར་ངེས་ཀྱང༌། འབྲས་བུ་སྐྱེ་བའི་ས་པས་བསྡུས་པའི་བསམ་གཏན་ཁྱད་པར་ཅན་དེ་ཁོ་ནར་འཕེན་བྱེད་ཀྱི་ལས་ནི་ཡོད་པ་མ་ཡིན་ཏེ། དེ་ན་ཚོར་བ་བདེ་སྡུག་མེད་པའི་ཕྱིར། འོ་ན་འགྲེལ་པར། རྣམ་པར་རྟོག་པ་མེད་པའི་ལས་ནི་བསམ་གཏན་ཁྱད་པར་ཅན་ནས་སྲིད་པའི་རྩེ་མོའི་བར་དག་ན་ཡོད་དེ། དེའི་རྣམ་པར་སྨིན་པ་ནི་སེམས་ཀྱི་ཚོར་བ་ཁོ་ནའོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རྒྱུ་སྙོམས་འཇུག་ལ་དགོངས་པ་ཡིན་གྱི་འབྲས་བུ་སྐྱེ་བ་ལ་བསམ་པ་མ་ཡིན་པས་ན་ཉེས་པ་མེད་དོ། །འོ་ན་འབྲས་བུ་སྐྱེ་བའི་བསམ་གཏན་ཁྱད་པར་ཅན་དེ་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོར་སྐྱེས་པའི་ལྷ་རེས་འགའ་ཚོར་བ་བདེ་བས་སྐྱོ་ནས་ཚོར་བ་བཏང་སྙོམས་ལ་ཞུགས་པ་དེའི་ཚེ་ལྟ་བུ་ཡིན་ལ། དུས་དེར་བཏང་སྙོམས་ནི་ཉེར་བསྡོགས་ཀྱི་ཚོར་བ་ཡིན་པར་བཤད་པས་ན་བསམ་གཏན་དང་པོ་གཉིས་ཀ་ལ་འབྲས་བུ་སྐྱེ་བའི་བསམ་གཏན་ཁྱད་ཅན་ཡོད་པར་གྲུབ་ཅིང༌། རྒྱུ་སྙོམས་འཇུག་གི་ཚེ་ནི་བསམ་གཏན་གཉིས་པ་ཡན་ཆད་ལ་ཙམ་ཁྱད་གཉིས་སུ་དབྱེ་བ་མེད་ཅིང༌། དང་པོའི་དངོས་གཞི་ཙམ་པོ་ལ་ལྟོས་ནས་ནི་ཕྱི་མ་ཐམས་ཅད་ཁྱད་པར་ཅན་ནོ། །ཡང་ཇི་སྐད་དུ། སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཞེས་པ་མྱོང་འགྱུར་གྱི་ལས་གསུམ་པོ་དེའི་རྣམ་སྨིན་དུ་གྱུར་པའི་ཚོར་བ་ནི་རྒྱུ་གཅིག་ལ་ཅིག་ཆར་དུ་སྨིན་པ་མེད་པར་གོང་དུ་བཤད་ཟིན་པ་དེ་ཉིད་ཀྱིས་གྲུབ་ན། གསུམ་པོའི་རྣམ་སྨིན་ཙམ་རྒྱུད་གཅིག་ལ་ཅིག་ཆར་དུ་སྨིན་པ་མེད་དམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། བདེ་འགྲོའི་རྟེན་ལ་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་པ་ནི་བདེ་བ་མྱོང་འགྱུར་གྱི་དང༌། རྟེན་དེ་ལ་ལུས་ཚོར་སྡུག་བསྔལ་ནི་སྡུག་བསྔལ་མྱོང་འགྱུར་གྱི་དང༌། སྲོག་གི་དབང་པོ་ནི་བཏང་སྙོམས་མྱོང་འགྱུར་གྱི་རྣམ་སྨིན་ཡིན་ལ། ཡང་ངན་འགྲོའི་རྟེན་ལ་ནི་ལུས་ཚོར་བདེ་བ་དག་བདེ་བ་མྱོང་འགྱུར་གྱི་དང༌། དབང་པོ་གཟུགས་ཅན་པ་དག་སྡུག་བསྔལ་མྱོང་འགྱུར་གྱི་དང༌། སྲོག་གི་དབང་པོ་ནི་བཏང་སྙོམས་མྱོང་འགྱུར་གྱི་རྣམ་པར་སྨིན་པ་ཡིན་པས་སོ། །དེ་ལྟར་བཤད་པ་ན། ངན་འགྲོའི་རྟེན་ལ་དགེ་བའི་རྣམ་སྨིན་དང༌། བདེ་འགྲོའི་རྟེན་ལ་མི་དགེ་བའི་རྣམ་སྨིན་ཡོད་པ་གཅིག་བཤད་ལ། དེ་ལྟར་བཤད་པ་འདི་མངོན་པ་གོང་མ་དང་མི་མཐུན་ནོ། །འོ་ན་འདོད་ཁམས་གཞིར་བྱས་ཀྱི་བཏང་སྙོམས་མྱོང་འགྱུར་གྱི་ལས་ལ་འཆད་པ་དེ་ལུང་མ་བསྟན་ཉིད་དུ་ཐལ་བར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་ནི་བདེ་སྡུག་མྱོང་འགྱུར་དུ་གཞག་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ལུང་མ་བསྟན་གྱི་འབྲས་བུ་རྣམ་སྨིན་སྲིད་པ་མ་ཡིན་པའི་ཕྱིར་རོ། །ཞེ་ན། དེའི་ལན་ནི། འགྲེལ་པར། ད་ནི་ཅི་ལས་དེ་དགེ་བ་ཡིན་ནམ་མི་དགེ་བ་ཡིན་ཞེ་ན། དགེ་བ་སྟེ་སྟོབས་ཆུང་ངུ་ནི་ཡིན་ནོ། །ཞེས་བཤད་འོ་ན། བསམ་གཏན་གསུམ་པའི་བར་དགེ་བ། །ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་ནོ། །ཞེས་བཤད། དེ་ལྟར་འཆད་པ་འདི་ཡང་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས་བཤད་པ་ཡིན་མོད། གྲུབ་པའི་མཐའ་ལ་ཇི་བཞིན་མ་འགྲིགས་པས། སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཞེས་པ་འདི་ནི་ཞར་ལས་བྱུང་བ་ཙམ་དུ་བརྟགས་པར་བྱའོ། །གཉིས་པ་མྱོང་འགྱུར་གྱི་དབྱེ་བ་འཆད་པའི་སྐབས་སུ། ངོ་བོ་ཉིད་དང་མཚུངས་ལྡན་དང༌། །ཞེས་སོགས་སུ། རྒྱུ་ལས་འབྲས་བུ་མྱོང་བའི་མིང་གིས་བཏགས་ནས། བདེ་བ་མྱོང་འགྱུར་སོགས་གསུམ་བཤད་ཅིང༌། དེ་རེ་རེ་ལ་མྱོང་བར་ངེས་པ་དང་མ་ངེས་པ་གཉིས་སུ་ཕྱེ་ནས། དང་པོ་ལ་མཐོང་བའི་ཆོས་ལ་མྱོང་འགྱུར་སོགས་གསུམ་དུ་ཕྱེ་ནས་ལས་བཞིར་འཇོག་པའི་ལུགས་གཅིག་དང༌། མ་ངེས་པ་ལའང༌། རྣམ་པར་སྨིན་པ་ངེས་མ་ངེས་གཉིས་སུ་ཕྱེ་ནས་དབྱེ་བ་ལྔར་འཆད་པའི་ལུགས་དང༌། རྣམ་སྨིན་དང་གནས་སྐབས་ལ་མུ་བཞིར་འབྱེད་པའི་ལུགས་ཏེ་གསུམ་གསུངས་པ་དེ་དག་ལས། དང་པོ་ངེས་མ་ངེས་སུ་འཇོག་པ་ནི་གནས་སྐབས་དབང་བཙན་པར་བྱ་བ་ཡིན་ཏེ། མཐོང་ཆོས་སོགས་གསུམ་པོ་ནི་གནས་སྐབས་ཀྱི་དབང་དུ་བྱས་པར་གསལ་བའི་ཕྱིར་དང༌། མ་ངེས་པའི་ལས་ལའང་རྣམ་སྨིན་ངེས་པ་ཞིག་ནི་བཤད་པའི་ཕྱིར། དེ་ལྟར་ན། མཐོང་ཆོས་ལ་མྱོང་འགྱུར་སོགས་གསུམ་པོ་གང་རུང་ཡིན་ན་གནས་སྐབས་ངེས་པས་ཁྱབ་ལ། རྣམ་སྨིན་ནི་ངེས་པས་མ་ཁྱབ་པས་ན་མུ་གསུམ་མོ། །དེ་ཡང་རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ་ནི་མ་ངེས་པའི་ལས་ཀྱི་དབྱེ་བར་བཤད་པ་དེ་ལས་རྟོགས་པ་དང༌། གཉིས་ཀ་མ་ངེས་པའང་དེ་ཉིད་ལས་རྟོགས་པ་དང༌། གཉིས་ཀ་ངེས་པ་ནི་མྱོང་འགྱུར་གསུམ་ལས་གོ་ནུས་ཏེ། གནས་སྐབས་ངེས་ན་རྣམ་སྨིན་མ་ངེས་པར་འགལ་བའི་ཕྱིར་རོ། །དེ་ལྟར་ན་མུ་བཞི་པ་ནི་རང་ལུགས་ལ་མི་འདོད་པར་མངོན་ནོ། །གཞན་དག་མུ་ནི་བཞི་ཞེས་ཟེར། །ཞེས་པར་མུ་བཞི་བརྩི་བ་འདི་ནི་དཔེས་སྟོན་པ་དག་གི་ལུགས་ཏེ། འདིའི་ལྟར་ན་ངེས་མ་ངེས་ཀྱི་འཇོག་མཚམས་ནི་རྣམ་སྨིན་ངེས་པ་དང་མ་ངེས་པ་ཡིན་ལ། དང་པོ་ལ། མཐོང་ཆོས་ལ་མྱོང་འགྱུར་སོགས་གསུམ་དུ་འབྱེད་ཅིང་དེ་དག་ལའང་མཐོང་ཆོས་པ་དང༌། སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་བར་ངེས་པ་དང་མ་ངེས་པ་གསུམ་དུ་ཕྱེ་བས་དྲུག མ་ངེས་པ་ལའང་རྣམ་སྨིན་དང་གནས་སྐབས་གཉིས་ཀ་མ་ངེས་པ་དང༌། གང་རུང་གཅིག་མ་ངེས་པ་ལས་བརྒྱད་དུ་ཕྱེ་བ་སྟེ། དེ་ལྟར་ཕྱེ་བ་ལས་མུ་བཞི་རྟོགས་པར་འགྱུར་རོ། །ལུགས་འདིར་གནས་སྐབས་ངེས་ལ་རྣམ་སྨིན་མ་ངེས་པ་ནི། རྣམ་སྨིན་དེ་འདྲ་ཞིག་མྱོང་ཕྱིན་ཆད་མཐོང་ཆོས་ཁོ་ན་ལ་མྱོང་གི དེར་མ་མྱོང་ན་སྤྱིར་མི་མྱོང་བ་སྟེ། དཔེར་ན་རྒྱུན་ཞུགས་མཐོང་ཆོས་བཞིའི་རྒྱུད་ལ་ཡོད་པའི་འདོད་པར་འཕེན་བྱེད་ཀྱི་ལས་ལྟ་བུའོ། །འཇིག་རྟེན་གྲགས་པའི་དཔེ་ནི། བདག་པོ་ཐག་རིང་པོ་ན་གནས་པའི་བུ་ལོན་ཞིག་འཇལ་ན་དེ་རིང་རང་འཇལ་དགོས་ཀྱི། དེར་མ་བཞལ་ན་སྤྱིར་ཡང་འཇལ་མི་དགོས་པ་ལྟ་བུའོ། །འདི་ནི་རང་ལུགས་ཀྱི་བྱེ་སྨྲའི་གྲུབ་མཐའ་ལ་མི་འདོད་དེ། མྱོང་འགྱུར་གྱི་ལས་གཞན་གཉིས་ཀྱི་རྣམ་སྨིན་མཐོང་ཆོས་ལ་མྱོང་འགྱུར་དུ་སྒྱུར་བ་གཅིག་སྲིད་ཕྱིན་ཆད། རྣམ་སྨིན་ངེས་པའི་ལས་ཤིག་དེར་བྱེད་པས་ཁྱབ་པར་འདོད་པའི་ཕྱིར་ཏེ། རྣམ་སྨིན་ངེས་པ་གང་ཡིན་པའོ། །ཞེས་བཤད་པས་སོ། །ཡང་གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཐམས་ཅད་ན་ནི་འཕེན་པ་བཞི། །ཞེས་པར། མཐོང་ཆོས་ལ་མྱོང་འགྱུར་གྱིས་སྤྱིར་རྣམ་སྨིན་འཕེན་ཀྱང༌། བདེ་འགྲོའི་སྲོག་གི་དབང་པོ་ནི་འཕེན་པར་མི་བྱེད་དེ། ལས་གཞན་གྱིས་འཕངས་ཟིན་པའི་རིགས་མཐུན་ཅན་གྱི་རྟེན་ལ་ལས་དེའི་རྣམ་སྨིན་ངེས་པར་མྱོང་དགོས་པའི་ཕྱིར། ཅི་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་མི་དགེ་བས་རྣམ་སྨིན་མི་འབྱིན་པའམ། བདེ་འགྲོའི་རྟེན་ལ་སྨིན་པ་གཉིས་ལས་གང་ཞེ་ན། ཕྱི་མ་ལྟར་ཡིན་ཏེ། ཇི་སྐད་དུ། ཐམས་ཅད་བདག་པོ་རྒྱུ་མཐུན་དང༌། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས། དེས་རྣམ་སྨིན་འབྱིན་པར་ནི་བཤད་ལ། མཐོང་ཆོས་ལ་མྱོང་འགྱུར་གྱི་རྣམ་སྨིན་གྱི་གཙོ་བོ་ཚེ་ཕྱི་མ་ལ་སྨིན་པར་འདོད་པ་ནི་སྡེ་པ་གཞན་དག་གི་འདོད་པ་ཡིན་གྱི། བྱེ་བྲག་ཏུ་སྨྲ་བས་མི་འདོད་པའི་ཕྱིར། འགྲེལ་པ་ལས། གཞན་དག་ན་རེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཚེ་རབས་གཞན་དག་ན་ཡང་ཡོད་མོད་ཀྱི། རྩོམ་པའི་དབང་གིས་མིང་དེ་རྣམ་པར་གཞག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་མི་འདོད་དོ། །ཞེས་བཤད་པས་སོ། །དེ་ཡང་ཞིབ་མོར་ན། ལས་དེའི་རྣམ་པར་སྨིན་པ་བདེ་འགྲོའི་རྟེན་ལ་སྨིན་ནོ་ཞེས་པ་དེ་ནི་རྣམ་སྨིན་དངོས་མ་ཡིན་ཏེ། མི་དགེ་བའི་རྣམ་སྨིན་ངན་འགྲོའི་རྟེན་ལ་སྨིན་རྒྱུ་དེ་བདེ་འགྲོའི་རྟེན་ལ་རྒྱུ་མཐུན་གྱི་འབྲས་བུར་སྨིན་པའི་ཕྱིར། ཇི་སྐད་དུ། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པའོ། །ཞེས་བཤད་པ་བཞིན་ནོ། །འོ་ན་ལས་སྟོབས་ཆེ་བའི་འབྲས་བུ་སྟོབས་ཆུང་བར་འགྱུར་བ་མ་ཡིན་ནམ། ཞེ་ན། ཉེས་པ་མེད་དེ། བདེ་འགྲོའི་རྟེན་ལ་ངན་འགྲོའི་རྣམ་སྨིན་འབྱིན་ནུས་པ་དེ་ནི་རྒྱུ་ལས་མཐུ་དང་ལྡན་པ་ཁོ་ན་ལ་རགས་ལས་པའི་ཕྱིར། དེ་ལྟར་བཤད་པ་ལས་ཡང་ན། ཇི་སྐད་དུ། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །ཞེས་འབྱུང་བ་ལྟར། ལས་དགེ་བའམ་མི་དགེ་བའི་རྣམ་སྨིན་འཕེན་པའི་ཆ་ནས་མཐོང་ཆོས་ལ་མྱོང་འགྱུར་དུ་མི་འཇོག་སྟེ། དེའི་ཆ་ནས་མྱོང་འགྱུར་གཞན་གཉིས་པོ་གང་རུང་འཇོག་པའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་མྱོང་བའི་ཆ་ནས་དེར་འཇོག་སྟེ། སྔོན་དགེ་སློང་སྡེ་སྣོད་གསུམ་པས། དགེ་འདུན་ལ་བུད་མེད་རྣམས་ཞེས་བརྗོད་པའི་ཉེས་པས་དེ་མ་ཐག་བུད་མེད་དུ་མཚན་གྱུར་པ་དང༌། རྒྱལ་པོ་ཀ་ནི་ཀའི་ཉུག་རུམ་པས་གླང་གི་འབྲས་བུ་འབྱིན་པ་ལས་ཐར་བར་བྱས་པས་རང་གི་འབྲས་བུ་སོར་ཆུད་པར་བཤད་པ་ལྟ་བུའོ། །འོ་ན། ཇི་སྐད་དུ། བྱེ་བྲག་ཏུ་སྨྲ་བ་རྣམས་དེ་མི་འདོད་ཅེས་པའི་ལུང་དང་འགལ་བར་འགྱུར་བ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། དེར་ནི་རྣམ་སྨིན་གྱི་ཐོག་མ་མཐོང་ཆོས་ལ་མྱོང་བས་མཐོང་ཆོས་ལ་མྱོང་འགྱུར་དུ་འཇོག་པ་ཙམ་ཞིག་བཀག་པའི་ཕྱིར། ཡང་འོ་ན་དམྱལ་བ་ན་དགེ་བའི་ལས་མཐོང་ཆོས་ལ་མྱོང་འགྱུར་མེད་པ་ཅི། དེར་དགེ་བའི་ལས་མེད་པའམ་ཞེ་ན། དེ་ན་དེ་མེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །ཞེས་སོ། །དེའི་རྒྱུ་མཐུན་གྱི་འབྲས་བུ་རྟེན་དེར་མྱོང་བ་ནི་མེད་དེ། དེས་ན་ཡིད་དུ་འོང་བའི་དངོས་པོ་མེད་པའི་ཕྱིར། ཤུགས་ཀྱིས་དམྱལ་བ་ན་དགེ་བའི་ལས་ཀྱི་མྱོང་འགྱུར་གཞན་གཉིས་ཡོད་པར་གྲུབ་ལ། དེའི་དུས་ཀྱི་རྣམ་སྨིན་དེ་ཡང་བདེ་འགྲོའི་རྟེན་ལ་འབྱུང་བ་ཁོ་ན་སྟེ། དམྱལ་བ་ན་ནི་རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །ཡང་ཇི་སྐད་དུ། གང་ལ་འདོད་ཆགས་བྲལ་བརྟན་པའི། །བྱིས་པ་དེར་སྐྱེ་མྱོང་མི་བྱེད། །འཕགས་པས་གཞན་དུའང་མྱོང་མི་བྱེད། །ཅེས་པ་འདིའི་དོན་ལ། དངོས་བསྟན་དང༌། ཤུགས་ཀྱིས་མཚོན་པ་གཉིས་ལས། དང་པོ་ནི། འདོད་པ་ལྟ་བུའི་ཆགས་བྲལ་ལ་གཉིས་ཏེ། སོ་སོ་སྐྱེ་བ་དང༌། འཕགས་པའོ། །དེ་རེ་རེ་ལའང་བརྟན་པ་དང༌། མི་བརྟན་པ་གཉིས་སོ། །བརྟན་པ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་དང༌། མི་བརྟན་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དེ་ཡང་འདོད་པ་ལ་ཆགས་བྲལ་མི་བརྟན་པའམ་བརྟན་པའི་སོ་སོ་སྐྱེ་བོས་འདོད་པའི་ཁམས་སུ་སྐྱེས་ནས་མྱོང་འགྱུར་གྱི་ལས་མི་གསོག་ཀྱང༌། དེའི་མཐོང་བའི་ཆོས་ལ་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་དང༌། མ་ངེས་པའི་ལས་གསུམ་གསོག་པར་བྱེད་དོ། །དེའི་ཚེ་ན་འདོད་པར་ལན་གྲངས་གཞན་ལ་མྱོང་འགྱུར་དེའི་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་ནི་གོང་མའི་ས་པ་ཡིན་ཏེ། ས་འོག་མ་ལ་ནི་ཆགས་བྲལ་བྱས་ལ་མ་ཉམས་པའི་ཕྱིར། ལས་དེ་ཡང་འདོད་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཉིད་ཡིན་ཏེ། གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཅེས་པས་སོ། །ས་གང་ལ་ཆགས་བྲལ་མི་བརྟན་པའི་སོ་སོ་སྐྱེ་བོས་དེར་སྐྱེས་ནས་མྱོང་འགྱུར་གྱི་ལས་བྱེད་པའི་ཚེ་ཉམས་ཟིན་པ་ནི་མ་ཡིན་ཏེ། ཉམས་ན་འདོད་ཆགས་དང་མ་བྲལ་བ་ཉིད་དུ་འདུས་པའི་ཕྱིར། དེའི་རིགས་པས་སོ་སོ་སྐྱེ་བོ་བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བ་ལེན་པ་ན། དེར་འཕེན་བྱེད་ཀྱི་ལས་དེ་ནི་སྔོན་འདོད་ལ་ཆགས་བྲལ་མ་བྱས་པའི་དུས་སུ་བསགས་པ་ནི་མ་ཡིན་ཏེ། དེ་ནི་དེ་ལ་ཆགས་བྲལ་གྱི་དུས་སུ་བཏང་ཟིན་པའི་ཕྱིར། དེས་ན་དེ་ལ་ཆགས་བྲལ་བརྟན་པོ་ཐོབ་རྗེས་སུ་འདོད་པར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས། དེ་ནས་བསམ་གཏན་དང་པོར་སྐྱེས། དེ་འདྲའི་ལས་ཐོབ་ལ་མ་ཉམས་པ་དེས་བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བའི་རྒྱུ་བྱེད་པ་ཡིན་ནོ། །བསམ་གཏན་དང་པོའི་རྟེན་ལ་ནི་འདོད་པར་སྐྱེས་ནས་མྱོང་འགྱུར་གྱི་ལས་བྱེད་པ་མ་ཡིན་ཏེ། ཇི་སྐད་དུ། འདོད་རྩེའི་མི་བརྟན་པ་ཡང་མིན། །ཞེས་འཆད་པའི་ཕྱིར། འོ་ན་དེ་ནས་དེར་མི་སྐྱེའམ་ཞེ་ན། འཕགས་པ་ནི་མི་སྐྱེ་ལ། སོ་སོ་སྐྱེ་བོ་སྐྱེ་བའི་རྒྱུ་ནི་བཤད་མ་ཐག་པ་དེ་ཉིད་དོ། །འཕགས་པ་མི་སྐྱེ་བའི་ཤེས་བྱེད་ནི། འདོད་པའི་ཆགས་བྲལ་ལམ་ཟག་བཅས་ཀྱིས་བྱས་པའི་འཕགས་པ་ཡིན་ཀྱང་རུང༌། ཟད་པ་རྣམས་ཕྱོགས་གཅིག་ཏུ་སྡོམ་པ་ཞེས་བྱ་བའི་མིང་ཅན་དེ་ཐོབ་པས་ན། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་འཆད་པའི་ཕྱིར། འདིར་ཟག་བཅས་ཀྱི་སྤངས་པ་ལ་མི་བརྟན་པར་འཇོག་པ་ཡིན་ཀྱང༌། ཟག་མེད་ཀྱི་སྤངས་པ་ལ་བརྟན་པས་ཁྱབ་པ་མ་ཡིན་ཏེ། སྲིད་རྩེའི་སྤངས་པ་ལས་ཉམས་པའི་ཆོས་ཅན་ཁས་ལེན་པའི་ཕྱིར། ཡང་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་ནི་རང་རང་གི་ས་འོག་མར་སྐྱེས་ནས་མྱོང་འགྱུར་གྱི་ལས་བྱེད་པ་དག་སྲིད་དེ། ཆགས་བྲལ་མི་བརྟན་པའི་སོ་སོ་སྐྱེ་བོ་དག་གིས་རྟེན་དེ་ལྟར་བྱེད་པ་དག་སྲིད་པའི་ཕྱིར་རོ། །ཡང་དེ་དག་གི་རྟེན་ལ་ཡོད་པའི་འཕགས་པ་ས་འོག་མ་ལ་ཆགས་བྲལ་བརྟན་པས་ནི། ས་འོག་མར་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གཉིས་ཀ་མི་བྱེད་མོད། མི་བརྟན་པས་ནི་ས་འོག་མར་སྐྱེས་ནས་མྱོང་འགྱུར་གྱི་ལས་བྱེད་པ་དག་སྲིད་དེ། ལམ་ཟག་བཅས་ཀྱིས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པའི་འཕགས་པ་ཕྱིར་མི་འོང་ཁམས་གོང་མར་སྐྱེས་པ་དག་བཞིན་ནོ། །དེ་ཡང༌། ཇི་སྐད་དུ། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །ཞེས་བཤད་པས་རྟོགས་ལ། འདི་ཡང་ས་འོག་མ་ནས་གོང་མར་སྐྱེ་བ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་ཏེ། འཕགས་པ་ཆགས་བྲལ་མི་རྟེན་པ་གོང་མའི་རྟེན་ལ་ཆགས་བྲལ་ལས་ཉམས་པ་དག་སྲིད་ཅིང༌། ལམ་ཟག་བཅས་ཀྱི་ཆགས་བྲལ་དེ་དག་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་བས། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་པའི་དོན་ཡང་ཚང་བར་མི་རུང་བའི་ཕྱིར། འདིའི་སྤྲོས་པ་ལྷག་མ་ནི། ཇི་སྐད་དུ། དེ་དང་གོང་མར་སྐྱེས་པ་ནི། །ཡོད་ཉམས་དབང་པོ་འཕོ་མི་རྟེན། །ཞེས་པའི་སྐབས་སུ་འཆད་ལ། གོང་མའི་རྟེན་ལ་འོག་མར་སྐྱེས་ནས་མྱོང་འགྱུར་གྱི་ལས་གསོག་པ་དེའི་ཚེ། ལས་ཀུན་སློང་གི་མ་རིག་པ་དང་སྲེད་པ་ནི་གོང་མའི་ས་པ་ཉིད་ཡིན་ཏེ། དེའི་ཚེ་འོག་མའི་ཆགས་བྲལ་ལས་མ་ཉམས་པའི་ཕྱིར་དང༌། གོང་མའི་རྟེན་ལ་འོག་མའི་ཉོན་མོངས་མངོན་དུ་མི་འགྱུར་བའི་ཕྱིར། དེས་ན་བསམ་གཏན་གཉིས་པ་སོགས་ནས་འདོད་པར་སྐྱེས་པའི་ཚེ། མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་ནི་ལྷག་མ་རྣམས་དང་ས་མཚུངས་པ་མ་ཡིན་ཏེ། ཇི་སྐད་དུ། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཞེས་འབྱུང་བ་དེ་ཉིད་འདིར་ནི་མས་གོང་གི་རྟེན་ལ་ཁས་ལེན་དགོས་པའི་ཕྱིར། དེ་བཞིན་དུ་འཕགས་པ་གཟུགས་ལ་ཆགས་བྲལ་མི་རྟེན་པས་གཟུགས་ཁམས་སུ་སྐྱེས་ནས་མྱོང་འགྱུར་གྱི་ཚེ་ཡང༌། ལས་དང་ཉོན་མོངས་པ་ནི་གོང་མའི་ས་ཉིད་དོ། །ས་གཞན་གྱི་ལས་དང་ཉོན་མོངས་པ་ས་གཞན་གྱི་སྐྱེ་བ་འཕེན་བྱེད་དང༌། གསོས་འདེབས་བྱེད་དུ་འགལ་བ་མ་ཡིན་ནམ། ཞེ་ན། རྣལ་འབྱོར་སྤྱོད་པ་པ་དག་དེ་སྐད་དུ་འཆད་མོད། འདིར་ནི་ཁོ་ནར་ངེས་པ་མ་ཡིན་ཏེ། ས་གོང་མའི་སྙོམས་འཇུག་ཉོན་མོངས་ཅན་གང་ཡང་རུང་བ་ཞིག་མངོན་དུ་གྱུར་པ་ན་གོང་མའི་དངོས་གཞི་ལས་མྱུར་དུ་ཉམས་པར་བྱེད་ཅིང༌། དེའི་རྐྱེན་གྱིས་མྱུར་དུ་འཆི་འཕོ་བར་ཡང་བྱེད་ལ། ཤི་འཕོས་ནས་སྐྱེ་བ་ནི་ས་འོག་མ་ཉིད་ལས་མ་འདས་པའི་ཕྱིར། དེ་ཡང་རོ་མྱང་མཚུངས་ལྡན་གྱི་སྙོམས་འཇུག་ལན་རེ་ཙམ་གྱིས་ས་འོག་མ་དག་ཏུ་ལན་གྲངས་གཞན་ལ་མྱོང་བ་དང༌། མྱོང་བར་མ་ངེས་པ་དག་ཏུ་བྱེད་ཀྱི། སྐྱེས་ནས་མྱོང་འགྱུར་དག་ཏུ་བྱེད་མི་ནུས་ཤིང༌། ཆགས་བྲལ་མི་རྟེན་པར་ཡང་འཇོག་མི་ནུས་ལ། རོ་མྱང་བ་མང་པོ་དག་སྐྱེས་ན་ནི། དེ་ལས་བཟློག་པར་འཇོག་པར་ཡིན་ནོ། །གལ་ཏེ། གོང་མའི་རྟེན་ལ་འོག་མའི་སྲེད་པ་ཡོད་པར་ཁས་མ་བླངས་ན། དེར་སྐྱེ་བའི་ལས་བྱེད་པ་མི་འགལ་བ་ཇི་ལྟར་ཞེ་ན། གོང་མའི་སྙོམས་འཇུག་ལ་རོ་མྱང་བར་བྱེད་པའི་སྲེད་པ་དེ་ཉིད་འོག་མར་སྐྱེ་བའི་ལས་ཀུན་ནས་སློང་བྱེད་དུ་རུང་བ་ཡིན་ཏེ། གོང་མའི་དངོས་གཞི་ལས་ཉམས་བྱེད་དུ་རུང་བའི་ཕྱིར། དེས་ན་གོང་མའི་དངོས་གཞི་ལས་ཉམས་པའི་དུས་ཀྱི་སེམས་པ་དེ་ཉིད་འོག་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་སུ་རྣམ་པར་གཞག་གོ །རང་སའི་སྲེད་པས་དངོས་གཞི་མ་རུངས་པར་བྱེད་ཀྱང༌། ཉེར་བསྡོགས་ནི་མ་ཡིན་ཏེ། ཉེར་བསྡོགས་ལ་ཉོན་མོངས་ཅན་མི་སྲིད་པའི་ཕྱིར། དེས་ན་གོང་མ་ནས་འཆི་འཕོ་ཀའི་དག་པ་བ་ནི་ཉེར་བསྡོགས་ཁོ་ན་སྟེ། རང་སའི་ཉོན་མོངས་ཉེར་བསྡོགས་ཉམས་བྱེད་དུ་མི་རུང་བའི་ཕྱིར། དེར་འོག་མའི་ཉོན་མོངས་ཀྱི་ལྡན་པ་སྔར་སྐྱེ་བ་སྲིད་ཀྱང༌། མངོན་དུ་མི་འགྱུར་ཏེ། ཉེར་བསྡོགས་རྣམས་ནི་འོག་མའི་ཉོན་མོངས་དང་ལྷན་གཅིག་ཏུ་མི་གནས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འཕགས་པས་འཕེན་བྱེད་ཀྱི་ལས་གསོག་པ་ཡོད་པར་མཚོན་པ་དང༌། དགྲ་བཅོམ་པ་ལ་ལས་ཐོག་མཐའ་གཉིས་གསོག་པ་ཡོད་པར་མཚོན་པའོ། །དང་པོ་ནི། རྣལ་འབྱོར་སྤྱོད་པ་པ་དག ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། ཅེས་འཆད་ཀྱང༌། འདིར་ནི་མ་ཡིན་ཏེ། ཇི་སྐད་དུ། གང་ལས་འདོད་ཆགས་བྲལ་བརྟན་པའི། །ཞེས་བཤད་པ་ན། ས་གང་ལ་ཆགས་བྲལ་མ་བྱས་པ་དང༌། བྱས་ཀྱང་མི་བརྟན་པའི་འཕགས་པས། སྐྱེས་གནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་བྱེད་པར་འཕངས་པའི་ཕྱིར། དེའི་དཔེ་ནི། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང༌། རིགས་ནས། རིགས་སུ་སྐྱེ་བ་དང༌། ཚེ་གཅིག་བར་ཆད་གཅིག་པ་དང༌། ཁམས་གོང་མར་ཉེ་བར་འགྲོ་བ་དག་ཡིན་ནོ། །གཅིག་ལ་མཚོན་ན། ཕྱིར་མི་འོང་སྐྱེ་འདའ་བ་དང་གོང་འཕོ་དེ། ཁམས་གོང་མ་དག་ཏུ་སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དུ་བཤད་ལ། ལས་དེ་དག་ནི་འཕེན་བྱེད་ཀྱི་ལས་ཡིན་ཏེ། གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཅེས་བཤད་པས་སོ། །ལས་དེ་ཡང་འཕགས་པས་བྱས་པ་ཡིན་ཏེ། དཔེར་ན། བསམ་གཏན་གྱི་སྤེལ་གོམས་ལ་མ་ཉམས་པའི་ཚེ། གནས་རྩང་མ་དག་ཏུ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དང༌། དེས་བསམ་གཏན་དང་པོའི་རོ་མྱངས་པའི་ཚེ་ན་གནས་གཙང་མ་དག་ཏུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱིས་ལས་བྱས་པར་འཇོག་པའི་ཕྱིར། དེ་འདྲ་དེ་འགྲུབ་བྱེད་ཡིན་གྱི། འཕེན་བྱེད་མ་ཡིན་ནོ་སྙམ་ན། རྣལ་འབྱོར་སྤྱོད་པ་པ་དག་དེ་ལྟར་འཆད་ཀྱང་འདིར་མ་ཡིན་ཏེ། སྔོན་སོ་སོ་སྐྱེ་བོའི་རྟེན་ལ་བྱས་པའི་ལས་ནི། འཕགས་པ་དང་ས་འཕོས་པའི་ཚེ་བཏང་ཟིན་པའི་ཕྱིར་དང༌། ལས་ཀྱི་བག་ཆགས་གཞག་པ་རྟེན་གྱིས་བསད་པར་ཡང་ཁས་མི་ལེན་པའི་ཕྱིར། གཞན་དུ་ན། འཕགས་པ་ཁམས་གསུམ་དུ་སྐྱེ་བ་ལེན་པ་ཐམས་ཅད་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་དབང་གིས་ལེན་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟ་ན། ཇི་སྐད་དུ། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས་ཞེས་འབྱུང་བ་དང་མི་མཐུན་ནོ། །འདིར་ནི་གོང་མ་པ་དག་གི་ལུགས་ལྟར། སྐྱེ་བ་འཕེན་འགྲུབ་ཀྱི་དབྱེ་བ་སོ་སོ་བ་དག་མི་འདོད་ཀྱང༌། འཕེན་རྫོགས་ཀྱི་ཁྱད་པར་ནི་ཁས་ལེན་ཏེ་འཕེན་བྱེད་དུ་སོང་བའི་ལས་གཅིག་པོ་དེ་ཉིད་ཡང་དང་ཡང་དུ་གོམས་པ་ལ་རྫོགས་བྱེད་དུ་འདོད་པའི་ཕྱིར། ཇི་སྐད་དུ། གཅིག་གིས་སྐྱེ་བ་གཅིག་འཕེན་ཏོ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་བཤད་པས་སོ། །གཉིས་པ་ནི། དགྲ་བཅོམ་པས། མཐོང་ཆོས་ལ་མྱོང་འགྱུར་དང༌། མྱོང་བར་མ་ངེས་པའི་ལས་བྱེད་པ་ཞིག་ཡོད་པར་ནི། འཕགས་པས་གཞན་དུའང་མྱོང་མི་བྱེད། །ཅེས་དང༌། འདོད་རྩེའི་མི་བརྟན་པ་ཡང་ཡིན། །ཞེས་ཐོག་མཐའ་གཉིས་ལ་ཆགས་བྲལ་མི་བརྟན་པ་དང༌། ས་གཞན་ལ་ཆགས་བྲལ་བརྟན་པའི་འཕགས་པས་ལས་གཉིས་པོ་བྱེད་པར་བཤད་པའི་ཕྱིར། དེ་ཡང་ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་པའི་ཚེ་འདོད་པའི་ཁམས་སུ་འཕེན་བྱེད་ཀྱི་ལས་བྱས་པ་ཡིན་ལ། ལས་དེ་ཡང་སྐྱེ་གནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་ནི་མ་ཡིན་ཏེ། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་པས་དེ་འདྲ་དེ་དེར་སྐྱེ་བ་མི་སྲིད་པའི་ཕྱིར། དེས་ན་མ་ངེས་པའི་ལས་ཡིན་ལ། །དེ་ཡང་རྣམ་སྨིན་དང་གནས་སྐབས་གཉིས་ཀ་མ་ངེས་པའོ། །དེ་བཞིན་དུ་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ནས། ཕྱིར་མི་འོང་དང་རྒྱུན་ཞུགས་སུ་སློབ་པ་དེའི་ཚེ་ན་ཡང༌། ཁམས་གསུམ་ཆར་དུ་འཕེན་བྱེད་ཀྱི་ལས་བྱས་པ་དང༌། དེ་ཡང་རྣམ་སྨིན་དང་གནས་སྐབས་གཉིས་ཀ་མ་ངེས་པའི་ལས་སུ་ཁས་ལེན་ནོ། །དེ་ཡང་ཞིབ་མོར་ན། དགྲ་བཅོམ་པ་ཉིད་ཀྱིས་འཕེན་བྱེད་ཀྱི་ལས་བྱས་པ་ནི་མ་ཡིན་ཏེ། དེ་ལས་ཉམས་པ་ཉིད་ཀྱི་ཚེ་བྱས་པར་འཇོག་པའི་ཕྱིར། དེ་ལྟ་མོད་ཀྱི། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་ནི་དེ་ལས་མ་ཉམས་བཞིན་དུ་བྱེད་པ་ཡིན་ཏེ། ལས་དེ་ལ་ནི། སྤྱིར་དགེ་བ་དང༌། བྱེ་བྲག་ཏུ་ཟག་མེད་ཀྱང་སྲིད་པའི་ཕྱིར་རོ། །གལ་ཏེ་ཁམས་གསུམ་གང་རུང་ལ་ཆགས་བྲལ་བརྟན་པོ་ཐོབ་པའི་འཕགས་པས་སླར་ཡང་ས་དེར་མ་ངེས་པའི་ལས་བྱེད་པར་བཤད་མོད། དེ་འདྲ་དེ་སྐྱེ་བ་འཕེན་བྱེད་དུ་མི་རུང་ངོ་སྙམ་ན། དེར་འགྲུབ་པ་ཡིན་ཏེ། ཇི་སྐད་དུ། གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཅེས་བཤད་པའི་ཕྱིར། ཞར་ལ་འདི་ཤེས་དགོས་ཏེ། འདོད་པའི་རྟེན་ལ་གོང་མ་ལས་ཉམས་ནས་འོག་མ་མངོན་དུ་བྱས་པ་དེའི་ཚེ་ནི། འདོད་པར་འཕེན་བྱེད་ནི་འདོད་པའི་ཉོན་མོངས་པ་ཉིད་ཀྱིས་བྱེད་ལ། གོང་མ་ནས་འོག་མར་འཆི་འཕོ་བ་དེའི་ཚེ་ནི། གོང་མའི་ཉོན་མོངས་པ་ཉིད་ཀྱིས་འོག་མར་འཕེན་པ་ཡིན་ཏེ། གོང་མའི་རྟེན་ལ་འོག་མའི་ཉོན་མོངས་མངོན་དུ་མི་འགྱུར་བའི་ཕྱིར་དང༌། ས་འོག་མ་ལ་ཆགས་བྲལ་མ་ཉམས་བཞིན་དུ་གོང་མའི་རྟེན་ལ་འོག་མར་སྐྱེས་ནས་དང༌། ལན་གྲངས་གཞན་ལ་དང༌། མྱོང་བར་མ་ངེས་པའི་ལས་གསུམ་ཀ་སོག་པའི་སོ་སོ་སྐྱེ་བོ་དག་སྲིད་པའི་ཕྱིར་རོ། །ཡང་གོང་དུ། མཐོང་ཆོས་ལ་མྱོང་གྱུར་གྱི་ལས་ནི་རིས་མཐུན་འཕེན་བྱེད་མ་ཡིན་པར་བཤད་པ་ལ་དམིགས་ཀྱི་གསལ་བ་ནི། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་བྱེད་རྣམ་པ་ཉི་ཤུ་གཉིས། །ཞེས་དང༌། འདོད་པ་ཁམས་ཀྱི་བར་སྲིད་ནི། །མངལ་གྱི་གནས་སྐབས་ལྔ་དང༌། བཙས་པའི་གནས་སྐབས་ལྔ་སྟེ་བཅུ། བར་སྲིད་རང་ཉིད་ཀྱི་རིས་མཐུན་ཏེ་བཅུ་ཅིག འཕེན་བྱེད་ཀྱི་ལས་དང་ལྡན་པ་ཡིན་ལ། དེ་རེ་རེ་ལ་ཡང༌། མྱོང་བར་ངེས་པ་དང༌། མ་ངེས་པ་གཉིས་སུ་ཕྱེ་ནས། ངེས་པ་རྣམས་ནི་མཐོང་ཆོས་ལ་མྱོང་འགྱུར་གྱི་འབྲས་བུ་ཅན་ཡིན་ལ། རིས་མཐུན་འཕེན་བྱེད་ཀྱང་ཡིན་ཏེ། སྐྱེ་སྲིད་དང་སྔོན་དུས་ཀྱི་སྲིད་པར་བསྡུས་པའི་སྲོག་གི་དབང་པོ་འཕེན་པས་སོ། །དེ་སྐད་དུའང༌། དེ་ནི་རིས་གཅིག་ཁོ་ན་ཡིན། །ཞེས་བཤད་དོ། །དེས་ན་སྔོན་དུས་ཀྱི་སྲིད་པར་བསྡུས་པའི་རྣམ་སྨིན་འཕེན་བྱེད་ནི་གཉིས་ཏེ། ཚེ་རབས་སྔ་མ་ལ་ཡོད་པ་དང༌། འདི་ལ་ཡོད་པའོ། །དང་པོ་ནི། སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་དང༌། མ་ངེས་པའི་ལས་སོ། །གཉིས་པ་ནི། བར་སྲིད་ན་ཡོད་པའོ། །ལས་སྔ་མ་དེ་དག་གི་རྣམ་སྨིན་ནི་རིས་མཐུན་གཅིག་ཁོ་ན་ཡིན་ཏེ། ཇི་སྐད་དུ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །ཞེས་པས་སོ། །ལས་གཉིས་པ་དེའི་འབྲས་བུ་རྣམ་སྨིན་ནི་ཐ་དད་པ་ཡིན་ཏེ། བར་སྲིད་ཀྱི་སྲོག་གི་དབང་པོ་དང༌། སྐྱེ་སྲིད་སོགས་ཀྱི་སྲོག་གི་དབང་པོ་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་རྣམ་སྨིན་དུ་འདྲ་ཡང༌། རྫོགས་བྱེད་ཀྱི་ལས་ཐ་དད་ཀྱིས་རྫོགས་པའི་རྣམ་སྨིན་སོ་སོ་བ་ཡིན་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། གཅིག་ནི་མངོན་པར་འགྲུབ་པའི་ཀུན་སྦྱོར་གྱི་དང༌། གཅིག་ནི། སྐྱེ་བའི་ཀུན་སྦྱོར་གྱིའོ། །དོན་དེ་ལ་བསམ་ནས། ཇི་སྐད་དུ། འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ་རྫུས་ཏེ་སྐྱེ་བས་མིན། །ཞེས་བཤད་ལ། དེ་ལས་གཞན་དུ་ན། འདོད་པའི་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་ཚེ། རྣམ་སྨིན་གསར་དུ་རྙེད་དཀའ་བར་བཤད་པ་ཡིན་ཏེ། ལས་གཅིག་གིས་འཕངས་པའི་རྣམ་སྨིན་དུམ་བུར་བྱས་ནས་བཏང་བ་དང༌། ཡང་རྙེད་པའི་རྣམ་གཞག་དེ་འདྲ་མི་འབྱུང་བའི་ཕྱིར། འོ་ན་ཅི་ཞེ་ན། བར་སྲིད་ཀྱི་རྣམ་སྨིན་ནི་འཕེན་བྱེད་ཀྱིས་འཕངས་པ་ཡིན་ཀྱང༌། རྫོགས་བྱེད་ཀྱིས་རྫོགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །ཞེས་པ་དང༌། དེའི་འགྲེལ་པར། །བགྲོད་པར་བྱ་བའི་ཡུལ་དེ་གང་ཞིག་ཅེ་ན། གང་དུ་རྣམ་པར་སྨིན་པ་འཕངས་པ་མངོན་ཞིང་རྫོགས་པའོ། །ཞེས་བཤད་དོ། །འོ་ན་ལས་ངེས་པ་དང་མ་ངེས་པར་འཇོག་པ་དེའི་མཚན་གཞི་གང་ཞེ་ན། ཉོན་མོངས་རབ་དང་དྲག་པོ་དང༌། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང༌། །ཕ་མ་གསོད་གང་དེ་ངེས་སོ། །ཞེས་པ། འདི་ནི་རྣམ་སྨིན་ངེས་པར་གཞག་པ་སྟེ། དེ་ལ་ཡང༌། གནས་སྐབས་ངེས་པ་དང༌། མ་ངེས་པ་གཉིས་ལས། དང་པོ་ལ་མཐོང་ཆོས་ལ་མྱོང་འགྱུར་སོགས་གསུམ་དུ་འབྱེད་ཅིང༌། དེ་ཡང་ཁྱད་པར་སྔ་མ་རྣམས་གཞིར་བྱས་ཀྱི་སྟེང་དུ། ཞིང་དང་བསམ་པའི་ཁྱད་པར་དྲག་ཞན་ལས་ཕྱེ་བའོ། །རྣམ་སྨིན་ངེས་ཀྱང་གནས་སྐབས་མ་ངེས་པར་འགྱུར་བ་ནི། གོང་དུ་བཤད་པ་ལྟར། ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་ཏེ། འདོད་པའི་ཉོན་མོངས་མངོན་དུ་བྱས་པའི་ཚེ། རྣམ་སྨིན་ནི་ངེས་པ་ཡིན་ཏེ། འདོད་པ་ཁོ་ནར་སྨིན་རུང་གི་ལས་བྱས་པའི་ཕྱིར། གནས་སྐབས་ནི་མ་ངེས་ཏེ། ངེས་ན་རིས་མཐུན་འཕེན་བྱེད་ཀྱི་ལས་རིས་སུ་གནས་པས་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་ཡིན་དགོས་ཀྱང༌། དེར་མི་རུང་སྟེ། ཚེ་འདི་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་སོར་ཆུད་པར་ངེས་པའི་ཕྱིར། དེ་སྐད་དུ། ཡང་ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པའོ། །ཞེས་གསུངས། འདིའི་དོན་ཡང༌། སོ་སྐྱེའམ། འཕགས་པ་ལས་རྣམ་སྨིན་མ་ངེས་པར་བྱས་པ་དང༌། རྣམ་སྨིན་ངེས་ཀྱང་གནས་སྐབས་ངེས་པར་མ་བྱས་པ་དག་ནི་ཚེ་འདི་ཉིད་ལ་ཁམས་གསུམ་ཆར་གྱི་ཆགས་བྲལ་བྱེད་པ་དག་སྲིད་པར་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱས་ན་ནི་དེ་ལྟར་མི་སྲིད་དེ། སྐྱེ་བ་གཞན་དུ་ལས་དེའི་རྣམ་སྨིན་མྱོང་དགོས་པའི་ཕྱིར། སྡིག་པའི་ལས་སྟོབས་ཆེ་ཡང༌། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་དང་ལྡན་པ་དག་ནི་ཚེ་དེ་ཉིད་ལ་ཁམས་གསུམ་ཆར་གྱི་ཆགས་བྲལ་བྱེད་པ་དག་སྲིད་དེ། དཔེར་ན། དགེ་སློང་སྡེ་སྣོད་གསུམ་པས་དགེ་འདུན་ལ་བསྐུར་པ་བཏབ་པའི་རྐྱེན་གྱི་བུད་མེད་དུ་མཚན་གྱུར་ཀྱང༌། བུད་མེད་ཀྱི་རྟེན་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་དག་སྲིད་པ་བཞིན་དེས་ན་ལུགས་འདིར། ཡུལ་འཐོན་པ་ན་བུ་ལོན་པ་ལྡང་བའི་དཔེས་རྣམ་སྨིན་མྱོང་བར་ངེས་ཤིང༌། གནས་སྐབས་མ་ངེས་པ་ཞིག་མཐོང་ཆོས་ལ་མྱོང་གྱུར་དུ་སྒྱུར་པ་ཡོད་དོ། །ཞེས་པ་འདི་ཙམ་ཞིག་འདོད་ཀྱི། ཐེག་པ་ཆེན་པོ་པ་དག་གི་འདོད་པ་ལྟར། མྱོང་འགྱུར་གཞན་གཉིས་མཐོང་ཆོས་སུ་བསྒྱུར་བ་དང༌། མྱོང་བར་ངེས་པའི་ལས་དག་མི་མྱོང་བར་བསྒྱུར་ནུས་པ་ལ་སོགས་པའི་རྣམ་པར་གཞག་པ་མི་འདོད་དོ། །འདིར། ཇི་སྐད་དུ། ཕ་མ་གསོད་གང་དེ་ངེས་སོ། །ཞེས། དེ་དག་བསད་པའི་ལས་དེ་ཀུན་སློང་ཞན་པས་བྱས་ཀྱང༌། མཚམས་མེད་དུ་བཤད་པ་ཡིན་པའི་ཕྱིར་རྣམ་སྨིན་ངེས་པས་ཁྱབ་ལ། གནས་སྐབས་ངེས་པས་ནི་མ་ཁྱབ་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་བྱས་པ་བཞིན། དེའི་ཕྱིར་མཚམས་མེད་ཀྱི་ལས་དེ་ཡང་མཐོང་ཆོས་ལ་མྱོང་འགྱུར་དུ་བསྒྱུར་ནས། ཁམས་གསུམ་ལ་ཆགས་བྲལ་བྱེད་པ་དག་སྲིད་པར་གྲུབ་ལ། དེ་ལྟར་ཤེས་པ་ན། རྒྱལ་པོ་མ་སྐྱེས་དགྲ་དང༌། ཨུ་ཏྲ་ཡ་ནའི་རྟོགས་བརྗོད་ལས་འབྱུང་བ་དག་ཀྱང་གནས་སྐབས་མ་ངེས་པ་ཉིད་དུ་འགྲུབ་པ་དེའི་ཕྱིར། ལུགས་འདིར་ཡང༌། གང་ཞིག་སྔོན་ཆད་བག་མེད་པ་ལས་ཕྱིས་བག་དང་ལྡན་པ་ཉིད་དུ་གྱུར་པའི་དཔེ་ཡང་ཁོང་དུ་ཆུད་པར་བྱའོ། །ཡང་གལ་ཏེ། རྣམ་སྨིན་གྱི་གཙོ་བོ་ནི་ཚོར་བ་ཉིད་དུ་བཤད་ན། ལུས་དང་སེམས་ཀྱི་ཚོར་བ་གཉིས་ལས་གང་ཞིག་ཏུ་ཁས་ལེན་པར་བྱེད་ཅེ་ན། བཤད་པ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་གྱི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །མི་དགེ་བའི་ནི་ལུས་ཀྱི་ཡིན། །ཞེས་པ་འདི་ལ། བསམ་གཏན་ཁྱད་པར་ཅན་ཡན་ཆད་ཀྱི་ལུས་ཚོར་རྣམ་སྨིན་དུ་མི་འདོད་པའི་ཤེས་བྱེད་ནི། ས་དེས་བསྡུས་ཀྱི་ལུས་ཚོར་མེད་པས་ཡིན་ལ། དེའི་ཡང་ཤེས་བྱེད་ནི། ཇི་སྐད་དུ། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་བཤད་པ་ལས་སོ། །འདི་ཡང་རྒྱུ་ཀུན་སློང་མེད་པ་ལ་འབྲས་བུ་རྣམ་ཤེས་མི་འབྱུང་བས་ཁྱབ་པར་འཆད་པ་ཡིན་མོད། དེ་དུས་ཀྱི་རྟོག་དཔྱོད་གཉིས་ནི་སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་ཏེ། ཇི་སྐད་དུ། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་འཆད་པའི་ཕྱིར་རོ། །མི་དགེ་བའི་རྣམ་སྨིན་དུ་གྱུར་པའི་སེམས་ཚོར་མེད་པའི་ཤེས་བྱེད་ནི། སེམས་ཚོར་མི་བདེ་བ་ནི་ཡིད་མི་བདེ་ཉིད་ཡིན་ལ། དེ་ནི་སྦྱོར་བྱུང་ཁོ་ནར་ངེས་པས་རྣམ་སྨིན་དུ་མི་རུང་བའི་ཕྱིར། ཤུགས་ལ་རྣམ་པར་རྟོག་པ་དང་བཅས་པའི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི། ལུས་ཀྱི་ཚོར་བ་དང༌། སེམས་ཀྱི་ཚོར་བ་གཉིས་ཀ་ཡོད་པར་གྲུབ་ལ། དེ་ཡང་བསམ་གཏན་དང་པོ་ན་རྣམ་སྨིན་དུ་གྱུར་པའི་དགའ་བ་ནི་ཡིད་བདེ་བ་དང༌། བདེ་བ་ནི་ལུས་ཀྱི་བདེ་བ་ལ་འཆད་ཅིང༌། འདོད་པའི་ཁམས་ན་ནི་ལུས་སེམས་གཉིས་ཀའི་དབང་དུ་བྱས་པའི་ཚོར་བ་བཏང་སྙོམས་ལ་འཆད་པར་རིགས་སོ། །མཐོ་རིས་སུ་རྣམ་སྨིན་དུ་གྱུར་པའི་ཚོར་བ་བཏང་སྙོམས་དག་ཚོར་བ་བདེ་བ་མ་ཡིན་ཀྱང༌། སྤྱིར་བདེ་བ་ཞེས་བྱ་ཏེ། རང་རྒྱུ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་དུ་ངེས་པའི་ཕྱིར། བཤད་པ་འདི་ཡང་རྣམ་སྨིན་གྱི་གཙོ་བོ་སྨོས་པ་ཡིན་གྱི། རྣམ་སྨིན་གང་ཡིན་ཚོར་བར་ངེས་པ་ནི་མ་ཡིན་ཏེ། མིག་སོགས་དབང་པོ་ལྔ་ལྟ་བུ་བེམ་པོར་གྱུར་པ་དག་དང༌། སྲོག་གི་དབང་པོ་ལྟ་བུ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་གྱུར་པ་དག་ཀྱང་ཡོད་པའི་ཕྱིར། དེ་སྐད་དུ་ཡང༌། ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་དེ། ཞེས་དང༌། སྲོག་ནི་རྣམ་སྨིན་བཅུ་གཅིག་གཉིས། །ཞེས་འཆད་པའི་ཕྱིར། གཉིས་པ་ལས་བཞིར་དབྱེ་བ་དག་གང་ཞེ་ན། བཤད་པ། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་དུ་རིམ་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །དེ་ཟད་བྱེད་པ་ཟག་མེད་ཡིན། །ཞེས་སོ། །འདིར་འདོད་པའི་དགེ་བ་དཀར་ནག་གཉིས་ཀའི་ལས་སུ་བཞག་པ་ནི། རྒྱུའི་དུས་སུ་མི་དགེ་བ་དང་འདྲེས་པ་དང༌། རྣམ་སྨིན་ནག་པོ་དང་འདྲེས་པས་ན་དེར་བཞག་ལ། དེ་ཡང་རྒྱུད་ཀྱི་སྒོ་ནས་ཡིན་གྱི། ངོ་བོའི་སྒོ་ནས་འདྲེ་བ་ནི་མི་སྲིད་དེ། ལས་དང་རྣམ་པར་སྨིན་པ་གང་ཡིན་ཀྱང་རུང༌། གནག་ན་དཀར་བར་འགལ་བའི་ཕྱིར། རྒྱུད་ཀྱི་སྒོ་ནས་འདྲེས་པ་ཇི་ལྟར་ཞེ་ན། འདོད་ཁམས་པ་དག་གི་རྒྱུད་ལ་དགེ་བ་རྣམ་སྨིན་འབྱིན་བྱེད་ཡོད་པ་དེ་སྲིད་དུ། མི་དགེ་བ་ཡང་རྣམ་སྨིན་འབྱིན་བྱེད་དུ་ཡོད་པས་ཁྱབ་ལ། མི་དགེ་བ་ཡོད་པ་དེ་སྲིད་དུ་ནི་དགེ་བ་དེར་ཡོད་པས་མ་ཁྱབ་པ་ཉིད་ཀྱི་ཕྱིར་ན། མི་དགེ་བ་ནི་འདོད་པའི་དགེ་བ་དང་འདྲེས་པར་མི་འཇོག་གོ །དེ་དག་གི་ཤེས་བྱེད་ཀྱང༌། ཇི་སྲིད་འདོད་པའི་དགེ་བ་མ་སྤངས་པ་དེ་སྲིད་དུ་མི་དགེ་བ་ཡང་མི་སྤོང་བ་ཡིན་ཏེ། ཇི་སྲིད་འདོད་པ་ལ་ཆགས་བྲལ་བྱེད་པའི་བར་ཆད་མེད་ལམ་དགུ་པ་མ་སྐྱེས་པ་དེ་སྲིད་དུ་ནི་འདོད་པའི་མི་དགེ་བ་ཆུང་ངུ་མི་སྤོང་ལ། དེ་སྐྱེས་ནས་ནི་འདོད་པའི་དགེ་བ་དང་ཡང་མི་ལྡན་པར་བྱེད་པའི་ཕྱིར། ཅིག་ཤོས་ལ་ནི་མི་མཚུངས་ཏེ། ལོག་པར་ལྟ་བས་དགེ་རྩ་བཅད་ཟིན་པའི་དུས་ཀྱི་མི་དགེ་བ་ནི། དགེ་བ་དང་རྒྱུད་ཀྱི་སྒོ་ནས་འདྲེས་པར་མི་རུང་བའི་ཕྱིར། འདོད་པའི་སས་བསྡུས་ཀྱི་དགེ་བས་མི་དགེ་བའི་རྩ་བ་གཅོད་ནུས་པ་ནི་མི་སྲིད་དེ། དེ་ཉིད་འདོད་པའི་ཉོན་མོངས་དང་མ་བྲལ་བའི་ཕྱིར། ཅིག་ཤོས་ལ་མི་མཚུངས་ཏེ། ལོག་ལྟ་མི་དགེ་བ་ནི་འདོད་པའི་དགེ་བ་དང་བྲལ་བའི་ཕྱིར། དགེ་རྩ་མཚམས་སྦྱོར་བའི་ཚེ་ནི། ལོག་ལྟ་ཆེན་པོའི་ཐོབ་པ་དང་བྲལ་བ་ཡིན་ཏེ། དགེ་རྩ་ཆུང་ངུའི་ཐོབ་པ་སྐྱེས་པའི་ཕྱིར། དེ་སྐྱེས་པ་ན་དེ་ལ་དམིགས་པའི་སྲེད་པ་ཡང་སྐྱེས་པ་ཡིན་ཏེ། འདོད་པའི་སས་བསྡུས་པའི་ཕྱིར་དང༌། ཁམས་གང་གིས་བསྡུས་པའི་དངོས་པོ་དེ་ཡིན་ན་དེ་དུས་ཀྱི་སྲེད་པ་རྒྱས་སུ་རུང་བས་ཁྱབ་པའི་ཕྱིར་རོ། །འདོད་པའི་སས་བསྡུས་ཀྱི་དགེ་བ་ཇི་ལྟར་ཆེ་ཡང༌། མི་དགེ་བ་ཆེ་ཤོས་ལས་སྟོབས་ཆུང་བ་ཡིན་ཏེ། དགེ་བ་དེའི་རྣམ་སྨིན་ནི་གཞན་འཕྲུལ་དབང་བྱེད་དུ་རང་ལོ་ཁྲི་དང་དྲུག་སྟོང་གི་ཚད་དུ་འགྱུར་བའི་བདེ་བ་ལ་ལོངས་སྤྱོད་པ་ལས། རྣམ་སྨིན་ལྷག་པ་མེད་ལ། མི་དགེ་བའི་རྩ་བ་ཡང་གཅོད་པར་མི་ནུས་ཤིང༌། ཅིག་ཤོས་ཀྱི་རྣམ་སྨིན་ནི་མནར་མེད་པའི་དམྱལ་བར་སྡུག་བསྔལ་གྱི་སྡུག་བསྔལ་མྱོང་བ་དང༌། བྱེད་ལས་ཀྱི་ཁྱད་པར་དགེ་བའི་རྩ་བ་གཅོད་པར་བྱེད་ནུས་པས་སོ། །གལ་ཏེ་མི་དགེ་བའི་ལྕི་ཤོས་ལོག་ལྟར་འཆད་པ་མི་རིགས་ཏེ། ལོག་ལྟ་ཅན་ཚེ་འདི་ཉིད་ལ་ཡང་དག་པའི་ལྟ་བས་མཚམས་སྦྱར་ནས་རྣམ་སྨིན་དམྱལ་བ་མི་མྱོང་བ་དག་སྲིད་ལ། མཚམས་མེད་ནི་རྣམ་སྨིན་དམྱལ་བ་མྱོང་ངེས་སུ་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། མཚམས་མེད་བྱེད་པ་འདི་ལ་མིན། །ཞེས་དང༌། མཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ། སྤྱིར་མཚམས་མེད་ཀྱི་སྒྲ་དོན་ནི། གཉེན་པོ་མ་སྐྱེས་ན་དམྱལ་བ་དང་བར་མཚམས་མེད་པའི་དོན་ཡིན་གྱི། ཁྱབ་པ་ངེས་པ་ནི། མ་ཡིན་ཏེ། མཐོང་དང་དགྲ་བཅོམ་འབྲས་ལངས་པ། །ཞེས་དགྲ་བཅོམ་བསད་པའི་མཚམས་མེད་མཐོང་ཆོས་ལ་མྱོང་འགྱུར་ཞིག་ཀྱང་བཤད་ལ་གཞན་དུ་ན་དེ་འདྲ་དེ་སྐྱེས་ནས་མྱོང་འགྱུར་དུ་ཐལ་བས་སོ། །རྣམ་སྨིན་ལ་ལྟོས་ནས་དེ་ལྟར་ཡང་ཡིན་ནོ། །ཞེ་ན། མ་ཡིན་ཏེ། རྣམ་སྨིན་ཉིད་མཐོང་ཆོས་ལ་མྱོང་བར་བཤད་པས་སོ། །མཚམས་མེད་བྱེད་པའི་འདི་ལ་མིན། །ཞེས་པའི་དོན་ཡང༌། མཚམས་མེད་དང་ལོག་ལྟ་གཉིས་ཀ་བྱས་པ་ལ་དགོངས་པ་ཡིན་ཏེ། འགྲེལ་པར་མཚམས་སྦྱོར་གཉིས་ཀ་ཉམས་པས་དགེ་རྩ་ཆད་པ་ཚེ་རབས་གཞན་དུ་མཚམས་སྦྱོར་དགོས་པ་ལ་སྦྱར་བའི་ཕྱིར། ལུང་གཉིས་པའི་དོན་ཡང༌། སྦྱོར་བ་དེ་ལས་བསམས་པ་མ་ལོག་པ་ལ་བསམས་པ་ཡིན་ཏེ། དེ་ཉིད་ཀྱི་ཐད་ཀྱི་འགྲེལ་པ་ལས་གསལ་བའི་ཕྱིར། ཡང་སྐབས་འདིར། ཆོས་བཟོད་བཞི་དང༌། བར་ཆད་མེད་ལམ་དང་པོ་བརྒྱད་མི་དགེ་བའི་གཉེན་པོར་བཤད་ནས། འདོད་པའི་སས་བསྡུས་ཀྱི་དགེ་བའི་གཉེན་པོར་མི་འཆད་པ་ཅི་ཞེ་ན། མི་དགེ་བ་ནི་ངོ་བོའི་ཆ་ནས་སྤོང་བས་སྤང་བྱ་དགུར་འབྱེད་ལ། དགེ་བ་ནི་ངོ་བོའི་སྒོ་ནས་སྤོང་བ་མ་ཡིན་གྱི། དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་སྒོ་ནས་སྤོང་བ་ཡིན་གྱི། ངོ་བོའི་སྒོ་ནས་སྤོང་བ་མ་ཡིན་པས་ན་དགུར་མི་འབྱེད་དོ། །ངོ་བོའི་སྒོ་ན་སྤོང་བ་མ་ཡིན་ཏེ། སྤངས་ཀྱང་མངོན་དུ་འགྱུར་པའི་ཕྱིར། ཇི་ལྟར་ཞེ་ན། བརྟག་པ་མཐར་བཟུང་སྟེ། འདོད་པའི་དགེ་བ་ཆེན་པོ་ཐོག་མར་སྤངས་ཀྱང་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་ན། དེ་ལ་དམིགས་པའི་ཉོན་མོངས་སྐྱེས་པའི་འོག་ཏུ་དགེ་བ་དེ་སྔོན་དུ་བྱེད་པར་ནུས་པའི་ཕྱིར། འོ་ན་ཉོན་མོངས་ཉིད་ལ་དགུར་འབྱེད་པར་རིགས་སོ་ཞེ་ན། མ་ཡིན་ཏེ། དེ་ལ་དམིགས་པའི་ཉོན་མོངས་པ་ཇི་སྙེད་པ་ནི། ས་དེ་ལ་ལྟོས་པའི་སྤང་བྱ་དགུ་པའི་ནང་དུ་འདུས་པའི་ཕྱིར། འོ་ན་མི་དགེ་བ་ལ་ཡང་མཚུངས་སོ་ཤེ་ན། མ་ཡིན་ཏེ། དེ་ལ་ནི། ཇི་སྐད་དུ། སྡུག་བསྔལ་མཐོང་སྤངས་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤང་བྱ་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་སྤངས་ཀྱང་མ་བྲལ་བར་བཤད་མོད། མངོན་དུ་བྱེད་པ་ནི་མ་བཤད་པའི་ཕྱིར། དེ་ནས་ལས་ལམ་བཅུར་ཕྱེ་བའི་སྐབས་སུ། འདི་སྐད་ཅེས། དགེ་བའི་ལས་ལམ་བཅུར་བཤད་པ་དེའི་ནང་དུ་དགེ་བའི་ལས་ལམ་ཐམས་ཅད་དང༌། མི་དགེ་བའི་ལས་ལམ་བཅུར་བཤད་པ་དེའི་ནང་དུ་མི་དགེ་བའི་ལས་ལམ་མཐའ་དག་བསྡུས་པ་ཡིན་ནམ་ཞེ་ན། བཤད་པ་དེ་ལས་ཆེ་ལོང་བསྡུས་ནས་ནི། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་ལྟ་བུའི་ནང་དུ་མ་འདུས་པའི་མི་དགེ་བའི་ལས་ནི། ལུས་ཀྱི་ཉེས་པར་སྤྱད་པ་གསུམ་པོ་དག་གི །སྦྱོར་བ་དང༌། མཇུག་དང༌། དེ་དག་གི་ཕྱོགས་མཐུན་རྡེག་པ་དང་འཆིང་བ་སོགས་ཀྱང་མ་བསྡུས། ཡིད་ཀྱི་སེམས་པའི་ལས་མི་དགེ་བ་ཡང་འདིར་མ་བསྡུས། ལས་ཀྱི་ལས་དགེ་བའི་ཡང་སྦྱོར་མཇུག་དང་ཕྱོགས་མཐུན་འགའ་ཞིག་མ་བསྡུས། ངག་གི་ཡང༌། སྙན་པར་སྨྲ་བ་དང༌། ཆོས་སྟོན་པ་སོགས་མ་བསྡུས། སེམས་པའི་ལས་དགེ་བ་ཡང་མ་བསྡུས་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་ལས་སུ་བཤད་པ་གསུམ་པོ་དེ་ཉིད་ལས་ལམ་དངོས་མ་ཡིན་པའི་ཤེས་བྱེད་ནི། ཉོན་མོངས་པ་དངོས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། དེའི་ཕྱིར་གསུམ་པོ་ནི་ལམ་ཡིན་གྱི་ལས་མ་ཡིན་ཏེ། སེམས་པ་དང་བསམ་པ་གང་དུའང་མི་རུང་བའི་ཕྱིར། དེ་སྐད་དུ་ཡང༌། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་སོགས། གང་གི་ལམ་ཡིན་ཞེ་ན། གསུམ་པོ་དེ་དང་མཚུངས་པར་ལྡན་པའི་སེམས་པ་ནི་ལས་ཡིན་ལ་དེ་གང་དུ་འཇུག་པའི་གཞི་ཡིན་པས་ན་ལས་ཀྱི་ལམ་མོ། །ཡང་གལ་ཏེ་དགེ་བ་དང་མི་དགེ་བ་ལས་ལམ་བཅུ་པོའི་དངོས་གཞི་ནི། སེམས་པ་དང་བསམ་པ་གཉིས་ལས་གང་ཡིན། བསམ་པ་ལ་ཡང༌། རིག་བྱེད་དང༌། རིག་བྱེད་མ་ཡིན་པ་གཉིས་ལས་གང་གཟུང་ཞེ་ན། ཡིད་ཀྱི་གསུམ་ནི་སེམས་པ་ཡིན་ལ། དེའི་མིང་གིས་དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གསུམ་མམ། དགེ་བའི་རྩ་བ་གསུམ་ལའང་དེའི་མིང་གིས་བཏགས་པ་ཡིན་ནོ། །ལུས་ངག་གི་བདུན་བསམ་པའི་ལས་ཡིན་ལ། དེ་ལ་མི་དགེ་བ་དང་དགེ་བ་གཉིས་ལས། དང་པོ་ལ་གཉིས་ཏེ། ལས་དྲུག་ལ་དཔྱད་པ་དང༌། ལོག་གཡེམ་ལ་དཔྱད་པའོ། །དང་པོ་ནི། མི་དགེ་དྲུག་ནི་རྣམ་རིག་མིན། །ཞེས་པ་དང༌། དེ་དག་ཀྱང་བྱེད་ནའོ། །ཞེས་པ་དྲུག་པོ་དེ་གཞན་བྱེད་དུ་བཅུག་པ་ལས་མཐར་ཕྱིན་པ་དེའི་ཚེ་ན། དངོས་གཞི་ནི་རིག་བྱེད་མ་ཡིན་པ་ཁོ་ནར་བཤད་དོ། །དེ་ཡང་དངོས་གཞིའི་དུས་སུ་རིག་བྱེད་མེད་པ་ལས་བསམ་པ་ཡིན་མོད། དེ་ཡང་ཞིབ་མོར་བསམ་ན། བྱེད་དུ་འཇུག་པ་པོ་ལ་ལྟོས་པ་ཡིན་གྱི། བྱེད་པ་པོ་ལ་ལྟོས་ནས་ནི་དངོས་གཞིའི་དུས་སུ་རིག་བྱེད་མེད་པར་མ་ངེས་སོ། །འོ་ན་དེའི་དུས་ཀྱི་ལས་ལམ་དངོས་གཞི་དེ་བྱེད་དུ་འཇུག་པ་པོ་ཁོ་ན་ལ་འབྱུང་བ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་སོ། །འདི་ལ་ཡང་སྦྱོར་བའི་དུས་ཀྱི་རིག་བྱེད་མེད་པ་ནི་མ་ཡིན་ཏེ། གཞན་ལ་འཆོལ་བའི་རིག་བྱེད་ངེས་པར་དགོས་པའི་ཕྱིར། དྲུག་པོ་རང་གིས་མཐར་ཕྱིན་པར་བྱས་པའི་ཚེ། དངོས་གཞིའི་དུས་སུ་རིག་བྱེད་ཕལ་ཆེ་བ་ལ་ཡོད་ཀྱང༌། ཡོད་པར་ངེས་པ་ནི་མ་ཡིན་ཏེ། དགེ་སློང་རང་གིས་གཞན་གསོད་པའི་རྣམ་པར་རིག་བྱེད་ཡོད་བཞིན་པ་དེའི་ཚེ་གཞན་ཤི་ན། རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་ཀྱང༌། རིག་བྱེད་དང་བྲལ་བའི་འོག་ཏུ་ཤི་ན་རིག་བྱེད་མ་ཡིན་པ་ཁོ་ནའོ། །གཉིས་པ་ལོག་གཡེམ་ལ་ནི། རྣམ་པ་ཐམས་ཅད་དུ། རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་དང་བཅས་པར་ངེས་སོ། །ཞེས་སྟོན་པ་ནི། གཅིག་ནི་རྣམ་གཉིས། ཞེས་པའོ། །དེ་དག་དངོས་གཞིའི་དབང་དུ་བྱས་པ་ཡིན་གྱི། སྦྱོར་བ་ལ་ནི་བདུན་པོ་ཐམས་ཅད་ལ་རིག་བྱེད་དང་བཅས་པས་ཁྱབ་པ་ཡིན་ཏེ། འདོད་པ་ན་སྤྱོད་པའི་རིག་བྱེད་མ་ཡིན་པ་ནི་ངེས་པར་རིག་བྱེད་ལ་ལྟོས་པའི་ཕྱིར་རོ། །བདུན་པོའི་སྦྱོར་བ་ལ་རིག་བྱེད་མ་ཡིན་པ་ཡོད་པར་མ་ངེས་ཀྱང༌། མེད་པས་ཁྱབ་པ་ནི་མ་ཡིན་ཏེ། ཀུན་སློང་དྲག་པོའི་སྦྱོར་བ་རྩོམ་པ་ནི་རིག་བྱེད་མ་ཡིན་པ་ཡོད་པར་འཆད་པའི་ཕྱིར། བདུན་པོའི་མཇུག་གི་ཚེ་རིག་བྱེད་མ་ཡིན་པ་ཡོད་པས་ཁྱབ་ཀྱང༌། རིག་བྱེད་ནི་ཡོད་མེད་གཉིས་ཀ་སྲིད་དོ། །ཞེས་སྟོན་པ་ནི། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན་བཟློག་པ་གཞན་ཡིན་ནོ། །ཞེས་སོ་གཉིས་པ་དགེ་བ་ལ། ཡང་དག་པར་བླངས་པ་ལས་བྱུང་བ་དང༌། ཆོས་ཉིད་ཀྱི་ཐོབ་པ་གཉིས་ལས། དང་པོ་ནི། གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་པའི་ཕྱིར། དངོས་གཞིའི་དུས་སུ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་དང་བཅས་པ་ཡིན་ལ། ཆོས་ཉིད་ཀྱི་ཐོབ་པའི་སྤོང་བ་བདུན་ནི་སེམས་ཙམ་ལས་སྐྱེ་བའི་ཕྱིར་དངོས་གཞིའི་དུས་སུའང་རིག་བྱེད་མ་ཡིན་པ་ཁོ་ན་དང་བཅས་པ་ཡིན་ནོ། །ཞེས་སྟོན་པ་ནི། ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །ཞེས་པའོ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་དང་བཅས་པས་ནི་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན། ཞེས་བཤད་པས་སོ། །དེ་ལྟ་མོད་ཀྱི་དེ་དུས་ཀྱི་རིག་བྱེད་དེ་ཉིད་སྡོམ་པའི་ངོ་བོར་འཆད་པ་ནི་མ་ཡིན་ཏེ། ཇི་སྲིད་སྡོམ་པ་མ་བཏང་གི་བར་དུ་ཡོད་པར་མ་ངེས་པའི་ཕྱིར། ལྡན་པ་ཙམ་གྱིས་ཆོག་གོ་སྙམ་ན། ལྡན་པ་ནི་ཡང་དག་པར་བླངས་པའི་སྡོམ་པ་ཉིད་དུ་མི་རུང་སྟེ། ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པས་གཟུགས་ཅན་དུ་མི་རུང་བའི་ཕྱིར། དེ་སྐད་དུ་ཡང་འགྲེལ་པ་ལས། ངག་གི་རྣམ་པར་རིག་བྱེད་རྣ་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་འགགས་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ལས་ཀྱི་ལམ་ཡིན་ནོ། །ཞེས་བཤད་པས་སོ། །གལ་ཏེ་དེ་རྫུན་སྨྲའི་ལས་ལམ་དངོས་གཞི་ཁོ་ན་ལ་དགོངས་སོ་ཤེ་ན། དེར་དགོངས་པ་ཉིད་ཀྱིས་དེའི་འགལ་ཟླ་སྡོམ་པའི་ཕྱོགས་ལ་ཡང་དེར་འགྲུབ་པ་ཡིན་ནོ། །དེ་ཡང་རྒྱས་པར་བཤད་ན། ལུས་ཀྱི་མི་དགེ་བ་གསུམ་སྤོང་བའི་སྤོང་བ་རྫས་ཐ་དད་པ་གསུམ་ནི་ལུས་ཀྱི་རིག་བྱེད་མ་ཡིན་པའི་ངོ་བོར་སྐྱེ། ངག་གི་མི་དགེ་བ་བཞི་སྤོང་བའི་སྤོང་བ་རྫས་ཐ་དད་པ་བཞི་ནི་ངག་གི་རིག་བྱེད་མ་ཡིན་པའི་ངོ་བོར་སྐྱེ་བ་ཡིན་གྱི། ལུས་དང་ངག་གི་རིག་བྱེད་ཀྱི་ངོ་བོར་སྐྱེ་བ་ནི་མ་ཡིན་ཏེ། ལུང་དང༌། རིགས་པའི་ཤེས་བྱེད་གཉིས་ལས། དང་པོ་ནི། རྒྱས་བྱུང་ཐ་དད་མིན་ལས་སྐྱེ། །ཞེས་པའི་འགྲེལ་པར། སོ་སོར་ཐར་པའི་སྡོམ་པ་ནི་འབྱུང་བ་གཞན་དང་གཞན་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་བདུན་སྐྱེའོ། །ཞེས་དང༌། གཉིས་པ་ནི། དགེ་སློང་གི་སྡོམ་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ། ལེན་པ་པོ་ལ་ངག་གི་རྣམ་པར་རིག་བྱེད་ཡོད་པ་མ་ཡིན་པ་དང༌། དགེ་སློང་སྐྱེས་པ་དང་དུས་མཉམ་པའི་ལུས་ཀྱི་རིག་བྱེད་ནི། བསྒྲུབ་བྱ་སྟན་ལས་ལངས་པའི་ཚེ་མེད་པར་སོང་བའི་ཕྱིར་སྡོམ་པར་མི་རིགས་སོ། །དེར་སོང་བ་ཡང་ཡིན་ཏེ། མ་སོང་ན་དབྱིབས་ཡིན་པས་མིག་ཤེས་ལ་སྣང་དགོས་པ་ལས། མི་སྣང་བའི་ཕྱིར། གལ་ཏེ་འོ་ན། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །ཅེས་སོགས་ཀྱི་འགྲེལ་པར་བྱེ་སྨྲའི་མཐར་ཐུག་གི་རང་ལུགས་འཇོག་པ་ན། དེའི་ཕྱིར་སྦྱོར་བའི་འབྲས་བུ་ཡོངས་སུ་རྫོགས་པའི་ཚེ། དེ་གཉིས་ཀ་ལས་ཀྱི་ལམ་ཡིན་ནོ། །ཞེས་འཆད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་ཡིན་མོད། དེའི་ཚེ་གཉིས་ཀ་ལས་ལམ་དངོས་གཞིར་སྟོན་པ་མ་ཡིན་ཏེ། སྦྱོར་བའི་དུས་ཀྱི་རིག་བྱེད་དང༌། དངོས་གཞིའི་དུས་ཀྱི་རིག་བྱེད་མ་ཡིན་པ་གཉིས་ཀ་ཡང་སྦྱོར་བ་རྫོགས་པའི་ཚེ་ལས་ལམ་དུ་འཇོག་ཅེས་པའི་དོན་ཡིན་པས་སོ། །མདོར་ན་དངོས་གཞི་དང༌། འཇུག་གི་རིག་བྱེད་མ་ཡིན་པ་རྣམས་ནི་སྡོམ་པར་ཁས་ལེན་ཞིང༌། སྦྱོར་བའི་རིག་བྱེད་མ་ཡིན་པ་ནི་དེར་ཁས་མི་ལེན་པར་ངེས་ལ། རིག་བྱེད་ནི་སྦྱོར་མཇུག་གཉིས་སུ་གྲངས་ངེས་ཤིང༌། སྦྱོར་བའི་རིག་བྱེད་ནི་སྡོམ་པར་ཁས་མི་ལེན་ཀྱང་ལས་ཀྱི་ལམ་དུ་འཇོག་ལ། མཇུག་གི་རིག་བྱེད་ནི་ལས་ཀྱི་ལམ་མཚན་ཉིད་པར་མི་རུང་སྟེ། བསད་བྱ་ཤི་ཟིན་པའི་དུས་ཀྱི་ལྤགས་པ་ཤུ་བ་སོགས་སྲོག་གཅོད་ཀྱི་ལས་སུ་མི་རུང་བ་བཞིན་དང༌། སྡོམ་པ་སྐྱེས་ཟིན་པའི་འོག་རོལ་དུ་ཆོས་གོས་བགོ་བ་སོགས་སྡོམ་པའི་ལས་སུ་མི་རུང་བ་བཞིན་ནོ། །གལ་ཏེ་ལོག་པར་ལྟ་བ་གང་ཡིན་མི་དགེ་བ་ཉིད་དུ་ངེས་སམ་ཞེ་ན། བཤད་པ། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན། ཞེས་པ་ལས་འབྲས་ལ་བསྐུར་པ་འདེབས་པ་ཉིད་ཡིན་གྱི། སྤྱིར་ལོག་ལྟ་ཙམ་དེར་མ་ངེས་ཏེ། ཁམས་གོང་མ་དག་ན་ཡོད་པའི་ཕྱིར་རོ། །དེས་བྱེད་ལས་ཅི་ཞིག་བྱེད་ན། དགེ་བའི་རྩ་བ་གཅོད་པར་བྱེད་ལ། དེ་ཡང་འདོད་པར་གཏོགས་པའི་སྐྱེས་ཐོབ་དག་ཡིན་གྱི། སྦྱོར་བྱུང་ནི་མ་ཡིན་ཏེ། གོང་དུ་དཔྱད་ཟིན་པའི་ཕྱིར། ཁམས་གོང་མའི་དགེ་རྩ་གཅོད་པ་མ་ཡིན་ཏེ། ལོག་ལྟའི་རྟེན་ཅན་ལ་དེ་དག་དང་མི་ལྡན་པའི་ཕྱིར་རོ། །མི་ཁོ་ནའི་ནང་དུ་ཡིན་གྱི། ངན་སོང་གི་རྟེན་ལ་མ་ཡིན་ཏེ། ཤེས་རབ་མི་བརྟན་པའི་ཕྱིར། བཅད་པའི་ཚེ་ན་ནི་གང་བཅད་པ་དེ་དང་མི་ལྡན་པ་ཡིན་ཏེ། དེའི་མ་ཐོབ་རྒྱུད་ལ་སྐྱེས་པའི་ཕྱིར། མཚམས་སྦྱོར་བ་ནི། ཐེ་ཚོམ་དང་ཡང་དག་པའི་ལྟ་བ་སྐྱེས་པ་དེའི་ཚེ་ན་ཡིན་ལ། དེ་ཡང་ཡང་དག་པའི་ལྟ་བ་དགུའི་ཐོབ་པ་རྣམས་ཅིག་ཆར་སྐྱེ་ཡང༌། དགུ་པོ་མངོན་གྱུར་པ་ནི་རིམ་གྱིས་སྐྱེ་དགོས་པ་ཡིན་ནོ། །དགེ་རྩ་གཅོད་པའི་རྟེན་མིའི་ནང་ནས་འཛམ་བུ་གླིང་པ་ཁོ་ན་ཡིན་ནོ། །ཞེས་ཟེར་བ་དང༌། བུད་མེད་ཀྱི་རྟེན་ཅན་མ་ཡིན་ཏེ། འདུན་པ་དང་བརྩོན་འགྲུས་ཞན་པའི་ཕྱིར་ཞེས་ཟེར་བ་ནི་འགྲེལ་པར། བསྟན་བཅོས་ཡེ་ཤེས་ལ་འཇུག་པ་དང་འགལ་ལོ་ཞེས་བཀག་པ་ཉིད་དོ། །དེ་ཡང་ཇི་ལྟར་ཞེ་ན། དབང་པོའི་ཉུང་ལྡན་འཆད་པ་ན། །དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །ཞེས་པ་གླིང་གསུམ་ཀའི་དབང་དུ་བྱས་པ་བསྟན་བཅོས་ལས་བཤད་པ་དང༌། བསྟན་བཅོས་དེ་ཉིད་ལས། གང་མོའི་དབང་པོ་དང་ལྡན་པ་དེ་དག་གདོན་མི་ཟ་བར་དབང་པོ་བརྒྱད་པོ་ཁོ་ན་དང་ལྡན་ནོ་ཞེས་བཤད་དོ། །རྟེན་དེ་ཡང༌། ལྟ་བ་བཅད་པ་དང༌། སྲེད་པ་བཅད་པ་གཉིས་ཀྱི་ནང་ནས་དང་པོ་ཁོ་ན་སྟེ། དེ་ནི་གྲུབ་མཐའ་ལ་ངེས་པ་རྙེད་པའི་དབང་གིས་བསམ་པ་བརྟན་པ་ཡིན་ལ། ཅིག་ཤོས་ནི་ལུས་དང་ལོངས་སྤྱོད་ལ་སྲེད་པའི་དབང་གིས་གཞན་དང་གཞན་དུ་འགྱུར་བས་མི་བརྟན་པའི་ཕྱིར་རོ། །ཡང་མཚམས་མེད་བྱེད་པའི་འདི་ལ་མིན། །ཞེས་པ་སྤྱིར་མཚམས་མེད་བྱས་པའི་གང་ཟག་ཚེ་དེ་ཉིད་དུ་འདོད་པའི་ཆགས་བྲལ་བྱས་པ་མི་སྲིད་པ་དང༌། ཕྱི་མ་ངན་སོང་དུ་སྐྱེ་ངེས་ཀྱིས་ཁྱབ་པར་སྟོན་པ་ནི་མ་ཡིན་གྱི། ཅི་ཞེ་ན། མཚམས་མེད་དང་དགེ་རྩ་ཆད་པ་གཉིས་ཀ་གཞི་མཐུན་པ་གཅིག་ལ་འདུས་པའི་དབང་དུ་བྱས་པའོ། །དེ་ཡང་འདི་ལྟར། ལོག་ལྟས་དགེ་རྩ་བཅད་པ་ལ་ནི་ལྟ་བ་ཉམས་པ་ཞེས་བྱ། མཚམས་མེད་ལྔ་ལས་གང་རུང་ཞིག་བྱུང་བ་དེ་ལ་ནི་ཚུལ་ཁྲིམས་ཉམས་པ་ཞེས་བྱ་ཞིང༌། ལོག་པ་ཉིད་དུ་ངེས་པ་ཞེས་ཀྱང་བྱའོ། །འདི་ལ་མུ་བཞི་ལས། དང་པོ་ལྟ་བ་ཉམས་པ་ནི། འོད་བསྲུང་རྫོགས་བྱེད་ལ་སོགས་པའོ། །གཉིས་པ་ཚུལ་ཁྲིམས་ཉམས་པ་ནི་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ། །གསུམ་པ་གཉིས་ཀ་ཡིན་པ་ནི་ལྷ་སྦྱིན་ལྟ་བུའོ། །དགེ་འདུན་གྱི་དབྱེན་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བས་ནི། དངོས་གཞིའི་ཚེ་ན་དགེ་རྩ་ཆད་པ་དང་མཚམས་མེད་གཉིས་ཀ་བྱུང་བའི་ཕྱིར། དེ་འདྲ་དེ་ནི་ངེས་པར་རྣམ་སྨིན་དམྱལ་བ་མྱོང་བས་ཁྱབ་སྟེ། ཚེ་འདིའམ་ཕྱི་མ་འགྲུབ་པའི་བར་དོར་དགེ་བའི་རྩ་བ་མཚམས་སྦྱོར་མི་སྲིད་པའི་ཕྱིར། འོ་ན་དེ་ནམ་གྱི་ཚེ་འབྱོར་བ་སྲིད་ཅེ་ན་དམྱལ་བ་ནས་གཞན་དུ་འཆི་འཕོ་བའི་ཚེ། དེའི་དུས་སུ་དམྱལ་བའི་རྣམ་སྨིན་འཕེན་བྱེད་ཀྱི་ནུས་པ་ཟད་ཅིང༌། བདེ་འགྲོར་འཕེན་བྱེད་ཀྱི་ལས་ཀྱི་ནུས་པ་བརྟས་པ་དག་སྲིད་པས་སོ། །དོན་དེ་ཉིད་ཀྱི་ཤེས་བྱེད་དུ་འགྲེལ་པར་མདོ་དྲངས་པ་ལས། གང་ཟག་འདི་ནི་མཐོང་བའི་ཆོས་ཁོ་ན་ལ་ཉིང་མཚམས་སྦྱོར་བའི་སྐལ་བ་དང་ལྡན་པ་མ་ཡིན་གྱི། འདི་ནི་ངེས་པར་དམྱལ་བ་དག་ནས་འཆི་འཕོ་བའམ། སྐྱེ་བ་ན་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་བར་འགྱུར་རོ། །ཞེས་གསུངས། དེར་སྐྱེ་བ་ཞེས་པ་དེ་དམྱལ་བར་གདོད་སྐྱེ་བའི་སྲིད་པ་བར་མ་ལ་བཤད་ལ། མཚམས་མེད་དང་དགེ་རྩ་བཅད་པ་གཉིས་ཀའི་གཞི་མཐུན་གཞིར་བྱས་པ་ལ། སྐྱེ་བ་དང་འཆི་བའི་དུས་མི་འདྲ་བ་གཉིས་འབྱུང་བ་ནི། རྒྱུའི་སྟོབས་ཀྱིས་བཅད་པ་དང༌། རྐྱེན་གྱི་སྟོབས་ཀྱིས་བཅད་པ་གཉིས་ལས་སམ། རང་སྟོབས་དང་གཞན་སྟོབས་ཀྱིས་བཅད་པའི་དབང་དུ་བྱས་པར་བཤད་ལ། བར་སྲིད་དུ་དགེ་རྩ་མཚམས་སྦྱོར་ཡང༌། དམྱལ་བའི་སྐྱེ་སྲིད་དུ་མི་སྐྱེ་བར་སྟོན་པ་ནི་མ་ཡིན་ཏེ། དེ་མཚམས་སྦྱོར་ཡང་མཚམས་མེད་ཀྱི་ལས་ཀྱི་ནུས་པ་དེར་མི་ལྡོག་པའི་ཕྱིར། གལ་ཏེ་འདི་སྙམ་དུ། བཤད་པ་དེ་དག་ནི་མཚམས་མེད་ཅན་དམྱལ་བར་སྐྱེ་ངེས་ཀྱི་ཤེས་བྱེད་དུ་སོང་བ་ཡིན་གྱི། ལས་དེ་གཉིས་ཀའི་གཞི་མཐུན་ཅན་ཁོ་ན་དམྱལ་བར་སྐྱེས་ངེས་ཀྱི་ཤེས་བྱེད་དུ་སོང་བ་མ་ཡིན་ནོ་སྙམ་ན། དགེ་རྩ་གཅོད་པའི་ཚུལ་ལ་གཉིས་ཏེ། བསམ་པ་ཉམས་པ་ཁོ་ནས་དང༌། བསམ་སྦྱོར་གཉིས་ཀ་ཉམས་པས་གཅོད་པའོ། །དང་པོ་ནི། ལོག་ལྟ་རྐྱང་པས་བཅད་པ་ཡིན་ལ། གཉིས་པ་ནི། ལོག་ལྟ་དང་མཚམས་མེད་གཉིས་ཀས་བཅད་པ་སྟེ་དེའི་དབང་དུ་མཛད་ནས། མཚམས་མེད་བྱེད་པས་འདི་ལ་མིན། །ཞེས་གསུངས་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་ནི་ལོག་པར་ལྟ་བ་དང་མི་ལྡན་པས་མཚམས་མེད་ཀྱི་ལས་དེ་མྱོང་འགྱུར་གྱི་ལམ་གསུམ་པོ་གང་དུ་ཡང་མི་འཇོག་སྟེ། ཚེ་འདི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་རྙེད་ན། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་སུ་འགྱུར་བ་ཡང་སྲིད། དེ་མ་རྙེད་ན་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་དུ་འགྱུར་བའང་སྲིད་པའི་ཕྱིར། དེ་བས་ན་ལས་རང་གི་ལྡོག་པ་ནས་རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པའོ། །གལ་ཏེ་འོ་ན་ཕ་མ་གསོད་གང་དེ་ངེས་སོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་རྣམ་སྨིན་ངེས་པ་ཡིན་མོད། གནས་སྐབས་ངེས་པར་འཇོག་པ་ལ་ནི་ཇི་སྐད་དུ། བསམ་བཞིན་པ་དང་རྫོགས་པ་དང༌། །མི་འགྱོད་གཉེན་པོ་མེད་པ་དང༌། །འཁོར་དང་རྣམ་སྨིན་ངེས་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་བྱ་བའི་ཁྱད་པར་དེ་དག་ཚང་དགོས་པའི་ཕྱིར། ཡང་གལ་ཏེ་ལོག་ལྟས་དགེ་རྩ་བཅད་པ་དང༌། ཕ་མའམ་དགྲ་བཅོམ་བསད་པའི་མཚམས་མེད་གསུམ་པོ་གང་རུང་ཅན་ཞིག ཚེ་དེ་ལ་དགེ་རྩ་མཚམས་འབྱོར་བ་དག་སྲིད་དམ་ཞེ་ན། འདི་ལ་གཉིས་ཏེ། ལོག་ལྟ་སྔོན་དུ་བཏང་སྟེ་ལས་གསུམ་པོ་བྱས་པ་དང༌། གསུམ་པོ་བྱས་རྗེས་སུ་ལོག་ལྟས་དགེ་རྩ་བཅད་པ་གཉིས་ལས། དང་པོ་ལ་ནི་དེ་མི་སྲིད་ལ། གཉིས་པ་ལ་ནི་དེ་སྲིད་པར་ཁས་ལེན་དགོས་ཏེ། བསམ་སྦྱོར་གཉིས་ཀས་དགེ་རྩ་བཅད་པ་མ་ཡིན་པས། འདི་ལ་མིན་ཞེས་པའི་གཞུང་དོན་མ་ཚང་བའི་ཕྱིར། ཡང་དགེ་བའི་རྩ་བ་མཚམས་སྦྱོར་ན་དེའི་རྣམ་སྨིན་མི་འབྱིན་པ་དག་ཡིན་ནམ་ཞེ་ན། དེ་ནི་གཏན་མ་ཡིན་ཏེ། དགེ་བའི་རྩ་བ་དང་ལྡན་པ་ཙམ་གྱིས་མནར་མེད་པའི་དམྱལ་བའི་རྣམ་སྨིན་མི་ཁེགས་པའི་ཕྱིར། ཡང་ཅི་མཚམས་མེད་པའི་ལས་དང་ལོག་པར་ལྟ་བ་དག་གི་རྣམ་པར་སྨིན་པ་དག་ལས་གང་ལྕི་ཞེ་ན། འགྲེལ་པར། ཇི་སྐད་དུ། དགེ་བའི་རྩ་བ་ཀུན་ཏུ་གཅོད་པར་བྱེད་པའི་ལོག་པར་ལྟ་བའི་རྣམ་པར་སྨིན་པ་ནི་མནར་མེད་པ་ཡིན་ནོ། །མཚམས་མེད་པ་བྱེད་པ་རྣམས་ཀྱིས་ནི་དེར་རམ་གཞན་དུའོ། །ཞེས་བཤད་པ་ལས་རྟོགས་སོ། །ད་ནི་ཇི་སྐད་དུ། མི་དགེ་བརྒྱད་ཀྱི་བར་དག་དང༌། །དགེ་བ་གཅིག་ཆར་ལྷན་ཅིག་འབྱུང༌། །དགེ་བ་བཅུ་ཡི་བར་དག་དང༌། །གཅིག་དང་བརྒྱད་དང་ལྔ་དང་མིན། །ཞེས་པ་འདིའི་དོན་ལ། དགེ་བ་དང་མི་དགེ་བ་བཅུའི་རྣམ་གཞག་འཆད་པའི་སྐབས་འདིར། ལུས་ངག་གི་ལས་ལམ་དངོས་གཞི་ནི་གཟུགས་ཅན་ཁོ་ན་དང༌། ཡིད་ཀྱི་གསུམ་ནི་ཉོན་མོངས་པ་ཉིད་དུ་བཤད་པས་ན། དེར་ཡིད་ལས་ཀྱི་ངོ་བོ་སེམས་པ་ཞེས་བྱ་བ་དེ་མ་སྡུས་པས་ན། དོགས་པའི་གནས་འདི་ལྟར་དགེ་བའམ་མི་དགེ་བ་དུ་ཞིག་གི་ནང་ནས་སེམས་པ་དང་གཅིག་ཆར་ལྷན་ཅིག་ཏུ་འབྱུང་བ་ནི་དུ་ཞེ་ན། དེའི་ལན་དུ་འཆད་པ་ཡིན། དེ་ཡང་སེམས་ནི་ལས་ཀྱི་ལམ་ཀུན་ནས་སློང་བྱེད་ཡིན་ལ། དེ་པ་རྒྱུ་དུས་ཀྱི་དང༌། དེ་དུས་ཀྱིས་ཀུན་སློང་གཉིས་ལས། འདིར་ཕྱི་མའི་དབང་དུ་བྱས་པ་ཡིན་ཏེ། རྒྱུ་དུས་ཀྱི་ཀུན་སློང་ནི། ལས་ལམ་དངོས་གཞིའི་དུས་སུ་ཡོད་མི་དགོས་པའི་ཕྱིར་དང༌། དེ་དུས་ཀྱི་ཀུན་སློང་ནི་དངོས་གཞི་དང་མཇུག་གི་དུས་སུ་ཡང་རྣམ་པར་རིག་བྱེད་ཀུན་ནས་སློང་བྱེད་དང༌། མཐར་ཕྱིན་བྱེད་དུ་དགོས་པའི་ཕྱིར། ཇི་སྐད་དུ། གསོད་དང་གནོད་སེམས་ཚིག་རྩུབ་བོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡི་ནི་རྫོགས་པར་བྱེད། །ཅེས་འབྱུང་བ་ལྟར། ལས་ཀྱི་ལམ་མི་དགེ་བ་བཅུ་པོ་དེ། རྒྱུའི་ཀུན་སློང་མ་རིག་པ་དང་དུས་ཀྱི་ཀུན་སློང་ཆགས་སྡང་གཉིས་པོ་གང་རུང་གིས་མཐར་ཕྱིན་པར་བྱེད་དགོས་ཤིང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་པ་ནི་མེད་ན། དེ་དག་རྫོགས་པར་བྱེད་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འགྲེལ་པར། རེ་ཤིག་མི་དགེ་བ་ཀུན་དུ་རྟེན་པ་དང༌། གོམས་པར་བྱས་པ་དང༌། ལན་མང་དུ་བྱས་པ་ཐམས་ཅད་ནི་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་དང༌། རྩ་བར། རིགས་པ་རབ་ཏུ་བཅུག་པའི་ལས། །རྣམ་གསུམ་ཀུན་སློང་བཅས། ཞེས་པ་དང༌། འཇུག་དང་ཞིང་དང་གཞི་དག་ནི། །སྦྱོར་དང་སེམས་པ་བསམས་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལ། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །ཞེས་འབྱུང་བ་ལྟར་རོ། །དེ་ལ་འདིར་ལུས་ངག་གི་ལས་ལམ་དངོས་གཞིར་གྱུར་པའི་དགེ་བ་དང་མི་དགེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དངོས་ཡིན་ལ། དེའི་ཡང་རྒྱུ་དུས་ཀྱི་ཀུན་སློང་ནི་མི་དགེ་བའི་རྩ་བ་གསུམ་དང་མཚུངས་པར་ལྡན་པའི་སེམས་པ་ཡིན་མོད། དེ་དང་ལུས་ངག་གི་ལས་ལམ་དངོས་གཞི་དུ་ཞིག་ལྷན་ཅིག་ཏུ་འབྱུང་ཞེས་དཔྱོད་པ་ནི་མ་ཡིན་ཏེ། དེ་དང་དེ་དག་ལྷན་ཅིག་ཏུ་འབྱུང་མི་སྲིད་པའི་ཕྱིར་ཡིད་ཀྱི་ལས་ལམ་དུ་བཞག་པའི་མི་དགེ་བ་དངོས་ནི་བརྣབ་སེམས་སོགས་ཉོན་མོངས་པ་གསུམ་པོ་དག་ལ་བཤད་ཅིང༌། དེའི་ཡང་རྒྱུའི་ཀུན་སློང་ནི་ཆགས་སོགས་མི་དགེ་བའི་རྩ་བ་གསུམ་པོ་ཉིད་ཡོད་མོད། དེ་འདྲ་དེ་ཡིད་ཀྱི་མི་དགེ་བ་དུ་ཞིག་འབྱུང་ཞེས་དཔྱད་པ་མ་ཡིན་པའི་ཤེས་བྱེད་ནི་སྔ་མ་དང་འདྲའོ། །བརྣབ་སེམས་སོགས་མི་དགེ་བའི་ལས་དངོས་གཞིར་གཞག་པ་དེ་དག་དང་དུས་མཚུངས་པའི་སེམས་པ་དེ་དང༌། གཞུང་འདིའི་རྩ་བར་བཤད་པའི་མི་དགེ་བ་དུ་ཞིག་དང་ལྷན་ཅིག་ཏུ་འབྱུང་ཞེས་དཔྱོད་པའོ། །འདིའི་མི་དགེ་བ་དུ་ཞིག་དང་ལྷན་ཅིག་འབྱུང་ཞེས་དཔྱོད་པའི་སེམས་པ་དེ་མི་དགེ་བ་དང་ལྷན་ཅིག་ཏུ་འབྱུང་བའི་ཚེ་མི་དགེ་བ་དང༌། དགེ་བ་དུ་ཞིག་དང་ལྷན་ཅིག་འབྱུང་ཞེས་དཔྱོད་པའི་ཚེ་དགེ་བ་ཁོ་ནར་ངེས་པ་མ་ཡིན་ཏེ། དགེ་བའི་དུས་ཀྱི་ཀུན་སློང་ལ་སེམས་པ་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་ཡོད་ཅིང༌། མི་དགེ་བའི་དུས་ཀྱི་ཀུན་སློང་ལ་ཡང་དགེ་བ་དང༌། མི་དགེ་བ་དང༌། ལུང་མ་བསྟན་གསུམ་ཀ་ཡོད་དོ། །དེས་ན་འདིར་ཉེ་བར་མཁོ་བའི་སེམས་པ་ནི་ཡིད་ཀྱི་ལས་དངོས་ཡིན་ལ། དེ་ལ་ཡང༌། དབང་ཤེས་འཁོར་གྱི་དང༌། ཡིད་ཤེས་འཁོར་གྱི་གཉིས་ལས་གང་དུ་ཡིན་ཡང་རུང་དགེ་བའི་རྩ་བ་གསུམ་ནི་འབྲལ་མི་སྲིད་པས། གསུམ་པོ་གཅིག་ཡོད་ན་གཞན་གཉིས་པོ་ངེས་པར་ཡོད་པས་ཁྱབ་ཅིང༌། མི་དགེ་བའི་ཕྱོགས་ལ་ནི་དབང་ཤེས་ཀྱི་ཚོགས་པར་བརྣབ་སེམས་དང་གནོད་སེམས་གཉིས་པོ་གང་རུང་གཅིག་ཡོད་ལ་ཅིག་ཤོས་ཡོད་པས་ཁྱབ་ཅིང༌། དེར་ལོག་པར་ལྟ་བ་དང་ཡང་དག་པའི་ལྟ་བ་གཉིས་ནི་མི་འབྱུང་སྟེ། ཇི་སྐད་དུ། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་བཤད་པས་དེ་ན་ཡུལ་ལ་ངེས་པར་རྟོག་པའི་བློ་མེད་པའི་ཕྱིར་རོ། །ཡིད་ཀྱི་ཤེས་པའི་ཚོགས་པ་ན་ནི། ཡང་དག་པའི་ལྟ་བ་དང༌། ལོག་པའི་ལྟ་བ་གཉིས་ཀ་སྲིད་ཅིང༌། དགེ་བའི་རྩ་བ་གསུམ་མི་འབྲལ་བར་འབྱུང་ཡང༌། མི་དགེ་བ་གསུམ་ནི་ལྷན་ཅིག་པར་འབྱུང་བ་མ་ཡིན་ཏེ། འཛིན་སྟངས་འགལ་བའི་ཕྱིར་རོ། །དེས་ན་མི་དགེ་བ་ནི་མང་བའི་ཡ་མཐའ་བརྒྱད་དང༌། སེམས་པ་ཅིག་ཆར་ལྷན་ཅིག་ཏུ་འབྱུང་གི དགུ་དང་བཅུ་དག་མི་འབྱུང་སྟེ། ཡིད་ཀྱི་མི་དགེ་བ་གསུམ་པོ་གཅིག་ཡོད་པར་ཅིག་ཤོས་མི་འབྱུང་བའི་ཕྱིར་རོ། །འདི་ཡང་ཅིག་ཆར་དུ་འབྱུང་བའི་ཚུལ་འཆད་པ་ཡིན་ཏེ། སྔ་ཕྱི་བ་ལ་ནི་གྲངས་ངེས་བཟུང་བར་མི་ནུས་པའི་ཕྱིར། དེ་ཡང་འདི་ལྟར། བརྒྱད་དང་སེམས་པ་ལྷན་ཅིག་འབྱུང་བ་ནི་ལུས་ངག་གི་མི་དགེ་བ་དྲུག་པོ་གཞན་ལ་བཅོལ་ནས། རང་ཉིད་བརྣབ་སེམས་དང་ལྡན་བཞིན་དུ་ལོག་གཡེམ་སྤྱད་པས་བརྒྱད་པོའི་དངོས་གཞི་དུས་མཉམ་དུ་གྲུབ་པའི་ཚེ་ནའོ། །ཡང་དགེ་བ་བཅུ་དང་སེམས་པ་ལྷན་ཅིག་འབྱུང་བ་ནི་ཡིད་ཀྱི་ཤེས་པ་དགེ་བ་ལ་གནས་ནས། དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་པའི་ཚེ་ལྟ་བུ་སྟེ། དེའི་ཚེ་ལུས་ངག་གི་སྤོང་བ་བདུན་ནི་དུས་མཉམ་དུ་སྐྱེས་པ་ཡིན་ལ། ཡིད་ཀྱི་དགེ་བ་གསུམ་ནི་གྲུབ་བདེ་གཅིག་པའི་ཕྱིར་རོ། །འོ་ན་ཡིད་ཤེས་དགེ་བ་ཐམས་ཅད་ཀྱི་ཚེ་གསུམ་པོ་མི་འབྲལ་བར་ངེས་སམ་ཞེ་ན། ཡང་དག་པའི་ལྟ་བ་ཅན་ལ་དེ་ལྟར་ངེས་ཀྱང༌། གཞན་གཉིས་དང་ལྡན་པ་ལ་ཡང་དག་པའི་ལྟ་བ་ཡོད་པར་མ་ངེས་ཏེ། ཇི་སྐད་དུ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཞེས་བཤད་པའི་ཕྱིར། འོ་ན་ཡང་དག་པའི་ལྟ་བ་དང་གཏི་མུག་མེད་པའི་དགེ་བ་ལ་ཁྱད་པར་ཅི་ཞེ་ན། ཁྱབ་ཆེ་ཆུང་གི་ཁྱད་པར་ལས་དབྱེ་དགོས་ཏེ། གཅིག་ལ་ནི་ཤེས་རབ་ཙམ་གྱིས་ཆོག་ཅིང༌། ཅིག་ཤོས་ལ་ལྟ་བས་ཁྱབ་པའི་ཕྱིར་རོ། །ཡང༌། གཅིག་དང་བརྒྱད་དང་ལྔ་དང་མིན། །ཞེས་བཤད་པ་ནི་སྡོམ་པའི་དབང་དུ་བྱས་པར་གསལ་གྱི། བར་མ་ལ་ནི་དེར་མ་ངེས་ཏེ། སྲོག་གཅོད་ལྟ་བུ་གཅིག་སྤོང་བ་དང༌། ལུས་ངག་གི་ལྔ་ཁོ་ན་སྤོང་བ་དང༌། སེམས་པ་མི་དགེ་བ་ཞིག་ལ་གནས་ནས། ལུས་ངག་གི་མི་དགེ་བ་བདུན་ཅིག་ཆར་སྤོང་བ་དག་སྲིད་པའི་ཕྱིར་རོ། །སྡོམ་པ་ལ་ནི་དེ་ལྟ་མ་ཡིན་ཏེ། ལུས་ངག་གི་གཅིག་ཁོ་ན་སྤོང་བ་དང༌། ལྔ་ཁོ་ན་སྤོང་བ་དང༌། ལུས་ངག་གི་སྤང་བྱ་བརྒྱད་སྤོང་བའི་སྡོམ་པ་དག་མི་སྲིད་པའི་ཕྱིར་དང༌། ཡིད་མི་དགེ་བའི་སེམས་པ་དང་ལྷན་ཅིག་ཏུ་དགེ་སློང་གི་སྡོམ་པ་བླངས་པའི་ཚེ། ལུས་ངག་གི་བདུན་དང་ལྷན་ཅིག་ཏུ་སེམས་པ་འབྱུང་ཡང༌། བརྒྱད་དང་ལྷན་ཅིག་མི་འབྱུང་བ་ནི། སྤྱིར་སོ་ཐར་སྡོམ་པའི་ངོ་བོར་གྱུར་པའི་ཡིད་ཀྱི་དགེ་བ་མི་སྲིད་པ་དང༌། ཁྱད་པར་གནས་སྐབས་དེ་ན་ཡིད་ཀྱི་དགེ་བ་དག་མེད་པའི་ཕྱིར་རོ། །འགྲེལ་པར། མི་དགེ་བ་དང་ལུང་མ་བསྟན་གྱི་སེམས་ལ་གནས་བཞིན་དུ། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་པ། ཞེས་བཤད་པ་ནི། སོ་ཐར་སྡོམ་པའི་ངོ་བོ་ནི་རང་རང་གི་རྒྱུའི་ཀུན་སློང་ལས་རིག་བྱེད་མ་ཡིན་པའི་གཟུགས་སུ་འཕགས་ཤིང༌། གྲུབ་ཟིན་པའི་དོན་གྱིས་དེ་དང་ལྷན་ཅིག་ཏུ་སེམས་པ་ཉོན་མོངས་ཅན་བྱུང་ཡང༌། སྡོམ་པ་རང་གི་ངོ་བོ་དགེ་བ་ཡིན་པ་ལ་གེགས་མི་བྱེད་པའོ། །འོ་ན་དེ་སུ་ཞིག་གི་དུས་ཀྱི་ཀུན་སློང་དུ་འགྱུར་ཞེ་ན། སོ་ཐར་སྡོམ་པའི་ནི་མ་ཡིན་ཏེ། དེ་དེས་ཀུན་ནས་སླང་བ་མ་ཡིན་པའི་ཕྱིར་རོ། །འོ་ན་སུ་ཞིག་གིས་ཤེ་ན། སོ་ཐར་སྡོམ་པ་དང་ལྷན་ཅིག་ཏུ་འཇུག་པའི་རྣམ་པར་རིག་བྱེད་ཀྱིའོ། །རིག་བྱེད་དེ་ཡང་དགེ་བ་ནི་མ་ཡིན་ཏེ། དེ་འདྲ་དེ་ཀུན་སློང་གི་དགེ་བར་གཞག་དགོས་པའི་ཕྱིར། དེ་བས་ན། དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པའི་བརྗོད་པ་གསུམ་པའི་ཚེ། རིག་བྱེད་མ་ཡིན་པའི་གཟུགས་དགེ་བ་དང་དུས་མཉམ་དུ་སྐྱེས་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་མི་དགེ་དང་ལུང་དུ་མ་བསྟན་པ་དག་ཡོད་པར་གྲུབ་པ་འདི་ལས་ཀྱང༌། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་ལ་སོ་ཐར་གྱི་སྡོམ་པས་ཁྱབ་པ་ཞེས་བྱ་བ་འདི་ནི་རུང་བ་མ་ཡིན་ནོ། །མདོར་ན། ཇི་སྐད་དུ། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །ཞེས་འབྱུང་བ་ལྟར་རྒྱུའི་ཀུན་སློང་དུ་གྱུར་པའི་སེམས་པ་དགེ་སོགས་རེ་རེ་བ་ལས་དུས་ཀྱི་ཀུན་སློང་དུ་གྱུར་པའི་སེམས་པ་དགེ་སོགས་གསུམ་གསུམ་དག་འབྱུང་བར་སྲིད་པ་ཡིན་ལ། དེའི་ཚེ་ཡིད་ལས་ལ་ནི་དུས་ཀྱི་ཀུན་སློང་གཙོ་ཆེ་བ་ཡིན་ཏེ། སེམས་པ་ཉིད་ལས་ཀྱི་ངོ་བོར་འཇོག་པའི་ཕྱིར། ལུས་ངག་གི་ལས་ལ་ནི། རྒྱུའི་ཀུན་སློང་དབང་བཙན་པ་ཡིན་ཏེ། ལས་ལམ་གྱི་ངོ་བོར་གཟུགས་ཅན་དུ་ཁས་ལེན་པས། དུས་ཀྱི་ཀུན་སློང་གིས་མངོན་དུ་བྱ་བར་མི་ནུས་པའི་ཕྱིར། འོ་ན་ཅི་ཞིག་བྱེད་ཅེ་ན། རྒྱུའི་ཀུན་སློང་དང་རྗེས་སུ་མཐུན་ན་བྱས་ལ་བསགས་པའི་ལས་སུ་བྱེད་ཅིང༌། མི་མཐུན་ན་བྱས་ཀྱང་མ་བསགས་པའི་ལས་སུ་བྱེད་དོ། །ད་ནི་འོ་ན། ཁམས་དང༌། འགྲོ་བ་གང་ན་དགེ་བ་དང་མི་དགེ་བ་དུ་ཞིག་ཡོད་པ་དང༌། ལྡན་ཞེ་ན། བཤད་པ། དམྱལ་བ་ན་ནི་ཀྱལ་བ་དང༌། །ཚིགས་རྩུབ་གནོད་སེམས་རྣམ་གཉིས་སོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། །ཞེས་པ་འདིའི་ཤུགས་ལ་དེ་ན་ལུས་ཀྱི་ལས་མི་དགེ་བ་གསུམ་དང༌། ངག་གི་རྫུན་དང་ཕྲ་མ་སྟེ་ལྔ་པོ་ནི། མངོན་དུ་གྱུར་པ་ལྟ་ཞོག ལྡན་པའི་སྒོ་ནས་ཀྱང་ཡོད་པ་མ་ཡིན་ཏེ། ཚེ་སྔ་མར་ཐོབ་པ་ནི་ཤི་འཕོས་པས་གཏང་བའི་ཕྱིར་དང༌། དེ་ཉིད་ན་ནི་དེ་དག་ཐོབ་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། བཏང་བ་ཡིན་ཏེ། སྡོམ་མིན་དང་བར་མ་ཚེ་འཕོས་པས་བཏོང་བའི་ཕྱིར། དེ་ན་འཐོབ་བྱེད་ཀྱི་རྒྱུ་ཡང་ཡོད་པ་མ་ཡིན་ཏེ། དེ་དག་འཐོབ་པ་ནི་རང་རང་གི་སྦྱོར་བ་ལ་ལྟོས་ན། དེ་ན་དེའི་སྦྱོར་བ་དག་མེད་པའི་ཕྱིར། དེ་ཡང་ལས་ཟད་ནས་འཆི་བའི་ཕྱིར་དང༌། རྫས་དང་བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར། ལུས་ཀྱི་གསུམ་ལ་སྦྱོར་བ་མེད་ལ། རྫུན་ལ་དགོས་པ་མེད་པའི་ཕྱིར་དང༌། རྟག་ཏུ་བྱེ་ཟིན་པའི་ཕྱིར། ངག་གི་གཉིས་མེད་དོ། །བརྣབ་སེམས་དང་ལོག་ལྟ་ལ་ནི་མི་མཚུངས་ཏེ། ཤི་འཕོས་པ་དེ་དག་གི་གཏོང་རྒྱུ་མ་ཡིན་པ་དང༌། དམྱལ་བར་གཉིས་པོ་དེའི་གཉེན་པོ་སྐྱེ་བས་ཁྱབ་པ་ཡང་མ་ཡིན་པའི་ཕྱིར། དེ་ལྟ་མོད་ཀྱི་དེ་ན་གཉེན་པོ་གསུམ་ཡོད་མི་སྲིད་པ་ནི་མ་ཡིན་ཏེ། དགེ་བ་གསུམ་ནི་ཐམས་ཅད་ན། །ཞེས་འཆད་པའི་ཕྱིར་རོ། །དེ་ན་ཡང་དག་པའི་ལྟ་བ་ཇི་ལྟར་ཡོད་ཅེ་ན། གོང་དུ་དྲངས་ཟིན་པ་ལྟར། དམྱལ་བར་སྐྱེ་བའི་བར་སྲིད་དང༌། དམྱལ་བ་ནས་འགྲོ་བ་གཞན་དུ་འཆི་འཕོས་པའི་ཚེ། ཡང་དག་པའི་ལྟ་བས་དགེ་རྩ་མཚམས་འབྱོར་བ་ཞིག་ཡོད་པའི་ཕྱིར། དེ་ལྟར་བཤད་པ་ན། དམྱལ་བའི་རྟེན་ལ་སྤྱིར་ངན་སོང་དང༌། བྱེ་བྲག་དམྱལ་བར་འཕེན་བྱེད་ཀྱི་ལས་སོག་པ་མེད་པར་འགྱུར་ཏེ། དེར་མི་དགེ་བའི་གཙོ་བོ་དག་མངོན་དུ་མི་འགྱུར་བའི་ཕྱིར་སྙམ་ན། དེ་ན་དེ་མེད་པར་ནི་མ་བཤད་དེ། ཇི་སྐད་དུ། དམྱལ་བ་ན་ནི་དགེ་བའི་གསུམ། །ཞེས་པའི་ཤུགས་ལ་མི་དགེ་བའི་ལས་ཀྱི་འཕེན་པ་བཞི་ཀ་ཡོད་པར་བཤད་པའི་ཕྱིར། དེ་ཡང་གང་ཞེ་ན། གནོད་སེམས་ཚིགས་རྩུབ་རྣམས་གཉིས་སོ། །ཞེས་བཤད་པ་ལྟར། དེ་གཉིས་སམ་དེས་ཀུན་ནས་སླང་བའི་ལུས་ངག་གི་ལས་སོ། །ལས་དེ་ཡང་ནི། ཇི་སྐད་དུ། དེ་ལས་ཆེ་ལོང་བསྡུས་ནས་ནི། །ཞེས་བཤད་པ་ལྟར། གཞུང་དུ་བཤད་པའི་ལུས་ངག་གི་ལས་བདུན་པོ་དག་ཏུ་ནི་མི་གཏོགས་སོ། །དེ་བཞིན་དུ་དམྱལ་བའི་རྟེན་ལ་བདེ་འགྲོར་འཕེན་བྱེད་ཀྱི་སྐྱེས་ནས་སོགས་གསུམ་ཀ་ཡོད་པར་བཤད་པ་ཡང༌། རང་རེའི་སྟོན་པ་སྔོན་དམྱལ་བའི་ཤིང་རྟ་འདྲེན་པར་འཁྲུངས་པའི་ཚེ། གྲོགས་ལ་ཕན་སེམས་སྐྱེས་པ་ལྟ་བུ་ཡིན་ལ། དེ་ཡང་དགེ་བའི་རྩ་བ་གསུམ་མམ། དེས་ཀུན་ནས་སླངས་པའི་ལུས་ངག་གི་ལས་སོ། །ལུས་ངག་གི་ལས་དེ་ཡང་འདིར་བཤད་པའི་བདུན་པོ་དག་གི་ནང་དུ་ནི་མི་གཏོགས་ཏེ། ཇི་སྐད་དུ། དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ཞེས་འཆད་པའི་ཕྱིར། ཡང་དམྱལ་བར་ལོག་ལྟ་མངོན་དུ་མི་འགྱུར་བའི་ཤེས་བྱེད་ལ། ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར། ཞེས་པ་དེའི་དོན་ནི། ཇི་སྐད་དུ། དམྱལ་བ་པས་ནི་དང་པོ་ཤེས། །ཞེས་པ་ལྟར། ལས་གང་ཞིག་བྱས་པའི་དབང་གིས་དེར་སྐྱེས་པ་ཤེས་ན་ལས་འབྲས་མེད་པར་ལྟ་བའི་སྐབས་ཡོད་པ་མ་ཡིན་ནོ། །ཡང༌། སྒྲ་མི་སྙན་ན་གསུམ་ཡོད་དེ། །ཞེས་པ། དེ་ན་ཡིད་ཀྱི་གསུམ་པོ་ལྡན་པའི་སྒོ་ནས་ཡོད་པར་སྟོན་གྱི། མངོན་གྱུར་དུ་ཡོད་པ་མ་ཡིན་ཏེ། དངོས་པོ་ལ་ང་ཡི་བར་འཛིན་པ་མེད་པའི་ཕྱིར་དང༌། རྒྱུད་འཇམ་པའི་ཕྱིར་དང༌། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར། ལྡན་པ་ནི། གཏོང་བྱེད་ཀྱི་རྒྱུ་མ་བྱུང་བ་དང༌། དེར་དེའི་གཉེན་པོ་མ་སྐྱེས་པའི་ཕྱིར། མི་དགེ་བ་གཞན་དྲུག་ནི་དེར་ལྡན་པ་ཙམ་ཡང་མ་ཡིན་ཏེ། དེ་ན་དེ་དག་འཐོབ་བྱེད་ཀྱི་རྒྱུ་མེད་པ་དང༌། ཚེ་རབས་སྔ་མར་བྱུང་བ་ནི་བཏང་ཟིན་པའི་ཕྱིར། འོ་ན་སྒྲ་མི་སྙན་པའི་རྟེན་ལ་བདེ་འགྲོའམ་ངན་འགྲོར་འཕེན་བྱེད་ཀྱི་ལས་བྱ་བ་དག་ཇི་ལྟར་ཡོད་དེ། དེ་ན་དགེ་བ་དང་མི་དགེ་བའི་ལས་དག་ཇི་བཞིན་པ་ཡོད་པར་མི་འཆད་པའི་ཕྱིར། ཞེ་ན། དེ་ན་བདེ་འགྲོར་འཕེན་བྱེད་ཀྱི་ལས་བྱ་བ་དག་ཡོད་པ་ནི། དགེ་བ་གསུམ་ནི་ཐམས་ཅད་ན། །ཞེས་དང༌། ཐམས་ཅད་ན་ནི་འཕེན་པ་བཞི། །ཞེས་པ་དེ་ཉིད་ཀྱིས་འགྲུབ་ལ། ངན་འགྲོར་འཕེན་བྱེད་ཀྱི་ལས་བྱེད་པར་ནི་བཤད་དཀའ་བ་ཡིན་ཏེ། དེར་འཕེན་བྱེད་ཀྱི་ལས་རྙིང་པ་ནི་གཏང༌། གསར་པ་ནི་བྱེད་དཀའ་བའི་ཕྱིར། དཀའ་བ་ཡིན་ཏེ། ཡིད་ཀྱི་གསུམ་པོ་ནི་ལྡན་ཡང་མངོན་དུ་མི་འགྱུར། བདུན་པ་ངག་འཁྱལ་དངོས་སུ་ཡོད་ཀྱང༌། དེའི་ཀུན་སློང་དུ་བརྣབ་སེམས་སོགས་གསུམ་མེད་ན་ངན་འགྲོ་འཕེན་བྱེད་དུ་མི་རུང་བའི་ཕྱིར། དེ་ལྟ་མོད་ཀྱི། ངན་སོང་འཕེན་རྫོགས་སུ་གྱུར་པའི་མི་དགེ་བ་ཇི་སྙེད་པ་འདིར་བཤད་པའི་བཅུ་པོ་དག་ཏུ་འདུས་པ་མ་ཡིན་ཏེ། དཔེར་ན་ལོག་གཡེམ་མ་ཡིན་པའི་མི་ཚངས་པར་སྤྱོད་པ་དག་བཞིན་ནོ། །ཡང༌། འདོད་པ་གཞན་ན་མི་དགེ་བཅུ། །ཞེས་པར། དམྱལ་བར་དང་སྒྲ་མི་སྙན་ལས་གཞན་པའི་འདོད་པའི་ཁམས་མཐའ་དག་ན་མི་དགེ་བཅུ་ཆར་མངོན་དུ་གྱུར་པའི་སྒོ་ནས་ཡོད་དོ། །ཞེས་འཆད་པ་ཡིན་ལ། དེའི་ཚེ། དུད་འགྲོ་དང༌། ཡི་དྭགས་དང༌། ལྷའི་འགྲོ་བར་ནི་མི་དགེ་བ་བཅུ་བར་མས་བསྡུས་པས་དག་མངོན་དུ་འགྱུར་བར་འཆད་ཀྱི། སྡོམ་མིན་གྱིས་བསྡུས་པ་ནི་ཡོད་པར་མི་འཆད་དེ། ཇི་སྐད་དུ། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན། ཞེས་བཤད་པའི་ཕྱིར། ལྷ་ལ་སྲོག་གཅོད་པ་ཇི་ལྟར་ཡོད་ཅེ་ན། འགྲེལ་པར། གལ་ཏེ་ཡང་ལྷས་ལྷ་མི་གསོད་ཀྱང་འགྲོ་བ་གཞན་ན་གནས་པ་ནི་གསོད་པར་བྱེད་དོ། །གཞན་དག་ན་རེ། ལྷ་ཡང་ལྷ་མ་ཡིན་གྱིས་མགོ་དང་རྐེད་པ་དག་བཅད་ནས་འཆིའོ། །ཞེས་ཟེར་རོ། །ཞེས་བཤད། དེ་ནས་དགེ་བའི་ལྡན་ཚུལ་བཤད་པ་ནི། དགེ་བ་གསུམ་ནི་ཐམས་ཅད་དུ། །རྙེད་དང་མངོན་སུམ་གྱུར་སྒོ་ནས། །གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པས་བདུན་ཡོད་ལྷག་བཅས་ན། །མངོན་དུ་གྱུར་པའི་སྒོ་ནས་ཀྱང༌། །ཞེས་པ་གཟུགས་མེད་པའི་ཁམས་ན་ལུས་ངག་གི་དགེ་བའི་ལས་ལམ་བདུན་ལྡན་པར་བཤད་པ་ནི། གཟུགས་མེད་ཁམས་ཀྱི་འཕགས་པ་རྣམས་ལ་ཟག་མེད་སྡོམ་པའི་ངོ་བོར་གྱུར་པའི་ལུས་ངག་གི་སྤོང་བ་བདུན་ལྡན་པ་ལ་དགོངས་པ་ཡིན་ཏེ། ཁམས་འོག་མའི་རྟེན་ལ་ཡོད་པའི་ཟག་མེད་ཀྱི་སྡོམ་ལྡན་གཟུགས་མེད་པའི་ཁམས་སུ་སྐྱེ་བ་བླངས་པ་ན། ཇི་སྐད་དུ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་པའི་གཏོང་རྒྱུ་དེ་རྣམས་མ་བྱུང་ན་ལྡན་པ་ལས་འོས་མེད་པའི་ཕྱིར། འདི་ཡང་འདས་པ་དང་ལྡན་པ་ཡིན་གྱི། ད་ལྟར་བ་དང་ནི་མ་ཡིན་ཏེ། གཟུགས་མེད་ཀྱི་རྟེན་ལ་ཟག་མེད་ཀྱི་སྡོམ་པ་ཡོད་པ་མ་ཡིན་པའི་ཕྱིར། དེར་མ་ཟད་མ་འོངས་པ་དང་ཡང་ལྡན་ཏེ། ཟག་མེད་ཀྱི་སྡོམ་པའི་ལྡན་ཚུལ་ནི། སྐད་ཅིག་དང་པོ་མ་གཏོགས་ཐམས་ཅད་དུ་འདས་པ་དང་མ་འོངས་པ་གཉིས་ཀ་དང་ལྡན་པར་འཆད་པའི་ཕྱིར། འདིར་ལྡན་པའི་མ་འོངས་པ་དེ་ནི་མི་སྐྱེ་བའི་ཆོས་ཅན་དུ་བཤད་དགོས་པ་ཡིན་ཏེ། གཟུགས་མེད་པའི་རྟེན་ཅན་གྱི་འཕགས་པ་ཁམས་འོག་མ་དག་ཏུ་སྐྱེ་བ་མི་སྲིད་པའི་ཕྱིར། ཞེས་པ་ནི་སྤྱི་སྐད་དོ། །འོ་ན་འདོད་པའི་རྟེན་ཅན་གྱི་འཕགས་པ་གཟུགས་ཁམས་སུ་རིམ་པར་སྐྱེས་ནས་གཟུགས་མེད་ཀྱི་རྟེན་ཅན་དུ་གྱུར་པ་དེའི་རྒྱུད་ལ། ཇི་སྐད་དུ། ཟག་མེད་གང་དུ་སྐྱེས་པའི་ཡིན། །ཞེས་བཤད་པ་ལྟར། ས་གང་གི་འབྱུང་བ་རྒྱུར་བྱས་པའི་ཟག་མེད་ཀྱི་སྡོམ་པ་དེ་ཉིད་དང་ལྡན་པ་ཡིན་ནམ་ཞེ་ན། དེའི་ཚེ་རྟེན་དེ་ལ་འདོད་པའི་སས་བསྡུས་ཀྱི་འབྱུང་བ་དང༌། དེ་ལས་གྱུར་པའི་འབྱུང་གྱུར་གྱི་གཟུགས་ཉིད་ལྡན་པ་ཡིན་ཏེ། དེ་ཉིད་གཏོང་བྱེད་ཀྱི་རྒྱུ་མ་བྱུང་བའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པར། གཟུགས་མེད་པ་དག་ན་འཕགས་པས་ས་གང་ལ་བརྟེན་པའི་ཟག་པ་མེད་པའི་ཚུལ་ཁྲིམས་སྐྱེད་དེ་འདས་པ་དེ་དང་ལྡན་ནོ། །ས་ལྔ་ཆར་ལ་བརྟེན་པ་ཅན་གྱི་མ་འོངས་པ་དང་ཡང་ལྡན་ནོ། །ཞེས་འདས་པའི་ལྡན་ཚུལ་ས་རེ་རེ་བ་དང༌། མ་འོངས་པའི་ལྡན་ཚུལ་ས་ལྔ་ཆར་ལ་བཤད་དོ། །དེ་བཞིན་དུ་འདུ་ཤེས་མེད་པ་པ་ལ་ལུས་ངག་གི་སྤོང་བ་བདུན་ལྡན་པར་བཤད་པ་ཡང༌། བསམ་གཏན་གྱི་སྡོམ་པ་འདས་མ་འོངས་དང་ལྡན་པ་ལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང༌། །ཞེས་བཤད་པའི་ཕྱིར། ད་ལྟར་བ་དང་ལྡན་པ་ནི་མ་ཡིན་ཏེ། ཇི་སྐད་དུ། མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན། ཞེས་འཆད་དགོས་ན། སྐབས་དེ་ན་མཉམ་པར་གཞག་པའི་སེམས་མེད་པའི་ཕྱིར་རོ། །འོ་ན་དེར་བསམ་གཏན་གྱི་སྡོམ་པ་ཡོད་པའི་སྐབས་སྲིད་དམ་ཞེ་ན། རྟེན་དེ་ལ་བསམ་གཏན་གྱི་སེམས་མངོན་དུ་གྱུར་པའི་ཚེ་ན་ཡོད་དེ། ཐ་མ་གཉིས་ནི་སེམས་རྗེས་འབྲང་ཞེས་བཤད་པའི་ཕྱིར། དེ་ཡང་ནམ་གྱི་ཚེ་ན། སྐྱེ་བ་ལེན་པ་དང་འཆི་འཕོ་བ་དག་ནའོ། །དེ་དག་ཉོན་མོངས་པ་ཅན་ཁོ་ནར་ངེས་པ་མ་ཡིན་ནམ། ཞེ་ན། སེམས་ཉོན་མོངས་ཅན་དུ་སྐྱེས་པས་སྡོམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ངོ་བོར་གྲུབ་པ་ལ་གེགས་བྱེད་མེད་དོ། །འོ་ན་མཉམ་གཞག་ལ་གནས་པ་ཞིག་དགོས་པར་བཤད་པ་མ་ཡིན་ནམ་ཞེ་ན། མཉམ་པར་གཞག་པའི་སས་བསྡུས་ཀྱི་སེམས་ལ་འཆད་པས་ཉེས་པ་མེད་དོ་ཞེས་པ་ནི་སློབ་དཔོན་འདུས་བཟང་གི་ལུགས་སོ། །དེ་ལྟར་བཤད་ཟིན་པའི་འོག་ཏུ་ལས་དེ་དག་གི་འབྲས་བུ་གང་ཞེ་ན། བཤད་པ། ཐམས་ཅད་བདག་པོ་རྒྱུ་མཐུན་དང༌། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང༌། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཞེས་པ། དགེ་བ་ལ་བྲལ་བའི་འབྲས་བུ་དང༌། གཉིས་ཀ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་ཀྱང༌། འདིར་གསུམ་དུ་བསྡུས་པ་ནི་གཙོ་ཆེ་བའི་དབང་དུ་བྱས་ལ། དགེ་བ་ཟག་མེད་ལ་རྣམ་སྨིན་མི་སྲིད་ཀྱང༌། འདིར་ནི་ཟག་བཅས་ཀྱི་དབང་དུ་བྱས་སོ། །དེ་ཡང་མི་དགེ་བ་ཆུང་འབྲིང་གསུམ་གྱི་རྣམ་པར་སྨིན་པ་ནི་ངན་སོང་གསུམ་གྱི་འགྲོ་བ་པ་དག་ཡིན་ལ། དགེ་བའི་བདེ་འགྲོ་ཉིད་དོ། །མི་དགེ་བའི་རྒྱུ་མཐུན་ནི། མཐོ་རིས་ཀྱི་རྟེན་དང༌། ངན་འགྲོའི་རྟེན་གཉིས་ཀ་ལ་འབྱུང་བ་སྲིད་ཅིང་བདག་པོའི་འབྲས་བུ་ཡང་གཉིས་ཀའི་ཡུལ་དུ་འབྱུང་བར་རིགས་པས་འགྲུབ་ལ། དགེ་བའི་རྒྱུ་མཐུན་དང་བདག་པོ་ཡང་དེ་བཞིན་ནོ། །རྣམ་པར་སྨིན་པ་ནི་རང་གི་རྒྱུད་ཁོ་ན་ལ་སྨིན་པ་དང༌། བདག་པོ་ནི་ཕ་རོལ་གྱི་ཡུལ་ལ་འབྱུང་བ་དང༌། རྒྱུ་མཐུན་ནི་གཉིས་ཀའི་ཐུན་མོང་གི་ཆོས་སོ། །གལ་ཏེ། འོ་ན། ལས་གཅིག་ཉིད་ཀྱིས་འབྲས་བུ་གསུམ་ཀ་འབྱིན་པའམ། རྒྱུ་སོ་སོ་བ་དག་ཡིན། ཞེ་ན། འགྲེལ་པར་ལུགས་གཉིས་ལས། དང་པོ་ནི། ངན་སོང་དང་ཚེ་ཐུང་བ་ལྟ་བུ་རང་རྒྱུད་ལ་སྨིན་པ་རྣམས་ནི་རྣམ་སྨིན་ཡིན་ལ། ལས་དེ་ཉིད་ཀྱི་འབྲས་བུ་ཡུལ་ལ་བྱུང་བ་ནི་བདག་པོའི་འབྲས་བུའོ། །ལུགས་གཉིས་པ་ནི། དམྱལ་བར་སྡུག་བསྔལ་མྱོང་བ་ནི་སྦྱོར་བའི་རྣམ་སྨིན་དང༌། བདེ་འགྲོའི་རྟེན་ལ་ཚེ་ཐུང་བ་ནི་ལས་ལམ་དངོས་གཞིའི་རྣམ་སྨིན་གྱི་འབྲས་བུ་ཡིན་ནོ། །ཞེས་ཟེར། མི་དགེ་བའི་རྣམ་སྨིན་མཐོང་ཆོས་ལ་མྱོང་འགྱུར་ཞིག་ཁས་ལེན་པ་རང་ལུགས་སུ་འཆད་པ་དེའི་ཚེ། ལུགས་ཕྱི་མ་འདི་ཉིད་བྱེ་སྨྲའི་རང་ལུགས་སུ་བཤད་ན་ལེགས་པ་ཡིན་ཏེ། མཐོང་ཆོས་ལ་མྱོང་བ་ནི་ལས་སོ་སོའི་རྣམ་སྨིན་དུ་འཆད་དགོས་པའི་ཕྱིར་དང༌། སྦྱོར་བ་དང་མཇུག་ཆེ་ཆུང་ལས་ལས་ཆེ་ཆུང་དུ་འཇོག་དགོས་པའི་ཕྱིར་དང༌། ཇི་སྐད་དུ། སྡུག་བསྔལ་ཕྱིར་དང༌། ཞེས་པ་རྣམ་སྨིན་འབྱིན་པའི་སྒྲུབ་བྱེད་དང༌། བསད་ཕྱིར། ཞེས་རྒྱུ་མཐུན་གྱི་སྒྲུབ་བྱེད་དང༌། གཟི་བྱིན་མེད་ཕྱིར། ཞེས་པ། བདག་འབྲས་ཀྱི་བསྒྲུབ་བྱེད་ཡིན་ལ། དེ་ཡང་སྦྱོར་དངོས་མཇུག་གསུམ་གྱི་དབང་དུ་བྱས་པའི་ཕྱིར། དེ་ལྟར་བཤད་པ་ན། དངོས་གཞིའི་རྣམ་སྨིན་ལ་རྒྱུ་མཐུན་གྱི་མིང་གིས་བཏགས་ནས་དེ་ཉིད་མཐོང་ཆོས་ལ་མྱོང་བ་ནི་སྦྱོར་མཇུག་དྲག་ཞན་ཇི་ལྟར་ཡིན་ཀྱང༌། ཞིང་གི་ཁྱད་པར་ལས་འགྱུར་བ་ཡིན་ཏེ། ཇི་སྐད་དུ། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་འབྱུང་བས་སོ། །གལ་ཏེ་བདེ་འགྲོའི་རྟེན་ལ་ཚེ་ཐུང་བ་སྐྱེ་བ་སྔ་མའི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མ་ཡིན་ནམ། ཇི་ལྟར་ན། ཚེ་འདིར་གཞན་གྱི་སྲོག་གཅད་པའི་རྒྱུ་མཐུན་དུ་འགྱུར། ཞེ་ན། དེ་དུས་ཀྱི་ཚེ་ཉིད་དེས་འཕངས་པའི་རྣམ་སྨིན་ཡིན་ཀྱང༌། ཇི་ལྟར་འཕངས་པ་བཞིན་གནས་པ་ལ་ནི། ཚེ་འདིར་བྱས་པའི་སྲོག་གཅོད་ཀྱི་ལས་ཀྱིས་གེགས་བྱས་པ་ལས་རྒྱུ་མཐུན་དུ། རྣམ་པར་གཞག་པ་ཡིན་ནོ། །རྣམ་སྨིན་དང་རྒྱུ་མཐུན་གྱི་གོ་དོན་མ་འཁྲུལ་བ་ནི་འདི་ཡིན་ཏེ། རྒྱུ་དུས་ཀྱི་ཀུན་སློང་དགེ་བས་འཕངས་ཤིང༌། དེ་དུས་ཀྱི་ཀུན་སློང་མི་དགེ་བའི་སེམས་པ་དང་ལྷན་ཅིག་ཏུ་སོ་སོར་ཐར་པའི་ཚུལ་ཁྲིམས་ཤིག་འབྱུང་བ་དེའི་ཚེ། རྒྱུ་དུས་ཀྱི་སེམས་པ་དང་ལྷན་ཅིག་པའི་ལས་དེའི་རྣམ་སྨིན་མིའི་འགྲོ་བ་པ་ཉིད་དུ། སྨིན་པ་དང༌། དེ་དུས་ཀྱི་སེམས་པ་དེ་དང་ལྷན་ཅིག་པའི་ལས་དེའི་རྒྱུ་མཐུན་ཚེ་ཐུང་བ་ཉིད་དུ་གྱུར་པ་ལྟ་བུ་ཡིན་ལ། དེའི་ཚེ་ན་ཡང་རྒྱུ་དུས་ཀྱི་ལས་དེའི་རྒྱུ་མཐུན་དང༌། དེ་དུས་ཀྱི་ལས་དེ་ཉིད་ཀྱི་རྣམ་པར་སྨིན་པ་ནི་གནས་སྐབས་གཞན་དུ་སོ་སོ་བ་ཉིད་དུ་མྱོང་བར་འགྱུར་རོ། །དེའི་འོག་ཏུ་ལས་གང་འབྲས་བུ་དུ་དང་བཅས་པའི་ཚུལ་བཤད་པ་ནི། དྲི་བཅས་སྤོང་བའི་ལམ་དག་གི །ཞེས་བྱ་བ་ལ་སོགས་པ་ཡིན་ལ་དེའི་ཚུལ་ནི། གོང་དུ་གནས་གཉིས་པར་རྒྱུ་རྐྱེན་འབྲས་བུའི་རྣམ་པར་གཞག་པ་རྒྱས་པར་བཤད་པ་ལས་བདེ་བླག་ཏུ་རྟོགས་པ་ཉིད་ཀྱི་ཕྱིར་རྒྱས་པར་སྤྲོ་དགོས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་དམིགས་བསལ་གྱི་ཁྱད་པར་འགའ་ཞིག་འཆད་པ་ནི། འདི་ལྟར། རྣམ་སྨིན་གྱི་རྒྱུ་འབྲས་ནི་ཟག་བཅས་སུ་ས་གཅིག་པ་དང༌། སེམས་ཅན་དུ་སྟོན་པ་དགོས་ཤིང༌། རྒྱུ་མཐུན་གྱི་རྒྱུ་འབྲས་ཀྱང༌། ཟག་བཅས་ཡིན་ན་ས་གཅིག་པ་དགོས་ཤིང༌། ཟག་མེད་ལ་ས་གཅིག་པ་མི་དགོས་ཀྱང༌། རང་ལས་དམན་པའི་རྒྱུ་མཐུན་གྱི་རྒྱུར་འགྲོ་བ་མི་སྲིད་པ་དང༌། རྒྱུ་མཐུན་གྱི་འབྲས་བུ་ལ་སྐྱེས་ཟིན་པས་མ་ཁྱབ་ཀྱང༌། དེའི་རྒྱུ་གཉིས་པོ་གང་རུང་ལ་སྐྱེས་ཟིན་པས་ཁྱབ་པ་དང༌། རྣམ་སྨིན་གྱི་རྒྱུ་འབྲས་ལ་སྔ་ཕྱི་བ་དགོས་ཀྱང༌། འབྲས་བུར་མ་ཟད། རྒྱུ་ལ་ཡང་མ་འོངས་པ་སྲིད་པ་དང༌། སྐྱེས་བུ་བྱེད་པའི་རྒྱུ་འབྲས་སུ་འཇོག་པ་ལ། གཉིས་པོ་དུས་མཉམ་པའམ། མི་མཉམ་ཀྱང་ཆོས་གཞན་གྱི་བར་དུ་མ་ཆོད་པ་ཞིག་དགོས་པ་དང༌། འདུས་བྱས་ཐམས་ཅད་བདག་པོའི་འབྲས་བུར་འཇོག་ཀྱང་རང་གི་རྒྱུར་འཆད་རྒྱུ་དེའི་སྔོན་ལ་སྔར་བྱུང་བ་མ་ཡིན་པ་ཞིག་དགོས་པ་དང༌། བྲལ་བའི་འབྲས་བུ་ལ་དངོས་པོ་དང་འདུས་མ་བྱས་གཉིས་ཀའི་གཞི་མཐུན་པ་ཞིག་དགོས་ཤིང༌། འབྲས་བུ་གོ་ཆོད་པོ་ཡིན་ཀྱང༌། རྒྱུ་དྲུག་པོ་གང་ཡང་རྩི་རྒྱུ་མེད་ཅིང༌། མ་སྐྱེས་པས་ཁྱབ་པ་ཞེས་བྱ་བ་རྣམས་ནི་མདོར་བསྟན་པའོ། །དེ་ནས་འདིར་སྤོང་བའི་ལམ་ཞེས་པ་ནི་བར་ཆད་མེད་ལམ་སྟེ། སྦྱོར་བའི་ལམ་ལ་ནི་སྤང་བྱའི་ཐོབ་པ་གཅོད་པའི་མཐུ་མེད་པས་བྲལ་འབྲས་འཇོག་མི་ནུས་པའི་ཕྱིར། སྤོང་ལམ་དང་རྣམ་སྨིན་གྱི་རྒྱུར་འཇོག་པ་ལ་ནི་ངོ་བོ་སེམས་པ་ཡིན་པ་ཞིག་དགོས་ཏེ། སེམས་མེད་ཀྱི་རྣམ་སྨིན་འཕེན་མི་ནུས་པའི་ཕྱིར་དང༌། སྤང་བྱའི་ཐོབ་པ་གཅོད་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང༌། སེམས་མེད་སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན། ཞེས་དང༌། སེམས་པ་རྣམ་པ་བཅུ་གཉིས་ཏེ། །ཞེས་འབྱུང་བས་སོ། །དེས་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ཀྱི་ངོ་བོར་གྱུར་པའི་སེམས་པ་དག་སྲིད་པས་སྤོང་བའི་སྡོམ་པ་ཡང་འཇོག་ལ། སོ་སོར་ཐར་པ་ལ་ནི་དེ་དང་དེ་དག་མེད་དོ། །དེ་སྐད་དུ་ཡང༌། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །ཞེས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་སྤོང་ལམ་གྱི་ངོ་བོར་གྱུར་པའི་སེམས་པ་དེའི་བྲལ་བ་ནི་འདོད་པའི་ཉོན་མོངས་པ་སྤངས་པའི་འགོག་པ་དེ་ཉིད་ཡིན་ལ། རྣམ་པར་སྨིན་པ་ནི་བསམ་གཏན་དང་པོའི་འགྲོ་བ་དེ་ཡིན་པ་དང༌། སྐྱེས་བུ་བྱེད་འབྲས་ནི། དེ་དང་མཚུངས་པར་ལྡན་པའི་སེམས་བྱུང་རྣམས་དང༌། རྒྱུ་མཐུན་པའི་འབྲས་བུ་ནི་རིགས་འདྲ་ཕྱི་མ་དག་སྟེ། མཉམ་གཞག་ཏུ་རིགས་མཐུན་ཞིག་དགོས་སོ། །ཟག་མེད་ཀྱིས་རྣམ་སྨིན་མི་འཕེན་པའི་དོན་ནི། རྣམ་སྨིན་དེ་འབྱིན་པ་ལ་ནི་ས་དེར་སྲིད་པའི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་པས་ཀུན་ནས་བསླངས་པ་ཞིག་དགོས་པ་ཡིན་ལ། ཟག་མེད་ཀྱི་ལས་ནི་ཉོན་མོངས་པས་ཀུན་ནས་བསླང་བ་མི་སྲིད་དེ། གཞན་དུ་ན་ཟག་བཅས་སུ་ཐལ་བས་སོ། །དེ་བཞིན་དུ་སྲོག་གཅོད་ཀྱི་སྦྱོར་བ་སྤོང་བ་ནི་དགེ་བའི་སྦྱོར་བ་དང༌། མི་དགེ་བའི་སྦྱོར་བ་སྤོང་བ་དགེ་བའི་སྦྱོར་བ་དང༌། དེའི་དངོས་གཞི་སྤོང་བ་དགེ་བའི་དངོས་གཞི་དང༌། མཇུག་སྤོང་བ་འཇུག་ཏུ་བཤད་པ་ཡིན་ལ། དེའི་ཚེ་སྦྱོར་བའི་དུས་ན་ཡོད་པའི་སྲོག་གཅོད་སྤོང་བའི་སེམས་པ་རྒྱུ་དུས་ཀྱི་ཀུན་སློང་དང་ཡིད་ཀྱི་ལས་སུ་འཇོག་རྒྱུ་དེ་སྲོག་གཅོད་ཀྱི་རྣམ་སྨིན་འབྱིན་བྱེད་དང༌། སྐྱེས་བུ་བྱེད་འབྲས་ཀྱི་རྒྱུ་དང༌། དངོས་གཞིའི་དུས་ན་ཡོད་པའི་སེམས་པ་རིག་བྱེད་དང་བཅས་པ་ནི་རྣམ་སྨིན་དེ་རྫོགས་བྱེད་དང༌། དགེ་བའི་དངོས་གཞིར་གྱུར་པའི་རིག་བྱེད་མ་ཡིན་པ་ནི་རྒྱུ་མཐུན་དང་བདག་པོའི་འབྲས་བུ་སྐྱེད་བྱེད་ཀྱི་རྒྱུར་གཞག་གོ །མཇུག་གི་ཁྱད་པར་མང་ཉུང་དང་དྲག་གཞན་ལས་འབྲས་བུ་དེ་དག་ཐམས་ཅད་ཀྱི་ཁྱད་པར་ཡོངས་སུ་རྫོགས་བྱེད་དོ། །དེ་ནས་བར་མ་གཉིས་སུ་མ་སྐྱེས་པའི། །འབྲས་བུ་མ་འོངས་པ་གསུམ་ཡིན། །ཞེས་པར། ད་ལྟར་བས་ད་ལྟར་བ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཇི་ལྟར་རུང་སྟེ། ཇི་སྐད་དུ། གང་གི་སྟོབས་ལས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །ཞེས་འབྱུང་ཁུངས་ཀྱི་སྒྲ་བཤད་པ་དེ་མི་རུང་བའི་ཕྱིར། སྙམ་ན། ད་ལྟར་བ་ཉིད་ཀྱང་རྒྱུན་ལ་ལྟོས་ནས་ཕན་ཚུན་གདགས་བྱ་དང་འདོགས་བྱེད་ཉིད་དུ་འཇོག་ཏེ། དེ་ལས་གཞན་དུ། སྐྱེས་ཟིན་སླར་ཡང་སྐྱེས་དགོས་ན། བདག་ལས་སྐྱེ་བ་ཉིད་དུ་ཧ་ཅང་ཐལ་བས་སོ། །ཡང་མ་འོངས་པའི་འབྲས་བུ་མ་འོངས་པ་ཡིན་པ་ལ་རྣམ་སྨིན་གྱི་རྒྱུ་འབྲས་ཇི་ལྟར་རུང་སྟེ། མ་འོངས་པ་ལ་སྔ་ཕྱི་མེད་པའི་ཕྱིར། ཞེ་ན། རྒྱུ་འབྲས་གཉིས་མ་འོངས་པའི་གོ་ས་དེ་ན་མཉམ་དུ་ཡོད་པའི་ཚེ་རྣམ་སྨིན་གྱི་རྒྱུ་འབྲས་སུ་མི་འཇོག་ཀྱང༌། མ་འོངས་པའི་ས་ན་ཡོད་པའི་མི་དགེ་བ་ལྟ་བུ་དེ་རྣམ་སྨིན་གྱི་རྒྱུ་ཉིད་དུ་ཁས་ལེན་དགོས་ཏེ། གསུམ་པོ་དག་ནི་དུས་གསུམ་པ། །ཞེས་འཆད་པའི་ཕྱིར། དེའི་ཚེ་རྣམ་སྨིན་གྱི་འབྲས་བུ་དེ་ཡིན་ཞེས་ངོས་བཟུང་བར་མི་ནུས་ཀྱང༌། དེའི་རྣམ་སྨིན་གྱི་འབྲས་བུ་ཡོད་པར་ཁས་ལེན་དགོས་ཏེ། རྣམ་སྨིན་གྱི་རྒྱུ་ཉིད་དུ་གྱུར་པའི་ཕྱིར། དེས་ན་སང་ཕོད་ཀྱི་མི་དགེ་བ་དང༌། དེའི་རྣམ་སྨིན་ངན་སོང་གཉིས་ད་ལྟར་བའི་དུས་འདིར་སྔ་ཕྱིའི་རིམ་པ་མེད་ཀྱང༌། རྣམ་སྨིན་རྒྱུ་འབྲས་སུ་འཇོག་དགོས་པ་བཞིན་ནོ། །དེ་ནས། མི་སློབ་པའི་འབྲས་བུ་སློབ་པ་ཡིན་པ་ལ་སྐྱེས་བུ་བྱེད་འབྲས་མི་རྩི་བ་ནི་ཆོས་གཞན་གྱིས་བར་དུ་ཆོད་པས་ཡིན་ལ། གཞན་དེ་ཡང་གང་ཞེ་ན། མི་སློབ་པ་ལས་ཉམས་པའི་ཚེ་ཉམས་བྱེད་ཀྱི་ཉོན་མོངས་པ་དེས་བར་དུ་ཆོད་པའོ། །ཡང་མི་སློབ་པའི་འབྲས་བུ་མི་སློབ་པ་ཉིད་དུ་བཞག་པ་དེའི་ཚེ་བྲལ་བའི་འབྲས་བུ་མ་བཤད་པ་ལ། འོ་ན་མི་སློབ་ལམ་དུ་སྙོམས་འཇུག་གི་སྒྲིབ་པ་སྤོང་བ་དང༌། དབང་བརྟུལ་དབང་པོ་འཕོ་བའི་བར་ཆད་མེད་ལམ་དགུ་བཤད་པ་མ་ཡིན་པར་འགྱུར་ཏེ། མི་སློབ་པའི་འབྲས་བུ་སློབ་མི་སློབ་གཉིས་ཀ་མ་ཡིན་པ་ལ་བྲལ་བའི་འབྲས་བུ་མ་བཤད་པའི་ཕྱིར་སྙམ་ན། ཉེས་པ་དང་པོ་མེད་དེ། སྙོམས་འཇུག་གི་སྒྲིབ་པ་སྤངས་པའི་འགོག་པ་ཁས་མི་ལེན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སྤོང་བྱེད་ཀྱི་གཉེན་པོ་ཞི་གནས་ཡིན་གྱི། དེས་དེའི་ཐོབ་པ་གཅོད་མི་ནུས་པའི་ཕྱིར། གཉིས་པས་ཀྱང་མི་གནོད་དེ། མི་སློབ་པའི་ངོ་བོ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་འདོད་ཀྱི། ཡང་དག་པའི་ལྟ་བ་ལ་མི་འཆད་ལ། ལྟ་བ་མ་ཡིན་པ་ནི་ཤེས་བྱའི་སྒྲིབ་པ་སྤོང་བྱེད་དུ་མི་རུང་བས་སོ། །དེའི་ཤེས་བྱེད་ཀྱང༌། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཞེས་དང༌། དེ་ཟད་ཐོབ་དང་ཟད་མི་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་གསུངས་སོ། །དེ་ལས་གཞན་དུ་མི་སློབ་པའི་རྒྱུད་ཀྱི་ལམ་གང་ཡིན་མི་སློབ་པར་བཤད་ན། མི་སློབ་པའི་ལམ་ཟག་པ་དང་བཅས་པ་དག་ཀྱང་མི་སློབ་པ་ཉིད་དུ་ཐལ་ལོ། །དེའི་འོག་ཏུ་ཅི། ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ནས། འོན་ཏེ་དུ་མ་ཡང་འཕེན། དེ་བཞིན་དུ་ལས་དུ་མས་ཀྱང་སྐྱེ་བ་གཅིག་འཕེན་ཏམ། འོན་སྟེ་དུ་མ་ཁོ་ན་འཕེན། ཞེ་ན་ལས་དུ་མས་སྐྱེ་བ་གཅིག་ཁོ་ན་འཕེན་པ་ནི་མ་ཡིན་ཏེ། འཕེན་ན་ལས་དུ་མའི་རྣམ་སྨིན་དུ་གྱུར་པའི་སྐྱེ་བ་གཅིག་པུ་དེ་དུམ་བུར་ཆད་ཅིང་སྐྱེ་བར་ཐལ་བས་སོ། །དེ་ལྟ་ན་ཡང་ལས་གཅིག་གིས་འཕངས་པའི་སྐྱེ་བ་གཅིག་པུ་དེ་ཡོངས་སུ་རྫོགས་པར་བྱེད་པ་ལ་ནི་ལས་དུ་མ་དགོས་ཏེ། དཔེར་ན། རི་མོ་མཁན་གྱིས་རྐྱ་རིས་གཅིག་བཏབ་པ་དེ་ཚོན་དུ་མས་རྫོགས་པར་བྱེད་དགོས་པ་བཞིན་དུ། མིར་མཚུངས་ཀྱང༌། དབང་པོ་དང་ཡན་ལག་དང༌། ཚུགས་དང༌། བོང་ཚོད་སོགས་ཕུན་སུམ་ཚོགས་མ་ཚོགས་ཀྱི་ཁྱད་པར་ནི་རྫོགས་བྱེད་ཀྱི་ལས་གཅིག་དང་མང་པོས་བྱེད་དགོས་པ་བཞིན། འདི་ཡང་ལུས་ངག་གིས་ལས་རྣམ་པ་བདུན་གྱི་ཚེ། རབ་ཏུ་འཇུག་བྱེད་དུ་གྱུར་པའི་སེམས་པ་གཅིག་ནི་སྐྱེ་བ་གཅིག་འཕེན་བྱེད་ཀྱི་རྒྱུ་དང་རྗེས་སུ་འཇུག་བྱེད་དུ་གྱུར་པའི་སེམས་པ་རིག་བྱེད་དང་བཅས་པ་ནི་རྫོགས་བྱེད་ཀྱི་རྒྱུར་འཇོག་པ་ཡིན་ལ། དེའི་ཚེ་རབ་ཏུ་འཇུག་བྱེད་དགེ་བ་ཡིན་ན། དེས་རྣམ་སྨིན་བདེ་འགྲོའི་རིས་མཐུན་གཅིག་ཁོ་ན་འཕེན་པར་བྱེད་ཅིང༌། རྗེས་སུ་འཇུག་བྱེད་ལ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་སྲིད་པ་ན། གསུམ་ཀས་སྐྱེ་བ་གཅིག་པུ་དེ་རྫོགས་པར་བྱེད་ཅིང༌། དགེ་བ་ཁོ་ནར་ངེས་ན་ཡང་དངོས་གཞི་དང་མཇུག་གི་དབྱེ་བས་རྫོགས་བྱེད་མང་པོ་དག་ཏུ་འགྱུར་རོ། །གལ་ཏེ་འོ་ན། ལས་དེ་བེམ་པོར་གྱུར་པ་དག་འཕེན་བྱེད་དུ་མི་རུང་ན་སེམས་པ་ཁོ་ནར་ངེས་སམ་ཞེ་ན། མ་ཡིན་ཏེ། སེམས་པ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་དག་ཀྱང་འཕེན་བྱེད་དུ་རུང་བ་ཡིན་ནོ། །དེ་སྐབས་ཀྱི་རྣམ་སྨིན་དེའི་རྒྱུ་ནི་མིན་ཏེ། རྫོགས་བྱེད་དུ་མི་རུང་བའི་ཕྱིར་ཏེ། རྗེས་སུ་འཇུག་བྱེད་མ་ཡིན་པའི་ཕྱིར། འོ་ན་སེམས་པའི་ལས་དང་ལྷན་ཅིག་ཏུ་འབྱུང་བའི་རིག་བྱེད་མ་ཡིན་པ་དག་ཀྱང་འཕེན་བྱེད་དུ་རུང་བར་འགྱུར་ཏེ། འགྲེལ་པར་སྙོམས་འཇུག་གཉིས་འཕེན་བྱེད་མ་ཡིན་པའི་ཤེས་བྱེད་དུ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །ཞེས་པའི་ཤུགས་ལས་སོ་སྙམ་ན། མ་ཡིན་ཏེ། དེ་ལྟར་ན་འཕེན་བྱེད་ཀྱི་སེམས་པ་དང་ལྷན་ཅིག་པའི་ཐོབ་པ་ཡང་དེར་ཐལ་བས་སོ། །འདོད་ནུས་པ་མ་ཡིན་ཏེ། ཐོབ་པའང་མིན། ཞེས་དང༌། འགྲེལ་པར། ལས་དང་འབྲས་བུ་མི་གཅིག་པའི་ཕྱིར་རོ། །ཞེས་བཤད་པས་སོ། །དེ་ལྟར་ན་རིས་མཐུན་འཕེན་བྱེད་ལ་ཚོར་བ་སོགས་སྲིད་པས། འཕེན་བྱེད་ལ་ལས་ཀྱི་མ་ཁྱབ་ཅིང༌། གཟུགས་ཅན་དག་འཕེན་བྱེད་དུ་མི་རུང་བས་ན། ལུས་ངག་གི་ལས་རྣམས་རིས་མཐུན་འཕེན་བྱེད་དུ་འགལ་ལོ། །རྣམ་སྨིན་གྱི་རྒྱུ་ལ་དེ་འཕེན་བྱེད་ཀྱི་མ་ཁྱབ་ཏེ། དེ་རྫོགས་བྱེད་དག་ཀྱང་དེའི་རྒྱུར་འཆད་པས་སོ། །དེ་ནས་སྒྲིབ་པ་གསུམ་འཆད་པ་ནི། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་ཤས་ཆེན་ངན་འགྲོ་དང༌། །འདུ་ཤེས་མེད་པའི་སེམས་ཅན་དང༌། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་པ། ལུང་གཞན་ལས་ནི་སྤྱིར་ཉོན་མོངས་པ་གང་ཡིན་ཉོན་སྒྲིབ་དང༌། དེས་བསླང་བའི་ལས་གང་ཡིན་ཐམས་ཅད་ལས་སྒྲིབ་དང༌། ལས་དེའི་རྣམ་སྨིན་གང་ཡིན་མཐའ་དག་རྣམ་སྨིན་གྱི་སྒྲིབ་པར་བཤད་མོད། འདིར་སྒྲིབ་པར་འཇོག་བྱེད་ནི། རྟེན་དེར་འཕགས་ལམ་སྐྱེད་པ་ལ་སྒྲིབ་པ་ཞེས་བྱ་བ་དེ་ཡིན་པས་མཚན་གཞི་རྒྱ་ཆུང་ངུར་བྱས་ནས་བཤད་དོ། །དེ་ཡང་ཚེ་ཕྱི་མ་དམྱལ་བར་བར་མཚམས་མེད་པའི་དོན་གྱིས་ན་མཚམས་མེད། ཅེས་བྱ་ལ། དེ་ལྟར་སྒྲ་བཤད་པའི་ཚེ་ན། དེ་ལ་སྐྱེས་ནས་མྱོང་འགྱུར་གྱི་ཁྱབ་པ་ལྟ་བུར་བཤད་ཀྱང༌། དེ་ལ་ནི་རྣམ་སྨིན་ངེས་པ་དང༌། གནས་སྐབས་མ་ངེས་པ་དང༌། གཉིས་ཀ་མ་ངེས་པ་དང༌། གསུམ་དུ་འགྱུར་བ་ཡིན་ཏེ། ཇི་སྐད་དུ། ཕ་མ་གསོད་གང་དེ་ངེས་སོ། །ཞེས་དང༌། ཡོན་ཏན་ཞིང་དང༌། ཞེས་པས་ནི་ལྔ་པོ་རྣམ་སྨིན་ངེས་པར་བཤད་ལ། དགྲ་བཅོམ་འབྲས་ལངས་པ། ཞེས་སོགས་ཀྱིས་མཐོང་ཆོས་ལ་མྱོང་འགྱུར་དང༌། སྤྱི་ཁྱབ་ནས་སྐྱེས་ནས་མྱོང་འགྱུར་དང༌། མཚམས་མེད་པ་མང་པོ་དང་ལྡན་ན་ལན་གྲངས་གཞན་ལ་མྱོང་འགྱུར་དང༌། ལུགས་འདིར་བརྟག་དགོས་ཀྱང༌། ཐེག་པ་ཆེན་པོ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ལྡན་ན་མྱོང་བར་མ་ངེས་པ་དག་ཀྱང་བཤད་པས་སོ། །ལུགས་འདིར་ཞིབ་མོར་བཤད་པ་ན། དགེ་འདུན་དབྱེན་གྱི་མཚམས་མེད་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའི་མཚམས་མེད་ལ་ནི་སྐྱེས་ནས་མྱོང་འགྱུར་གྱི་ཁྱབ་པ་ཡིན་ཏེ། ལྟ་བ་དང་ཚུལ་ཁྲིམས་གཉིས་ཀ་ཉམས་པའི་ཕྱིར། ཕ་མ་དང་དགྲ་བཅོམ་པ་བསད་པའི་མཚམས་མེད་ནི་གནས་སྐབས་མ་ངེས་པ་ཡིན་ཏེ། ཚུལ་ཁྲིམས་ཉམས་ཀྱང་ལྟ་བ་མ་ཉམས་པས་གནས་སྐབས་མ་ངེས་པའི་ཕྱིར། འོ་ན་ལུགས་འདིར་ཚུལ་ཁྲིམས་ཉམས་པ་དང༌། ཏ་ལའི་མགོ་བོ་བཅད་པ་བཞིན་དུ་ཚེ་དེ་ལ་རྣམ་པར་གྲོལ་བའི་གོ་སྐབས་མེད་པར་འཆད་དགོས་པ་མ་ངེས་པ་མ་ཡིན་ནམ་ཞེ་ན། ཕམ་པ་འཆབ་བཅས་ལ་དེ་ལྟར་ཡིན་ཀྱང༌། འཆབ་མེད་ལ་དེ་ལྟར་མ་ཡིན་ཏེ། དེའི་དག་བྱེད་དུ་བསླབ་པ་སྤྱད་པས་རྟེན་དེ་ལ་དགྲ་བཅོམ་པའི་སྐལ་བ་ཡོད་པར་བཤད་པའི་ཕྱིར་དང༌། དགེ་འདུན་དབྱེན་གྱི་མཚམས་མེད་ལྟ་བུ་ནི་ཕལ་ཆེར་འཆབ་མེད་དུ་ངེས་པའི་ཕྱིར། དེ་ལ་དག་བྱེད་མེད་ཀྱང༌། དེའི་རིགས་པས་གཞན་རྣམས་ལའང་མཚམས་མེད་ཀྱི་ལས་དང་འཆབ་མེད་ཀྱི་གཞི་མཐུན་སྲིད་པའི་ཕྱིར། མི་མཚུངས་ཏེ། ཕམ་པ་འཆབ་མེད་ལ་དག་བྱེད་བཤད་ཀྱང༌། མཚམས་མེད་ལ་མ་བཤད་པས་སོ། །ཞེ་ན། མ་བཤད་པར་མི་འགྲུབ་ཏེ། དགེ་འདུན་དབྱེན་གྱི་ལྷག་མ་དང༌། མཚམས་མེད་ཀྱི་གཞི་མཐུན་སྲིད་པའི་ཕྱིར། ཞེས་པ་དེ་ཙམ་གྱིས་གཞན་གྱི་རྩོད་པ་ཟློག་པར་ནུས་ལ། འདིའི་རྣམ་གཞག་ཞིབ་མོ་ནི་འོག་ཏུ་དཔྱད་པར་བྱའོ། །འདིར་ཉོན་མོངས་པའི་སྒྲིབ་པའི་མཚན་གཞི་ནི། ཉོན་མོངས་པ་ཤས་ཆེ་བ་ཉིད་ཡིན་གྱི། ཉོན་མོངས་པ་རྣོ་བ་ཙམ་གྱིས་མི་ཆོག་སྟེ། ཤས་ཆེ་བའི་དོན་ནི་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས། དེ་ལ་གཉེན་པོའི་གོ་སྐབས་མ་རྙེད་ལ། རྣོ་བ་ནི་ཤུགས་དྲག་པོ་ཡིན་ཀྱང་རེས་འགའ་མི་འབྱུང་བས་གཉེན་པོའི་སྐབས་རྙེད་པའི་ཕྱིར། དེ་བས་ན་འཕགས་ལམ་ལ་སྒྲིབ་པར་མི་ནུས་སོ། །རྣམ་སྨིན་སྒྲིབ་པའི་མཚན་གཞི་ནི། ངན་སོང་ལ་སོགས་པའི་འགྲོ་བ་གསུམ་པོ་དེ་ཉིད་ཀྱི་རང་ལྡོག་ནས་འཆད་དགོས་པ་ཡིན་ཏེ། དེ་ཉིད་འདིའི་སྐབས་ཀྱི་རྣམ་སྨིན་དངོས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་སོ། །གལ་ཏེ་འོ་ན། འཕགས་ལམ་སྦྱོར་བ་དང་བཅས་པ་ལ་སྒྲིབ་པས་སྐབས་འདིའི་སྒྲིབ་པར་འཇོག་ན། ངན་སོང་གསུམ་དུ་སྐྱེ་ངེས་ཀྱི་ལས་གཞན་དག་དང་ལྡན་པ་དང༌། སྒོ་ང་དང༌། དྲོད་གཤེར་དང༌། བུད་མེད་ཉིད་དུ་སྐྱེ་བར་འགྱུར་བ་དང༌། སྲིད་པ་བརྒྱད་པ་མྱོང་ངེས་དང༌། ཟ་མ་དང་མ་ནིང་དང༌། ཚངས་ཆེན་དང༌། འདུ་ཤེས་མེད་པ་བར་སྐྱེ་ངེས་ཀྱི་ལས་རྣམས་འདིར་ལས་ཀྱི་སྒྲིབ་པ་ཉིད་དུ་འཆད་རིགས་པར་འགྱུར་ཏེ། རྟེན་དེ་ལ་ངེས་འབྱེད་བཟོད་མཆོག་དང་འཕགས་ལམ་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། འཕགས་པ་རྣམས་དེར་སྐྱེ་མི་སྲིད་པའི་ཕྱིར། ཞེ་ན། བདེན་མོད་ཀྱི། འདིར་དེ་དག་མ་བཤད་པ་ནི་ངོས་བཟུང་བར་སླ་བ་དེ་དག་བཤད་པས། དེ་དག་ཤུགས་ལ་རྟོགས་པར་བྱའོ། །སླ་བ་ཅི་ཞེ་ན། མཚམས་མེད་པ་ལྔ་ནི་རྒྱུ་ལྔའི་སྒོ་ནས་ངོས་འཛིན་ནུས་པའོ། །ལྔ་པོ་གང་ཞེ་ན། གཞི་ནི་ཕན་འདོགས་དང་ཡོན་ཏན་གྱི་ཞིང་ངམ། ལུས་ངག་གི་ལས་སོ། །འབྲས་བུ་ནི་ཡིད་དུ་མི་འོངས། འགྲོ་བ་ནི་དམྱལ་བའི་འགྲོ་བ། སྐྱེ་བ་ནི་སྐྱེས་ནས་མྱོང་འགྱུར། གང་ཟག་ནི་སྐྱེས་པ་དང་བུད་མེད་ཁོ་ནའོ། །སྒྲིབ་པ་གསུམ་ནི་སྔ་མ་སྔ་མ་ལྕི་ཞིང༌། ཕྱི་མ་ཕྱི་མ་རིམ་པས་འདྲེན་པར་བྱེད་དོ། །དེས་ན་རྣམ་སྨིན་གྱིས་ནི་མཐོང་མོས་ཁོ་ན་ལ་སྒྲིབ། ལས་ཀྱིས་ནི་ཚེ་འདི་དང་སྐྱེ་བ་ཕྱི་མ་ཁོ་ན་ལ་སྒྲིབ། ཉོན་མོངས་པས་ནི་སྐྱེ་བ་གསུམ་ལ་སོགས་པར་སྒྲིབ་པར་བྱེད་དོ། །དེ་དག་གི་དམིགས་བསལ་ནི། འཕགས་པ་སྒོང་སྐྱེས་སུ་མི་འགྱུར་ཡང༌། སྒོང་སྐྱེས་ལ་འཕགས་ལམ་མི་སྐྱེ་བ་ནི་མ་ཡིན་ཏེ། གནས་བརྟན་བྲག་དང་ཉེ་བྲག་བཞིན་ནོ། །ཉོན་མོངས་པ་ཤེས་ཆེན་པོ་དང་ལྡན་ཡང༌། ལམ་ཕྲན་བརྟན་དང༌། སོར་མོའི་འཕྲེང་བ་ཅན་དང༌། གཅུང་མཛེས་དགའ་བ་ལ་སོགས་པ་འཕགས་ལམ་རྟེན་དེ་ལ་སྐྱེས་པ་ནི་དམིགས་ཀྱི་བསལ་བ་སྟེ། དེའི་རིགས་པ་མ་སྐྱེས་དགྲ་དང་གཙུག་ཕུད་ཅན་ལྟ་བུ་ལ་ཡང་བཤད་པར་མངོན་ནོ། །དེ་ནས་དགེ་འདུན་དབྱེན་གྱི་སྐབས་སུ་དབྱེན་གྱི་ངོ་བོ་ནི་མ་སྒྲིབས་ལུང་མ་བསྟན་དང༌། དེའི་ཁ་ན་མ་ཐོ་བ་ནི་རྫུན་ནོ། །འདིའི་ངོ་བོ་འགྲེལ་པར། དབྱེན་དང་ལྷན་ཅིག་སྐྱེས་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ལ་བཤད་པ་ནི། རགས་པའི་རྣམ་གཞག་ཙམ་ཡིན་གྱི། སྒྲ་ཇི་བཞིན་པ་མ་ཡིན་ཏེ། རྫུན་གྱི་ལས་ལམ་དངོས་སུ་འཇོག་པ་ནི། སྨྲ་བ་པོའི་ངག་གི་རིག་བྱེད་ཕ་རོལ་པོའི་ཉན་ཤེས་ཀྱིས་ཐོས་ནས། དོན་གོ་བ་དེའི་ཚེ་ན་ལས་ལམ་དངོས་སུ་འགྱུར་བས་སོ། །ཡང་བྱེ་བྲག་ཏུ་སྨྲ་བ་སྔ་རབས་པ་ནི། ལུས་ངག་གི་རིག་བྱེད་ལ་མ་ལྟོས་པའི་ལུས་ངག་གི་ལས་ལམ་དངོས་གཞི་ཡང་ཁས་ལེན་པ་ཡིན་ཏེ། དྲང་སྲོང་ཡིད་ཁྲོས་པ་ཙམ་གྱིས་སྲོག་གཅོད་ཀྱི་ལས་ལམ་འབྱུང་བ་དང༌། གསོ་སྦྱོང་གི་ཚེ་ཉེས་པ་དང་བཅས་བཞིན་དུ་ཅང་མི་སྨྲ་བར་བྱེད་ན། རྫུན་གྱི་ཁ་ན་མ་ཐོ་བ་དངོས་གཞི་འབྱུང་བ་ཉིད་དུ་འཆད་པར་བྱེད་དོ། །ཞར་བྱུང་གི་དོན་འདི་ལྟར་ཡང་བརྟག་ནུས་ཏེ། ལུས་ངག་གི་ལས་གང་ཡིན་ཀྱང༌། དངོས་གཞིའི་དུས་ཀྱི་རིག་བྱེད་དེར་མི་འཆད་ཀྱང༌། རིག་བྱེད་དེའི་ཀུན་སློང་དུ་གྱུར་པའི་སེམས་པ་ནི་ལས་ཀྱི་ལམ་དངོས་གཞིའོ། །གང་གིས་ཞེས་ན། ཡིད་ཀྱིའོ། །དེས་ན་སྲོག་གཅོད་ལ་སོགས་པ་མི་དགེ་བ་བདུན་དང༌། དེ་སྤོང་བའི་དགེ་བ་བདུན་པོ་རེ་རེ་ཞིང་སེམས་པ་དང་བསམ་པའི་ལས་གཉིས་སུ་འགྱུར་ལ། དེ་བས་ན། ལས་དེ་དང་དེ་ལ་ལུས་ངག་གི་ལས་ཀྱིས་མ་ཁྱབ་སྟེ། སྲོག་གཅོད་སྤོང་བའི་ལས་ལམ་དངོས་གཞིར་གྱུར་པའི་སེམས་པ་བཞིན་ནོ། །དབྱེན་གྱི་ཁ་ན་མ་ཐོ་བ་དེའི་རྣམ་པར་སྨིན་པ་ནི་བར་གྱི་བསྐལ་པ་གཅིག་ཏུ་མནར་མེད་པའི་དམྱལ་བ་མྱོང་བ་ཡིན་ལ། དེའི་སྟེང་དུ་མཚམས་མེད་གཞན་དང་བཅས་པ་ཡིན་ཡང༌། དམྱལ་བའི་འགྲོ་བ་ལན་གཅིག་ལ་སོགས་པ་མྱོང་བ་ནི་མ་ཡིན་ཏེ། ཡིན་ན་མཚམས་མེད་ཀྱི་ལས་འགའ་ཞིག་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་ཐལ་བས་སོ། །འོ་ན་ཅི་ཞེ་ན། ལྷག་པས་གནོད་པ་ལྷག་པར་འགྱུར། །ཞེས་པ། ལུས་ཤིན་ཏུ་ཆེན་པོ་དང༌། སྡུག་བསྔལ་ཆེས་ཤིན་ཏུ་ཆེ་བ་དག་མྱོང་འགྱུར་རོ། །དེ་ནི་སྤྱིར་བཏང་བ་ཡིན་ལ། མཚམས་མེད་ལ་མྱོང་འགྱུར་གཞན་གཉིས་ཀྱང་གོང་དང་འོག་ནས་འཆད་དོ། །དབྱེན་གྱི་རྣམ་སྨིན་དེ་ལྟར་ན། དགེ་རྩ་གཅོད་པའི་ལོག་ལྟ་དང་རྣམ་སྨིན་ལ་ལྕི་ཡང་ཁྱད་པར་མེད་པ་ཉིད་དུ་འགྱུར་ལ། དེ་ལྟ་ན། ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ནས་ཡིད་ཀྱི་གསུམ་ལྕི་བ་དང༌། དེ་དག་ལས་ལོག་པར་ལྟ་བ་རྣམ་སྨིན་ལྕི་བར་གསུངས་པ་དང་འགལ་ལོ་སྙམ་ན། དེའི་ལན་ནི་འགྲེལ་པར། མཚམས་མེད་པ་རྣམས་ངེས་པར་མཛད་ནས་ནི་དགེ་འདུན་གྱི་དབྱེན་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོར་གསུངས་ལ། ལས་སུ་ངེས་པར་མཛད་ནས་ནི་ཡིད་ཀྱི་ཉེས་པ་གསུངས་ཤིང༌། ལྟ་བ་རྣམས་ངེས་པར་མཛད་ནས་ནི་ལོག་པར་ལྟ་བ་གསུངས་པའམ། ཡང་ན་རྣམ་པར་སྨིན་པ་རྒྱ་ཆེ་བ་དང༌། སྐྱེ་བོ་ཕལ་ཆེ་འཆི་བ་དང༌། དགེ་བའི་རྩ་བ་ཀུན་ཏུ་གཅོད་པའི་དབང་དུ་མཛད་ནས་གོ་རིམ་བཞིན་དུ་གསུངས་པ་ཡིན་ནོ། །ཞེས་འབྱུང་བ་འདིའི་དོན་ལ་གཉིས་ཏེ། འཆད་ཚུལ་དང་པོའི་དོན་ནི། མཚམས་མེད་ཀྱི་ནང་ནས་དབྱེན་གྱི་མཚམས་མེད་ལྕི་བ་དང༌། ལས་གསུམ་གྱི་ནང་ནས་ཡིད་ཀྱི་ལས་ལྕི་བ་དང༌། ལྟ་བ་རྣམས་ཀྱི་ནང་ནས་ལོག་པར་ལྟ་བ་རྣམ་སྨིན་ལྕི་ཞེས་པའོ། །འཆད་ཚུལ་གཉིས་པའི་དོན་ནི། རྣམ་སྨིན་རྒྱ་ཆེ་བའི་ཆ་ནས་དབྱེན་ལྕི་བར་བཤད། དྲང་སྲོང་ཡིད་ཁྲོས་པས་དནྟ་ཀའི་དགོན་པ་སྟོངས་པར་གྱུར་པ་ལྟ་བུ་དུས་གཅིག་ལ་སྐྱེ་བོ་མང་པོ་འཆི་བར་བྱེད་ནུས་པ་ནི་ལུས་ངག་གི་ལས་ལ་མེད་པས། དེའི་ཆ་ནས་ཡིད་ཀྱི་ཉེས་པ་ལྕི་བར་བཤད། མི་དགེ་བ་གཞན་གྱི་དགེ་བའི་རྩ་བ་ཀུན་དུ་གཅོད་པའི་ནུས་པ་མེད་པས་དེའི་ཆ་ནས་ལོག་ལྟ་ལྕི་བར་བཤད། ཅེས་པ་ཙམ་ཞིག་ཏུ་ཟད་དོ། །དེ་ལྟ་མོད་ཀྱི། ངག་དོན་ཉེ་བར་བསྡུས་ན། དགེ་འདུན་དབྱེ་ཕྱིར་རྫུན་སྨྲ་བ། །ཁ་ན་མ་ཐོ་རབ་ཆེར་འདོད། །འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་རབ་ཆེ། །ཞེས་འཇིག་རྟེན་གྱི་དགེ་མི་དགེ་གཉིས་ཀྱི་རྣམ་སྨིན་ཆེ་ཤོས་དེ་ལྟར་བཤད་པ་ན། དགེ་འདུན་དབྱེན་གྱི་མཚམས་མེད་ལ་ནི། བཤད་མ་ཐག་པའི་ཉེས་པ་ལྕི་བའི་ཚད་གསུམ་ཀ་ཚང་བ་ཡིན་ཏེ། བསམ་སྦྱོར་གཉིས་ཀ་ཉམས་པས་དགེ་བའི་རྩ་བ་ཀུན་ཏུ་བཅད་པའི་ཕྱིར། འདི་ཡང་ལོག་ལྟ་ཆེ་ཚད་ཀྱིས་ཀུན་ནས་སླང་བའི་དབང་དུ་བྱས་སོ། །འོ་ན་ལོག་ལྟ་ཆེ་ཤོས་རྐྱང་པས་མནར་མེད་མྱོང་བ་དང༌། དེས་སླངས་བའི་མཚམས་མེད་ཀྱིས་དེ་མྱོང་བ་ལ་ཁྱད་པར་ཅི་ཞེ་ན། ཀུན་སློང་གི་ལྟ་བས་ནི་དེར་འཕེན་པར་བྱེད་ལ། དེས་བསླངས་བའི་མཚམས་མེད་ཀྱིས་ནི་རྫོགས་པར་བྱེད་དོ། །ཞེས་བྱ་བ་འདི་ངེས་སོ། །འོ་ན་དགེ་འདུན་དབྱེན་གྱི་ལྷག་མ་དང་མཚམས་མེད་ལ་ཁྱད་པར་ཅི་ཞེ་ན། བཅས་པ་མཛད་པའི་འོག་ཏུ་དབྱེན་གྱི་མཚམས་མེད་འབྱུང་བ་ལ་ལྷག་མ་བྱུང་བས་ཁྱབ་ཀྱང༌། ཅིག་ཤོས་ཀྱིས་ཚུར་མ་ཁྱབ་སྟེ། མཚམས་མེད་དུ་འཇོག་པ་ལ། དགེ་འདུན་བྱེ་ཟིན་པ་དང༌། སྟོན་པ་བཞུགས་པའི་དུས་ཡིན་པ་སོགས་དགོས་ལ། ལྷག་མ་ལ། དགེ་འདུན་མ་བྱེ་ཡང༌། རྐྱེན་ཟློག་ཚུལ་ལྔ་པའི་མཐའ་ལ་མ་བཏང་བ་ཙམ་གྱིས་ཆོག་ཅིང༌། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་འབྱུང་ཞིང༌། ཡུལ་དང་བྱེད་པ་གཉིས་ཀ་དགེ་སློང་མ་ལ་ཡང༌། སྲིད་པའི་ཕྱིར། འོ་ན་བཅས་ལྡན་དགེ་སློང་དབྱེན་གྱི་མཚམས་མེད་ཅན་ཞིག བརྟག་པ་མཐར་བཟུང་བའི་སྒོ་ནས་སྲིད་པ་དེའི་ཚེ། དེ་འདྲ་དེ་ལ་བཅས་འགལ་རྣམས་ཀྱི་ནང་ནས་རྩ་བའི་ལྟུང་བ་ནི་མ་བྱུང་སྟེ། བྱུང་ན་རྫུན་སྨྲའི་ཕམ་པ་བྱུང་རིགས་པ་ལས་དེ་ཡང་མ་ཡིན་པའི་ཕྱིར། འོ་ན་ཅི་ཞེ་ན། དེས་དགེ་བའི་རྩ་བ་བཅད་པས་ཁྱབ་པར་ཡང་ཁས་ལེན་ན་ནི་ལེན་པ་ལ་རག་ལས་མོད། མིན་ན་ནི་དགེ་སློང་རྣམ་པར་དག་པ་ཉིད་ཡིན་པས། ལྷག་མ་ཕྱིར་བཅོས་པ་ན་ཚེ་དེ་ལ་རྣམ་པར་གྲོལ་བའི་སྐབས་ཡོད་པ་ཉིད་དོ། །མཚམས་མེད་ཅན་ལ་ཅིག་ཤོས་མ་བཤད་དོ། །ཅེ་ན། འོ་ན་དེ་འདྲ་དེ་ཚུལ་ཁྲིམས་ཉམས་པས་སམ། ལྟ་བ་ཉམས་པ་ཡིན་ཞེས་བརྟགས་ན། དང་པོར་ནི། མི་འདོད་ལ། གཉིས་པ་ལྟར་ན། དབྱེན་གྱི་མཚམས་མེད་ཅན་ལ་དགེ་རྩ་བཅད་པས་ཁྱབ་ཅེས་ཁས་ལེན་དགོས་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡང་ཁས་ལེན་ནོ་ཞེ་ན། མཚམས་མེད་བྱེད་པའི་འདི་ལ་མིན། །ཞེས་བཤད་པས། ཚེ་དེ་ལ་རྣམ་པར་གྲོལ་བའི་སྐབས་མེད་པ་ཉིད་དུ་འགྱུར་རོ། །འདོད་པ་དེ་ལྟར་ན། དགེ་འདུན་དབྱེ་ཕྱིར་རྫུན་སྨྲ་བ། །ཞེས་པའི་འགྲེལ་པར། དགེ་འདུན་འབྱེད་ན་ཇི་སྲིད་སླར་མ་འདུམས་ཀྱི་བར་དུ་འཇིག་རྟེན་ངེས་པ་ལ་འཇུག་པ་དང༌། འབྲས་བུ་ཐོབ་པ་དང༌། འདོད་ཆགས་དང་བྲལ་བ་དང༌། ཟག་པ་ཟད་པར་བྱ་བ་རྣམས་ལ་གེགས་སུ་འགྱུར་བ་ཡིན་ཞིང༌། ཞེས་ཤུགས་ལ་དགེ་འདུན་འདུམས་ཟིན་པའི་འོག་ཏུ་དེ་དང་དེའི་གེགས་མ་ཡིན་པ་ལྟ་བུར་བཤད་པ་འདིའི་ལན་ཇི་ལྟར་ལྡོན་ཞེས་རྣམ་པར་དཔྱད་པ་ན། དགེ་རྩ་མ་ཆད་པའི་མཚམས་མེད་ཅན་ཚེ་དེ་ལ་གྲོལ་བའི་སྐབས་ཡོད་པ་གཅིག་བཤད་པས་སྤྱིར་མཚམས་མེད་དང༌། བྱེ་བྲག་དབྱེན་གྱི་མཚམས་མེད་ལ་སྐྱེས་ནས་མྱོང་འགྱུར་གྱིས་མ་ཁྱབ་བོ། །འོ་ན། ཇི་སྐད་དུ། བྱེ་བའོ་དེ་ནི་མི་གནས་སོ། །ཞེས་བཤད་པས། དབྱེན་གྱི་མཚམས་མེད་ཅན་ཚེ་དེ་ལ་གྲོལ་བའི་སྐབས་ཡོད་པས་ཁྱབ་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། དབྱེན་གྱི་མཚམས་མེད་ཅན་དགེ་རྩ་ཆད་པ་དག་སྲིད་པའི་ཕྱིར། ཅི་སྟེ་མཚམས་མེད་ཅན་ཚེ་དེ་ཉིད་ལ་གྲོལ་བ་སྲིད་པ་དེ་ལྟ་ན། ཇི་སྐད་དུ། མཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཞེས་བཤད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། དེའི་དོན་ནི། སྦྱོར་བ་དེ་ལས་མ་ལོག་ན་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་སྔ་འགྲེལ་ལས། མཚམས་མེད་པའི་སྦྱོར་བ་བྱ་སྟེ་དེ་ཡང་མ་ཟློག་པར་འདོད་ཆགས་བྲལ་བའི་འབྲས་བུ་ཐོབ་པར་འགྱུར་བ་ཡོད་དམ་ཞེ་ན། ཞེས་བཤད་པས་སོ། །རྐང་པ་གཉིས་པོ་འདིའི་དངོས་བསྟན་དང་ཤུགས་བསྟན་ཞིབ་མོར་བསམས་ན་འདི་ལྟ་སྟེ། མཚམས་མེད་ཀྱི་དངོས་གཞི་བྱས་ནས་ནི་ཚེ་དེ་ལ་ཟློག་མི་ནུས་པའི་ཕྱིར་དང༌། འདོད་ཆགས་དང་བྲལ་བའི་འབྲས་བུ་མངོན་དུ་བྱེད་མི་ནུས་པར་བཤད་ལ། འདི་ཡང་ཉན་ཐོས་པའི་གཞུང་གི་སྤྱི་སྐད་ཡིན་མོད། ཞིབ་མོར་ན། འདིར་འདོད་ཆགས་བྲལ་འབྲས་ཞེས་པ་ནི། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུ་གཉིས་ལས་གཞན་མེད་པས། མཚམས་མེད་ཀྱི་སྦྱོར་བ་བྱས་ནས་མ་བཟློག་པའི་རྟེན་དེ་ལ། ངེས་འབྱེད་ནས། རྒྱུན་ཞུགས་དང༌། ཕྱིར་འོང་གི་བར་མངོན་དུ་བྱེད་པ་ཞིག་བཤད་པར་ནི་གདོན་མི་ཟ་ལ། ཕྱིར་མི་འོང་གི་ཚེ་སྦྱོར་བ་དེའི་མཐར་ཐུག་གྲུབ་པ་ན། མཐར་ཐུག་གི་ལས་ལམ་དངོས་གཞིའི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་དེ། སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་ཡིན་ནམ་མིན། ཡིན་ན་མཚམས་མེད་ལས་གཞན་དུ་མི་འགྲུབ་སྟེ། མཚམས་མེད་ཀྱི་སྦྱོར་བས་བསྒྲུབ་པའི་སྲོག་གཅོད་ཀྱི་ལས་ལམ་དངོས་ཡིན་པས་སོ། །དེ་ལྟར་འདོད་ན། ལས་དེ་མྱོང་བར་ངེས་པའི་ལས་ནི་མ་ཡིན་ཏེ། བཟོད་པ་ནས་ངན་སོང་དུ་མི་འགྲོ་བའི་ཕྱིར། དེ་འདྲ་དེ་སྲོག་གཅོད་ཀྱི་ལས་ལམ་དངོས་མ་ཡིན་ན། དེ་དུས་ཀྱི་སྦྱོར་བ་དེ་ཡང་མཚམས་མེད་ཀྱི་སྦྱོར་བ་དངོས་མ་ཡིན་པར་འགྱུར་ལ་འདོད་ན། དེའི་ཤེས་བྱེད་རྟེན་གྱི་གང་ཟག་འཕགས་པ་ཡིན་པ་ལ་བསམ་པར་འགྱུར་ལ། དེ་ལྟ་ན། མཚམས་མེད་སྦྱོར་བ་བྱས་པ་ལ། །འཕགས་ལམ་མངོན་དུ་བྱེད་མི་ནུས། །ཞེས་འདོན་དགོས་པར་འགྱུར་རོ། །གལ་ཏེ། སྦྱོར་བ་མཚན་ཉིད་པ་ཡིན་ཀྱང་དངོས་གཞི་མི་འབྱུང་སྟེ། འཕགས་ལམ་ཐོབ་པ་ན་འདུན་པ་ལོག་པའི་ཕྱིར། སྙམ་ན། འདི་ལྟར་མཚམས་མེད་སྦྱོར་བ་མ་ལོག་པར། འཕགས་ལམ་སྲིད་པར་མི་འགྱུར་ཏེ། འཕགས་ལམ་མངོན་དུ་བྱས་པ་ན། དམྱལ་བ་མྱོང་བར་འགྱུར་ངེས་ཀྱི་ལས་ལ་གེགས་བྱས་པ་ནི་མ་ཡིན་ལ། འདུན་པ་ལོག་པ་ཉིད་ཕྱིར་རོ། །ཞེས་རྣམ་པར་རྟགས་པ་ན་མཚམས་མེད་ཀྱི་ལས་ཐམས