འོ་ན་བསམ་གཏན་གཉིས་པའི་དངོས་གཞི་ཟག་མེད་ཀྱི་ངོ་བོར་གྱུར་པའི་རྡོ་རྗེ་ལྟ་བུ་ཇི་ལྟར་སྲིད་དེ། དེས་ས་བརྒྱད་པོ་ལ་ཆགས་བྲལ་ཅིག་ཆར་དུ་མ་བྱས་པའི་ཕྱིར། ཞེ་ན། ཉེས་པ་མེད་དེ། བསམ་གཏན་དང་པོ་མན་ཆད་ལ་འཇིག་རྟེན་པའི་ལམ་གྱིས། ཆགས་པ་དང་བྲལ་བའི་དབང་དུ་བྱེད་པའི་ཕྱིར། དེ་བཞིན་དུ་གོང་མ་དག་ལ་ཡང་སྦྱར་བར་བྱའོ། །འོ་ན་གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་ཀྱི་དུས་སུ་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་མངོན་དུ་བྱས་པར་འགྱུར་ཏེ། ལྷག་མ་རྣམས་ནི་ཤེས་པའི་ཡིན། །ཞེས་འཆད་པས་སོ། །དེ་ནས། ཇི་སྐད་དུ། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་པ། འདི་ནི་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་དེ་ལ་ལྟོས་པའི་རྣམ་པར་གྲོལ་བའི་ལམ་སྟེ། ཟག་པ་ཐམས་ཅད་ཟད་པའི་སོ་སོར་བརྟགས་འགོག་གི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཟད་ཤེས་སོ། །འདིའི་ཤུགས་ལ་ཟད་ཤེས་ནི་རྣམ་པ་དུ་མར་ལྟ་སྟེ། སྤང་བྱ་རེ་རེ་སྤངས་པའི་བརྟགས་འགོག་གི་ཐོབ་པ་དང་ལྷན་ཅིག་པའི་ཟད་ཤེས་དག་ནི། མི་སློབ་པ་དང་དགྲ་བཅོམ་པའི་འབྲས་བུར་མི་རུང་ཞེས་བྱ་བའི་དོན་ནོ། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་པ། གཞན་དག་གང་ཟག་ལ་འཆད་ཀྱང༌། དགྲ་བཅོམ་པའི་འབྲས་བུ་དང་མི་སློབ་པ་ངོས་འཛིན་པ་ཡིན་ཏེ། མི་སློབ་དངོས་ནི་རྣམ་པར་གྲོལ་བའི་ལམ་དང༌། དགྲ་བཅོམ་པ་དངོས་ནི་ཟག་པ་ཀུན་ཟད་ཀྱི་འགོག་བདེན་ཐོབ་པ་དང་བཅས་པ་ལ་འཆད་དགོས་ལ། དེའི་མིང་གིས་རྟེན་གྱི་གང་ཟག་ལ་ཡང་བཏགས་སོ། །སྐབས་འདིར་རྣམ་བཤད་མཛད་པ་དག དགྲ་བཅོམ་པའི་དབྱེ་བ་ལ། དུས་སྦྱོར་ལ། རིགས་ཀྱི་དབྱེ་བ་ལྔ། དབང་པོས་གསུམ། རྟེན་གྱིས་ཉེར་དགུ་སྟེ། སྤྱིར་བཞི་བརྒྱ་དང་སུམ་ཅུ་རྩ་བདུན། དུས་མི་སྦྱོར་ལ་རིགས་ཀྱིས་དབྱེ་བ་མེད་པས། དབང་པོ་དང་རྟེན་གྱི་སྒོ་ནས་བརྒྱད་ཅུ་གྱ་བདུན། ཤེས་རབ་ཀྱི་རྣམ་གྲོལ་དང༌། གཉིས་ཀའི་ཆ་ལས་རྣམ་གྲོལ་ལའང༌། དབང་པོ་དང༌། རིགས་དང༌། རྟེན་ཉེར་དགུའི་དབྱེ་བས་ལྔ་བརྒྱ་དང་ཉི་ཤུ་རྩ་གཉིས་རེ་ཡོད་དོ། །ཞེས་གསུངས་མོད་ཀྱང༌། རིགས་དབང་པོས་འབྱེད་པ་འགྲེལ་པའི་དགོངས་པ་ལ་ཡོད་མོད། རྟེན་གྱིས་དབྱེ་བ་དགོངས་པ་མ་ཡིན་ཏེ། ཡིན་ན་ཕྱིར་མི་འོང་འདོད་པའི་རྟེན་ཅན་ལ་རྟེན་གྱི་དབྱེ་བ་དགུར་འབྱེད་རིགས་པ་ལས་མ་ཕྱེ་བའི་ཕྱིར། རིགས་ན་ནི་གཟུགས་སུ་ཉེར་འགྲོའི་གྲངས་ངེས་ཉམས་པར་འགྱུར་རོ། །དེ་ལྟར་ཞུགས་གནས་ཀྱི་གང་ཟག་མིང་གིས་སྒོ་ནས་བརྒྱད་བཤད་པ་དེ། རྫས་སུ་ནི་ལྔ་ཡིན་ཏེ། ཞུགས་པ་དང་འབྲས་བུ་ལ་གནས་པ་བཞིའོ། །འདི་ཡང་མཐར་གྱིས་པའི་དབང་དུ་བྱས་པ་ཡིན་ལ། ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་ན། ཞུགས་པ་དང་པོ་ཞེས་པ། ཕྱིར་འོང་ཞུགས་པ་དང༌། ཕྱིར་མི་འོང་ཞུགས་པ་དག་ཏུ་ཡང་འགྱུར་རོ། །དེ་ལྟར་གང་ཟག་གི་དབྱེ་བ་བཤད་ཟིན་ནས། ཁྱད་པར་གྱི་ཆོས་འཆད་པ་ལ། བདུན་ཏེ། ས་དང་ལམ་གྱི་ཁྱད་པར། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཁྱད་པར། འབྲས་བུའི་རྣམ་གཞག་གི་ཁྱད་པར། ཆོས་ཀྱི་འཁོར་ལོའི་ཁྱད་པར། ཁམས་དང་དབྱེ་བའི་ཁྱད་པར། རིགས་དང་ཁྱད་པར། དབང་པོ་འཕོ་བའི་ཁྱད་པར་རྣམས་སོ། །དང་པོ་ནི། གལ་ཏེ་འཕགས་པ་རྣམས་རང་ས་ལས་འདོད་ཆགས་དང་བྲལ་བ་ན་ལམ་གང་གིས་ཞེ་ན། འཇིག་རྟེན་འདས་ཀྱི་སྲིད་རྩེ་ལ། །ཆགས་བྲལ་གཞན་ལ་རྣམ་པ་གཉིས། །ཞེས་པ། འདི་ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་པ་མ་ཡིན་ཏེ། གོང་དུ་དཔྱད་ཟིན་པའི་ཕྱིར། འཕགས་ལམ་ལ། འཇིག་རྟེན་དང༌། དེ་ལས་འདས་པ་གཉིས་བཤད་པ་ལས་འཕྲོས་པའི་ཕྱིར། འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས་ཞེས་པ། འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པ་དེའི་ཚེ། བྲལ་ཐོབ་ཟག་བཅས་ཁོ་ནར་ངེས་སམ་སྙམ་པའི་དོགས་པ་སྐྱེ་བ་ཡིན་ཏེ། སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་པར། ཟག་བཅས་ཀྱིས་ཐོབ་པའི་བརྟགས་འགོག་གི་ཐོབ་པ་ཟག་བཅས་སུ་འཆད་ཀྱིན་ཡོད་པའི་ཕྱིར། དེ་ལྟ་ན་ནི། འཕགས་པས་བསམ་གཏན་དང་པོའི་ཉེར་བསྡོགས་འཇིག་རྟེན་པའི་འདོད་པ་ལ་ཆགས་བྲལ་བྱས་ནས་བསམ་གཏན་དང་པོར་སྐྱེས་པའི་དེའི་ཚེ། འདོད་ཉོན་སྤངས་པའི་འགོག་བདེན་གྱི་ཐོབ་པ་བཏང་བར་འགྱུར་ཏེ། དེའི་ཐོབ་པ་ཟག་བཅས་ནི་ས་འཕོས་པས་བཏང་ལ། ཟག་མེད་ནི་མེད་པའི་ཕྱིར། འདོད་ན། ས་གོང་མར་སྐྱེས་པའི་འཕགས་པ་ལ་འོག་མ་འོག་མའི་ཉོན་མོངས་ལྡན་པར་འགྱུར་ཏེ། འོག་མའི་ཉོན་མོངས་སྤངས་པའི་ཐོབ་པ་བཏང་བའི་ཕྱིར། སྙམ་པའི་དོགས་པ་དེ་དགག་པའི་ཕྱིར་དུ་རྣམ་པ་གཉིས་ཞེས་སྨོས་ཏེ། དེ་ལྟར་ཤེས་པ་ན། འཕགས་པ་ཁམས་གོང་མའི་གནས་རྣམས་སུ་སྐྱེས་པ་དེ་དག་སྤངས་པ་དེ་ལས་མི་ཉམས་པར་དགོས་པ་ཡིན་གྱི། སྤྱིར་འཕགས་པས་སྤངས་པ་ཐམས་ཅད་མི་ཉམས་པར་གོ་དགོས་པ་མ་ཡིན་ཏེ། ས་འོག་མའི་རྟེན་ལ་གོང་མའི་ཉོན་མོངས་པ་འཕགས་པས་འཇིག་རྟེན་པའི་ལམ་གྱིས་སྤངས་པ་ལྟ་ཞོག འདས་ལམ་གྱིས་སྤངས་པ་དག་ཀྱང་ཉམས་པར་འཆད་པའི་ཕྱིར། ཞེ་ན། རྣམ་བཤད་བྱེད་པ་གཞན་དག འཕགས་པ་ལ་བྲལ་ཐོབ་ཟག་མེད་སྐྱེ་བས། བྱིས་པ་ལྟར་སྤངས་པ་ཉམས་པར་མི་འགྱུར་རོ། །ཞེས་གསུངས་པ་ནི་ནོར་བའོ། །ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང༌། །བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །ཞེས་པ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་བྲལ་ཐོབ་ཟག་བཅས་མི་འདྲེན་ན། ཅི་ཡང་མེད་མན་ཆད་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དབང་བརྟུལ་དབང་པོ་རྣོན་པོར་འཕོས་པ་ན། ས་འོག་མ་རྣམས་ཀྱི་ཉོན་མོངས་པ་དང་ལྡན་པར་འགྱུར་ཏེ། དེ་སྤངས་པའི་ཐོབ་པ་ཟག་མེད་ནི་བཏང༌། ཟག་བཅས་ནི་མེད་པའི་ཕྱིར། ཞེས་ཟེར་རོ། །དེའི་ལན་ལ། སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང༌། །གོང་དུ་སྐྱེས་པ་བཞིན་མི་ལྡན། །ཞེས་པ་ཐལ་བ་དེས་མི་གནོད་དེ། སྲིད་རྩེའི་ཕྱེད་ལས་རྣམ་པར་གྲོལ་བའི་ཕྱིར་མི་འོང་དབང་པོ་འཕོས་པ་དེའི་ཚེ་ན། འདས་པའི་བྲལ་ཐོབ་ནི་བཏང༌། འཇིག་རྟེན་པའི་བྲལ་ཐོབ་ནི་དེ་ལ་མེད་ཀྱང༌། སྲིད་རྩེའི་ཉོན་མོངས་སྤངས་ཟིན་པ་དང་ལྡན་པ་བཞིན། དེ་ལའང་བྲལ་ཐོབ་འཇིག་རྟེན་པ་མེད་དེ། དེའི་གཉེན་པོ་འཇིག་རྟེན་པ་མེད་པའི་ཕྱིར། ཡང་མཐུན་དཔེ་གཉིས་པ་ནི། གོང་དུ་སྐྱེས་པ་བཞིན་མི་ལྡན། །ཞེས་པ། བསམ་གཏན་དང་པོ་ལས་གོང༌། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ན། འདོད་པའི་ཉོན་མོངས་སྤངས་པའི་བྲལ་ཐོབ་ཟག་མེད་ནི་སོ་སོ་སྐྱེ་བོ་ལ་མེད་ལ། ཟག་བཅས་ནི་ས་འཕོས་པས་བཏང་ཡང༌། འདོད་པའི་ཉོན་མོངས་དང་ལྡན་པ་བཞིན་ནོ། །ཞེས་པའོ། །གལ་ཏེ་ཉེས་སྤོང་གཉིས་པ་འདི་དག་རང་ལུགས་ཀྱི་ཐོབ་རྣམ་གཉིས་ཞེས་པ་ལ་ཡང་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རང་ལུགས་ཀྱི་དེ་ནི་ཐོབ་པ་བཏང་ན་ཉོན་མོངས་དང་ལྡན་པར་ཐལ་བའི་ཉེས་སྤོང་དུ། ཐོབ་རྣམ་གཉིས། ཞེས་སྨྲས་པ་མ་ཡིན་གྱི་ཐོབ་པ་ཟག་མེད་མ་སྐྱེས་ན་ཐོབ་པ་ཟག་བཅས་རྐྱང་པས་སྤངས་པ་སླར་མི་ཉམས་པའི་ཚུལ་གྱིས་འཛིན་མི་ནུས་པ་ལ་བསམ་པའོ། །དེ་ལྟ་མོད་ཀྱི། འདི་ལྟར་དཔྱད་ན་འཕགས་པས་འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དང་པོ་སྤངས་པའི་ཚེ། ཐོབ་པ་ཟག་མེད་དེ་མཐོང་ལམ་དང་སྒོམ་ལམ་གང་གི་ཡིན་ཞེས་བརྟགས་ན། མཐོང་ལམ་གྱི་མ་ཡིན་ཏེ། བཅུ་དྲུག་པའི་ཚེ་བཏང་ཕྱིར། སྒོམ་ལམ་གྱི་ཡིན་པར་ཁས་ལེན་ན། སྒོམ་སྤངས་གི་གཉེན་པོའི་རིགས་སུ་གནས་པར་འདོད་དགོས་པས། འཕགས་པས་འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་གསུམ་པ་སྤངས་པའི་རིགས་ནས་རིགས་སྐྱེ་སྲིད་པར་འགྱུར་ཏེ། སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ཞེས་བྱ་བ་དེ་ཚང་བའི་ཕྱིར། སྙམ་ན། ཉེས་པ་མེད་དེ། ཐོབ་པ་དེ་ནི་སྒོམ་ལམ་གྱི་ཡིན་ཀྱང༌། མཐོང་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་གང་རུང་གི་ཐོབ་པ་ཡིན་གྱི། སྒོམ་སྤངས་པའི་སྤོང་ལམ་གྱི་ཐོབ་པར་མི་འདོད་པའི་ཕྱིར། དེ་ནས། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ཞེས་པར། མི་ལྕོགས་མེད་ངོས་བཟུང་བ་དང༌། དེས་ཐམས་ཅད་ལ་ཆགས་བྲལ་བྱེད་པའི་ཚུལ་ལོ། །དང་པོ་ནི། མི་ལྕོགས་མེད་ཅེས་པ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་སྤྱི་མིང་མ་ཡིན་ཏེ། ཞི་རགས་ཀྱི་རྣམ་པ་ཅན་ལ་དེ་མི་རུང་བའི་ཕྱིར། དེས་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལ་ཞི་གནས་དང༌། ལྷག་མཐོང་གཉིས། ལྷག་མཐོང་ལ་བདེན་པའི་རྣམ་པ་ཅན་དང༌། ཞི་རགས་ཀྱི་རྣམ་པ་ཅན་གཉིས། དང་པོ་ལའང༌། སྦྱོར་མཐོང་སྒོམ་གསུམ་གྱི་དབྱེ་བས་གསུམ་ལས། ཕྱི་མ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། སྦྱོར་མཐོང་གཉིས་ཀྱིས་སྒོམ་སྤངས་སྤོང་མི་ནུས་པའི་ཕྱིར། གཉིས་པ་ནི། འདིས་འདོད་ཆགས་དང་བྲལ་བར་བྱས་རྗེས་སུ་གོང་མ་ལ་འདོད་ཆགས་དང་བྲལ་བར་བྱེད་དགོས་པ་ཡིན་ཏེ། ཁམས་གོང་མའི་གཉེན་པོ་ནི་ཐོག་མར་སྡུག་ཀུན་ལ་རྗེས་ཤེས་ཀྱིས་བྱེད་དགོས་ཤིང༌། དེས་འདོད་པའི་གཉེན་པོར་བྱེད་མི་རུང་བའི་ཕྱིར་དང༌། ཁམས་གོང་འོག་ལ་ཆགས་བྲལ་མཉམ་དུ་བྱས་ན་ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས་བུ་དུས་གཅིག་པར་ཐལ་བས་སོ། །ས་གོང་མའི་ཆགས་བྲལ་བྱེད་ཚུལ་ལ། ཆོས་མངོན་པ་བ་གཞན་གྱི་ལུགས་དང༌། བྱེ་སྨྲའི་རང་ལུགས་གཉིས་ལས། དང་པོ་ནི། དེས་བསམ་གཏན་དང་པོ་ལ་ཆགས་བྲལ་གྱི་རྗེས་སུ་གཉིས་པ་ལ་བྱེད་དགོས་པ་སོགས་ཡིན་ཏེ། ས་བརྒྱད་ཀྱི་གཉེན་པོ་ལམ་བདེན་སོ་སོར་ངེས་པའི་ཕྱིར། གཉིས་པ་ནི། མི་ལྕོགས་མེད་ཀྱིས་ས་བརྒྱད་ལ་ཆགས་བྲལ་ཅིག་ཆར་དུ་བྱེད་པ་ཡིན་ཏེ། ས་བརྒྱད་ཀའི་གཉེན་པོ་རྗེས་ཤེས་གཅིག་ཉིད་ལ་ཆུང་འབྲིང་གི་དབྱེ་བས་དགུར་བྱས་ནས་ས་བརྒྱད་ཀྱི་ཉོན་མོངས་པ་རྣམས་སྤོང་ཐེབས་དགུར་དྲིལ་ནས་སྤོང་བ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སྒོམ་ལམ་རྗེས་ཤེས་ཀྱིས་ཁམས་གོང་མའི་བདེན་པ་མཐའ་དག་བསྡོམས་ནས་དུས་ཅིག་ཆར་དུ་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར། དེ་ཙམ་གྱིས་དེར་འཇོག་མི་ནུས་པའི་ཕྱིར། མཐོང་ལམ་སྡུག་བསྔལ་ལ་རྗེས་བཟོད་གཅིག་པུས་ཁམས་གོང་མའི་སྡུག་བསྔལ་གྱི་བདེན་པ་མཐའ་དག་གཅིག་ཏུ་བསྡོམས་ནས། མི་རྟག་སོགས་བཞིའི་རྣམ་པ་ཅན་དུ་ཅིག་ཆར་མངོན་སུམ་དུ་མཐོང་བའི་རྒྱུ་མཚན་གྱིས། ཁམས་གོང་མའི་སྡུག་བསྔལ་མཐོང་སྤང་རྣམས་ཅིག་ཆར་དུ་སྤོང་ནུས་པ་བཞིན། འོ་ན་བསམ་གཏན་དང་པོ་ལ་ཆགས་བྲལ་བྱེད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁས་ལེན་དགོས་པར་འགྱུར་རོ། །དུ་བཤད་ན། ཟག་མེད་ཀྱི་ས་གཞན་བརྒྱད་པོས་ས་གང་དང་གང་གི་གཉེན་པོ་བྱེད་ཅེས་པའི་ལན་དུ་བཤད་པའོ། །དེ་ལྟར་བཤད་པའི་ཚེ་ན། ཟག་མེད་ཀྱི་བསམ་གཏན་དང་པོས་ས་བརྒྱད་ཀྱི་དང༌། གཉིས་པས་ས་བདུན་གྱི་དང༌། དེ་བཞིན་དུ་ཅི་ཡང་མེད་ཟག་མེད་ཀྱིས་ས་གཉིས་ཀྱི་གཉེན་པོ་བྱེད་པ་དེའི་ཚེ། ཆགས་བྲལ་རིམ་གྱིས་སམ་ཅིག་ཆར་དུ་བྱེད་པ་ཡིན་ཞེས་བརྟག་དགོས་པ་ཡིན་པ་དང༌། ཇི་ལྟར་ཀྱང་རུང་སྟེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཉེར་བསྡོགས་དང་དངོས་གཞི་གང་ཡང་མངོན་དུ་མ་བྱས་པར། བསམ་གཏན་དང་པོའི་དངོས་གཞི་ཟག་མེད་དེ་གཅིག་པུས་སྲིད་རྩེ་ལ་ཆགས་བྲལ་བྱས་པ་གཅིག་སྲིད་པའམ། ཡང་ན་དེ་འདྲ་དེས་ས་རང་རང་ལ་ཆགས་བྲལ་བྱས་པའི་ཚེ་གོང་མའི་དངོས་གཞི་མངོན་དུ་བྱས་པས་ཁྱབ་ཅེས་ཁས་ལེན་དགོས་པ་གང་རུང་ལས་མ་འདས་ལ། གཉིས་པ་ལྟར་ཁས་ལེན་ན་ནི། བསམ་གཏན་དང་པོའི་དངོས་གཞིའི་ཚོར་བ་ནས། གཉིས་པ་སོགས་ཀྱི་དངོས་གཞིའི་ཚོར་བར་དབང་པོ་འཕོ་མི་དགོས་པར་འགྱུར་ལ། དང་པོ་ལྟར་ན་དེ་འདྲ་གསལ་བར་མ་བཤད་པས་མི་འཐད་དོ། །ཅེ་ན། དེ་མི་འཐད་པ་མ་ཡིན་ཏེ། དེས་ས་བརྒྱད་ཀ་ལ་ཆགས་བྲལ་གཅིག་ཆར་དུ་བྱེད་པ་ཡིན་ལ། བྱས་ཟིན་པ་དེའི་ཚེ་ན་ཡང༌། ས་གོང་མའི་དངོས་གཞི་ཐོབ་ཀྱང་མངོན་དུ་བྱས་པ་ནི་མ་ཡིན་ཏེ། དབང་པོ་འཕོ་དགོས་པའི་ཕྱིར། དེའི་ཚེ་བསམ་གཏན་དང་པོའི་དངོས་གཞི་ཟག་མེད་གཅིག་པུ་དེ་ཉིད་སྡོག་པའི་སྒོ་ནས་ས་བརྒྱད་ཀའི་བདེན་པ་བཞི་ཤེས་པ་དང༌། དེ་ཡང་རྗེས་ཤེས་ཀྱི་ངོ་བོར་སྐྱེ་བ་དང༌། དེའི་ཚེ་སྡུག་ཀུན་གཉིས་འགོག་པ་དང་གསུམ་ནི། ས་ཐ་དད་ཀྱི་སོ་སོ་བ་ལ་དམིགས་ནས་ཤེས་པར་བྱེད་ལ། ལམ་བདེན་ནི་ས་གཅིག་གི་གཉེན་པོར་གྱུར་པའི་ལམ་ལ་དམིགས་པས་ས་ཐམས་ཅད་ཀྱི་ལམ་ལ་དམིགས་པར་འགྱུར་བ་ཡིན་ཏེ། ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། འོ་ན་བསམ་གཏན་དང་པོའི་དངོས་གཞིའི་ཟག་མེད་ཀྱི་ངོ་བོར་གྱུར་པའི་འགོག་ལམ་ལ་ཆོས་ཤེས་ཇི་ལྟར་སྲིད་དེ། དེ་སྲིད་ན་དེ་འདྲ་དེ་འདོད་པའི་གཉེན་པོ་ཡིན་དགོས་པ་ལས། དེའི་ཚེ་འདོད་པ་ལས་རྒྱལ་ཟིན་པའི་ཕྱིར། ཞེ་ན། དེ་སྲིད་པ་ཡིན་ཏེ། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་པས་དེར་འདོད་པའི་བདེན་པ་ལ་དམིགས་པར་བཤད་ལ། དེ་ལ་དམིགས་པའི་ཆ་ནས་ཆོས་ཤེས་སུ་འཇོག་པའི་ཕྱིར། དེ་ལ་ཆགས་པ་དང་བྲལ་ཟིན་ཀྱང༌། དེའི་གཉེན་པོའི་རིགས་སུ་འཇོག་པ་ཡིན་ཏེ། ཆོས་ཤེས་ནི་འདོད་པའི་བདེན་པ་ལ་དམིགས་པས་དེའི་མི་མཐུན་ཕྱོགས་ཀྱི་འགལ་ཟླ་དངོས་སུ་འདུག་པའི་ཕྱིར། འོ་ན་བསམ་གཏན་གྱི་ས་པའི་རྡོ་རྗེ་ལྟ་བུ་ལ་སྡུག་ཀུན་ལ་ཆོས་ཤེས་ཀྱང་དབྱེ་རིགས་པར་འགྱུར་ཏེ། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་འཆད་པའི་ཕྱིར། སྙམ་ན། མི་མཚུངས་ཏེ། འདོད་པའི་གཉེན་པོར་གྱུར་པའི་ལམ་དང༌། ཁམས་གོང་གི་གཉེན་པོར་གྱུར་པའི་ལམ་ནི། ཕན་ཚུན་གཅིག་གི་ཡུལ་ཅན་ཡིན་པ་ལ་གཅིག་ཤོས་ཀྱི་ཡུལ་ཅན་ཡིན་པས་ཁྱབ་ཅིང༌། ལམ་དེས་ཐོབ་པའི་སོ་སོར་བརྟགས་འགོག་ཀྱང་དགག་བྱའི་སྒོ་ནས་རྫས་ཐ་དད་ཀྱང༌། འཐོབ་བྱེད་ཀྱི་ལམ་གཅིག་ཏུ་འདུག་པའི་ཕྱིར། འགོག་ལམ་ལ་དམིགས་པའི་ཆོས་ཤེས་དང༌། རྗེས་ཤེས་ཀྱང་དམིགས་པའི་དབྱེ་བས་སོ་སོར་འབྱེད་ཀྱི། དོན་གཅིག་ཏུ་འདུའོ། །དེའི་ཕྱིར་འདོད་པའི་ཁམས་ཀྱི་རྗེས་མ་ཡིན་ཏེ། ཞེས་པ་ཡང་མ་ངེས་པར་མི་འགྱུར་རོ། །དེ་ནས་ཇི་སྐད་དུ། ཞི་སོགས་རགས་སོགས་ཅེས་པར། འདི་སྐད་ཅེས་འཆད་དེ། སྤང་བྱ་གཅིག་ལ་ལྟོས་པའི་ཞི་རགས་ཀྱི་རྣམ་པ་ཅན་ལའང་ལམ་བཞིར་འབྱེད་པ་ལས། སྦྱོར་བའི་ལམ་ནི་ཞི་སོགས་ཀྱི་རྣམ་པ་གསུམ། རགས་སོགས་ཀྱི་རྣམ་པ་གསུམ་སྟེ་དྲུག ཁྱད་པར་གྱི་ལམ་ཡང་དེ་ལྟར་དྲུག་སྟེ་བཅུ་གཉིས། བར་ཆད་མེད་པའི་ལམ་ནི་རགས་སོགས་ཀྱི་རྣམ་པ་གསུམ། རྣམ་པར་གྲོལ་བའི་ལམ་ནི་ཞི་སོགས་ཀྱི་རྣམ་པ་གསུམ་སྟེ་བཅོ་བརྒྱད་དོ། །སྤང་བྱ་སྔ་མ་ལ་ལྟོས་པའི་ཁྱད་པར་གྱི་ལམ་དང༌། ཕྱི་མ་ལ་ལྟོས་པའི་སྦྱོར་བའི་ལམ་གྱི་གཞི་མཐུན་སྲིད་མོད། བར་ཆད་མེད་པའི་ལམ་གྱི་གཞི་མཐུན་ནི་མི་སྲིད་དེ། སྦྱོར་བའི་ལམ་གྱིས་བར་ཆོད་པའི་ཕྱིར། གཉིས་པ་ཟད་ཤེས་ཀྱི་ཁྱད་པར་ནི། གལ་ཏེ་མི་གཡོ་ཟད་ཤེས་ལས། མི་སྐྱེའི་བློ་གྲོས་ཞེས་པ། འདིར་མི་སྐྱེ་བ་ནི་ཉོན་མོངས་མི་སྐྱེ་བ་ཡིན་ལ། དེ་ལ་དེ་ལྟར་ཤེས་པའི་བློ་ལ་མི་སྐྱེ་བའི་བློ་ཞེས་བྱ་ཞིང༌། ཉོན་མོངས་པ་སྐྱེ་བའི་གོ་སྐབས་ཡོད་པའི་འཕགས་པ་ལ་ནི་དེ་སྐྱེ་བ་མེད་དོ། །འོ་ན་དེ་ལ་བློ་གྲོས་གང་ཞིག་སྐྱེ་ཞེ་ན། མི་སློབ་ལྟ་ཞེས་པའོ། །གསུམ་པ་འབྲས་བུའི་རྣམ་གཞག་ནི། འབྲས་བུ་བཞི་རྣམ་བཞག་པ་ནི། །ཞེས་སོགས་ཏེ། དོན་ནི་གོང་དུ་རྒྱས་པར་བཤད་ཟིན་ནོ། །བཞི་པ་ཆོས་ཀྱི་འཁོར་ལོ་ནི། །དེ་ཉིད་ཚངས་ཚུལ་ཚངས་པ་ཡི། འཁོར་ལོ་ཞེས་པར། དགེ་སྦྱོང་གི་ཚུལ་དེ་ཉིད་ལ་ཚངས་པའི་ཚུལ་ཞེས་བྱ་ལ། དེ་ལའང་རབ་འབྲིང་གསུམ་ལས། རབ་ཀྱིས་ཐོབ་པའི་བཅོམ་ལྡན་འདས་ནི་ཚངས་པའོ། །དེས་བསྐོར་བའི་ཆོས་ཀྱི་འཁོར་ལོ་ལ་ཚངས་པའི་འཁོར་ལོ་ཞེས་བྱ་སྟེ། བསྐོར་བ་པོ་ཚངས་པ་ཡིན་པ་དང༌། འཁོར་ལོ་དང་ཆོས་མཐུན་པའི་ཕྱིར། ཇི་ལྟར་མཐུན་ན། འཁོར་ལོ་ནི་མྱུར་དུ་འགྲོ་བ་དང༌། འདོར་བ་དང༌། འཇུག་པ་དང༌། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྒྱལ་བ་རྣལ་དུ་འགོད་པ་དང༌། འཕར་བ་དང༌། འབབ་པ་ལྟར། མཐོང་བའི་ལམ་ལ་ཡང༌། ཆོས་མཐུན་དེ་དག་ཡོད་པའི་ཕྱིར་འཁོར་ལོ་ཞེས་བྱའོ། །མཐོང་ལམ་ལ་འཁོར་ལོའི་སྒྲ་བཤད་དེ་ལྟར་ཡིན་ན། དེ་ཁོ་ན་འཁོར་ལོར་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། ལུང་ལས་བཅོམ་ལྡན་འདས་ཀྱི་ལྔ་སྡེ་ལ་བཀའ་རྩལ་པ། དགེ་སློང་དག སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་གྱི་བདེན་པའོ། །ཞེས་སོགས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྡུག་བསྔལ་འདི་ནི་ཤེས་པར་བྱའོ། །ཀུན་འབྱུང་འདི་ནི་སྤང་བར་བྱའོ། །ཞེས་སོགས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྡུག་བསྔལ་འདི་ནི་ཤེས་སོ། །ཀུན་འབྱུང་འདི་ནི་སྤང་བར་བྱའོ། །ཞེས་སོགས་སུ་ཡིད་ལ་བྱེད་པ་སྟེ། གསུམ་པོ་རེ་རེ་ལ། མིག་དང༌། ཤེས་པ་དང༌། རིགས་པ་དང༌། བློ་གྲོས་སྐྱེས་སོ། །ཞེས་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ནི། ཚེ་དང་ལྡན་པ་ཀཽ་དི་ནྱལ་མཐོང་ལམ་སྐྱེས་ལ། དེའི་ཚེ་ལྷ་རྣམས་ཀྱིས། འདི་སྐད་དུ། གྲོགས་པོ་དག བཅོམ་ལྡན་འདས་ཀྱི་ཡུལ་ཝ་ར་ཎ་སི་དྲང་སོང་ལྷུང་བ་རི་དྭགས་ཀྱི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་སྒྲ་སྒྲགས་པའི་ཕྱིར། ཞེས་པའོ། །ལྔ་པ་ཁམས་དང་དབྱེ་བའི་ཁྱད་པར་ནི། འདོད་པར་གསུམ་ཐོབ། ཞེས་སོགས་ཏེ། ཕལ་ཆེར་གོ་བར་ཟད་ལ། ཁམས་གོང་ན་སྐྱོ་བ་མེད་པའི་ཤེས་བྱེད་ནི་ཚོར་བ་སྡུག་བསྔལ་མེད་པ་ལ་བྱ་ཞིང༌། ལུང་ལས་ཞེས་པ་བཅུ་ཚན་བཅུ་པའི་ལུང་ལས། གང་ཟག་ནི་བཅུ་སྟེ། བཅུ་གང་ཞེ་ན། རིགས་ནས་རིགས་སུ་སྐྱེ་བ་དང༌། མཆོག་ཏུ་ཐོགས་ན་ལན་བདུན་པ་དང༌། བར་ཆད་གཅིག་པ་དང༌། ལན་གཅིག་ཕྱིར་འོངས་པ་དང༌། བར་མ་དོར་འདའ་བ་ནས་གོང་འཕོའི་བར་ལྔ་དང༌། དགྲ་བཅོམ་པའོ། །གང་ཟག་བཅུ་པོ་དེ་དག་ལས་དང་པོ་བཞི་དང་དགྲ་བཅོམ་པ་ནི་འདིར་རྩོམ་ཞིང༌། འདིར་མཐར་ཕྱིན་པར་འགྱུར་རོ། །བར་འདའ་བ་ནས་གོང་འཕོའི་བར་ལྔ་ནི་འདིར་རྩོམ་ཞིང༌། དེར་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའོ། །དབྱེ་བ་ནི་དགྲ་བཅོམ་དྲུག་འདོད། །ཅེས་སོགས་ཏེ། རྣམ་བཤད་བྱེད་པ་དག་ལ་ཇི་ལྟར་གྲགས་པ་བཞིན་དུ་བལྟ་བར་བྱའོ། །རིགས་དང་ཉམས་པའི་ཁྱད་པར་ནི། ཁ་ཅིག་དང་པོ་ནས་དེའི་རིགས། །ཞེས་སོགས་ཏེ། ཡོངས་སུ་གྲགས་པ་བཞིན་ནོ། །དབང་པོ་འཕོ་བའི་ཁྱད་པར་བཤད་པ་ནི། མཐོང་བ་ལ་ནི་འཕོ་མེད། ཅེས་སོགས་ཏེ། འདིར་དབང་པོ་འཕོ་བ་ཞེས་པ་ནི། དབང་རྟུལ་རྣོན་པོར་འཕོ་བ་ཡིན་ལ། སྤྱིར་དབང་པོ་འཕོ་བ་ཙམ་ལ་ནི་དེར་མ་ངེས་ཏེ། ཚོར་བའི་དབང་པོ་འཕོ་བ་དང༌། ཟག་མེད་ཀྱི་དབང་པོ་འཕོ་བ་ཡང་ཡོད་ལ། དང་པོར་འཕོ་བྱེད་ནི་ཞི་གནས་ཡིན་པས་སྤང་བྱ་སྙོམས་འཇུག་གི་སྒྲིབ་པ་དང༌། གཉིས་པ་ནི་མཐོང་ལམ་སྒོམ་ལམ་དུ་འཕོ་བ་དང༌། སྒོམ་ལམ་མི་སློབ་ལམ་དུ་འཕོ་བ་ཡིན་ལ། དེའི་ཚེ་ན་འཕོ་བྱེད་ལྷག་མཐོང་དང༌། སྤང་བྱ་ནི་ཉོན་མོངས་པ་རིགས་གཉིས་སོ། །འདིར་ནི་འཕོ་བྱེད་ལྷག་མཐོང་དེའི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པའི་ཕྱིར། དེ་ལའང་འཕོ་བའི་གནས་སྐབས་ནི་གཉིས་ཏེ། སློབ་པ་དང་ནི་མི་སློབ་པའི་གནས་སྐབས་སུའོ། །དང་པོ་ལ་ཡང་སོ་སོ་སྐྱེ་བོའི་སྐབས་སུ་འཕོ་བའོ། །དང་པོ་དེ་ཡོད་པར་ནི། འགྲེལ་པ་ལས། ལ་ལ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ན་དབང་པོ་རྣམས་འཕོའོ། །ཞེས་གསུངས་དེ་དུས་ཀྱི་འཕོ་བྱེད་ནི། དབང་པོ་རྣོ་རྟུལ་ལ་ཞི་རགས་སུ་ལྟ་བའི་ལམ་གྱིས་འཕོ་བར་མངོན་ཏེ། ཟག་མེད་ཅེས་པའི་འགྲེལ་པར། འཕགས་པ་རྣམས་ཀྱི་དབང་པོ་ནི་ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་དོ་ཞེས་གསུངས། དེ་ལྟ་ན་ཡང་སོ་སོ་སྐྱེ་བོ་དབང་པོ་འཕོ་བ་ལ་བར་ཆད་མེད་ལམ་དུ་ཞིག་དགོས་ཀྱི་བཤད་པ་ནི་མ་མཛད་དོ། །སློབ་པ་ལ་མཐོང་ལམ་དུ་དབང་པོ་འཕོ་བ་ནི་མེད་དོ། །སྦྱོར་བ་མི་སྲིད་པའི་ཕྱིར་དང༌། སྲིད་ཀྱང་ལོང་མེད་པའི་ཕྱིར། མི་སྲིད་དེ། དང་པོར་བདེན་པ་རྟོགས་པའི་ཕྱིར་དུ་སྦྱོར་བ་བྱས་ཀྱི། དབང་པོ་འཕོ་བའི་ཕྱིར་དུ་སྦྱོར་བ་མ་བྱས་པའི་ཕྱིར། དེས་ན་སྒོམ་ལམ་དུ་འཕོའོ། །དེ་ལ་འཕོ་ཚུལ་གཉིས་ཏེ། དད་མོས་མཐོང་ཐོབ་ཏུ་འཕོ་བ་དང༌། རིགས་དྲུག་གོང་ནས་གོང་དུ་འཕོ་བའོ། །དང་པོ་ལ་ནི། བར་ཆད་མེད་པའི་ལམ་གཅིག་ཁོ་ན་དང༌། རྣམ་པར་གྲོལ་བའི་ལམ་གཅིག་ཁོ་ནས་འཕོ་ནུས་ཏེ། མི་སློབ་ལམ་གྱིས་བརྟན་པོར་མ་བྱས་པས་འཕོ་སླ་བའི་ཕྱིར། དགྲ་བཅོམ་པ་དབང་རྟུལ་རྣོན་པོར་འཕོ་ན་ནི། བར་ཆད་མེད་པའི་ལམ་དགུ་དང༌། རྣམ་པར་གྲོལ་བའི་ལམ་དགུ་དང༌། བཅོ་བརྒྱད་ཀྱིས་འཕོ་དགོས་ཏེ། དབང་པོ་རྟུལ་རྣོན་པོའི་རིགས་དེ་སློབ་པ་དང་མི་སློབ་པའི་ལམ་གཉིས་ཀྱིས་བརྟན་པོར་བྱས་པའི་ཕྱིར་རོ། །དེ་ཡང་འདི་ལྟར། དབང་པོ་རྟུལ་པོ་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ། དེ་རེ་རེ་ལ་ཡང་ཆུང་ངུའི་ཆུང་ངུ་སོགས་སུ་དབྱེ་བས་དགུའོ། །དེའི་གཉེན་པོ་དབང་རྟུལ་ལའང་ཆུང་ངུ་སོགས་ཀྱི་དབྱེ་བས་གསུམ། དེ་ལའང་ཆུང་ངུའི་ཆུང་ངུ་སོགས་ཀྱི་དབྱེ་བས་དགུ། དེ་ལའང་བར་ཆད་མེད་ལམ་དང༌། རྣམ་པར་གྲོལ་བའི་ལམ་གཉིས་སུ་ཕྱེ་བས་བཅོ་བརྒྱད་དོ། །དེ་ཡང་དབང་རྟུལ་ཆེན་པོའི་ཆེན་པོ་དེ་དབང་རྣོན་ཆུང་ངུའི་ཆུང་ངུར་སླེབ་པའི་ཚེ་ན། དབང་པོ་འཕོས་པའི་རྣམ་གྲོལ་ལམ་དང་པོ་དང༌། དབང་པོ་འཕོས་པའི་ཐོག་མའི་ས་མཚམས་ཡིན་པ་ནས། དབང་རྟུལ་ཆུང་ངུའི་ཆུང་ངུ་དེ་དབང་རྣོན་ཆེན་པོའི་ཆེན་པོར་སླེབ་པ་ནི་རྣམ་གྲོལ་ལམ་དགུ་པའོ། །སློབ་མི་སློབ་ཀྱི་གནས་སྐབས་གང་ཡིན་ཀྱང༌། སྦྱོར་བའི་ལམ་ནི་གཅིག་ཁོ་ན་སྟེ། འདི་ལྟར་འཕོ་བར་བྱའོ་སྙམ་པའི་སྦྱོར་བ་གཅིག་གིས་ཆོག་པའི་ཕྱིར། འགྲེལ་པར་དད་པའི་རྗེས་འབྲང་དང༌། དད་མོས་དང༌། དགྲ་བཅོམ་དང་པོ་དབང་རྟུལ་ཏེ། གསུམ་པོ་དེ་དག་ལའང༌། དབང་པོའི་སྒོ་ནས་གསུམ་གསུམ་དང༌། རིགས་ཀྱི་སྒོ་ནས་ལྔ་ལྔར་དབྱེ་བ་མཛད་ལ། དད་པའི་རྗེས་འབྲང་སོགས་ཕྱི་མ་རྣམས་ལ། དབང་པོ་དང་རིགས་ཀྱི་དབྱེ་བ་མ་མཛད་པ་དེ་གཞིར་འཇོག་དགོས་པ་ལ། དེ་ཡང་དང་པོ་རྣམས་སྤྱིར་དབང་རྟུལ་དུ་ངེས་ཀྱང༌། རྟུལ་པོ་གཞིར་བྱས་ཀྱི་ཆུང་འབྲིང་ཆེ་གསུམ་ལ་དབང་པོ་གསུམ་གྱི་ཐ་སྙད་བྱས་སོ། །དེའི་ཚེ་དད་མོས་མཐོང་ཐོབ་ཏུ་འཕོ་བ་ལ་བར་ཆད་མེད་ལམ་གཅིག་གིས་ཆོག་ཀྱང་དད་མོས་གསུམ་པོ་གཅིག་ནས་གཅིག་ཏུ་འཕོ་བ་ལ་ཇི་ལྟར་དགོས་དང༌། འཕོ་བྱེད་ཀྱི་གཉེན་པོ་དེ་མཐོང་ཐོབ་ཡིན་མིན་སོགས་དཔྱད་པར་བྱའོ། །དབང་པོ་འཕོ་བའི་ཚེ་ས་གང་ལ་བརྟེན་ནས་འཕོ་ཞེ་ན། མི་སློབ་ས་དགུ་ལ་བརྟེན་ཏེ། ཞེས་པ་ཟག་མེད་ས་དགུ་ཀ་ལ་བརྟེན་པའི་མི་སློབ་པ་སྲིད་པའི་རྒྱུ་མཚན་གྱིས་ཡིན་ལ། སློབ་པ་དྲུག་ལ། ཞེས་པ་ནི། གཟུགས་མེད་དང་པོ་གསུམ་ལ་བརྟེན་པའི་སློབ་པ་མི་སྲིད་པའི་རྒྱུ་མཚན་གྱིས་སོ། །དེའི་ཁྱབ་འབྲེལ་ནི། གང་གི་ཕྱིར། འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་ཏེ་འབྲས་བུ་ཐོབ་པར་འགྱུར། །ཞེས་པ་ཕྱིར་མི་འོང་དབང་པོ་འཕོས་པའི་དོན་ནི། དབང་རྟུལ་གྱི་ངོ་བོར་གྱུར་པའི་ཐ་མའི་ཆ་མཐུན་ལྔ་ཡང་སྤངས་པའི་འབྲས་བུ་ཁྱད་པར་ཅན་བཏང་ནས། དབང་རྣོན་གྱི་ངོ་བོར་གྱུར་པའི་ཕྱིར་མི་འོང་གི་འབྲས་བུ་ཙམ་ཐོབ་པ་ལ་བྱེད་པ་ཡིན་ལ། དེའི་ཚེ་དེ་འདྲ་དེ་གཟུགས་མེད་ཀྱི་སེམས་ལ་བརྟེན་པ་སྲིད་ན། དེའི་སེམས་རྟེན་དུ་གྱུར་པའི་གཟུགས་མེད་ཀྱི་དངོས་གཞི་ཆོས་ཅན། རང་གི་དམིགས་པ་འདོད་པའི་འགོག་ལམ་དང་སྡུག་ཀུན་ལ་དམིགས་པར་ཐལ། རང་གི་བརྟེན་པ་ཕྱིར་མི་འོང་གི་འབྲས་བུ་ཙམ་པོ་དེའི་སེམས་རྟེན་དུ་རུང་བའི་ཕྱིར། དེས་ན་གཟུགས་མེད་ཀྱི་དངོས་གཞི་ཐོབ་པའི་ཕྱིར་མི་འོང་ཡིན་ཀྱང༌། དབང་པོ་འཕོ་བའི་ཚེ་ནི་སེམས་དེ་བཏང་ནས། བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་དགོས་སོ། །འདི་ཡང་སྔར་མེད་གསར་དུ་ཐོབ་པའི་རྟེན་གྱི་དབང་དུ་བྱས་པ་ཡིན་གྱི། སྐྱེས་ཟིན་གནས་པའི་རྟེན་དུ་ནི་མི་རུང་བར་ལྟ་སྟེ། གཟུགས་མེད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་འབྲས་བུ་བཞིན་ནོ། །གཟུགས་མེད་ནམ་མཁའི་རྟེན་ལ་ཟག་མེད་བར་ཆད་མེད་ལམ་གྱིས། གཟུགས་མེད་དང་པོ་གསུམ་གྱི་ཉོན་མོངས་པ་སྤངས་པའི་འགོག་པ་དང་རྣམ་པར་གྲོལ་བའི་ལམ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ཀྱང༌། ཕྱིར་མི་འོང་གི་འབྲས་བུ་མ་ཡིན་ཏེ། དེ་གཉིས་ཀ་འདོད་པའི་གཉེན་པོར་གྱུར་པའི་འགོག་ལམ་གང་རུང་མ་ཡིན་པའི་ཕྱིར། དེས་ན་གཟུགས་མེད་ཀྱི་རྟེན་ལ་ཕྱིར་མི་འོང་གི་འབྲས་བུ་འདུས་མ་བྱས་དེ་ལྡན་པར་མ་ཟད་ཡོད་པ་ཡང་ཡིན་མོད། འདུས་བྱས་སུ་གྱུར་པའི་ལམ་ནི་ཡོད་པ་མ་ཡིན་ཏེ། ཡོད་ན་ལམ་དེ་འདོད་པའི་གཉེན་པོར་གནས་དགོས་པ་ལས་དེར་མི་གནས་པའི་ཕྱིར། འགོག་པ་ལ་མི་མཚུངས་ཏེ། དེ་གཟུགས་མེད་པའི་སེམས་ཀྱིས་མ་བསྡུས་པའི་ཕྱིར། དེ་ལྟར་བཤད་པ་ན། ཕྱིར་མི་འོང་དབང་རྟུལ་དང་དབང་རྣོན་ཞེས་པ་དེ་རྟེན་གྱི་གང་ཟག་དེ་ལ་ཟེར་བ་མ་ཡིན་གྱི། སློབ་པའི་ངོ་བོར་གྱུར་པའི་ཕྱིར་མི་འོང་གི་འབྲས་བུ་ལ་བྱ་བ་ཡིན་ལ། དེ་ཡང་རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་གཉིས་ལས། དབང་རྟུལ་གྱིས་བསྡུས་པའི་རྣམ་པར་གྲོལ་བའི་ལམ་ནི་ཡུན་ཐུང་པས་དེ་ནས་དབང་པོ་འཕོ་ལོང་མེད་པའི་ཕྱིར་ཁྱད་པར་གྱི་ལམ་ནས་འཕོའོ། །གང་དུ་འཕོ་ན། དབང་རྣོན་གྱིས་བསྡུས་པའི་རྣམ་གྲོལ་ལམ་དུ་འཕོ་བའོ། །འདི་ཡང་དབང་པོ་འཕོ་བའི་རྣམ་གྲོལ་ལམ་དང་དོན་གཅིག་པ་ནི་མ་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་མོ། །དེ་ནས་འདི་ལྟར་ལམ་གསུམ་ལ་གཉིས་གཉིས། ཞེས་པ་མཐོང་ལམ་དུ་ནི་རྗེས་འབྲང་གཉིས། སྒོམ་ལམ་དུ་ནི་དད་ཐོབ་གཉིས། མི་སློབ་ལམ་དུ་ནི་དུས་གྱི་སྦྱོར་མི་སྦྱོར་གཉིས་སོ། །འདིར་འགྲེལ་པ་ལས། དད་པའི་རྗེས་སུ་འབྲང་བ་ལ་དབང་པོའི་སྒོ་ནས་གསུམ། རིགས་ཀྱི་སྒོ་ནས་ལྔ། ལམ་གྱི་སྒོ་ནས་བཅོ་ལྔ་སྟེ། བཟོད་པ་བརྒྱད་དང༌། ཤེས་པ་བདུན་ལ་གནས་པའོ། །འདོད་ཆགས་བྲལ་བའི་སྒོ་ནས་བདུན་བཅུ་རྩ་གསུམ་སྟེ། འཆིང་བ་མཐའ་དག་དང་ལྡན་པ་དང༌། བསམ་གཏན་དང་པོའི་འདོད་ཆགས་དང་བྲལ་བའི་ཕྱིར་དགུ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དུའོ། །རྟེན་གྱི་སྒོ་ནས་ནི་དགུ་སྟེ། གླིང་གསུམ་དང༌། ལྷའི་རིགས་དྲུག་ཏུ་སྐྱེས་པའོ། །དབང་པོ་དང་རིགས་དང༌། ལམ་དང་འདོད་ཆགས་དང་བྲལ་བ་དང༌། རྟེན་གྱི་སྒོ་ནས་བསྡོམས་ན་ནི། འབུམ། བཞི་ཁྲི། བདུན་སྟོང༌། བརྒྱད་བརྒྱ་ཉི་ཤུ་རྩ་ལྔར་འགྱུར་ཏེ། གང་ཟག་གཞན་དག་ཀྱང་དེ་བཞིན་དུ་ཅི་རིགས་པར་རྩི་བར་བྱའོ། །ཞེས་བཤད་པ་འདི་ལ་དཔགས་ན་ནི། གོང་དུ་ནི་ཕྱིར་མི་འོང་གཟུགས་སུ་ཉེར་འགྲོའི་དབྱེ་བའི་གྲངས་བཤད་པ་དེའི་སྟེང་དུའང་རྟེན་དང་ལམ་གྱི་དབྱེ་བ་འཆད་དགོས་པར་འགྱུར་ལ། འདིར་བཤད་པ་ལ་ཡང༌། མཐོང་ཆོས་ཞི་དང་ཁམས་གོང་མར་ཉེར་འགྲོའི་དབྱེ་བ་ཅི་རིགས་པར་འགྱུར་རོ། །འཐད་པའི་ཕྱོགས་ནི། འདིར་བཤད་པའི་ཆགས་བྲལ་གྱི་རིམ་པས་ནི་གང་དུ་སྐྱེ་འགྱུར་གྱི་ལས་དང་ལྡན་པའི་དབྱེ་བ་འཆད་ལ། རྟེན་གྱི་དབྱེ་བ་དགུ་ཡང་གང་དུ་སྐྱེ་འགྱུར་ཏེ། སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེ་བཞིན་ནོ། །དེ་ལྟ་བུའི་ལུས་རྟེན་ལ་བསམས་ན་ནི། ཕྱིར་མི་འོང་གི་དབྱེ་བ་འཆད་པའི་སྐབས་དེར་མི་འབྱུང་བས་གསལ་ལོ། །འདིར་ལུས་མངོན་བྱེད་ཀྱི་རྟེན་གྱི་དབྱེ་བ་འཆད་པ་ན། རྒྱལ་པོ་སྲས་ཀྱིས་གླིང་གསུམ་གྱི་མི་དང༌། འདོད་ལྷ་རིགས་དྲུག་སྟེ་དགུ་དང༌། གཟུགས་ཀྱི་གནས་བཅུ་དྲུག་དང༌། སྲིད་རྩེ་དང་ཉི་ཤུ་རྩ་དྲུག་ཏུ་འདོད་དོ། །དེ་ནི་དཀའ་བའི་གནས་ཏེ། འགོག་པ་དང་པོར་མིའི་ནང་དུ། །ཞེས་པ་དེ་ལྟར་ཁས་ལེན་ན་ནི། འདོད་ལྷའི་རྟེན་ལ་ལུས་མངོན་བྱེད་འབྱུང་བ་མེད་ལ། ཕྱིར་མི་འོང་འདོད་པར་སྐྱེ་བ་ནི་དེ་བས་ཀྱང་མེད་པའི་ཕྱིར་རོ། །དེ་ནས་ཇི་སྐད་དུ། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་པ་དེ་འདྲ་དེ་ནི། ཤེས་རབ་ཀྱིས་ཉོན་