་ཅད་ཀྱི་རྣམ་སྨིན་དམྱལ་བ་ཡིན་པར་མ་ངེས་ཏེ། སོ་སྐྱེ་ཕལ་པའི་རྟེན་ལ་མཚམས་མེད་ཀྱི་སྦྱོར་བ་བྱས། དེ་མ་ལོག་པར་ཕྱིར་འོང་དུ་སོང་བའི་རྟེན་དེ་ལ་དངོས་གཞི་གྲུབ་པ་ན། ཚེ་དེ་ལ་འདོད་པའི་ཆགས་བྲལ་མི་སྲིད་པར་བཤད་པ་ནི། འདོད་པར་སྐྱེ་ངེས་ཀྱི་ལས་དེ་འདོད་པའི་ཆགས་བྲལ་ལ་གེགས་བྱེད་པ་ཉིད་དུ་འཆད་པར་གསལ་བའི་ཕྱིར་དང༌། དེའི་གཏན་ཚིགས་ནི། བཟོད་པ་ནས་ལས་དེ་མེད་པའི་ཕྱིར། ཉོན་མོངས་ལྷག་མ་སྤོང་བ་ལ་བརྩོན་ན་ལས་དེ་ཡང་མཐོང་ཆོས་ལ་མྱོང་དགོས་ཏེ། ཡུལ་འཕོ་བ་ན་བུ་ལོན་པ་ལྡང་བ་བཞིན་ནོ། །ཡང་ཤུགས་བསྟན་གཉིས་པ་ནི། མཚམས་མེད་དུ་མི་གཏོགས་པའི་དགེ་བའི་ལས་གཞན་རྣམས་ཀྱི་སྦྱོར་བ་གང་བྱས་པ་དེ་དང་བཅས་བཞིན་དུ་ཆགས་བྲལ་ཕྱིར་མི་འོང་དང༌། དགྲ་བཅོམ་དག་མངོན་དུ་བྱས་པ་སྲིད་ལ། དེའི་ཚེ་སྔར་གྱི་སྦྱོར་བ་དེ་མཐར་ཐུག་པར་གྱུར་ན་ལས་ཀྱི་ལམ་དངོས་གཞི་ནི་མི་འབྱུང་སྟེ། སྦྱོར་བ་བྱེད་པ་པོ་འདོད་པ་ལ་ཆགས་བྲལ་བྱས་ཟིན་པའི་ཕྱིར། སྔ་མ་ཕྱིར་མི་འོང་ལ་མི་མཚུངས་ཏེ། དེར་འདོད་པའི་མི་དགེ་བ་དག་དང་བཅས་པས། ལུས་ཀྱི་མི་དགེ་བ་གསུམ་པོའི་ཡང་དངོས་གཞི་འགྲུབ་པའི་རྟེན་དུ་ཡང་རུང་བས་སོ། །དེ་བཞིན་དུ་འོག་ནས། བཟོད་དང་ཕྱིར་མི་འོངས་དགྲ་བཅོམ། །འཐོབ་པ་ལ་གེགས་ཤིན་ཏུ་བྱེད། །ཅེས་པར། ངན་སོང་མྱོང་ངེས་ཀྱི་ལས་ཀྱིས། ངེས་འབྱེད་བཟོད་པ་འཐོབ་པ་ལ་གེགས་དང༌། འདོད་པར་སྐྱེ་ངེས་ཀྱི་ལས་ཀྱིས་ཕྱིར་མི་འོང་འཐོབ་པ་ལ་གེགས་བྱེད་ཁམས་གསུམ་གང་རུང་སྐྱེ་བར་ངེས་པའི་ལས་ཀྱི་དགྲ་བཅོམ་པ་ཐོབ་པ་ལ་གེགས་བྱེད་པར་བཤད་ལ་དེ་ཡང་གེགས་དེ་མ་སྤངས་ན་དེ་དག་དང་བཅས་བཞིན་དུ་ཐོབ་བྱ་གསུམ་པོ་དེ་དག་མི་འཐོབ་པའི་དོན་ཡིན་གྱི། གེགས་དེ་དག་རྟེན་དེ་ལ་ཐོབ་བྱ་དེ་དག་མངོན་དུ་བྱེད་མི་ནུས་པར་སྟོན་པ་མ་ཡིན་ཏེ། གཞན་དུ་ན་དེ་དག་མངོན་དུ་བྱས་པ་མི་སྲིད་པར་ཧ་ཅང་ཐལ་བའི་ཕྱིར། འོ་ན་གེགས་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། མཚམས་མེད་ཀྱི་ལས་དང་བཅས་པའི་དྲོད་རྩེ་བ་ལྟ་བུས། བཟོད་པ་མངོན་དུ་བྱ་བའི་ཕྱིར་བརྩོན་འགྲུས་བསྐྱེད་པ་ན། མཚམས་མེད་ཀྱི་ལས་དེ་སྤྱིར་བཏང་དུ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཡིན་ཀྱང༌། སྐབས་དེར་བཟོད་པ་ལ་གེགས་བྱ་བའི་ཕྱིར་དུ་མཐོང་ཆོས་ལ་མནར་དུ་འོང་བ་ཡིན་ཏེ། ཡུལ་འཕོ་ན་བུ་ལོན་པ་ལྡང་བ་བཞིན་ནོ། །ལས་དེ་མཐོང་ཆོས་ལ་མྱོང་བའི་སྟོབས་ཀྱིས་བཟོད་པ་མངོན་དུ་བྱེད་མི་ནུས་ན་གེགས་བྱས་པ་ཞེས་བྱ་ལ། དེ་ལྟར་སྨིན་ཀྱང་དེ་མངོན་དུ་བྱས་པ་གཅིག་སྲིད་པ་དེའི་ཚེ་ན། ལས་དེ་རྣམ་སྨིན་ངེས་ཀྱང་གནས་སྐབས་མ་ངེས་པར་སོང༌། དེར་སོང་བའི་སྟོབས་ཀྱིས་མཚམས་མེད་ཀྱི་ལས་ཀྱིས་བཟོད་པ་མངོན་དུ་བྱེད་པ་ལ་གེགས་བྱེད་མ་ནུས་པའོ། །དེ་བཞིན་དུ་ལྷག་མ་གཉིས་ལའང་སྦྱར་བར་བྱ་སྟེ། དེ་ཉིད་ཀྱི་འགྲེལ་པ་ལས་གསལ་ལོ། །ཤུགས་བསྟན་གཞན་ཡང་བཤད་པ་ནི། རྩེ་མོ་ཐོབ་ནས་ཀྱང་མཚམས་མེད་ཀྱི་ལས་བྱེད་པར་སྲིད་ཅིང༌། དྲོད་ཐོབ་ཀྱང་དགེ་བའི་རྩ་བ་ཆད་པ་སྲིད་པས། དེའི་རྣམ་སྨིན་ཕལ་ཆེར་མྱོང་བ་ཡང་སྲིད་མོད། སྲིད་པ་དེ་དག་གི་ནི་བཙུན་པ་དབྱངས་སྒྲོགས་ཀྱི་འདོད་པ་ལྟར། འདོད་པའི་སེམས་ལ་བརྟེན་པའམ། བསམ་གཏན་ལ་བརྟེན་ན་ཡང་ཞི་གནས་ལ་ཡིན་གྱི། ལྷག་མཐོང་ལ་ནི་མ་ཡིན་པར་ངེས་པ་དེའི་ཚེ། དེ་འདྲ་དེས་བདེན་པའི་རྣམ་པ་ཅན་གྱི་ངེས་འབྱེད་ཆ་མཐུན་ལས་སླར་ལོག་པ་ནི་མི་སྲིད་པས། རྟེན་དེ་ཉིད་ལ་ལམ་དེས་དགེ་བའི་རྩ་བ་མཚམས་འབྱོར་བར་བྱེད་ཅིང༌། ངན་སོང་དང་འདོད་པའི་ཁམས་དང་ཁམས་གོང་མ་དག་ཏུ་སྐྱེ་བར་ངེས་པའི་ལས་རྣམས་མཐོང་བའི་ཆོས་ལ་སྨིན་པར་འགྱུར་ཏེ། བཟོད་པ་ནས་དགྲ་བཅོམ་པའི་བར་མངོན་དུ་བྱེད་དོ། །དེ་སྐད་དུ་ཡང༌། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པ། །མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞེས་སོ། །ཚུལ་དེ་ཡང་ཉན་ཐོས་ལ་ཡིན་གྱི། སངས་རྒྱས་གཉིས་ལ་ནི་མ་ཡིན་ཏེ། དྲོད་ཀྱི་སྔོན་དུ་འདོད་པ་ལ་ཆགས་བྲལ་བྱས་ཟིན་པའི་ཕྱིར། ཡང་མཚམས་མེད་ཙམ་ལས་ལོག་པར་ལྟ་བ་རྣམ་སྨིན་ལྕི་བར་བཤད་ན། དགེ་རྩ་ཆད་པའི་ཚེ་དེ་ཉིད་ལ་མཚམས་འབྱོར་སྲིད་པ་དང༌། མཚམས་མེད་ཀྱི་ཉེས་པ་ཚེ་དེ་ཉིད་ལ་འདག་པ་གཅིག་སྲིད་པའི་བཤད་པ་གསལ་བར་མི་འབྱུང་བ་ཅི་ཞེ་ན། དེ་ལྟར་འགལ་བ་མ་ཡིན་ཏེ། དགེ་རྩ་མཚམས་སྦྱོར་ཡང་རྣམ་པར་སྨིན་པ་མི་འཁྲུལ་བའི་ཕྱིར། དེས་ན་དགེ་བའི་རྩ་བ་མཚམས་སྦྱོར་བཞིན་དུ་རྣམ་སྨིན་དམྱལ་བ་མྱོང་བ་མི་འགལ་ལ། མཚམས་མེད་ཀྱི་ལས་བྱང་ན་དེའི་རྣམ་སྨིན་མྱོང་བར་མི་འགྱུར་ཏེ། དཔེར་ན། དམྱལ་བར་སྐྱེ་བའི་བར་སྲིད་དུ་དགེ་རྩ་མཚམས་འབྱོར་བར་བཤད་པ་ལྟ་བུའོ། །སྤྱིར་ནི་ལོག་ལྟ་རྐྱང་པས་རྣམ་སྨིན་འབྱིན་པ་མ་ཡིན་གྱི། དེས་ཀུན་ནས་བསླང་བའི་ལས་ཀྱི་འབྱིན་པ་ཡིན་ཏེ། འདུ་བྱེད་དང་སྲིད་པ་སྔོན་དུ་མ་སོང་བར་སྐྱེ་བ་མི་འབྱུང་བའི་ཕྱིར། དེས་བསླང་པའི་ལས་གང་ཞེ་ན། སྤྱིར་མི་དགེ་བ་བཅུ་ཆར་སྲིད་མོད། དེ་མེད་ན་མི་འབྱུང་བའི་ཡན་ལག་ཏུ་དགོས་པ་ནི་དགེ་འདུན་དབྱེན་གྱི་མཚམས་མེད་དོ། །དེ་ལྟར་རྣམ་པར་སྤྲོས་ནས། དཀྱུས་མ་ནི། དགེ་འདུན་གྱི་དབྱེན་དེའི་བྱེད་པ་པོ་ནི། ཁྱིམ་པ་དང་དགེ་སློང་མ་ལ་སོགས་པར་མི་རུང་བས་ན། དགེ་སློང་ངོ༌། །ལྟ་བ་སྤྱད་པ་དང་སྲེད་པ་སྤྱད་པ་གཉིས་ལས་དང་པོ་སྟེ་ལྟ་བ་མ་སྤྱད་ན་ཤེས་རབ་དང་མི་ལྡན་པས་ལྟ་བ་ལོག་པར་སྟོན་མི་ནུས་པའི་ཕྱིར་དང༌། སྲེད་པ་ཁོ་ན་སྤྱད་པས་ནི་ཚུལ་ཁྲིམས་ཉམས་པར་བྱེད་ཀྱི་ལྟ་བ་ལས་ཉམས་པར་བྱེད་མི་ནུས་པའི་ཕྱིར། ལྟ་བ་སྤྱད་པ་ཡིན་མོད། དེ་ལྟ་ན་ཡང༌། ལྟ་སྤྱད་དེ་ནི་མི་ལྡན་པའོ། །ཞེས་འབྱུང་བ་ལྟར། དགེ་རྩ་ཆད་ཟིན་པ་ནི་མ་ཡིན་ཏེ། ཟིན་ན་ཚུལ་ཁྲིམས་དང་ལྡན་པར་འགལ་བའི་ཕྱིར། འགལ་མོད། དེ་ལ་ཅིར་འགྱུར་ཞེ་ན། ཚུལ་ཁྲིམས་ཉམས་པས་ནི་མ་ཡིན་ཏེ། དེའི་ཚིག་མི་བཙན་པའི་ཕྱིར་རོ། །བྱེ་བའི་ཚད་གང་ཞེ་ན། སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ། །ཞེས་པ་ཉིད་ཡིན་ལ། བཟོད་པ་དེ་ཙམ་གྱི་དབྱེ་བའི་དགེ་འདུན་དེ་དག སྤྱིར་སྡིག་པའི་ལས་དང༌། བྱེ་བྲག་ཏུ་ལོག་ལྟ་སྐྱེས་པར་འཇོག་པ་ནི་མ་ཡིན་ཏེ། དེ་དང་བྱེད་པོར་ཡང་དག་ལྡན། །ཞེས་དམིགས་ཀྱིས་བསལ་བའི་ཕྱིར། བྱེ་བ་ཙམ་སྡིག་པའི་ལས་མ་ཡིན་ཀྱང༌། བྱེ་བའི་ཉེས་དམིགས་ནི། ཇི་སྲིད་འདུམས་པར་མ་གྱུར་པ་དེ་སྲིད་དུ། བསམ་གཏན་དང༌། ཀློག་པ་དང༌། ཁ་བཏོན་དང༌། སེམས་པའི་ལས་རྣམས་ཀྱང་མི་འབྱུང་ཞིང༌། ལྷ་དང༌། ཀླུ་དང༌། མིར་སྐྱེ་བའི་འགྲོ་བ་ཡང་འཁྲུགས་པ་དང༌། ཡིད་མི་བདེ་བ་དང༌། རང་དབང་མེད་པ་དང༌། དྲན་པ་ཉམས་པ་ཉིད་དུ་བྱེད་པར་འགྱུར་ལ། དེ་ལྟར་བྱས་པའི་རྣམ་པར་སྨིན་པ་བྱེད་པ་པོ་ཉིད་ལ་ཡིན་གྱི། དགེ་འདུན་ཕྱོགས་གཉིས་ལ་ནི་མ་ཡིན་ནོ། །བྱེ་བ་དེ་ཡུན་ཇི་ཙམ་དུ་གནས་ཤེ་ན། དེ་ནི་མི་གནས་སོ་ཞེས་པ། ཞག་གཅིག་ཚང་བར་ནི་མི་གནས་ཏེ། ནམ་ལང་བའི་སྔ་རོལ་དུ་འདུམ་བྱེད་མཆོག་ཟུང་ཅིག་བྱོན་ནས་སྡུམ་པར་མཛད་པའི་ཕྱིར། མ་དུམ་པ་དེའི་རིང་ལ་ནི། ཕྱོགས་སོ་སོའི་དགེ་འདུན་དག་ལ་ངེས་འབྱེད་དང༌། དགེ་སྦྱོང་ཚུལ་གྱི་འབྲས་བུ་དང༌། ཆགས་བྲལ་དང༌། ཟག་པ་ཟད་པ་དག་མངོན་དུ་བྱེད་པ་མི་སྲིད་དོ། །དུམ་པ་དེའི་ཚེ། འབྱེད་པ་པོ་ཉིད་ཀྱང་ཆོས་ཀྱི་ཕྱོགས་སུ་རོ་གཅིག་པ་ཡིན་ན་ནི་ཚུལ་ཁྲིམས་དང་ལྡན་པར་འགྱུར་ལ། དེ་ལྟ་ན་ལོག་པར་ལྟ་བས་དགེ་བའི་རྩ་བ་བཅད་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་བྱེད་པ་པོ་ཆོས་ཕྱོགས་སུ་རོ་གཅིག་པ་ཉིད་དུ་མ་གྱུར་ན་ནི། དགེ་འདུན་མ་དུམ་པར་འགྱུར་ཏེ། འབྱེད་པ་པོ་ལྷ་སྦྱིན་ཉིད་ཀྱང་དགེ་འདུན་གྱི་སྡེ་དང་བཅས་པའི་ཕྱིར། སྙམ་པའི་དོགས་པ་ཇི་ལྟར་སྤོང་ཞེ་ན། དགེ་སློང་ལྷ་སྦྱིན་གྲོགས་དང་བཅས་པ་ནི་ལྟ་བ་དང་ཚུལ་ཁྲིམས་གཉིས་ཀ་ཉམས་པར་ཁས་ལེན་ལ། དེའི་ཚེ་ཆོས་ཕྱོགས་སུ་རོ་གཅིག་པར་མ་གྱུར་ཀྱང༌། བྱེ་བ་མ་དུམ་པའི་ཉེས་པས་མི་གནོད་དེ། ལྟ་བ་དང་ཚུལ་ཁྲིམས་ཉམས་པ་དགེ་འདུན་གྱི་ནང་དུ་མི་གཏོགས་པའི་ཕྱིར། འོ་ན་ཚུལ་ཁྲིམས་དང་ལྡན་པར་བཤད་པ་ཉིད་མི་འཐད་དོ། །ཅེ་ན། དང་པོ་འབྱེད་པའི་ཚེ་ལ་བསམ་པ་ཡིན་གྱི། ཕྱེ་ཟིན་པ་ན་མ་ཡིན་ཏེ། མཚམས་མེད་ཀྱི་ལས་ཅན་ཚུལ་ཁྲིམས་དང་ལྡན་པར་འགལ་བའི་ཕྱིར། ཅིའི་ཕྱིར་འཁོར་ལོའི་དབྱེན་ཞེས་བྱ་ཞེ་ན། ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་ཡིན་ལ། དགེ་འདུན་རྣམས་ཇི་སྲིད་དབྱེན་ལ་གནས་པ་དེ་སྲིད་དུ་དེ་སྐྱེ་བའི་གེགས་བྱས་པའི་ཕྱིར། དེ་མི་འབྱུང་བའི་དུས་དྲུག་ནི། འདི་ལྟར། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང༌། །མཚམས་མ་བཅད་པ་དག་ཏུ་ཡང༌། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ༌། །ཞེས་པ་དེ་དག་ལས། བསྟན་པའི་སྐྱོན་ནི་གཉིས་ཏེ། ཚུལ་ཁྲིམས་ཀྱི་སྐྱོན་དང༌། ལྟ་བའི་སྐྱོན་ནོ། །དང་པོ་ནི། སྟོན་པ་སངས་རྒྱས་ནས་ལོ་བཅུ་གཉིས་པའི་ཚེ། དགེ་སློང་བཟང་སྦྱིན་ལ་ཕམ་པ་དང་པོའི་བཅས་པ་མཛད་པ་ནས་ཡིན་ལ། ལྟ་བའི་སྐྱོན་ནི། དགེ་སློང་འཆི་ལྟས་ལ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ཀྱི་བཅས་པ་མཛད་པ་ན་ཡིན་ནོ། །འཁོར་ལོའི་དབྱེན་འདི་ཡང༌། གང་གི་བསྟན་པ་ལ་འབྱུང་བའི་སྔོན་གྱི་ལས་ལ་རག་ལས་པ་ཡིན་ཏེ། རང་རེའི་སྟོན་པ་འདི་མངོན་བྱང་ཆུབ་སེམས་དཔར་གྱུར་པ་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གི་འཁོར་ཕྱེ་བ་ལས་བྱུང་བ་ཡིན་ནོ་ཞེས་གྲགས་པས་སོ། །འདིར་དབྱེན་གྱི་ལྷག་མ་དང་མཚམས་མེད་གཉིས་ཀའི་གཞི་མཐུན་མི་སྲིད་དེ། ལྷ་སྦྱིན་ལ་མཚམས་མེད་བྱུང་བ་དེའི་ཚེ་ལྷག་མའི་བཅས་པ་མ་མཛད་ལ། བསྟན་པ་འདི་ལ་འཁོར་ལོའི་དབྱེན་ནི་ལན་གཉིས་པ་གཞན་བྱུང་བ་མེད་པའི་ཕྱིར། དེ་ལྟར་མཚམས་མེད་ལྔའི་ནང་ནས་ཆེས་ལྕི་བ་ནི་དབྱེན་དང༌། དེའི་འོག་ཏུ་ངན་སེམས་ཀྱི་ཁྲག་འབྱིན་པ་ནི་ལྕི་ཞིང༌། དེ་ནས་དགྲ་བཅོམ་པ་གསོད་པ་དང༌། ཐམས་ཅད་ནས་ཡང་བ་ནི། ཕ་བསད་མཚམས་མེད་དུ་གསུངས་ཤིང༌། དེ་ལས་ཁྱད་པར་དུ་ཁྲག་འབྱིན་པ་འདི་ནི་ལས་ལམ་དངོས་གཞིར་འཇོག་པ་མ་ཡིན་ཏེ། སྲོག་གཅོད་པའི་ལས་ལམ་གྱི་སྦྱོར་བར་འཆད་པའི་ཕྱིར། དེ་སྐད་དུ་ཡང༌། སངས་རྒྱས་རྡེག་པར་སེམས་ལ་མིན། །ཞེས་དང༌། འགྲེལ་པར། གཅིག་ནི་སྲོག་གཅོད་པའི་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཉེ་བར་མི་རྫི་བའི་ཆོས་ཅན་ཡིན་ནོ། །ཞེས་སོ། །དེས་ན་ངོ་བོ་ནི་ལུས་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་ཉེ་བར་གནས་པ་ཡིན་ལ། དེ་དག་གིས་ནི་རྣམ་སྨིན་ངོ་བོ་རྫོགས་པར་བྱེད་ཅིང༌། དེ་དག་གི་ཀུན་སློང་ལྷན་ཅིག་པའི་སེམས་པས་ནི་འཕེན་པར་བྱེད་དོ། །དེ་ཡང་མཚམས་མེད་པ་ལྔ་ལས། བཞི་ནི་ལུས་ཀྱི་ལས་དང༌། གཅིག་ནི་ངག་གི་ལས་སུ་གཞག་ལ། ལྔ་ལས་བཞི་ནི་ལས་ལམ་དངོས་གཞི་དང༌། གཅིག་ནི་སྦྱོར་བའི་ངོ་བོར་གནས་པའོ། །ཡང་མཚམས་མེད་གསུམ་པའི་སྐབས་སུ་འགྲེལ་པར། རྟེན་གཅིག་ལ་མཚམས་མེད་གཉིས་མི་འབྱུང་བ་དང༌། རྟེན་ངེས་པར་བཟུང་ན་སྦྱོར་བ་ལ་འདུ་ཤེས་གཙོ་ཆེ་བ་མ་ཡིན་པར་བཤད་ལ། དེ་དག་ལ་དོགས་པའི་སྒོ་ཡང་གཉིས་འབྱུང་བ་ལས། དང་པོ་ནི། ལུང་རྣམ་འབྱེད་དུ། སྔོན་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུད་ཏྲ་ཡ་ན་ཞེས་བྱ་བ་དེ། རང་གི་བུ་སྐྲ་ཅན་ཞེས་པས་གཤེད་མ་བཀྱེ་ནས་བསད་པ་ན། ཕས་འཕྲིན་དུ་སྲིངས་པ་ནི། སོང་ལ། སྐྲ་ཅན་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་དང༌། དགྲ་བཅོམ་པ་བསད་པའོ། །ཞེས་སྤྲིངས་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་དངོས་པོ་ལ་མཚམས་མེད་གཉིས་འབྱུང་བའི་དོན་མ་ཡིན་གྱི། མཚམས་མེད་འབྱུང་བའི་རྒྱུ་གཉིས་ཀྱི་སྒོ་ནས་འགྱོད་པ་སྐྱེད་དུ་གཅུག་པ་ཡིན་ཏེ། ཕ་མིན་དུ་ཆུག་ཀྱང༌། དགྲ་བཅོམ་པ་ཡིན་པས་དེ་བསད་པའི་མཚམས་མེད་འབྱུང་ངོ༌། །ཞེས་འགྱོད་པ་སྐྱེད་དུ་གཅུག་པའོ། །དོགས་པ་གཉིས་པ་ནི། སྦྱོར་བ་ལ་དོན་གཙོ་མི་ཆེ་ན། སྦྱོར་བའི་དུས་སུ་དགྲ་བཅོམ་པ་ཡིན་པར་འདུ་ཤེས་ཏེ་བསྣུན་པ། དེའི་འོག་ཏུ་དགྲ་བཅོམ་པར་གྱུར་པ་ལ་མཐར་ཐུག་ན་ཡང་མཚམས་མེད་དུ་འགྱུར་རོ་སྙམ་ན། མཚམས་མེད་དུ་མི་འགྱུར་ཏེ། དགྲ་བཅོམ་པ་ལ་སྦྱོར་བ་མ་བྱས་པའི་ཕྱིར། འོ་ན་དངོས་པོ་གཙོ་ཆེ་བར་འགྱུར་རོ་སྙམ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འགྲེལ་པར། དགྲ་བཅོམ་པ་ལ་དེ་མ་ཡིན་པའི་འདུ་ཤེས་ཀྱིས་བསད་ན་ཡང་མཚམས་མེད་པར་འགྱུར་ཏེ། འདི་བསད་དོ་སྙམ་དུ་རྟེན་ངེས་པར་བཟུང་བའི་ཕྱིར་རོ། །དེའི་དོན་ཡང༌། ལྷ་སྦྱིན་ཡིན་པ་ལ་མ་ཡིན་པར་འདུ་ཤེས་ནས་བསད་པའི་དངོས་གཞི་དང་མི་འདྲ་སྟེ། དེ་ལ་རྟེན་ངེས་པར་བཟུང་བ་མེད་པའི་ཕྱིར་རོ། །དེ་མེད་པའི་ཚུལ་ཡང་སྲོག་ཆགས་འདི་སུ་ཡིན་ཀྱང་བསོད་སྙམ་དུ་བསམ་པ་ནི་རྟེན་ངེས་པར་བཟུང་བའི་དོན་ཡིན་ལ། ལྷ་སྦྱིན་ཡིན་ན་གསོད་ལ། མ་ཡིན་ན་མི་གསོད་པའི་བསམ་པ་ནི་རྟེན་ངེས་པར་མ་བཟུང་བའི་དོན་དུ་འཆད་པའོ། །འདི་ཡང་ཞིབ་མོར་ན། དངོས་གཞི་འབྱུང་བ་ནི། གང་ལ་དངོས་གཞིར་འགྱུར་བའི་སྦྱོར་བ་བྱས་པ་ཞིག་དགོས་ཞེས་པའི་དོན་མ་ཡིན་གྱི། སྦྱོར་བའི་ཉེས་ལྟུང་ཉིད་དུ་འགྱུར་བ་ལ་ལྟོས་ནས་དངོས་པོ་གཙོ་ཆེ་བ་ནི་མ་ཡིན་ཏེ། ཡིན་པ་ལ་མ་ཡིན་པའི་འདུ་ཤེས་ཀྱི་སྦྱོར་བ་བྱས་ཀྱང༌། མཚམས་མེད་ཀྱི་སྦྱོར་བ་དང༌། སྲོག་གཅོད་ཀྱི་སྦྱོར་བ་དག་ཏུའང་མི་འགྱུར་བའི་ཕྱིར། སྐབས་འདིར་གདགས་པ་ལས་འདི་ལྟར་འབྱུང་སྟེ། སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ། སོང་ལ་མ་གསོད་ཅིག བདག་ཉིད་ཀྱིས་གསོད་ལ་གཞན་གསོད་དུ་མ་གཞུག་ཅིག ཅེས་བྱས་ན། གཉིས་ཀ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་ལྡན་པར་མི་འགྱུར། སྨྲས་པ། བདག་ཉིད་དང་གཞན་གཉིས་ཀས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེས་དེ་གཞན་གསོད་དུ་བཅུག་ན་ནི་ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །དེས་དེ་བདག་ཉིད་དང་གཞན་གཉིས་ཀས་བསད་ན་ཡང་ཕྱི་མ་ཁོ་ན་ཤོས་མཚམས་མེད་ཀྱི་ལས་དང་ལྡན་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ། སོང་ལ་མ་གསོད་ཅིག གཞན་གསོད་དུ་ཆུག་ལ། བདག་ཉིད་ཀྱིས་མ་གསོད་ཅིག་ཅེས་བྱས་ན། གཉིས་ཀ་མཚམས་མེད་དང་ལྡན་ནམ། ཅིག་ཁོ་ན་མཚམས་མེད་དང་ལྡན། སྨྲས་པ། གཞན་ཁོ་ན་གསོད་དུ་བཅུག་ན་ནི་གཉིས་ཀ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །འོན་ཏེ་བདག་ཉིད་ཁོ་ནས་བསད་ན་ནི་ཕྱི་མ་ཁོ་ན་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །གལ་ཏེ། བདག་གཞན་གཉིས་ཀས་བསད་ན་ཡང་ཕྱི་མ་ཤོས་ཁོ་ན་མཚམས་མེད་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ། སོང་ལ་མ་གསོད་ཅིག བདག་གཞན་གཉིས་ཀས་སོད་ཅིག ཅེས་བྱས་ན། གཉིས་ཀས་ལྡན་པར་འགྱུར་རམ། གཅིག་ལྡན་པར་འགྱུར། སྨྲས་པ་གཉིས་ཀས་བསད་ན་ནི་གཉིས་ཀ་ལྡན་པར་འགྱུར་རོ། །གང་རུང་རེ་རེས་བསད་ན་ནི་ཕྱི་མ་ཤོས་ཁོ་ན་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །ཞེས་གསུངས་པར་སྣང་ལ། དེར་འབྱུང་བའི་བརྟག་པ་ཕྱི་མ་རྣམས་ནི། གཞུང་འདིར། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཞེས་སོགས་དང༌། མི་མཐུན་པ་ཡིན་ནམ་སྙམ་དུ་དོགས་ལ། བརྟག་པ་དང་པོའི་རིགས་པས་གཞན་ལ་བཅོལ་བས་རྫོགས་པའི་ལས་ལམ་མཐར་ཕྱིན་པ་ནི། གང་ལ་བཅོལ་བ་དེ་ཉིད་ཀྱིས་བྱས་པ་དགོས་ཀྱི། དེས་ཀྱང་གཞན་ལ་བཅོལ་ན། དངོས་གཞི་འགྲུབ་པའི་ངེས་པ་མེད་པ་ཉིད་དུ་བརྟག་པར་བྱའོ། །འདིའི་འོག་ནས་འབྱུང་བ་ཉེ་བའི་མཚམས་མེད་དང༌། བྱང་ཆུབ་སེམས་དཔའ་ངེས་གནས་ཀྱི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་སྐབས་གང་དུ་རྫོགས་པའི་རྣམ་པར་གཞག་པ་རྣམས་ནི་གཞུང་འགྲེལ་ཇི་ལྟ་བ་ཉིད་ཀྱིས་རྟོགས་པར་ནུས་པས་རྒྱ་བསྐྱེད་པར་བྱ་བ་མ་ཡིན་ལ། དེ་ནས་གཞི་གསུམ་གསུངས་པ་ནི་འདི་ལྟ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང༌། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཞེས་གསུངས་ན། དེའི་ངོས་འཛིན་ཇི་ལྟ་བུ་ཞེ་ན། བཤད་པ། གསུམ་པོ་བསོད་ནམས་བྱ་བ་དང༌། །དེ་གཞི་དཔེར་ན་ལས་ལམ་བཞིན། །ཞེས་པ། གསུམ་པོ་ཅི་རིགས་པར་བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན། གཞི་ཡང་ཡིན་པ་དག་ཀྱང་ཡོད་ལ། གཉིས་གཉིས་ཡིན་པ་དང༌། རེ་རེ་བ་དག་ཀྱང་ཡོད་དོ། །དེ་ཡང་སྦྱིན་པ་གཏོང་བའི་ལུས་ངག་གི་ལས་ནི། རྣམ་སྨིན་ཡིད་དུ་འོང་བའི་དོན་གྱིས་ན་བསོད་ནམས་ཀྱང་ཡིན། ལས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་བྱ་བ་ཡིན། རང་ཀུན་ནས་སློང་བའི་སེམས་འཇུག་པའི་རྟེན་ཡིན་པས་གཞི་ཡང་ཡིན། སྦྱིན་པའི་ལུས་ངག་གི་ལས་དེ་ཀུན་ནས་སློང་བའི་སེམས་པ་ནི། བསོད་ནམས་དང་བྱ་བ་གཉིས་ཡིན་ལ། གཞི་ནི་མ་ཡིན་ཏེ། རང་ཉིད་རང་གི་རྟེན་དུ་མི་རུང་བའི་ཕྱིར། སེམས་པ་དེ་དང་ལྷན་ཅིག་འབྱུང་བའི་སེམས་བྱུང་ཚོར་བ་སོགས་ནི་བསོད་ནམས་ཁོ་ན་ཡིན་གྱི། གཞན་གཉིས་མ་ཡིན་ཏེ། བྱ་བ་དང་གཞིའི་མཚན་ཉིད་མ་ཚང་བའི་ཕྱིར་ཏེ། སེམས་པ་དང་བསམ་པའི་ལས་གང་དུའང་མ་དམིགས་པའི་ཕྱིར་དང༌། སེམས་པ་དང་མཚུངས་ལྡན་ཡིན་ཀྱང༌། སེམས་པ་ནི་དེ་དག་ལ་དམིགས་ནས་འཇུག་པ་མ་ཡིན་པའི་ཕྱིར། ཚུལ་ཁྲིམས་ལས་བྱུང་བའི་ལུས་ངག་གི་ལས་དང༌། དེ་ཀུན་ནས་སློང་བའི་སེམས་པ་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་ཞིང༌། སྒོམ་པ་ལས་བྱུང་བ་ལའང༌། བྱམས་པ་ལྟ་བུ་ནི་བསོད་ནམས་དང་གཞི་ཡིན། དེ་དང་མཚུངས་པར་ལྡན་པའི་སེམས་པ་ནི་བསོད་ནམས་དང་བྱ་བ་གཉིས་ཡིན། བྱམས་པ་དང་མཚུངས་པར་ལྡན་པའི་ཚོར་བ་སོགས་ནི། བསོད་ནམས་ཁོ་ན་ཡིན་ནོ། །འོ་ན་བྱམས་པ་གཞི་ཡིན་ལ་ཚོར་བ་སོགས་གཞི་མ་ཡིན་པའི་ཁྱད་པར་ཅི་ཞེ་ན་བྱམས་པའི་སྒོ་ནས་དེ་དང་མཚུངས་ལྡན་གྱི་སེམས་པ་ཡུལ་ལ་འཇུག་པར་བྱེད་ཀྱི་ཚོར་བ་སོགས་ཀྱི་སྒོ་ནས་མ་ཡིན་པའི་ཕྱིར། སྦྱིན་པའི་ངོ་བོ་གང་ཞེ་ན། སྦྱིན་པའི་སྒྲ་ནི། གང་གིས་སྦྱིན་པར་བྱ་བ་དང༌། གང་སྦྱིན་པར་བྱ་བ་གཉིས་ལས་དང་པོ་ནི་ལུང་དུ་མ་བསྟན་པ་ཡང་ཡོད་པས་གཉིས་པ་ཁོ་ནའོ། །དེ་ཡང་ལུས་ངག་གི་ལས་གཉིས་དང༌། དེ་ཀུན་ནས་སློང་བའི་སེམས་པ་དང་བཅས་པའོ། །དེ་རེ་རེ་ལ་ཡང་སྦྱོར་དངོས་མཇུག་གི་དབྱེ་བས་གསུམ་གསུམ་དུ་འགྱུར་རོ། །དེ་ཡང་འགྲེལ་པ་ལས། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པ། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །འདིར་གསུམ་ཀ་ལ་འབྱུང་ཁུངས་ཀྱི་སྒྲ་སྨོས་པ་ནི་རྫས་ཐ་དད་པ་མེད་པ་མ་ཡིན་གྱི། རང་གི་ངོ་བོ་ཉིད་ལ་དེར་བཤད་པ་སྟེ། རྩ་ལས་བྱུང་བའི་ཁྱིམ་དང༌། ལོ་མ་ལས་བྱུང་བའི་སྣོད་ཅེས་པ་ལྟ་བུ་གཉིས་པ་ལ་བདུན་པའི་སྒྲ་སྦྱར་བའོ། །དེ་ནས། ཇི་སྐད་དུ། མཆོག་ནི་གྲོལ་བས་གྲོལ་བའམ། །བྱང་ཆུབ་སེམས་དཔའ་ཡིས་བརྒྱད་པ་ཅེས་པར། དང་པོ་དེ་མཆོག་ཡིན་པའི་ཤེས་བྱེད་ནི། སྦྱིན་པ་དེའི་འབྲས་བུ་ལྔ་པོ་གང་ལ་ཡང་རེ་བ་མེད་པའི་བློས་མཆོད་པ་དང་ཕན་འདོགས་པས་སྦྱིན་པའི་རྒྱུ་མཚན་གྱིས་སོ། །བརྒྱད་ནི། ཉེ་བ་ལ་སྦྱིན་པ་དང༌། འཇིག་པས་སྦྱིན་པ་དང༌། བདག་ལ་བྱིན་པས་སྦྱིན་པ་དང༌། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང༌། སྔོན་ཕ་མེས་ཀྱིས་སྦྱིན་པའི་སྲོལ་གྱི་སྦྱིན་པ་དང༌། གྲགས་པའི་དོན་དུ་སྦྱིན་པ་སྟེ་བདུན། བརྒྱད་པ་ནི། སེམས་ཀྱི་རྒྱན་གྱི་ཕྱིར་དང༌། སེམས་ཀྱི་ཡོ་བྱད་ཀྱི་ཕྱིར་དང༌། ནོར་གྱི་ཚོགས་ཀྱི་ཕྱིར་དང༌། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་དུ་སྦྱིན་པའོ། །དེ་ཡང་སེམས་ཀྱི་རྒྱན་ནི་རྫུ་འཕྲུལ་དང༌། ཡོ་བྱད་ནི་འཕགས་ལམ་ཡན་ལག་བརྒྱད་དང༌། རྣལ་འབྱོར་གྱི་ཚོགས་ནི་ཞི་ལྷག་དང༌། དོན་གྱི་མཆོག་ནི་དགྲ་བཅོམ་པ་དང་མྱ་ངན་ལས་འདས་པའོ། །ཞེས་པ་ནི། རྒྱལ་པོ་སྲས་ཀྱི་ལུགས་ཡིན་ལ། གང་བ་སྤེལ་ནི། དད་པ་ལ་སོགས་པའི་ནོར་འདྲེན་པས་རྒྱན་དང༌། སེར་སྣའི་དྲི་མ་འཁྲུ་བས་ཡོ་བྱད་དང༌། སྙོམས་འཇུག་གི་བདེ་བ་སྐྱེད་པས་རྣལ་འབྱོར་གྱི་ཚོགས་དང༌། མྱ་ངན་ལས་འདས་པའི་བདེ་བ་འདྲེན་པས་ན་དོན་གྱི་མཆོག་གོ །ས་སྡེ་ལས་ནི། བདེ་འགྲོའི་རྒྱུ་ཡིན་པས་ན་སེམས་ཀྱི་རྒྱན། ལོངས་སྤྱོད་མང་པོ་བྱུང་བས་ན་ཡོ་བྱད། ཐར་པའི་རྒྱུ་ཚོགས་ཡིན་པས་ན་རྣལ་འབྱོར་གྱི་ཚོགས། བྱང་ཆུབ་ཆེན་པོར་བསྔོས་པས་དོན་གྱི་མཆོག་ཅེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་སྦྱིན་པ་གཏོང་བའི་ཡུལ་གྱི་ཁྱད་པར་ནི། འདི་ལྟར། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་པ། ཆོས་སྨྲ་བ་ནི། སངས་རྒྱས་ཀྱི་བཀར་བཏགས་པའི་ཕྱག་རྒྱ་བཞི་དང་ལྡན་པ་དག་གཞན་ལ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་སྟོན་པ་སྟེ། ཇི་སྐད་དུ། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཇི་བཞིན་ཡང་དག་སྟོན། །ཞེས་འབྱུང་བ་ལྟར་ཡིན་ལ། ཆོས་ལོག་པར་འཆད་པ་དང༌། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་འདོད་པས་ཆོས་འཆད་པ་ནི་འཆད་པ་པོ་རང་ཉིད་ཀྱི་བསོད་ནམས་ཉམས་བྱེད་དུ་བཤད་པས་ན་ཆོས་སྨྲ་བ་མ་ཡིན་ནོ། །འོ་ན་ཆོས་སྨྲ་བ་ནི། ཇི་སྐད་དུ། འགྲོ་དང་སྡུག་བསྔལ་ཕན་འདོགས་དང༌། །ཡོན་ཏན་རྣམས་ཀྱིས་ཞིང་ཁྱད་འཕགས། །ཤེས་ཞིང་རྣམ་པ་གཞི་བཤད་པ་གང་དུ་བསྡུ་ཞེ་ན། ཕན་འདོགས་པའི་ཕྱོགས་སུ་གཏོགས་པ་ཡིན་ཏེ། སྐྱེ་དགུ་མ་རིག་པས་ལྡོངས་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང༌། མཐུན་པ་དང་མི་མཐུན་པ་རབ་ཏུ་སྟོན་པར་བྱེད་པ་དང༌། ཆོས་ཀྱི་སྐུ་ཟག་པ་མེད་པ་མངོན་པར་འགྲུབ་པར་བྱེད་པ་དང༌། མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་དགེ་བའི་བཤེས་གཉེན་ཆེན་པོ་ཉིད་དུ་འཇུག་པའི་ཕྱིར། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ནི། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལྟ་བུ་སྟེ། དེ་ནི་ལུགས་འདིར་སོ་སོ་སྐྱེ་བོ་སྒྲིབ་པ་མཐའ་དག་དང་བཅས་པ་ཉིད་དུ་ཁས་ལེན་པ་ཡིན་ཀྱང༌། དེ་ལ་བྱིན་ན་ཡོན་ནི་གཞལ་དུ་མེད་པ་ནི། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་སྔོན་དུ་སོང་བ་ལས་སོ། །འོ་ན་ཇི་སྐད་དུ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས། རྣམ་གཟིགས་ཀྱི་དུས་ཉིད་དུ་བསྐལ་པ་གྲངས་མེད་གསུམ་རྫོགས་པར་བཤད་ལ། འཁོར་བ་འཇིག་གི་གོང་དུ་སངས་རྒྱས་པར་རིགས་པ་ལས། འོད་སྲུངས་ཀྱི་ཡང་རྗེས་སུ་སངས་རྒྱ་བ་དེ་ཅི་ཞེ་ན། ཁ་ཅིག་ན་རེ། གྲངས་མེད་གསུམ་རྫོགས་ཀྱང༌། ཚོགས་ཐམས་ཅད་རྫོགས་པ་མ་ཡིན་པས་ཤེས་ཟེར་ཡང༌། དེའི་དུས་སུ་རང་གི་གདུལ་བྱར་འོས་པ་རྩོད་པའི་དུས་སྙིགས་མ་ལྔ་ཤས་ཆེ་བའི་སེམས་ཅན་དག་མི་འབྱུང་བས། དེ་འབྱུང་བའི་དུས་དང་མཐུན་པར་སངས་རྒྱས་པ་ཡིན་ནོ། །འོ་ན་སྟོན་པ་འདིས་སྔོན་གྲངས་མེད་གསུམ་ལས་ལྷག་པར་ཚོགས་གསོག་དགོས་པར་འབྱུང་བ་ཉིད་དུ་འཆད་པ་དེའི་ཚེ། སྟོན་པ་འདིས་དེ་བཞིན་གཤེགས་པ་སྐར་རྒྱལ་ལ་བསྟོད་ནས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པར་བྱས་པ་དེའི་ཚེ། བསྐལ་པ་དགུའི་ཚིགས་འདུམས་པར་བཤད་པ་དང་འགལ་ལོ་སྙམ་ན་མ་ཡིན་ཏེ། དེ་ལྟར་འཆད་པ་དེ་གྲངས་མེད་གསུམ་པོ་ཉིད་ཀྱི་སྟེང་ནས་བསྐལ་པ་དགུ་མ་ཚང་བར་འཆད་རྒྱུ་ཡིན་པའི་ཕྱིར། དེ་དང་འདྲ་བར། ཇི་སྐད་དུ། བསམ་པ་ལས་བྱུང་བསྐལ་པ་བརྒྱ། །ལུས་པ་དག་ཏུ་འཕེན་པར་བྱེད། །ཅེས་པའང༌། འཚང་རྒྱ་བ་ལ་ལུས་པ་ཞེས་འཆད་པ་ནི་ནོར་བ་ཡིན་གྱི། གྲངས་མེད་གསུམ་གྱི་སྟེང་ནས། ཞེས་བྱ་བའི་ཐ་ཚིག་གོ །དེའི་ཡང་དམིགས་བསལ་ནི་བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པ་ན་འཕེན། ཞེས་བཤད་དོ། །དུས་དེར་གཞོན་ནུ་སོ་སོ་སྐྱེ་བོར་ཁས་ལེན་ཀྱང༌། ངེས་པའི་དོན་དུ་ཡུམ་གསོ་སྦྱོང་ལ་གནས་པའི་རུམ་དུ་ཞུགས་པ་ཉིད་དུ་ཁས་ལེན་དགོས་པས། བུ་རམ་ཤིང་པའི་རིགས་ཉིད་དུ་ཁས་ལེན་པ་ནི་འཇིག་རྟེན་ན་གྲགས་པ་ཙམ་མོ། །དེ་ནས། མཆོད་རྟེན་ལ་བཏང་རྒྱུས་བྱུང་བའི། །བསོད་ནམས་ལེན་མེད་བྱམས་སོགས་བཞིན། །ཞེས་པར། ཡུལ་གྱི་ལེན་པ་མེད་ཀྱང༌། གཏོང་བ་པོའི་བསམ་པ་ཉིད་ཀྱིས་བསོད་ནམས་དེ་འཐོབ་པར་བྱམས་སོགས་ཀྱི་དཔེས་བསྟན་པ་ལ་འོ་ན་མཆོད་པ་དང་སྦྱིན་པའི་ལུས་ངག་གི་ལས་དོན་མེད་པར་འགྱུར་རོ། །ཞེས་རྩོད་པ་ལ། ཡུལ་གྱི་ལེན་པ་ལེན་ཀྱང༌། བསམ་པ་ཙམ་ལས་ནི་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་བསོད་ནམས་ཆེ་བ་ཡིན་ཏེ། དཔེར་ན་དགྲ་བསད་པར་བྱའོ་སྙམ་དུ་བསམ་པ་ཙམ་ལས། དེས་བསླང་བའི་ལུས་ངག་གི་ལས་རྣམ་སྨིན་ལྕི་བ་བཞིན་ནོ། །དེ་ལྟར་སྦྱིན་པ་བཤད་ནས། ཚུལ་ཁྲིམས་ཀྱི་ངོ་བོ་ངོས་འཛིན་པ་ནི། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས། ཞེས་རང་བཞིན་གྱི་ཁ་ན་མ་ཐོ་བའི་ངོ་བོར་གྱུར་པའི་གཟུགས་ནི་འཆལ་ཁྲིམས་ཡིན་ལ། དེ་སྤོང་བའི་དགེ་བའི་གཟུགས་ནི་ཚུལ་ཁྲིམས་སོ། །འདི་ལ་གཉིས་ཏེ། གང་གིས་སྤོང་བར་བྱེད་པ་རིག་བྱེད་ཀྱི་གཟུགས་དང༌། གང་སྤངས་པའི་ངོ་བོ་རིག་བྱེད་མ་ཡིན་པའི་གཟུགས་སོ། །འོ་ན་ཚུལ་ཁྲིམས་ཡིན་པ་ལ་འཆལ་ཚུལ་གྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པས་ཁྱབ་བམ། ཞེ་ན། མ་ཡིན་ཏེ། འདི་ལྟར། སངས་རྒྱས་ཀྱིས་ནི་བཅད་པ་ཡང༌། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་སྦྱར་ནས། དུས་མིན་གྱི་ཁ་ཟས་ཟ་བ་སོགས་བཅས་རྐྱང་སྤོང་བའི་ལས་སུ་རིག་བྱེད་དང༌། དེ་མ་ཡིན་པ་གཉིས་ཀྱང་ཚུལ་ཁྲིམས་སོ། །འདི་ནི་སྡོམ་པར་མི་འདོད་དེ། སྤོང་བ་བདུན་ནམ། བཞི་ལྟ་བུ་རང་བཞིན་གྱི་ཁ་ན་མ་ཐོ་བ་ལོག་ཕྱོགས་སུ་མི་འདུག་པའི་ཕྱིར་དང༌། འཆལ་ཚུལ་གྱི་འགལ་བ་མི་མཐུན་ཕྱོགས་སུ་མ་དམིགས་པའི་ཕྱིར། འོ་ན་འདིར་སེམས། ཚུལ་ཁྲིམས་སུ་མི་འཆད་ཅིང༌། དེ་ནི་སེམས་མེད་ཀྱི་ཚེ་ན་མེད་པས་འཆལ་ཚུལ་གྱི་ཆུ་ལོན་ལྟ་བུར་མི་རུང་བའི་ཕྱིར། དེ་ནི་བཅས་རྐྱང་སྤོང་བའི་གཟུགས་ལའང་མཚུངས་སོ། །ཞེ་ན། མ་ཡིན་ཏེ། དེ་ནི་བཅས་འགལ་གྱི་གཟུགས་གཉིས་ཀྱི་ཆུ་ལོན་ལྟ་བུར་རུང་བའི་ཕྱིར། བཅས་འགལ་གྱི་གཟུགས་མི་སྲིད་དོ་སྙམ་ན། འདས་པ་དང་ད་ལྟར་བ་མེད་ཀྱང༌། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནོ། །འདིར་ཚུལ་ཁྲིམས་ནི་རྣམ་པ་བཞི་སྟེ། འཇིགས་པའི་དང༌། ལེགས་པར་སྨོན་པའི་དང༌། བྱང་ཆུབ་ཡན་ལག་གི་དང༌། ཡོངས་སུ་དག་པའི་ཚུལ་ཁྲིམས་སོ། །དང་པོ་ནི། འདོད་པའི་ཚུལ་ཁྲིམས་ཁོ་ན་ལ་སྲིད་ཅིང༌། གཉིས་པ་ནི། འདོད་པ་དང་གཟུགས་ཀྱི་ཚུལ་ཁྲིམས་གཉིས་ཀ་ལ་སྲིད། གསུམ་པ་ནི། ཚུལ་ཁྲིམས་གསུམ་ཀ་ལ་སྲིད། བཞི་པ་ནི། ཟག་མེད་ཀྱི་ཚུལ་ཁྲིམས་ཁོ་ནའོ། །དེ་ཡང་འཇིགས་པ་ནི། བཞི་སྟེ། འཚོ་བ་མེད་པ་དང༌། གྲགས་པ་མེད་པ་དང༌། ཆད་པ་དང༌། ངན་འགྲོས་འཇིགས་པའོ། །སྨོན་པ་ནི། གསུམ་སྟེ། སྲིད་པ་དང༌། ལོངས་སྤྱོད་དང༌། བཀུར་སྟི་ལ་སྨོན་པའོ། །བྱང་ཆུབ་ནི་གསུམ་སྟེ། ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ལ། རྒྱུ་དུས་སུ་འཇིགས་སྐྱོབ་ཀྱི་ཀུན་སློང་དང༌། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པའི་དེ་དུས་ཀྱི་ཀུན་སློང་གཉིས་ལས་གང་དབང་བཙན། དང་པོ་ལྟར་ན། སྐྱབས་འགྲོ་མ་སྐྱེས་ཀྱང་སྡོམ་པ་དེ་སྐྱེ་བར་འགྱུར་ལ། གཉིས་པ་ལྟར་ན། ཐམས་ཅད་ཀྱང་བྱང་ཆུབ་ཡན་ལག་གི་ཚུལ་ཁྲིམས་སུ་འགྱུར་བ་མ་ཡིན་ནམ། ཞེ་ན། ཀུན་སློང་ལ་གཉིས་ཏེ། དང་པོར་འཕེན་བྱེད་དང༌། ཕྱིས་རྫོགས་བྱེད་དོ། །དེ་ལའང་གཉིས་སྟེ། བརྗོད་པ་ཐ་མ་དང་ལྷན་ཅིག་ཏུ་འབྱུང་བ་དང༌། དེའི་འོག་ཏུ་འབྱུང་བའོ། །དང་པོ་ནི། དུས་ཀྱི་ཀུན་སློང་དུ་འཇོག་མོད། དབང་བཙན་པ་མ་ཡིན་ཏེ། དུས་དེར་སྡོམ་པ་གྲུབ་ཟིན་པའི་ཕྱིར། དེ་ལས་གཞན་པ་གཉིས་ནི་ཕྱི་མ་དབང་བཙན་པ་ཡིན་ཏེ། མི་མཐུན་ན་ཕྱི་མ་དེས་སྔ་མ་ཟིལ་གྱིས་མནན་པའི་ཕྱིར། གལ་ཏེ། ཕྱི་རོལ་པ་དག་ངེས་འབྱུང་གི་བསམ་པས་བསམ་གཏན་གྱི་སྡོམ་པ་ཐོབ་པར་བྱེད་པ་དག་ཡོད་ལ། དེའི་ཚེ་ངེས་པར་འབྱུང་བའི་ཚུལ་ཁྲིམས་སུ་འགྱུར་བ་མ་ཡིན་ནམ། ཞེ་ན། དེས་ངེས་འབྱུང་གི་གོ་མི་ཆོད་དེ། ངེས་འབྱུང་དངོས་ནི་ཐར་པ་ཡིན་ལ། དེས་དེ་ངོས་ཟིན་པ་མ་ཡིན་པའི་ཕྱིར། དེ་ལ་འཇིགས་སྐྱོབ་དང་ལེགས་སྨོན་ནི་ཕྱི་རོལ་པ་དག་གི་ཡིན་ལ། ནང་པ་དག་ལ་ཡང་སྲིད་མོད། འདུལ་བ་ལས་འབྱུང་བའི་ཆོ་གས་ཡང་དག་པར་བླངས་ན་ནི་ངེས་འབྱུང་གི་ཚུལ་ཁྲིམས་ཁོ་ནར་ངེས་ཏེ། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པའི་ཕྱིར་རོ། །དེ་བས་ན་འདིར་བཤད་པའི་ཚུལ་ཁྲིམས་ནི་ཕྱི་རོལ་པ་དག་ལ་ཡང་ཡོད་དེ། ཇི་སྐད་དུ། མི་དགེའི་གཟུགས་དེ་སྤོང་ཚུལ་ཁྲིམས། །ཞེས་བྱ་བའི་མཚན་ཉིད་ཅན་གྱི་བར་མ་དགེ་བ་དག་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ཡང༌། སངས་རྒྱས་ཀྱི་ནི་བཅད་པ་ཡང༌། །ཞེས་དང༌། རྣམ་དག་ཡོན་ཏན་བཞི་ལྡན་ནོ། །ཞེས་པའི་ཚུལ་ཁྲིམས་དེ་ནི་དེ་དག་ལ་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་བཅས་པ་མེད་པ་དང༌། ཞི་བ་མྱང་འདས་ལ་བརྟེན་པར་འགལ་བའི་ཕྱིར་རོ། །དེ་དང་འདྲ་བར་སྦྱིན་པའི་སྐབས་སུའང༌། བྱང་ཆུབ་སེམས་དཔའ་ཡིས་བརྒྱད་པ། །ཞེས་འབྱུང་བ་དེ་མ་གཏོགས། སྦྱིན་པ་གཞན་རྣམས་ནི་ཕྱི་རོལ་པ་དག་ལའང་ཡོད་པར་མངོན་ནོ། །ཚུལ་ཁྲིམས་ཀྱི་སྐབས་འདིར་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་མ་བཤད་པ་ནི། སྒོམ་པ་ལས་བྱུང་བའི་བསོད་ནམས་སུ་བསྡུ་བའི་དོན་གྱི་ཡིན་ལ། དེའི་ཕྱིར་མུ་སྟེགས་ཅན་ལ་ཡང་སྒོམ་པ་ལས་བྱུང་བའི་བསོད་ནམས་འདིའི་ཕྱོགས་གཅིག་ཡོད་དོ། །ཞེས་ངེས་པར་བཟུང་ངོ༌། །དེ་ནས་གཞི་གསུམ་པ་ནི། མཉམ་པར་གཞག་པའི་དགེ་བ་ནི། སྒོམ་པའོ་སེམས་ལ་བསྒོས་ཕྱིར་རོ། །ཞེས་པ། དགེ་བའོ་ཞེས་པས་རོ་མྱང་མཚུངས་ལྡན་བསལ་ནས། སྙོམས་འཇུག་དག་པ་བ་དང་ཟག་མེད་རྣམས་དེར་འཆད་པའོ། །བསྒོ་ཕྱིར་རོ། །ཞེས་པ་གཏན་ཚིགས་ཏེ། སེམས་རྒྱུད་མཉམ་པར་གཞག་པའི་ཡོན་ཏན་དེའི་བདག་ཉིད་དུ་བྱེད་པས་ན་སྒོམ་ཞེས་བྱའོ། །ཡང་སྦྱིན་པའི་ཕན་ཡོན་ནི། དེ་འབྲལ་ལོངས་སྤྱོད་ཆེན་པོ་ཅན། །ཞེས་བཤད་ན། གཞན་གཉིས་པོའི་ཕན་ཡོན་ནི་གང་ཞེ་ན། མཐོ་རིས་དོན་དུ་ཚུལ་ཁྲིམས་དང༌། །འབྲལ་བའི་དོན་དུ་སྒོམ་གཙོའི་ཕྱིར། །ཞེས་པ། སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་འགྱུར་མོད་ཀྱང༌། རྫོགས་བྱེད་ཙམ་ཡིན་པས་གཙོ་བོའི་རྒྱུ་མ་ཡིན་ལ་ཚུལ་ཁྲིམས་ཀུན་སློང་དང་བཅས་པས་ནི། མཐོ་རིས་འཕེན་ཞིང་རྫོགས་པར་བྱེད་པ་དང༌། སྒོམ་ནི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ཡིན་པས་འདོད་ཆགས་དང་བྲལ་བ་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ན། གཉིས་པོ་དེ་ནི་མཐོ་རིས་དང་ཆགས་བྲལ་གྱི་རྒྱུའི་གཙོ་བོར་བསྟན་པ་ཡིན་ནོ། །ཡང་མདོ་ལས། གང་ཟག་བཞི་ནི་ཚངས་པའི་བསོད་ནམས་སྐྱེད་པ་ཡིན་ནོ། །ཞེས་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། བཤད་པ། བསྐལ་པར་མཐོ་རིས་དགའ་གནས་ཕྱིར། །བཞི་ནི་ཚངས་པའི་བསོད་ནམས་ཡིན། །ཞེས་པ་སྔོན་མེད་པའི་ཕྱོགས་སུ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེད་པ་དང༌། ཕྱོགས་གཞིའི་དགེ་འདུན་ལ་ཀུན་དགའ་རྭ་བ་འབུལ་བ་དང༌། དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་སྡུམ་པ་དང༌། བྱམས་པ་ཚད་མེད་སྒོམ་པའོ། །དེ་ཡང་ཚངས་པར་སྐྱེས་པའི་བསོད་ནམས་ཀྱི་ཚད་དང་མཉམ་པས་ན་དེ་ཞེས་བྱ་ལ། དེའི་ཚེ་བཞི་པོ་དེའི་རྣམ་སྨིན་ནི་དེ་དང་མཉམ་པ་མ་ཡིན་ཏེ། མཉམ་པར་མ་བཞག་པའི་དགེ་བ་དག་གི་རྣམ་སྨིན་ནི་ཇི་ལྟར་མཐོ་ཡང་གཞན་འཕྲུལ་དབང་བྱེད་ལས་མ་འདས་པས། ཇི་ལྟར་ན་ཚངས་པའི་བསོད་ནམས་དང་མཉམ་ཞེ་ན། སྐྱེ་བ་གཅིག་གི་ཆ་ནས་མི་མཉམ་ཡང༌། བསོད་ནམས་དེས་མཐོ་རིས་སྐྱེ་བ་མང་པོ་འཕེན་པས། དེ་དག་བསྡོམ་པ་དང་མཉམ་པའི་དབང་དུ་བྱས་སོ། །འོ་ན། གཅིག་གིས་སྐྱེ་བ་ཅིག་འཕེན་ཏོ། །ཞེས་པ་དང་འགལ་ལོ། །སྙམ་ན། དེ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་ལ། འདིའི་རྐང་པ་གཉིས་ནི་སྔོན་གྱི་སློབ་དཔོན་དག་གི་ལུགས་བཀོད་པའོ། །བྱེ་སྨྲའི་ལུགས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དེས་གནས་མ་གཏོགས་པ་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་འགྲུབ་པའི་འབྲས་བུ་ཅན་གྱི་བསོད་ནམས་ནི་མཚན་རྣམ་པར་སྨིན་པའི་བསོད་ནམས་གཅིག་གི་ཚད་ཡིན་ལ། དེ་ཉིད་ལ་ཚངས་པའི་བསོད་ནམས་ཞེས་བྱ་སྟེ། ཚངས་པ་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་སུ་ཡང་བཤད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཅེས་པའང༌། བྱང་སའི་འགྲེལ་པར་ནི་འཛམ་བུའི་གླིང་པའི་སེམས་ཅན་ཁོ་ན་ལ་འཆད་ཅིང༌། དེའི་བསོད་ནམས་ཀྱི་ཚད་ཀྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ་པར་བཤད་དོ།།  །།འདིར་སྨྲས་པ། རྨི་ལམ་ཡུལ་གྱི་སྤྱད་བྱ་ཇི་བཞིན་ཡིད་འོང་མི་འོང་བར་མའི་སྣང་བ་གང་ཤར་བ། །སྣ་ཚོགས་སྒྱུ་མའི་བྱེད་པོ་ཇི་བཞིན་རང་རང་སྔོན་བསགས་ལས་ཀྱིས་ངེས་པར་བྱས་སོ་ཞེས། །གསལ་བར་བརྡའ་སྤྲོད་བྱེད་པའི་གནས་འདི་རིགས་པར་ཤེས་འདོད་ཡོད་དམ་ཞིབ་མོར་བཤད་འདི་ལྟོས། །དེ་ནས་ལས་དང་འབྲས་བུའི་ཆོས་ལ་ངེས་པར་གདེང་ཐོབ་འགྱུར་རོ་ཨེ་མ་འདི་ངོ་མཚར། །ཞེས་ཆོས་མངོན་པའི་མཛོད་ཀྱི་བསྟན་བཅོས་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་ཞིབ་མོར་བཤད་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་ལས་གནས་བཞི་པ་ལས་བསྟན་པའི་མཛོད་རྣམ་པར་བཤད་པ་ཡིན་ནོ། །ལས་ཀྱི་སྤྲིན་ཚོགས་སྲིད་པ་ཡི། །ཆར་ཆེན་རྒྱུན་མི་ཆད་འབེབས་པས། །ཉོན་མོངས་ཕྱི་ཡི་མཚོ་ཆེན་ལས། །འབྱུང་བར་རྟོགས་ནས་སུན་དབྱུང་བྱ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*