མོངས་པ་དང༌། ཞི་གནས་ཀྱིས་རྣམ་པར་ཐར་པའི་སྒྲིབ་པ་ལས་གྲོལ་བའོ། །ཡང་ན་རྣམ་པར་ཐར་བ་ཞེས་པ་ནི། མངོན་པ་གོང་མ་དང་འདིར་བཤད་པ་དག་གི་ཁྱད་པར་དབྱེ་དགོས་པ་དེའི་ཚེ། ཅུང་ཟད་རགས་པས་སྙོམས་པར་འཇུག་པའི་སྒྲིབ་པ་ལས་ཤེས་བཤད་ན་ལེགས་མོད། འགྲེལ་པར། རྣམ་པར་ཐར་པའི་སྒྲིབ་པ་ཞེས་འབྱུང་ངོ༌། །འོ་ན་སྙོམས་འཇུག་གི་སྒྲིབ་པ་གང་ཞེ་ན། བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དོ། །ཞེས་པ་དང༌། ཞི་གནས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་ལུས་དང་སེམས་ལས་སུ་མི་རུང་བ་མཐའ་དག་སྟེ། མདོར་ན། ཁམས་གསུམ་ལ་ཆགས་པ་དང་བྲལ་བ་དག་གིས་ཀྱང༌། བསམ་གཏན་དང་པོའི་དངོས་གཞི་ཙམ་བསྐྱེད་པ་ལ་གེགས་བྱེད་པ་ཞིག་སྟེ། དེ་དང་འདྲ་བར་བསམ་གཏན་དང་པོ་ནས་གཉིས་པར་འཇུག་པ་སོགས་ལའང་ངོ་སྐལ་དུ་གྱུར་པའི་སྙོམས་འཇུག་གི་སྒྲིབ་པ་རེ་རེ་ཡོད་པས་ན། སྲིད་རྩེ་ནས་འགོག་པ་ལ་སྙོམས་པར་འཇུག་པ་ལའང་དེ་བཞིན་ནོ། །འགོག་པའི་སྙོམས་འཇུག་མངོན་དུ་བྱས་པ་ཙམ་གྱིས་རྣམ་ཐར་དུ་བཞག་དཀའ་བ་ཡིན་ཏེ། རྣམ་ཐར་ལ་ནི་ས་སོ་སོ་ལ་རོ་མྱང་བའི་སྲེད་པ་དང་མཐུན་པའི་སྙོམས་འཇུག་གི་སྒྲིབ་པ་དག་སྤངས་དགོས་པའི་ཕྱིར། རྫོགས་པའི་སངས་རྒྱས་ལ་ནི་དེ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་ཁྱབ་ལ། རང་རྒྱལ་བསེ་རུ་ལྟ་བུ་ལ་ཡང་དེས་ཁྱབ་པར་འཆད་དུ་རུང་ཙམ་ཡིན་ཏེ། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་སོང་ཡིན་པས་སྲིད་རྩེའི་སེམས་ཐོབ་ལ། དེ་ནས་སྦྱོར་བ་འབད་རྩོལ་ལ་ཆེར་མི་ལྟོས་པའི་ཕྱིར། འདི་སྒྲིབ་པ་གཉིས་པོ་གང་དུ་བསྡུ་ཞེ་ན། སྒྲིབ་པ་གཉིས་ནི་གཉེན་པོ་ལྷག་མཐོང་ལ་ལྟོས་པ་ཡིན་ལ། འདི་ནི་གཉེན་པོ་ཞི་གནས་ལ་ལྟོས་པའི་ཕུང་པོ་གསུམ་པར་འཇོག་ཏུ་རུང་ལ། ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཙམ་གྱི་ཆ་ནས་ནི་ཤེས་སྒྲིབ་ཏུ་ཡང་བཞག་ཏུ་རུང་བ་ཡིན་ཏེ། སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་ལ་སྒྲིབ་པའི་ཕྱིར། གཏན་ལ་དབབ་པ་བསྡུ་བ་ལས་ཀྱང༌། ཇི་སྐད་དུ། རྣམ་ཐར་རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཇི་ཙམ་ལས་རང་སངས་རྒྱས་རྣམས་ཀྱི་སེམས་ཀྱང་རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །ཞེས་གསུངས། དེ་ནས་སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱི། །སློབ་པ་ཡོངས་རྫོགས་ཤེས་བྱའོ། །ཞེས་པ། སློབ་པ་གཞིར་བྱས་པ་ལ། མཐོང་བས་ཐོབ་པ་ནི་དབང་པོ་རྫོགས་པ་ཡིན་ཏེ། དབང་པོ་འཕོ་མི་དགོས་པའི་ཕྱིར། ལུས་མངོན་བྱེད་ནི་སྙོམས་འཇུག་གིས་རྫོགས་པ་ཡིན་ཏེ། དེ་ལས་གོང་ན་སྙོམས་འཇུག་གཞན་མེད་པའི་ཕྱིར། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་པ་ནི་འབྲས་བུས་རྫོགས་པ་ཡིན་ཏེ། སློབ་འབྲས་གསུམ་གྱི་ནང་ནས་རབ་ཏུ་གྱུར་པའི་ཕྱིར། ཞིབ་མོར་ན། འདི་ལས་ལྷག་པའི་སློབ་འབྲས་གཞན་ཡོད་དེ། ཁམས་གོང་གི་ཉོན་མོངས་བདུན་བཅུ་རྩ་གཉིས་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང་འགོག་པའི་བདེན་པ་དག་བཞིན་ནོ། །དེས་ན་ཕྱིར་མི་འོང་མཐོང་ཐོབ་ལུས་མངོན་བྱེད་ནི་སློབ་པ་ཡོངས་རྫོགས་སུ་འཇོག་ལ། དེ་དག་ལས་གང་རུང་གཅིག་མ་ཚང་ནའང་སློབ་པ་ཡོངས་རྫོགས་སུ་མི་འགྱུར་རོ། །གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། །ཞེས་པ་མི་སློབ་པ་ནི་འབྲས་བུ་ཡོངས་སུ་མ་རྫོགས་པ་མི་སྲིད་པའི་དབང་དུ་བྱས་སོ། །མི་སྐྱེ་བ་ཤེས་པ་མངོན་དུ་མ་བྱས་པ་དག་སྲིད་མོད། དབང་པོས་རྫོགས་ན་མི་སྐྱེ་བ་ཤེས་པས་ཁྱབ་པ་ཡིན་ཏེ། གལ་ཏེ་མི་གཡོ་ཟད་ཤེས་ལས། མི་སྐྱེའི་བློ་གྲོས་ཤེས་བཤད་པའི་ཕྱིར་རོ། །ལྔ་པ་མངོན་པར་རྟོགས་པའི་ལམ་ལ་གཉིས་ཏེ། ལམ་གྱི་དབྱེ་བ་དང༌། བྱང་ཆུབ་ཕྱོགས་མཐུན་བཤད་པའོ། །དང་པོ་ནི། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཞེས་པ་ལམ་བཞི་པོ་འདི་ནི་སྤང་བྱ་ལ་ལྟོས་ནས་འཇོག་པ་ཡིན་ལ། སྤང་བྱ་དེ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སུ་ངེས་པས། དེ་སྤོང་བྱེད་ཀྱི་གཉེན་པོ་མཐོང་ལམ་དང་སྒོམ་ལམ་ལ་ལྟོས་པའི་ལམ་བཞིའོ། །དང་པོའི་དབང་དུ་བྱས་ན། ངེས་འབྱེད་ཆ་མཐུན་དང་བཟོད་པ་བརྒྱད་དང༌། དེའི་རྗེས་ཀྱི་ཡེ་ཤེས་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་ལམ་ཟག་མེད་ཀྱིས་བསྡུས་པ་གང་ཡིན་པའོ། །ལམ་ཕྱི་མ་གཉིས་ནི་རིས་མཐུན་པ་དགོས་ཏེ། ཟག་མེད་ཟག་བཅས་ཀྱི་དང༌། ཟག་བཅས་ཟག་མེད་ཀྱི་ཁྱད་པར་གྱི་ལམ་དུ་མི་རུང་བའི་ཕྱིར་རོ། །ལམ་སྔ་མའི་ཁྱད་པར་གྱི་ལམ་དང༌། ལམ་ཕྱི་མའི་བར་ཆད་མེད་ལམ་ལ་བཞི་མཐུན་སྲིད་པ་ཕར་ཞོག ལམ་ཕྱི་མའི་སྦྱོར་བའི་ལམ་གྱི་གཞི་མཐུན་ཡང་སྲིད་པ་མ་ཡིན་ཏེ། སྤང་བྱའི་རིས་སོ་སོ་ལ་ལྟོས་ནས་སོ་སོར་ངེས་པའི་ཕྱིར། འོ་ན་བཅུ་དྲུག་པའི་ཁྱད་པར་གྱི་ལམ་དང༌། འབྲས་བུ་ཕྱི་མའི་ཞུགས་ལམ་གྱི་གཞི་མཐུན་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་མོད། འབྲས་བུ་ཕྱི་མ་ལ་ལྟོས་པའི་སྤང་བྱ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་དེ་སྔ་མའི་འབྲས་བུ་འདུས་བྱས་དེ་ཁྱད་པར་གྱི་ལམ་དུ་བྱེད་པའི་བྱེད་ཆོས་སུ་འཆད་པ་ཡིན་གྱི། དེ་ཉིད་ཁྱད་པར་གྱི་ལམ་དུ་འཆད་པ་མ་ཡིན་ཏེ། དཔེར་ན་བཅུ་དྲུག་པའི་རྗེས་སུ་སྒོམ་ལམ་བར་ཆད་མེད་ལམ་སྐྱེས་ན། བར་ཆད་མེད་ལམ་དེས་མཐོང་སྤང་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཟག་མེད་དེ། རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་དང༌། ཕྱི་མའི་ཞུགས་ལམ་དུ་བྱས་པ་བཞིན་ནོ། །གཞིར་ཕྱེ་བའི་དུས་ཀྱི་རྣམ་གྲོལ་གྱི་ལམ་དང་ཁྱད་པར་གྱི་ལམ་གཉིས་ཀྱང་འགལ་བ་ཡིན་ཏེ། འགྲེལ་པར། ཇི་སྐད་དུ་རྣམ་པར་གྲོལ་བའི་ལམ་ནི། དེས་སྤང་བར་བྱ་བའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་པོ་ཉིད་དུ་སྐྱེས་པ་གང་ཡིན་པའོ། །ཁྱད་པར་གྱི་ལམ་ནི་དེ་ལས་གཞན་པའི་ལམ་གང་ཡིན་པའོ། །ཞེས་བཤད་པས་སོ། །མཐོང་སྒོམ་གྱི་ལམ་གཉིས་པོའི་བར་ཆད་མེད་ལམ་ལ་གཉིས་པོ་གང་རུང་གིས་ཁྱབ་ཀྱང༌། ལམ་གཞན་གསུམ་པོ་ལ་དེས་མ་ཁྱབ་སྟེ། མཐོང་ལམ་ལ་ལྟོས་པའི་ལམ་གཞན་བཞི་པོ་གང་རུང་ཡིན་ན་མཐོང་ལམ་དུ་འགལ་བའི་ཕྱིར་དང༌། སྒོམ་ལམ་རྡོ་རྗེ་ལྟ་བུའི་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་གྱི་ལམ་ནི་མི་སློབ་པའི་སར་བཞག་དགོས་པའི་ཕྱིར་སྒོམ་ལམ་ཟག་མེད་བར་ཆད་མེད་ལམ་གྱི་ལམ་གསུམ་པོ་ལ་ཟག་མེད་ཀྱི་ཁྱབ་ཀྱང༌། སྦྱོར་བའི་ལམ་ནི་ཟག་བཅས་སྲིད་པ་ཡིན་ཏེ། ཟག་མེད་བར་ཆད་མེད་ལམ་མངོན་དུ་བྱེད་པའི་རྟོག་པ་དང་དཔྱོད་པ་དག་སྲིད་པའི་ཕྱིར་དང༌། ཞི་རགས་ཀྱི་རྣམ་པ་ཅན་གྱི་སྒོ་ནས་ཟག་མེད་ལ་སྙོམས་པར་འཇུག་པ་སྲིད་པའི་ཕྱིར་དང༌། བསམ་གཏན་དང་པོའི་དངོས་གཞི་ཟག་བཅས་ནས་ཟག་མེད་ལ་སྙོམས་པར་འཇུག་པ་སྲིད་པའི་ཕྱིར་རོ། །བཟོད་ཆེན་དང་ཆོས་མཆོག་ནི་མཐོང་ལམ་གྱི་སྦྱོར་བའི་ལམ་དུ་ངེས་མོད། ངེས་ཆ་དང་པོ་གསུམ་སྒོམ་ལམ་ཟག་མེད་ཀྱི་སྦྱོར་བའི་ལམ་དུ་འཆད་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྤང་བྱ་དེ་ཡོད་པ་ལ་ལྟོས་པའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་གཉིས་ཀྱི་བར་དུ་སྤང་བྱ་གཞན་ལ་ལྟོས་པའི་གཉེན་པོ་འཇུག་མི་སྲིད་པའི་ཕྱིར། དེ་སྐད་དུ་ཡང༌། སྦྱོར་བའི་ལམ་ནི་གང་གི་འཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་བའོ། །ཞེས་སོ། །དེས་ན་སྦྱོར་ལམ་སེམས་རྟེན་གང་ལ་གནས་པའི་བསམ་གཏན་ས་དྲུག་པོ་གང་རུང་གི་ཚོར་བའི་དབང་པོ་དེ་ཡིན་ན། མཐོང་སྤང་གི་གཉེན་པོའི་རིགས་སུ་གནས་པ་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་རིགས་སུ་གནས་པས་ཁྱབ་པ་ཡིན་ཏེ། ངེས་ཆ་དང་མཐོང་ལམ་ནི་ཕལ་ཆེར་སེམས་རྟེན་གཅིག་ལ་བརྟེན་པའི་ཕྱིར་དང༌། ངེས་ཆ་ནི་བདེན་པ་ལ་ལོག་ཞུགས་ཀྱི་ཉོན་མོངས་པ་དང་འཛིན་སྟངས་འགལ་བའི་ཕྱིར། ཡང་འདི་ལྟར། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་སོ་སོ་སྐྱེ་བོས་བསམ་གཏན་ས་དྲུག་ལས་གང་ཡང་རུང་བ་གཅིག་ལ་བརྟེན་ནས་ངེས་པ་ལ་ཞུགས་པ་དེའི་ཚེ། སྦྱོར་མཐོང་གི་སེམས་རྟེན་དུ་མ་བྱས་པ་དེ་དག་ནི། མཐོང་སྤང་གི་གཉེན་པོའི་རིགས་སུ་གྱུར་པ་མ་ཡིན་གྱི། སྒོམ་སྤང་གི་གཉེན་པོའི་རིགས་དང༌། ཀུན་ཤེས་པའི་དབང་པོའི་རིགས་སུ་གནས་པ་ཡིན་ཏེ། དེ་དག་གིས་མཐོང་སྤང་མི་སྤོང་བའི་ཕྱིར་དང༌། སྒོམ་ལམ་ཟག་མེད་ཀྱི་དུས་སུ་སྒོམ་སྤང་གི་གཉེན་པོར་འགྱུར་བའི་ཕྱིར་དང༌། སྔོན་སོ་སོ་སྐྱེ་བོའི་དུས་སུ་ཡང་རང་རང་གི་སྤང་བྱ་སྒོམ་སྤང་གི་གཉེན་པོར་ངེས་པའི་ཕྱིར་དང༌། དུས་དེར་སྤང་བྱ་མཐོང་སྤང་གི་ཆ་ཤས་སྤོང་ཡང༌། གཉེན་པོ་རང་གི་ཆ་ནས་སྒོམ་ལམ་དུ་ངེས་པའི་ཕྱིར། དེས་ན་དེ་འདྲའི་ཆགས་བྲལ་སྔོན་སོང་དེས་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་མཐོང་ལམ་མངོན་དུ་བྱས་པའི་དུས་དེར། བདེ་བ་དང་ཡིད་བདེ་བའི་དབང་པོ་གཉིས་ཀྱང་ཐོབ་པ་ནི་ཡིན་ཏེ། ཇི་སྐད་དུ། ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པའི་ཕྱིར། །ཞེས་འཆད་པའི་ཕྱིར། ལྡན་ཀྱང་མཐོང་ལམ་ནི་མ་ཡིན་ཏེ། མཐོང་ལམ་གྱི་དུས་སུ་དབང་པོ་འཕོ་མི་ནུས་པས་དེ་དག་མངོན་དུ་བྱས་པ་མ་ཡིན་པའི་ཕྱིར། དུས་དེར་སྔོན་སྤངས་པའི་སྤང་བྱ་དེ་དག་གི་གཉེར་པོར་ཟག་མེད་ཀྱི་དབང་པོ་ཐོབ་པ་ནི་ཡིན་ཏེ། ཅི་ཡང་མེད་མན་ཆད་ཀྱི་གཉེན་པོའི་རིགས་སུ་གནས་པའི་སྒོམ་ལམ་ཟག་མེད་ཀྱི་དབང་པོ་ཐོབ་པའི་ཕྱིར། དེས་བཅུ་དྲུག་པའི་རྟོགས་པ་མངོན་དུ་བྱས་པའི་ཚེ་ན། མཐོང་ལམ་དང་མི་ཤེས་པ་ཀུན་ཤེས་པའི་དབང་པོ་བཏང་མོད། གོང་དུ་ཐོབ་པའི་བདེ་བ་དང་ཡིད་བདེ་བའི་དབང་པོ་ནི་བཏང་བ་མ་ཡིན་ཏེ། དེ་དག་སྒོམ་ལམ་གྱི་ལྡན་པ་ཡིན་གྱི། མཐོང་ལམ་གྱི་མ་ཡིན་པའི་ཕྱིར། འོ་ན་དེ་དུས་ཀྱི་བཅུ་དྲུག་པ་ཐོབ་ཙམ་གྱི་ཚེ་ན་འབྲས་གནས་ཁྱད་པར་ཅན་དུ་འགྱུར་ཏེ། འབྲས་གནས་གང་ཞིག་སྔོན་སྤངས་ཟིན་པའི་སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའི་ཕྱིར། སྙམ་ན། དེ་ལ་ནི་འདོད་པར་གོང་དུ་བསྟན་ཟིན་པ་ཉིད་ཡིན་ལ། དེ་ལྟ་ན་ཡང༌། མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་བཤད་པ་དང་མི་འགལ་ཏེ། དེ་ལྟར་བཤད་པ་དེ་ནི་ཕལ་ཆེར་ལ་ཆགས་བྲལ་གྱི་དབང་དུ་བྱས་པ་འགྲེལ་པ་ཉིད་ལས་བཤད་དོ། །དེ་ལྟར་ཤེས་པ་ན། སྐབས་འདིའི་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་གྱི་ལམ་གྱི་གཞི་མཐུན་གྲུབ་པ་ཡིན་ཏེ། མཐོང་སྤངས་ལ་ལྟོས་པའི་རྣམ་པར་གྲོལ་བའི་ལམ་གྱི་དུས་དེར། སྒོམ་སྤང་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་ལ། ཐོབ་པ་དེས་ལམ་སྔ་མ་ཁྱད་པར་གྱི་ལམ་དུ་བྱེད་པའི་ཕྱིར། དེས་ནས་བསམ་གཏན་དག་གི་ལམ་རྣམས་སླ། ཞེས་པར། ལམ་དཀའ་སླའི་ཁྱད་པར་ནི། ཡན་ལག་གིས་ཟིན་པ་དང༌། ཞི་ལྷག་ཆ་མཉམ་པ་དང༌། འབད་མི་དགོས་པར་ངང་གིས་བྱུང་བ་ནི་སླ་བ་ཡིན་ལ། དེ་ལས་ལྡོག་པ་ནི་དཀའ་བའོ། །མཚན་གཞི་ནི་བསམ་གཏན་ས་དྲུག་གི་ནང་ནས་ཉེར་བསྡོགས་དང་དངོས་གཞི་ཙམ་པོ་མ་གཏོགས་པ་བཞི་པོ་ནི་སླ་བ་དང༌། གཉིས་པོ་དེ་དང་གཟུགས་མེད་རྣམས་ནི་དཀའ་བའི་མཚན་གཞིའོ། །དེའི་ཤེས་བྱེད་ཀྱང༌། མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ནི་ཞི་གནས་ཤས་ཆུང་བ་དང༌། འབད་ནས་སྐྱེ་དགོས་པ་ཡིན་ལ། གཟུགས་མེད་རྣམས་ནི་ལྷག་མཐོང་ཤས་ཆུང་བ་དང༌། འབད་ནས་ཀྱང་དྲང་དགོས་པའི་ཕྱིར་རོ། །ཡན་ལག་གིས་ཟིན་མ་ཟིན་གྱི་དོན་ཀྱང༌། ཉེར་བསྡོགས་ཀྱི་ཡན་ལག་ལས་ལོགས་སུ་གྱུར་པའི་ཡན་ལག་ཡོད་མེད་ལ་བྱ་བ་ཡིན་མོད། དེས་བསམ་གཏན་བཞི་པ་ལ་མ་ཁྱབ་པའི་སྐྱོན་མེད་དེ། དེ་ནི་ཀུན་གྱི་མཐུན་པར་བྱས་པའི་ཕྱིར། མངོན་པར་ཤེས་པ་མྱུར་བུལ་ནི་དབང་པོ་རྣོ་རྟུལ་གྱི་དབང་དུ་བྱས་པ་ཡིན་ལ། མངོན་པར་ཤེས་པ་ཞེས་པ་ཡང༌། སྤྱིར་ཤེས་བྱ་ཤེས་ཚུལ་ལ་བྱ་བ་ཡིན་གྱི། མངོན་ཤེས་དྲུག་པོའི་དབང་དུ་བྱས་པ་མ་ཡིན་ཏེ། ས་གཞན་ཞེས་པར། གཟུགས་མེད་ཀྱང་བཤད་ལ། དེ་ནི་མངོན་ཤེས་ཀྱི་རྟེན་དུ་མི་རུང་བའི་ཕྱིར། གཉིས་པ་བྱང་ཆུབ་ཕྱོགས་མཐུན་བཤད་པ་ལ་ལྔ་སྟེ། རྫས་བཏགས་ཀྱི་ཁྱད་པར། གོ་རིམ་གྱི་ཁྱད་པར། ངོ་བོ་དང་སའི་ཁྱད་པར། ཤེས་ནས་དད་པ་ཐོབ་པའི་ཁྱད་པར། མི་སློབ་པའི་ཆོས་བཅུའི་ཁྱད་པར་བཤད་པའོ། །དང་པོ་ནི། མི་སློབ་པ་དང་དགྲ་བཅོམ་པར་འཇོག་པ་ལ། ཟད་ཤེས་ཙམ་གྱིས་ཆོག་ཀྱང༌། བྱང་ཆུབ་ཏུ་འཇོག་པ་ལ་ནི་མི་སྐྱེ་བ་ཤེས་པ་མངོན་དུ་བྱས་པ་གཅིག་དགོས་སོ། །ཞེས་སྟོན་པ་ནི་ཟད་དང་མི་སྐྱེའི་ཤེས་པ་ནི། བྱང་ཆུབ་ཅེས་པའོ། །དེའི་ཕྱིར་དགྲ་བཅོམ་ལས་ཉམས་པར་སྲིད་ཀྱང༌། བྱང་ཆུབ་ལས་ཉམས་པ་ཁས་མི་ལེན་ནོ། །དེའི་ཕྱོགས་མཐུན་ནམ་རྒྱུ་ལ་སུམ་ཅུ་རྩ་བདུན་ཡོད་ཀྱང༌། བཏགས་ཡོད་ཀྱི་མིང་གིས་ཕྱེ་བ་ཡིན་གྱི། རྫས་སུ་ནི་བཅུ་ཁོ་ན་སྟེ། གང་ཞེ་ན། དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་པའོ། །སོ་བདུན་པོ་བཅུར་འདུ་བ་ཇི་ལྟར་ཞེ་ན། དྲན་པ་ཉེར་གཞག་ཤེས་རབ་སྟེ། །ཞེས་སོགས་སོ། །དེར་མ་ཟད་དབང་པོ་ལྔ་དང་སྟོབས་ལྔ་ནི་རང་མིང་གིས་བསྟན་པ་དེ་ཉིད་ཡིན་པས། ལོགས་སུ་སྨོས་མི་དགོས་ལ། བྱང་ཆུབ་ཡན་ལག་གི་ནང་ནས། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། བཏང་སྙོམས་ཏེ་གསུམ་དང༌། འཕགས་ལམ་གྱི་ནང་ནས་ཡང་དག་པའི་རྟོག་པ་རྣམས་ཀྱང་རང་མིང་གིས་བསྟན་པས་བཅུ་པོ་དེར་འདུས་སོ། །བྱང་ཆུབ་ཡན་ལག་གི་ནང་ནས། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། ཡང་དག་པའི་ལྟ་བ་གཉིས་ནི་ཤེས་རབ་དང༌། ཡང་དག་པའི་རྩོལ་བ་དང༌། བརྩོན་འགྲུས་ཡང་དག་གཉིས་ནི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་ལ། ཡང་དག་པའི་ངག ལས་ཀྱི་མཐའ། འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་ལྟར་ན། ཚུལ་ཁྲིམས་ནི་རྫས་གཉིས་སུ་ཁས་ལེན་དགོས་ཏེ། ལུས་ངག་གི་ཚུལ་ཁྲིམས་རྫས་ཐ་དད་པའི་ཕྱིར། སྤོངས་སེམས་སུ་འདོད་པ་ལྟར་ན་རྫས་གཅིག་གོ །འོ་ན་དྲན་པ་ཉེར་གཞག་སོགས་ལ་ཤེས་རབ་སོགས་ཀྱིས་ཁྱབ་བམ་ཞེ་ན། གཙོ་བོ་སྨོས་པ་དེ་དག་ནི། སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་པ་སྟེ། སྦྱོར་བྱང་ཞེས་པས་སྐྱེས་ཐོབ་རྣམས་ལོགས་སུ་བཀར་བ་ཡིན་ནོ། །གཉིས་པ་གོ་རིམ་ནི། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ཞེས་པ་སྟེ། འདིར་འཕགས་ལམ་ཡན་ལག་བརྒྱད་མཐོང་ལམ་ལ་འཇོག་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཏེ། མཐོང་ལམ་ནི་བྱང་ཆུབ་ལ་རིང་བས་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ལ་སྒོམ་ལམ་ནི་སའི་དབྱེ་བ་ཡོད་པས་མྱུར་དུ་འགྲོ་བ་མ་ཡིན་གྱི། མཐོང་ལམ་ནི་མྱུར་དུ་འགྲོ་བས་ཡན་ལག་བརྒྱད་པོ་འཁོར་ལོ་དང་ཆོས་མཐུན་པར་བཞག་པའི་ཕྱིར། ཞེས་པའོ། །གསུམ་པ་ནི། སུམ་ཅུ་རྩ་བདུན་པོ་དེ་ལས་ཟག་བཅས་དང་ཟག་མེད་ནི་དུ་ཞིག ས་གང་ལ་གང་རྟེན་ཞེ་ན། བྱང་ཆུབ་ཡན་ལག་ལམ་ཡན་ལག །ཟག་པ་མེད་གཞན་རྣམས་གཉིས་སོ། །ཞེས་པ་སྒོམ་ལམ་ཟག་བཅས་ཀྱི་ངོ་བོར་གྱུར་པའི་དེ་དག་མེད་དམ་ཞེ་ན། དེར་གྱུར་པའི་ལྟ་བ་དང་བརྩོན་འགྲུས་ལ་སོགས་པ་ལ་ནི་འཕགས་ལམ་དང་བྱང་ཆུབ་ཡན་ལག་གི་སྒྲ་མི་ཐོབ་བོ། །ས་གང་ན་ཡོད་པ་དེ་ནི། བསམ་གཏན་དང་པོ་ན་ཐམས་ཅད། ཅེས་སོགས་ཏེ། གོ་བར་སླ་བ་ཡིན་ནོ། །བཞི་པ་ནི། བྱང་ཆུབ་ཕྱོགས་མཐུན་གྱིས་གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་པ་དག་ཡོད་ཅེ་ན། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང༌། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང༌། །དེ་ཡི་དགེ་འདུན་དག་ལ་ཡང༌། །ཞེས་པ། མདོ་ལས། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཤེས་པ་དང༌། ཤེས་ནས་དད་པ་ཐོབ་པ་ཞེས་གསུངས་པ་དེའི་ངོ་བོ་གང་ཡིན། གནས་སྐབས་གང་ན་ཡོད། ཅེས་པའི་དོན་ཏེ། དེ་ལ་དེ་འདྲའི་ཚུལ་ཁྲིམས་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ལ། དེ་ནི་སྔར་ཟག་མེད་འཕགས་པའི་སེམས་ཅན་དང༌། ཞེས་པ་ལྟར་མཐོང་ལམ་ནས་ཐོབ་པ་ཡིན་ལ། སངས་རྒྱས་ནི་མི་སློབ་པའི་ལམ་དང༌། དགེ་འདུན་ནི་སློབ་པ་དང་དམན་པའི་མི་སློབ་པ་རྣམས་ཡིན་ཏེ། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ །ཞེས་པས་སོ། །དེས་ན་དེ་གཉིས་ཀ་ཡང་ལམ་གྱི་བདེན་པའོ། །ཆོས་ལ་གཙོ་བོ་ནི་འགོག་པའི་བདེན་པ་དང༌། ཕལ་པ་ནི་སྡུག་ཀུན་གཉིས་ཏེ། གང་ཟག་དང་བྲལ་བའི་ཕུང་པོ་ཆོས་ཙམ་ཞེས་པའོ། །དེར་མ་ཟད། རང་སངས་རྒྱས་ཀྱི་ལམ་དང༌། བྱང་ཆུབ་སེམས་དཔའི་ལམ་ཡང་ཆོས་སུ་བཞག་སྟེ། དེ་དག་དཀོན་མཆོག་གསུམ་པོ་གང་རུང་དུ་ནི་བཞག་དགོས་ལ། སངས་རྒྱས་དང་དགེ་འདུན་དུ་བྱེད་པའི་ཆོས་སུ་ནི་མི་འཆད་པའི་ཕྱིར། དེ་ལ་བསམ་ནས། ཇི་སྐད་དུ། ཆོས་བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །ཞེས་སོ། །དེ་ལྟར་ན། སངས་རྒྱས་དང་དགེ་འདུན་ནི་ལམ་བདེན་གཅིག་པུ་དང༌། ཆོས་ནི་བདེན་པ་བཞི་ཆར་དང༌། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་གཞི་ཡང་བདེན་པ་བཞི་ཆར་གྱི་ཆ་ཡོད་པའོ། །དེ་ཡང་འཆད་ཚུལ་ནི་ཀུན་འབྱུང་དང༌། དེའི་འབྲས་བུ་ངན་སོང་ནི་སྡུག་བསྔལ་སྟེ། དེ་སྤངས་པ་ནི་འགོག་པ་དང༌། དེ་འཐོབ་བྱེད་ཀྱི་ཚུལ་ཁྲིམས་ནི་ལམ་མོ། །དེ་ལྟར་དོན་གྱི་ཁོག་ཤེས་ནས་ཚིག་གི་དོན་ནི། བདེན་པ་དང་པོ་གསུམ་མངོན་སུམ་དུ་མཐོང་ན་ཆོས་ཤེས་པ་ཞེས་བྱ་སྟེ། ཆོས་མངོན་གསུམ་དུ་མཐོང་བའི་ཕྱིར། དེ་ལ་དད་པ་ཐོབ་པ་ཞེས་ཀྱང་བྱ་སྟེ། ཇི་ལྟར་རྟོགས་པ་དེ་ཉིད་ལ་ཡིད་ཆེས་པའི་ཕྱིར། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱང་ཐོབ་པ་ཡིན་ཏེ། ཟག་མེད་ཀྱི་ཚུལ་ཁྲིམས་ཐོབ་པའི་ཕྱིར། དེ་ལ་འཕགས་པ་དགྱེས་པ་ཞེས་ཀྱང་བྱ་སྟེ། ངན་སོང་གི་ཕུང་པོ་སྤངས་པས་འཕགས་པའི་ཐུགས་སུ་འཐད་པའི་ཕྱིར། ལམ་གྱི་བདེན་པ་མངོན་སུམ་དུ་མཐོང་ན་སངས་རྒྱས་དང་དགེ་འདུན་ཤེས་པ་ཞེས་བྱ་སྟེ། དེ་གཉིས་ཀྱི་ངོ་བོ་མངོན་སུམ་དུ་ཤེས་པའི་ཕྱིར། དད་པ་ཐོབ་པ་ཞེས་བྱ་སྟེ། ཇི་ལྟར་ཤེས་པ་བཞིན་ཡིད་ཆེས་པའི་ཕྱིར། ཡང་ཞེས་བྱ་བའི་སྒྲ་ནི། ལམ་བདེན་མངོན་སུམ་དུ་རྟོགས་པ་ན། ཚུལ་ཁྲིམས་དང་ཆོས་ལ་ཡང་ཤེས་ནས་དད་པ་ཐོབ་པ་ཞེས་བྱ་ལ། དེ་ལྟར་བཤད་པ་ན། བདེན་པ་དང་པོ་གསུམ་མཐོང་བ་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཉིད་ཐོབ་པ་དང༌། ལམ་མངོན་སུམ་དུ་རྟོགས་པའི་ཚེ་ཚུལ་ཁྲིམས་དེ་ལ་ཤེས་ནས་དད་པ་ཐོབ་པ་ནི་བཞིར་འགྱུར་རོ། །དེའི་ཕྱིར་འདིར་བསྟན་པའི་དད་པ་ཐོབ་པ་ནི་བཞིར་འགྱུར་རོ། །བཞི་པོ་ཡང་རྫས་གཉིས་སུ་འདུ་སྟེ། དད་པ་དང༌། ཚུལ་ཁྲིམས་སོ། །བཞི་པོ་འདི་ནི། སྨན་པ་དང༌། ནད་གཡོག་དང༌། ནད་དང་བྲལ་བ་ལྟ་བུའི་དཔེ་དང་རྗེས་སུ་མཐུན་པས་ན་གོ་རིམ་བཞིན་ནོ། །འོ་ན་སྐྱེ་བའི་རིམ་པ་དང་མ་མཐུན་ཏེ། ཐོག་མར་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། ཞེ་ན། འདི་ནི་རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་རིམ་པ་སྟེ། རྗེས་ཐོབ་ཏུ། སྟོན་པ་ནི་སངས་རྒྱས་སོ། །དེའི་ཆོས་ནི་ལེགས་པར་གསུངས་པའོ། །དེའི་དགེ་འདུན་ནི་ལེགས་པར་རབ་ཏུ་བཞུགས་པའོ། །ཞེས་བྱ་བར་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་བྱས་པ་ལས་ནི་འབྲས་བུ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་འབྱུང་བའོ། །ལྔ་པ་ནི། མདོ་ལས་སློབ་པ་ནི་ཡན་ལག་བརྒྱད་དང་ལྡན། མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ནོ། །ཞེས་མི་སློབ་པ་ལ་འཕགས་ལམ་ཡན་ལག་བརྒྱད་ཀྱི་སྟེང་དུ། ཡང་དག་པའི་རྣམ་གྲོལ་དང༌། ཡང་དག་པའི་ཤེས་པ་དང་ལྡན་པར་བཤད་ན། གཉིས་པོའི་ངོ་བོ་གང༌། སློབ་པ་དེ་དང་མི་ལྡན་པ་ཅི་ཞེ་ན། རྣམ་པར་གྲོལ་བ་ནི་ཉོན་མོངས་པའི་འཆིང་བ་མཐའ་དག་ལས་གྲོལ་བ་ཡིན་ལ། ཡང་དག་པའི་ཤེས་པ་ནི་དེ་ལ་དེར་ཤེས་པ་སྟེ། སྔར་བཤད་པའི་ཟད་མི་སྐྱེ་ཤེས་པ་དང་དོན་གཅིག་གོ །རྣམ་པར་གྲོལ་བ་དེ་ལའང༌། འདུས་མ་བྱས་འགོག་པའི་བདེན་པ་དང༌། འདུས་བྱས་རྣམ་པར་གྲོལ་བའི་ལམ་གཉིས་ལས། མི་སློབ་པའི་ཡན་ལག་ཏུ་བཞག་པ་དེ་ནི་ཕྱི་མ་དེ་ཡིན་ཏེ། འདུས་མ་བྱས་ཡན་ལག་ཏུ་མི་རུང་བའི་ཕྱིར། ཞེས་འཆད་པ་ནི། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་གྲོལ་མ་བཤད། ཅེས་སོགས་སོ། །དེ་ལ་འཕྲོས་ནས། གལ་ཏེ་སེམས་རྣམ་པར་གྲོལ་ན། འདས་པའམ། མ་འོངས་པའམ། ད་ལྟར་གྱི་སེམས་གང་ཞིག་རྣམ་པར་གྲོལ་བ་ཡིན་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ལྟོས་པའི་མ་འོངས་པ་ནི་མི་སློབ་པའི་སེམས་ཏེ། དེ་སྐྱེས་པ་དང་སྒྲིབ་པ་ལས་རྣམ་པར་གྲོལ་བར་དུས་མཉམ་མོ། །ཞེས་སྟོན་པ་ནི། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་འཆད་པ་ཡིན་གྱི། དེ་ལས་གཞན་དུ་མི་སློབ་པའི་སེམས་འདས་པ་དང་ད་ལྟར་བ་སྒྲིབ་པ་ལས་མི་གྲོལ་བར་འཆད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ལམ་དུས་གསུམ་པོ་གང་གིས་སྒྲིབ་པ་དེ་སྤོང་ཞེ་ན། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་པ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ད་ལྟར་བ་དེས་མི་སློབ་པའི་སེམས་མ་འོངས་པ་སྐྱེ་བ་ལ་གེགས་བྱེད་ཀྱི་བསྒྲིབ་པ་དེའི་ཐོབ་པ་གཅོད་པའི་ཕྱིར། ཇི་ལྟར་གཅོད་ན། སྒྲིབ་པ་དེའི་ཐོབ་པ་དང་ལྷན་ཅིག་ཏུ་གནས་ནས་དེའི་སྐྱེ་འཕྲོ་གཅོད་པའོ། །དེའི་དུས་ཀྱི་སྒྲིབ་པ་དངོས་ནི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡིན་ལ། དེའི་ཐོབ་པ་ནི། གཉེན་པོ་དང་ལྷན་ཅིག་ཏུ་གནས་པ་ད་ལྟར་བྱུང་བ་དེའོ། །སྐབས་འདིར་འགྲེལ་པ་ལས། འོ་ན་སྐྱེ་བར་འགྱུར་བ་མ་ཡིན་པ་དང༌། འཇིག་རྟེན་པ་གང་ཡིན་པ་ཇི་ལྟ་བུ་ཞེ་ན། དེ་དག་ཀྱང་རྣམ་པར་གྲོལ་བར་འགྱུར་མོད་ཀྱི་སྐྱེ་བར་ངེས་པ་གང་ཡིན་པ་དེ་ཁོ་ན་བཤད་དོ། །གང་ལས་འཇིག་རྟེན་པ་རྣམ་པར་གྲོལ་བར་འགྱུར་ཞེ་ན། སྐྱེ་བའི་སྒྲིབ་པ་དེ་གཉིས་ལས་སོ། །རྣམ་པར་གྲོལ་བ་ལ་ཡང་འཇིག་རྟེན་པའི་སྐྱེ་བར་འགྱུར་བ་མ་ཡིན་ཞེ་ན། དེ་ནི་དེ་དང་མི་འདྲའོ། །དེ་ཅི་འདྲ་ཞེ་ན། ཉོན་མོངས་པའི་ཐོབ་པ་དང༌། ལྷན་ཅིག་སྐྱེ་བ་ཡིན་ནོ། །ཞེས་བཤད་པ་དེའི་དོན་ནི། འོ་ན་མི་སློབ་སེམས་ནི་སྐྱེས་འགྱུར་བ། །ཞེས་འཆད་པ་དེའི་ཚེ་མི་སློབ་པའི་སེམས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དང༌། མི་སློབ་པའི་གང་ཟག་གི་རྒྱུད་ལ་འབྱུང་བའི་འཇིག་རྟེན་པ་རྣམས་སྒྲིབ་པ་ལས་གྲོལ་བར་འགྱུར་བ་མ་ཡིན་ནམ། ཞེ་ན་དེ་གཉིས་ཀ་ཡང་གྲོལ་བར་འགྱུར་མོད། འདིར་མི་འཆད་པའི་རྒྱུ་མཚན་ནི། མི་སློབ་པའི་གང་ཟག་གི་རྒྱུད་ལ་འཇིག་རྟེན་པ་སྐྱེ་བར་མ་ངེས་པ་དང༌། མི་སྐྱེ་བའི་ཆོས་ཅན་ནི་སྒྲིབ་པ་ལས་གྲོལ་བ་བརྟག་དཀའ་བའི་ཕྱིར་དང༌། མི་སློབ་པ་སྐྱེ་ངེས་ནི་དེ་ལས་གྲོལ་བ་བརྟག་སླ་བའི་ཕྱིར། གཉིས་པོ་དེ་སྒྲིབ་པ་ལས་གྲོལ་དགོས་པའི་རྒྱུ་མཚན་ཡང་དེ་དག་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར། གལ་ཏེ། སློབ་པའི་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་ཀྱང་འཆད་རིགས་སམ་ཞེ་ན། དེ་ལྟར་མི་མཚུངས་ཏེ། དེ་ནི་ཉོན་མོངས་པའི་ཐོབ་པ་དང་ལྷན་ཅིག་གནས་པའི་ཕྱིར། ཞེས་པའོ། །དེ་ཡང་ཞིབ་མོར་ན། བཅུ་དྲུག་པ་ནི་སྐྱེ་འགྱུར་བ། །མཐོང་སྤང་ལས་ནི་གྲོལ་བར་འགྱུར། །ཞེས་པ་ཙམ་ཞིག་སྦྱར་དུ་རུང་གི གཞན་ལ་ནི་ཅི་རིགས་པར་འགྱུར་ཏེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཞེས་དང༌། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཞེས་འཆད་པའི་ཕྱིར་རོ། །ཡང་གལ་ཏེ་འོ་ན། འདིར་རྣམ་གྲོལ་ལ་གཉིས་སུ་བསྡུས་པ་དང༌། བསྟན་བཅོས་ལས། སྤངས་པའི་ཁམས། འདོད་ཆགས་དང་བྲལ་བའི་ཁམས། འགོག་པའི་ཁམས་ཤེས་འབྱུང་བ་དེ་འདིར་མ་འདུས་པའམ། འདུས་ན་ཁྱད་པར་གང་ཞིག་ཡིན་ཞེ་ན། དེའི་ལན་དུ། འདུས་མ་བྱས་ཉིད་ཁམས་ཤེས་བྱ། །ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །སྐབས་འདིར་ཡིད་འབྱུང་དང་ཆགས་བྲལ་ལ་མུ་བཞི་འབྱུང་བའི་དོན་ནི། གང་ལ་དམིགས་ནས་ཉོན་མོངས་པ་སྐྱེ་བའི་གཞིའི་དངོས་པོ་ལ། གཉིས་ཏེ། ཡིད་འབྱུང་བའི་དངོས་པོ་དང༌། མཆོག་ཏུ་དགའ་བའི་དངོས་པོའོ། །དང་པོ་ནི། སྡུག་ཀུན་དང༌། གཉིས་པ་ནི་འགོག་ལམ་མོ། །དེ་དག་ལ་ཡིད་འབྱུང་ཞིང༌། འདོད་ཆགས་དང་བྲལ་བར་མི་བྱེད་པའི་མུ་ནི། ཆགས་བྲལ་སྔོན་དུ་སོང་བའི་སྡུག་ཀུན་ལ་བཟོད་ཤེས་སོ། །འདོད་ཆགས་དང་བྲལ་བ་ཡིད་འབྱུང་མ་ཡིན་པ་ནི། འགོག་ལམ་ལ་བཟོད་ཤེས་ཆགས་བྲལ་སྔོན་འགྲོ་མ་ཡིན་པ་རྣམས་སོ། །གཉིས་ཀ་ཡིན་པ་ནི་ཆགས་བྲལ་སྔོན་འགྲོ་མ་ཡིན་པའི་སྡུག་ཀུན་ལ་དམིགས་པའི་བཟོད་ཤེས་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི། འགོག་ལམ་ལ་དམིགས་པའི་སྦྱོར་བ་དང༌། རྣམ་པར་གྲོལ་བའི་དང༌། ཁྱད་པར་གྱི་ལམ་དང༌། ཆགས་བྲལ་སྔོན་དུ་སོང་བའི་འགོག་ལམ་ལ་བཟོད་ཤེས་རྣམས་དང༌། དབང་པོ་འཕོ་བྱེད་དུ་གྱུར་པའི་བར་ཆད་མེད་ལམ་དང་བཅས་པ་རྣམས་སོ། །གཏིང་མཐའ་ཟབ་བཅིང་རྒྱ་ཆེ་ན། །མཁས་པས་བསྔགས་འོས་བྱེ་སྨྲའི་གཞུང༌། །གང་དེའི་གཏིང་མཐའ་རྟོགས་བྱེད་པའི། །རྣམ་པར་དཔྱོད་འདི་རིགས་ཤིང་དགེ །ཀྱེ་ཧོ་འཁྲུལ་ངོར་འཁྲུལ་མེད་འཕྲུལ་འཁོར་གྱིས་སྦྱར་རྨོངས་བྲལ་མཁས་ཡིད་བརྟེན་རུང་མིན་པའི་བདེ་སྡུག་སྣ་ཚོགས་སྒྱུ་མ་ཡི། །བྱེད་པོ་བྱེད་བྲལ་མཁན་དེ་ནི་འདོད་དང་སྲིད་པའི་སྲེད་པ་དག་སྟེ་དེ་ཟད་བྱེད་པའི་ཐབས་མཁས་ཚུལ་འདི་ནི། །ཆུང་འབྲིང་ཆུང་ངུའི་ཆུང་སོགས་ལམ་གྱིས་ཆེ་བའི་ཆེ་སོགས་རིམ་པར་སྦྱོར་བའི་ཚུལ་དེར་གཤེགས་ཤིང་བཞུགས་པའི་དགེ་འདུན་གང༌། །ཡོན་གནས་ཡོན་སྦྱོར་ཡོན་ཏན་མང་པོས་འཇིག་རྟེན་པ་ཀུན་ཕུན་སུམ་ཚོགས་བྱེད་འདི་ཡིན་དེ་ལ་གུས་པས་ཕྱག་བགྱིའོ། །ཞེས་ཆོས་མངོན་པའི་མཛོད་ཅེས་བྱ་བའི་བསྟན་བཅོས་ཀྱི་ཚིག་དོན་ཞིབ་མོར་བཤད་པ་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་ལས། གནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་རྩ་འགྲེལ་རྒྱ་ཆེར་བཤད་པ་ཡིན་ནོ།། །།བདེན་བཞིའི་ཆོས་ལ་ཐེ་ཚོམ་བཅད་གྱུར་ནས། །མཉམ་པར་བཞག་དང་རྗེས་ཀྱི་ཤེས་པ་ཡིས། །ཇི་ལྟ་བ་དང་ཇི་སྙེད་མཁྱེན་གྱུར་པས། །ཤེས་བཅུ་མངོན་སུམ་མཛད་ལ་ཕྱག་འཚལ་ཏེ། །བཟོད་དང་ཤེས་དང་ལྟ་བའི་ཁྱད་པར་དང༌། །ཡེ་ཤེས་རྣམ་བཅུའི་རྣམ་གཞག་གང་ཡིན་དང༌། །དེ་ལ་བརྟེན་པའི་ཡོན་ཏན་ཚོགས་རྣམས་ནི། །འབྱུང་དང་འཇུག་པའི་རིམ་པ་འདིར་བཤད་བྱ། །དེ་ལྟར་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གནས་བདུན་པ་ཡེ་ཤེས་བསྟན་པའི་མཛོད་བཤད་པར་བྱ་བ་ལ། གསུམ་སྟེ། བཟོད་ཤེས་ལྟ་བའི་ཁྱད་པར། ཤེས་པ་བྱེ་བྲག་ཏུ་བཤད་པ། དེ་དག་གི་ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ནི། གལ་ཏེ་འོ་ན། བཟོད་པ་དང༌། ཤེས་པ་དང༌། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་ཤེས་པ་ཞེས་བཤད་པ་རྣམས་ལ་ཁྱད་པར་ཅི་ཞིག་ཅེ་ན། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཟད་དང་མི་སྐྱེ་བློ་ལྟ་མིན། །དེ་ལས་གཞན་འཕགས་བློ་གཉིས་ཀ །གཞན་ཤེས་དྲུག་ནི་ལྟ་བའང་ཡིན། །ཞེས་པ། འདིར་ལྟ་བ་ནི་ཡུལ་ལ་ངེས་པར་རྟོག་པའི་བདག་ཉིད་ཅན་དང༌། ཚོལ་བའི་རྣམ་པ་ཅན་ཡིན་ལ། ཤེས་པ་ནི། ཡུལ་གང་དང་གང་ཡིན་པ་དེ་ལ་ཐེ་ཚོམ་མེད་པར་ངེས་པའི་བདག་ཉིད་ཅན་ནོ། །གཞི་མཐུན་མེད་པ་ནི་མ་ཡིན་ཏེ། དེ་ལས་གཞན་འཕགས་བློ་གཉིས་ཀ །ཞེས་འཆད་པའི་ཕྱིར། ལྟ་བ་ལ་གཉིས་ཏེ། འཇིག་རྟེན་པའི་དང༌། དེ་ལས་འདས་པའི་འོ། །དང་པོ་ལ་གཉིས་ཏེ། ཡང་དག་པའི་དང༌། ཡང་དག་པ་མ་ཡིན་པའོ། །དང་པོ་ནི། ཚོགས་སྦྱོར་གྱི་དྲན་པ་ཉེར་བཞག་པ་དང༌། མི་རྟག་ལ་སོགས་ཀྱི་རྣམ་པ་ཅན་རྣམས་སོ། །གཉིས་པ་ནི། འཇིག་ཚོགས་ལ་ལྟ་བ་སོགས་ལྔའོ། །དེ་ལས་འདས་པའི་ནི། སློབ་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་ཞེས་བཤད་པ་རྣམས་སོ། །དྲི་མ་མེད་པའི་བཟོད་པ་རྣམས་ཤེས་པ་མ་ཡིན་པའི་ཤེས་བྱེད་ནི། དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །ལྟ་བ་ནི་ཡིན་ཏེ། ཡང་དག་པར་རྟོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་ལྟ་བ་མ་ཡིན་ནོ། །ཡུལ་ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར། འོ་ན་ཤེས་རབ་གང་ཡིན་ལྟ་བ་ཡིན་ནམ་ཞེ་ན། གཞན་ཤེས། ཞེས་པ། སྤྱིར་བཏང་ལ་བཤད་མ་ཐག་པ་གསུམ་པོ་ལས་གཞན་པའི་བློ་ལ། འཕགས་པ་དང༌། འཇིག་རྟེན་པ་གཉིས་ལས། འཇིག་རྟེན་པའི་བློ་ཐམས་ཅད་ཤེས་པ་ཡིན་ནོ། །ཞེས་བསྟན་མོད། དྲུག་ནི་ལྟ་བའང་ཡིན། ཞེས་པའི་ཚིག་གི་ནུས་པས། ཇི་སྐད་དུ། ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་པ་དང་མཐུན་པར། སྒོ་ལྔའི་དབང་ཤེས་འཁོར་གྱི་ཤེས་རབ་མཐའ་དག་དང༌། ཡིད་ཤེས་འཁོར་གྱི་ཤེས་རབ་ཡིན་ཀྱང༌། ལྟ་བའི་ངོ་བོ་ཉིད་མ་ཡིན་པ་རྣམས་བཟུང་ངོ༌། །མདོར་ན་འཇིག་རྟེན་པའི་བློ་ལ་ཤེས་པ་མ་ཡིན་པ་མི་སྲིད་དེ། དྲུག་ན་ལྟ་བའང་ཡིན། ཞེས་འང་གི་ནུས་པས་ཤེས་པར་ཡང་བསྟན་པའི་ཕྱིར། མདོར་ན་འཕགས་པའི་བློ་ལ་ལྟ་བ་དང་ཤེས་པ་གཉིས་སུ་ཕྱེ་ནས། མུ་གསུམ་དུ་སྦྱར་བ་ཡིན་གྱི། མུ་བཞི་པ་ནི་མ་བཤད་དོ། །འཕགས་པའི་བློ་ལ་དེ་གཉིས་གང་རུང་གིས་ཁྱབ་པའི་ཕྱིར་དང༌། འཇིག་རྟེན་པའི་བློ་ལ་འདིར་བསྟན་གྱི་ཤེས་པ་མ་ཡིན་པ་མི་སྲིད་པའི་ཕྱིར། དྲི་མེད་ཅེས་པའི་ཚིག་གི་ནུས་པས་དྲི་མ་དང་བཅས་པའི་བཟོད་པ་རྣམས་ཤེས་པ་ཡིན་པར་འཆད་དོ། །བཟོད་པ་ཟག་བཅས་ཇི་ལྟར་སྲིད་ཅེ་ན། ཀུན་རྫོབ་པའི་ཡུལ་ཅན་རྣམས་ནི་ཀུན་རྫོབ་ཤེས་པར་འཆད་དགོས་སོ། །དེ་བཞིན་དུ་ཤེས་པ་བཞི་ལའང་ཟག་བཅས་དང་ཟག་མེད་གཉིས་སྲིད་པར་འཆད་དགོས་མོད། དེའི་ནང་ནས་ཤེས་པ་ཟག་མེད་ཐེ་ཚོམ་སྤངས་པ་རྣམས་ཤེས་པ་ཁོ་ན་དང༌། མ་སྤངས་པ་རྣམས་ལྟ་བར་ཡང་འགྱུར་རོ། །ཤེས་པ་ཟག་བཅས་ལ་ནི་ཀུན་རྫོབ་ཤེས་པས་ཁྱབ་བོ། །འོ་ན་ཐེ་ཚོམ་སྤངས་པའི་ཤེས་རབ་ལ་ཤེས་པས་ཁྱབ་བམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཆགས་བྲལ་སྔོན་འགྲོའི་བཟོད་པ་དག་བཞིན་ནོ། །དེ་ལས་གཞན་འཕགས་བློ་གཉིས་ཀ །ཞེས་པ། བཤད་མ་ཐག་པའི་བཟོད་ཤེས་གསུམ་ལས་གཞན་པའི་ཤེས་རབ་ཇི་སྙེད་པ་ནི། ལྟ་བ་དང་ཤེས་པ་གཉིས་ཀ་ཡིན་ཏེ། བདེན་པ་རྣམས་ལ་ངེས་པར་རྟོག་པའི་ཕྱིར་དང༌། དེ་དག་ཐེ་ཚོམ་མ་སྤངས་པ་ཡང་ཡིན་པའི་ཕྱིར། གཞན་འཕགས་ཤེས་པའི་མཚན་གཞི་ནི། ཆོས་ཤེས་དང་རྗེས་ཤེས་དག་ཡིན་ཏེ། ཟག་མེད་དུ་ངེས་པའི་ཕྱིར། སྡུག་བསྔལ་ཀུན་ཤེས་པ་ནི། ཀུན་རྫོབ་ཤེས་པ་ཡང་སྲིད་པས་ཟག་མེད་དུ་མ་ངེས་སོ། །འདིའི་སྐབས་ཀྱི་ལྟ་བ་ལ་ནི། རྟོག་གེ་ནས་བཤད་པའི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཁྱབ་པ་ཡིན་ཏེ། ངེས་པར་རྟོག་པས་ཁྱབ་ལ། གཞུང་འདིར་བཤད་པའི་རྟོག་པ་གསུམ་གྱི་ནང་ནས། ངེས་པར་རྟོག་པ་དང༌། རྗེས་སུ་དྲན་པའི་རྟོག་པ་ལ་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཁྱབ་པ་དང༌། སྒོ་ལྔའི་དབང་ཤེས་དེ་དང་བྲལ་བར་འཇོག་པའི་ཕྱིར། དེས་ན་རྣལ་འབྱོར་མངོན་སུམ་དང༌། སྒྲ་དོན་འདྲེས་འཛིན་གྱི་རྟོག་པའི་གཞི་མཐུན་ནི་ཁས་ལེན་པར་མངོན་ནོ། །སྒོ་ལྔའི་དབང་ཤེས་ཀྱང་ངེས་པར་རྟོག་པའི་རྟོག་པ་དང་བྲལ་ཡང༌། སྤྱིར་རྟོག་བྲལ་དུ་འཆད་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོག་དཔྱོད་དང་བཅས་པར་འཆད་པའི་ཕྱིར། གཉིས་པ་ཤེས་པའི་རྒྱས་བཤད་ལ་བརྒྱད་དེ། ཤེས་པ་སོ་སོའི་དབྱེ་བ། གྲངས་ངེས། རྣམ་པ། ས་དང་རྟེན། དྲན་པ་ཉེར་གཞག་ཏུ་འཇོག་ཚུལ། དམིགས་པ། ལྡན་ཚུལ། འཐོབ་ཚུལ་ལོ། །དང་པོ་ནི། མདོ་ལས། ཤེས་པ་ནི་བཅུ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་དང་མི་སྐྱེ་བ་ཤེས་པའོ། །དེ་ཐམས་ཅད་བསྡུ་ན་ཟག་བཅས་དང་ཟག་མེད་གཉིས་སུ་འདུ་བ་ཡིན་ཏེ། ཆོས་ཤེས་དང་རྗེས་ཤེས་ལ་ཟག་མེད་ཀྱིས་ཁྱབ་པ་དང༌། ཀུན་རྫོབ་ཤེས་པ་ལ་ཟག་བཅས་ཀྱི་ཁྱབ་པའི་ཕྱིར། དེ་ཡང་བདེན་པ་བཞི་ཤེས་དང་ཟད་མི་སྐྱེ་ཤེས་པ་ལ་ནི་ཟག་བཅས་ཟག་མེད་གཉིས་གཉིས་སུ་དབྱེ་བར་བྱ་སྟེ། དེ་དག་ལ། ཆོས་ཤེས་རྗེས་ཤེས་གཉིས་ཀྱི་ངོ་བོར་གྱུར་པ་དང༌། མ་གྱུར་པ་གཉིས་སུ་དབྱེ་དགོས་པའི་ཕྱིར། ཕ་རོལ་སེམས་ཤེས་ལ་ཡང་དེ་བཞིན་ནོ། །འོ་ན་བདེན་པ་བཞི་ཤེས་དང༌། རྗེས་ཤེས་གང་རུང་གི་ཁྱབ་པ་མ་ཡིན་ནམ་ཞེ་ན། ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཞེས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་དམིགས་པར་བཤད་ཅིང༌། ཡུལ་དེ་དག་ལ་རང་གི་མཚན་ཉིད་ཀུན་རྫོབ་བདེན་པའི་རྣམ་པས་ཤེས་པ་རྣམས་ནི་ཀུན་རྫོབ་ཤེས་པ་ཡིན་ལ། སྟོང་པ་དང་བདག་མེད་པ་ལྟ་བུ་སྤྱིའི་རྣམ་པའི་ཁྱད་པར་དག་གི་དམིགས་པ་ནི་ཟག་མེད་ཀྱི་ཤེས་པར་བཞག་དགོས་པས་སོ། །མདོར་ན་ཤེས་པ་བཅུ་པོ་ཐམས་ཅད་ཀུན་རྫོབ་ཤེས་པ་དང་ཆོས་ཤེས་རྗེས་ཤེས་གཉིས་ཏེ་གསུམ་དུ་འདུ་བ་ཡིན་ནོ། །ཞེས་སྟོན་པ་ནི། ཤེས་པ་ཟག་བཅས་ཟག་པ་མེད། །དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་མེད་རྣམ་གཉིས་ཆོས་དང་ནི། །རྗེས་སུ་ཤེས་པ་ཁོ་ན་ཡིན། །ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། །འདོད་པའི་སྡུག་བསྔལ་ལ་སོགས་པ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི། །གོང་མའི་སྡུག་བསྔལ་ལ་སོགས་ཡིན། །དེ་དག་ཉིད་བདེན་བྱེ་བྲག་གིས། །བཞི་སྟེ་རྣམ་བཞི་དེ་དག་ནི། །མི་སྐྱེ་བ་དང་ཟད་པ་ཤེས། །དེ་གཉིས་དང་པོ་སྐྱེས་པ་ནི། །སྡུག་བསྔལ་རྒྱུ་རྗེས་ཤེས་པ་ཡིན། །ཞེས་སོ། །འདི་དག་གི་དངོས་བསྟན་ལ། བདེན་པ་བཞི་ཤེས་ལ་ཆོས་ཤེས་རྗེས་ཤེས་ཀྱིས་ཁྱབ་པར་བཤད་ཅིང༌། དེའི་ལྟར་ན། ངེས་འབྱེད་ཆ་མཐུན་གྱི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ནི་བདེན་པ་བཞི་ཤེས་མ་ཡིན་པ་དང༌། ཀུན་རྫོབ་ཀྱི་ཤེས་པར་ཁས་བླང་ངོ༌། །དེ་ལྟར་ན་ཡུལ་བདེན་པ་བཞི་ཤེས་པར་མཚུངས་ཀྱང༌། ཡུལ་ཅན་འཕགས་པ་ཡིན་མིན་ལས། ཀུན་རྫོབ་ཤེས་པ་དང༌། དོན་དམ་ཤེས་པར་བཞག་གོ །འདིར་དོན་དམ་ནི་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པའི་ཆ་མེད་ཀྱི་དངོས་པོ་གཉིས་ལ་ནི་ཡུལ་གྱི་དོན་དམ་ཞེས་བྱ་ལ། དེའི་ཡུལ་ཅན་ཟག་མེད་ཀྱི་ཤེས་པ་ལ་ནི་ཡུལ་ཅན་དོན་དམ་པ་ཞེས་བྱའོ། །དགག་བྱ་ཆོས་ནི་རགས་པ་དང་རྒྱུན་གྱི་དངོས་པོ་དང༌། གང་ཟག་ནི་ཕུང་པོ་ལྔ་ལ་བཏགས་པའི་བཏགས་ཡོད་དོ། །འོ་ན་འདིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་བདེན་པ་བཞི་ཆར་ལ་དམིགས་པར་བཤད་ལ། ཟད་མི་སྐྱེ་ཤེས་པ་གཉིས་དེ་ལྟར་མི་འཆད་པས། དམིགས་རྣམ་མི་མཚུངས་ན་དངོས་ཀྱི་འབྲས་བུར་ཇི་ལྟར་རུང་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ངོ་བོར་གྱུར་པ་བདེན་པ་དང་པོ་གཉིས་ལ་དམིགས་ན་ནི་གཉིས་པོ་དམིགས་པ་གཅིག་པ་ཡིན་ལ། འོན་ཏེ་དེ་འགོག་ལམ་ལ་དམིགས་ན་ནི་མི་གཅིག་སྟེ། ཤེས་པ་གཉིས་པོ་ནི་སྲིད་རྩེའི་ཕུང་པོ་ལ་ངེས་པར་དམིགས་དགོས་པའི་ཕྱིར། དཔེར་ན་དུག་མདའ་འཕོག་པ་ནི་ཐོག་མར་ཡན་ལག་ཐམས་ཅད་ལ་དུག་གིས་ཁྱབ་ཀྱང༌། ཤི་མ་ཐག་རྨའི་ཕྱོགས་ཁོ་ནར་འདུ་བ་བཞིན་ནོ། །དང་པོ་ཞེས་པའི་ནུས་པས་ཕྱིས་ནི་བདེན་པ་གཞན་གཉིས་ལའང་དམིགས་པར་གསལ་ལོ། །བཞི་ལས་ཕ་རོལ་སེམས་རིག་པ། །ཞེས་པ། ཆོས་ཤེས་རྗེས་ཤེས་དང༌། ལམ་ཤེས་པ་དང་ཀུན་རྫོབ་ཤེས་པ་སྟེ་བཞིའི་ངོ་བོར་སྐྱེ་བ་ཡིན་ནོ། །དེ་ཡང་ཕ་རོལ་གྱི་སེམས་ལ་ཟག་མེད་དང་ཟག་བཅས་གཉིས་སུ་ངེས། ཟག་མེད་ནི་ལམ་གྱི་བདེན་པ་ཡིན་ལ། དེ་ལའང་འདོད་པའི་གཉེན་པོ་དང༌། ཁམས་གོང་གི་གཉེན་པོའི་དབྱེ་བས་གཉིས་ཡིན་པའི་ཕྱིར་ན། སེམས་ཤེས་ཟག་མེད་ལ་གསུམ་དུ་བྱའོ། །ཟག་བཅས་ནི། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་སོ། །ཞེས་བྱ་བ་ལ་སོགས་པར་ཤེས་པའོ། །འདིའི་རྒྱས་བཤད་ནི་འོག་ནས་འབྱུང་བར་འགྱུར་རོ། །དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ །ཞེས་པ། ས་འོག་མའི་སེམས་ཀྱིས་གོང་མའི་སེམས་མི་ཤེས་པ་དང༌། དབང་པོ་འདས་པ་ནི་དད་མོས་པས་མཐོང་ཐོབ་ཀྱི་སེམས་མི་ཤེས་པ་དང༌། གང་ཟག་འདས་པ་ཕྱིར་མི་འོང་གིས་དགྲ་བཅོམ་པའི་སེམས་མི་ཤེས་པ་ལ་སོགས་པའོ། །འདས་པ་དང་མ་འོངས་པའི་སེམས་ཀྱང་མི་ཤེས་ཏེ། ཕ་རོལ་སེམས་ཤེས་ནི་ཕ་རོལ་གྱི་སེམས་ད་ལྟར་བ་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར། ཆོས་རྗེས་ཕན་ཚུན་བློ་ཕྱོགས་མིན། །ཞེས་པ། ཆོས་ཤེས་ཀྱི་ངོ་བོར་གྱུར་པའི་སེམས་ཤེས་ཀྱིས་ཕ་རོལ་གྱི་རྗེས་ཤེས་དང༌། ཅིག་ཤོས་ཀྱིས་ཀྱང་ཚུར་མི་ཤེས་ཏེ། གཉིས་པོ་ནི་འདོད་པའི་ཁམས་དང༌། ཁམས་གོང་མའི་གཉེན་པོ་ལ་སོ་སོར་དམིགས་པའི་ཕྱིར། འདིའི་ཆོས་རྗེས་ཤེས་པ་གཉིས་པོ་ཡང༌། སྤྱིར་སྒོམ་ལམ་དང༌། ཁྱད་པར་ལམ་ཤེས་པའི་ངོ་བོར་སྐྱེ་བ་ཁོ་ནའི་དབང་དུ་བྱེད་དགོས་སོ། །མཐོང་ལམ་གྱི་ངོ་བོར་གྱུར་པའི་སེམས་ཤེས་ནི་མི་སྲིད་དེ། བར་སྐབས་སུ་སྦྱོར་བ་སྤོང་བའི་ལོང་མེད་པ་དང༌། རྒྱུ་དུས་ཀྱི་ཀུན་སློང་ཡང་བདེན་པ་མངོན་སུམ་རྟོགས་པའི་ཕྱིར་སྦྱོར་གྱི། ཕ་རོལ་གྱི་སེམས་ཤེས་པའི་ཕྱིར་མི་སྦྱོར་བའི་ཕྱིར་རོ། །དེ་ལྟ་ན་སེམས་ཤེས་ཀྱི་ཡུལ་དུའང་མི་རུང་ངམ་ཞེ་ན། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །བསེ་རུ་ལྟ་བུས་གསུམ་རིག་པ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཞེས་པ། ཉན་ཐོས་འཕགས་པའི་ཕ་རོལ་སེམས་ཤེས་ཀྱིས་ནི་གཞན་རྒྱུད་ཀྱི་མཐོང་བའི་ལམ་སྐད་ཅིག་མ་དང་པོ་གཉིས་རིག་སྟེ། རྗེས་ཤེས་ནི་ཤེས་པར་འདོད་ན་སྦྱོར་བ་གཞན་གྱིས་སྒྲུབ་དགོས་པའི་ཕྱིར་དང༌། སྦྱོར་བ་དེ་གྲུབ་ན་ཡང་སྒྲུབ་པའི་བར་ལ་ཡུན་རིང་འགོར་བས་སྔ་མ་རྣམས་འདས་པའི་ཕྱིར། འོ་ན་དང་པོ་གཉིས་ཀྱང་མི་ཤེས་པར་འགྱུར་ཏེ། སྦྱོར་བ་སྒྲུབ་པའི་རིང་ལ་འདས་པའི་ཕྱིར། མི་མཚུངས་ཏེ། གང་ཟག་གཞན་དེའི་མཐོང་ལམ་སྐད་ཅིག་དང་པོ་གཉིས་ཤེས་པར་བྱའོ་སྙམ་དུ་བསམས་ནས་སྦྱོར་བ་སྒྲུབ་ན་དེའི་བར་ལ་གཉིས་པོ་འདས་པར་འགྱུར་མོད། དེ་ལྟར་མ་ཡིན་གྱི། ཕ་རོལ་གྱི་སེམས་དེ་ཤེས་པར་བྱའོ་སྙམ་པའི་བསམས་པས་སྦྱོར་བ་བརྩམས་ནས་མངོན་ཤེས་གྲུབ་པ་དང་མཉམ་དུ་ཕ་རོལ་པོ་དེ་ལ་མཐོང་ལམ་སྐྱེས་པའི་དབང་དུ་བྱས་སོ། །རང་སངས་རྒྱས་ནི་ཉན་ཐོས་ལ་ལྟོས་ཏེ་དབང་པོ་རྣོ་བས་མངོན་ཤེས་མྱུར་བའི་ཕྱིར་གསུམ་རིག་དང༌། སངས་རྒྱས་ནི་མངོན་ཤེས་སྦྱོར་བ་ལ་མི་ལྟོས་པའི་ཕྱིར་ཀུན་རིག་ཅེས་བྱའོ། །དེ་དག་དོན་བསྡུ་བའི་ཚིགས་སུ་བཅད་པ་ནི། འདི་ལྟར། ཀུན་རྫོབ་ཆོས་དང་རྗེས་སུ་ཤེས། །གསུམ་ཡིན་དེ་དག་བཅུར་བཤད་དེ། །ཀུན་རྫོབ་ཅེས་པ་རང་དང་ནི། །སེམས་ཤེས་ཆའོ་ཆོས་ཤེས་ནི། །རང་དང་བདེན་བཞི་ཤེས་པ་དང༌། །ཟད་དང་མི་སྐྱེ་སེམས་ཤེས་བརྒྱད། །རྗེས་ཤེས་ཀྱང་ཡིན་བདེན་གསུམ་ཤེས། །རང་དང་ཟད་དང་མི་སྐྱེ་ཤེས། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །ལྔ་ཡིན་ཟད་དང་མི་སྐྱེ་ཤེས། །རང་རང་བདེན་པ་བཞི་ཤེས་དང༌། །ཆོས་ཤེས་རྗེས་སུ་ཤེས་དང་བདུན། །སེམས་ཤེས་ཆོས་ཤེས་རྗེས་ཤེས་དང༌། །ལམ་ཤེས་ཀུན་རྫོབ་ཤེས་པ་དང༌། །རང་དང་ལྔ་ཡིན་ལམ་ཤེས་ནི། །རང་དང་ཆོས་ཤེས་རྗེས་ཤེས་དང༌། །སེམས་ཤེས་ཟད་དང་མི་སྐྱེ་ཤེས། །རྣམ་པ་དྲུག་ཏུ་ཡང་དག་བརྗོད། །ཅེས་བྱའོ། །གཉིས་པ་གྲངས་ངེས་ནི། འོ་ན་གསུམ་ལ་བཅུར་འཆད་པ་ཅིའི་ཕྱིར་ཞེ་ན། རང་བཞིན་དང་ནི་གཉེན་པོ་དང༌། །རྣམ་པ་རྣམ་པ་སྤྱོད་ཡུལ་དང༌། །སྦྱོར་དང་བྱ་བ་བྱས་ཉིད་དང༌། །རྒྱུ་རྒྱས་པ་ལས་བཅུ་ཡིན་ནོ། །ཞེས་པ། རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་སྟེ། དོན་དམ་པ་མི་ཤེས་པའི་ཕྱིར་རོ། །གཉེན་པོ་ལས་ནི་ཆོས་ཤེས་དང༌། རྗེས་སུ་ཤེས་པ་གཉིས་ཏེ། འདོད་པའི་ཁམས་དང༌། ཁམས་གོང་མའི་གཉེན་པོ་ཡིན་པའི་ཕྱིར། རྣམ་པ་ལས་ནི་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་སྟེ། དམིགས་པ་ཐ་མི་དད་པའི་ཕྱིར་རོ། །རྣམ་པ་དང་དམིགས་པ་ལས་ནི་འགོག་པ་དང་ལམ་ཤེས་པ་དག་སྟེ། རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་རོ། །སྦྱོར་བ་ལས་ནི་ཕ་རོལ་སེམས་ཤེས་ཏེ། ཕ་རོལ་གྱི་སེམས་ཤེས་པའི་ཕྱིར་དུ་སྦྱོར་བ་བྱས་པའི་ཕྱིར། བྱ་བ་བྱས་པ་ལས་ནི་ཟད་པ་ཤེས་པ་སྟེ། བྱ་བ་བྱས་པའི་རྒྱུ་ལས་དང་པོ་ཉིད་དུ་སྐྱེས་པའི་ཕྱིར། རྒྱུ་རྒྱས་པ་ལས་ནི་མི་སྐྱེ་བ་ཤེས་པ་སྟེ། ཟག་པ་མེད་པའི་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར། དེ་ནས་འདི་ལྟར། ཆོས་ཤེས་འདོད་པའི་གཉེན་པོ་ཡིན་ནོ་ཞེས་བྱ་བའང་འདོད་པའི་སྤང་བྱ་རིགས་ལྔ་པོ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་དེ་ལྟར་བཤད་པ་ཡིན་གྱི། ཆོས་ཤེས་ཀྱིས་ཁམས་གོང་མ་གཉིས་ཀྱི་གཉེན་པོའང་བྱེད་པ་ཡོད་དེ། འདི་ལྟར། སྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་དེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་པ། འདོད་པའི་རྟེན་ཅན་གྱི་འཕགས་པས་འདོད་པའི་སྒོམ་སྤང་དགུ་པོ་ཆོས་ཤེས་པའི་རིམ་གྱིས་སྤང་ཟིན་ནས། ཁམས་གོང་མའི་སྒོམ་སྤང་ཡང་སྔར་འདྲིས་པའི་ལམ་དེ་ཉིད་ཀྱིས་སྤོང་བ་དག་སྲིད་པའི་ཕྱིར་རམ། ཡང་ན་འགོག་ལམ་ལ་ཆོས་ཤེས་ཀྱི་དམིགས་པ་འགོག་ལམ་གཉིས་ནི་ཁམས་དུ་མ་གཏོགས་པས། དམིགས་པ་བཟང་པོ་དེ་དག་ལ་དམིགས་པའི་ཆོས་ཤེས་ནི། ཁམས་གསུམ་ཀའི་གཉེན་པོ་ཡིན་སྲིད་པའི་ཕྱིར། སྡུག་ཀུན་གྱི་ཆོས་ལ་མི་མཚུངས་ཏེ། དེ་གཉིས་ནི་རང་རང་གི་དམིགས་པ་རྣམ་པར་སུན་འབྱིན་པའི་རྣམ་པས་ཡིད་ལ་བྱེད་པ་ཡིན་ལ། དམན་པས་མཆོག་སུན་འབྱིན་པ་མི་ནུས་པའི་ཕྱིར། ཞེས་འཆད་པ་ནི་སྔོན་གྱི་རྣམ་བཤད་བྱེད་པ་དག་གི་འདོད་པ་ཡིན་ལ། འགྲེལ་པ་ན་ནི། ཇི་སྐད་དུ། འགོག་པ་དང་ལམ་ལ་ཆོས་ཤེས་པ་སྒོམ་པའི་ལམ་གྱིས་བསྡུས་པ་དག་ནི་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ནོ། །འདོད་པའི་ཁམས་གྱི་རྗེས་མ་ཡིན། འདོད་པའི་ཁམས་ཀྱི་གཉེན་པོ་རྣམ་པ་ཐམས་ཅད་དུ་ཤེས་པ་ནི་མེད་དོ། །ཞེས་པ་ཙམ་ཞིག་པས་གཞན་མ་གསུངས། གང་སྤེལ་ལས། ཆོས་ཤེས་པ་རྣམས་ནི་རྣོ་བའི་ཕྱིར་རང་ཡུལ་ལ་བྱ་བ་བྱས་ཏེ། གཞན་ཡུལ་ལ་བྱ་བ་བྱེད་པས། ཞེས་བཤད་ཅིང༌། དེའི་དོན་ནི། ཆོས་ཤེས་ནི། གོང་མའི་སྒོམ་སྤང་འདོད་པའི་ཀུན་འགྲོའི་ཡུལ་ཡིན་པས་འཇོམས་ཏེ། དཔེར་ན་དགྲ་ཕམ་པར་བྱས་ནས་ཡུལ་འཇིག་པ་བཞིན་ནོ། །ཞེས་དང༌། དེ་བཞིན་དུ་ས་འོག་མ་འོག་མའི་རྗེས་ཤེས་རྣམས་གོང་མ་གོང་མའི་གཉེན་པོར་རུང་བ་ཡིན་ནོ། །ཞེས་ཀྱང་བོད་ཀྱི་སློབ་དཔོན་དག་འཆད་དོ། །བཤད་པ་དེ་ཙམ་གྱིས་དཔྱིས་མ་ཕྱིན་པས་འདི་ལྟར་དཔྱད་དེ། ཆོས་ཤེས་དང་རྗེས་ཤེས་ཀྱི་ཁྱད་པར་གང་ཡིན་པ་དང༌། ཆོས་ཤེས་གོང་མའི་གཉེན་པོར་རུང་བའི་འཐད་པ་མཐོང་ལམ་ཆོས་ཤེས་ལ་མཚུངས་པ་སྤངས་པའོ། །དང་པོ་ནི། སྤྱིར་ཆོས་ཤེས་དང་རྗེས་ཤེས་འགལ་བ་ཡིན་ཏེ། ཁམས་འོག་མའི་བདེན་པ་ལ་དམིགས་པས་ཆོས་ཤེས་དང༌། གོང་མའི་བདེན་པ་ལ་དམིགས་ནས་ཤེས་པས་རྗེས་ཤེས་སུ་བཞག་ལ། འགོག་ལམ་ལ་དམིགས་པའི་ཤེས་པས་ཁམས་གོང་འོག་གཉིས་ཀའི་འགོག་ལམ་ལ་དམིགས་པ་གཅིག་སྲིད་པ་དེའི་ཚེ། ཆོས་ཤེས་ཞེས་བྱ་སྟེ། འོག་མའི་བདེན་པ་ལ་དམིགས་ནས་ཤེས་པའི་ཕྱིར། ཡང་ཤེས་པ་གང་གིས་ཁམས་གོང་མའི་བདེན་པ་ཁོ་ན་ལ་དམིགས་ནས་ཤེས་པ་དེའི་ཚེ་རྗེས་སུ་ཤེས་པ་ཞེས་བྱ་བ་ཡིན་ཏེ། གོང་མའི་བདེན་པ་ཁོ་ན་ཤེས་ཀྱི། འོག་མ་ལ་མ་དམིགས་པའི་ཕྱིར། གཉིས་པ་ནི་སྒོམ་ལམ་དུ་གྱུར་པའི་འགོག་ལམ་གྱི་ཤེས་པས་ཁམས་གོང་འོག་གཉིས་ཀའི་བདེན་པ་ལ་དམིགས་པ་དག་སྲིད་དེ། བསམ་གཏན་པ་དྲུག་ལ་བརྟེན་པའི་སྒོམ་ལམ་ཟག་མེད་ཁམས་གསུམ་ཀའི་གཉེན་པོ་དང༌། དེས་ཐོབ་པའི་འགོག་པ་ནི་ཁམས་གསུམ་ཆར་གྱི་གཉེན་པོར་གྱུར་པའི་འགོག་པ་དེར་གནས་པའི་ཕྱིར། དེ་ལྟ་ན་ཡང་ཁམས་གསུམ་གྱི་ཉོན་མོངས་པ་ཅིག་ཆར་དུ་སྤོང་བ་ནི་མ་ཡིན་ཏེ། འདོད་པ་ལ་ཆགས་བྲལ་བྱས་རྗེས་སུ་གོང་མ་ལ་ཆགས་བྲལ་བྱེད་དགོས་པའི་ཕྱིར། ཇི་སྐད་དུ། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ཞེས་བཤད་པ་བཞིན། དེ་ལྟར་བཤད་ན། འདིར་ལྟར་འགྱུར་ཏེ། ཆོས་ཤེས་ཡིན་ལ། རྗེས་ཤེས་མ་ཡིན་པའམ། འདོད་པ་ལ་དམིགས་ཤིང་ཁམས་གོང་མར་མ་དམིགས་པ་ནི། འདོད་པའི་སྡུག་ཀུན་ལ་ཆོས་ཤེས་སོ། །གོང་མར་དམིགས་ཤིང༌། འོག་མ་ལ་མ་དམིགས་པ་ནི་གཟུགས་མེད་དང་པོ་གཉིས་ལ་བརྟེན་པའི་འགོག་ལམ་ཤེས་པ་དང༌། ཁམས་གོང་མའི་སྡུག་ཀུན་ཤེས་པ་རྣམས་སོ། །གཉིས་ཀ་ཤེས་པ་ནི། བསམ་གཏན་ས་དྲུག་ལ་བརྟེན་པའི་འགོག་ལམ་ཤེས་པའོ། །ཁམས་གོང་འོག་གི་གཉེན་པོ་འགོག་ལམ་ལ་གཞི་མཐུན་ཡོད་པ་དེའི་ཕྱིར་ཡུལ་ཅན་ཤེས་པ་ལའང་གཞི་མཐུན་སྲིད་དེ། ཤེས་བྱ་གཅིག་ལ་དམིགས་པའི་ཤེས་པ་ཐུན་མོང་བ་སྲིད་པས་སོ། །འོ་ན་གོང་འོག་གི་འགོག་ལམ་ལ་ཐུན་མོང་དུ་དམིགས་པའི་ཤེས་པ་དེ་འོག་མ་ལ་དམིགས་པས་ཆོས་ཤེས་སུ་འཇོག་ནུས་ན། གོང་མ་ལ་དམིགས་པས་རྗེས་ཤེས་སུའང་འཇོག་ནུས་པར་མཚུངས་སོ། །ཤེས་ན་མཚུངས་པ་མ་ཡིན་ཏེ། ཆོས་ཤེས་སུ་འཇོག་པ་ནི་འོག་མའི་བདེན་པ་ལ་དམིགས་པ་ཉིད་ཀྱིས་ཆོག་ལ། རྗེས་ཤེས་སུ་འཇོག་པ་ལ་ནི། ཁམས་འོག་མའི་བདེན་པ་གང་ཡིན་པ་དེ་ཤེས་པའི་རྗེས་སུ། གོང་མའི་བདེན་པ་གང་དང་གང་ཡིན་པ་དེ་ཤེས་པ་ཞིག་དགོས་པའི་ཕྱིར། འོ་ན་གཟུགས་ཁམས་ཀྱི་གཉེན་པོ་འགོག་ལམ་ལ་རྗེས་ཤེས་མི་སྲིད་པར་འགྱུར་ཏེ། དེ་ལ་ཆོས་ཤེས་ཀྱིས་ཁྱབ་པའི་ཕྱིར་ཏེ། དེས་འདོད་པའི་གཉེན་པོ་འགོག་ལམ་ལ་དམིགས་པས་ཁྱབ་པའི་ཕྱིར། ཞེ་ན་དེ་མི་སྲིད་པ་མ་ཡིན་ཏེ། གཟུགས་ཁམས་ཀྱི་གཉེན་པོ་འགོག་ལམ་ལ་ཆོས་ཤེས་དེ་འདོད་པ་ལ་ཆགས་བྲལ་བྱས་མ་ཟིན་པའི་ཚེ་ན། ཁམས་གཉིས་ཀའི་གཉེན་པོ་དང་ཆོས་ཤེས་ཀྱི་གཞི་མཐུན་པར་འཇོག་ཀྱང༌། དེ་ལ་ཆགས་བྲལ་བྱས་རྗེས་སུ་ནི་རྗེས་ཤེས་ཁོ་ནར་འཇོག་པའི་ཕྱིར། དཔེར་ན་ཉེར་བསྡོགས་མི་ལྕོགས་མེད་པ་བཞིན་ནོ། །གསུམ་པ་ནི་འོ་ན་མཐོང་ལམ་ཆོས་ཤེས་ཀྱང་ཁམས་གསུམ་ཀའི་གཉེན་པོར་མཚུངས་སོ། །ཞེ་ན། མ་ཡིན་ཏེ། ཁམས་གོང་མའི་སྒོམ་སྤང་གི་གཉེན་པོ་བྱེད་པ་ལ་ནི། སྒོམ་ལམ་གྱི་དུས་སུ་མཐོང་ལམ་ཆོས་ཤེས་བཏང་ཟིན་ནས་མེད་ལ། ཁམས་གོང་མའི་མཐོང་སྤང་གི་གཉེན་པོར་ནི་མི་བྱེད་དེ། ཁམས་གོང་འོག་གི་བདེན་པ་ལ་ལོག་ཞུགས་རིགས་ཐ་དད་པའི་ཕྱིར། དཔེར་ན་ཐག་པ་ལ་སྦྲུལ་དུ་ཤེས་པས། མཐོ་ཡོར་ལ་མིར་འཛིན་མི་ལྡོག་པ་བཞིན། དེ་ནས། ཇི་སྐད་དུ། ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག་ཀུན་རྫོབ་ནི། །དེ་བཞིན་གཞན་དུའང་རང་རང་གི །བདེན་པའི་རྣམ་པས་བཞི་ཡིན་ནོ། །ཞེས་པ་དེར་ཀུན་རྫོབ་ཤེས་པ་ལ་བཅུ་དྲུག་གི་རྣམ་པ་ཅན་བཤད་པས་དོན་ཤེས་པར་འགྱུར་རོ། །ཞེ་ན། ཉེས་པ་མེད་དེ། ངེས་འབྱེད་ཆ་མཐུན་ན་ཡོད་པའི་རྣམ་པ་བཅུ་དྲུག་ནི་ཀུན་རྫོབ་ཤེས་པ་ལས་མ་འདས་པའི་ཕྱིར། བདེན་པའི་རྣམ་པ་ཅན་མ་ཡིན་པ་གཞན་ཡང་ཡོད་དེ། ཚ་བ་དང༌། གཤེར་བ་སོགས་རང་གི་མཚན་ཉིད་དང༌། དོན་བྱེད་ནུས་པ་དང༌། རྡུལ་དུ་གྲུབ་པ་སོགས་སྤྱིའི་མཚན་ཉིད་ཀྱང་འཛིན་པའི་ཕྱིར་དང༌། དེ་དག་གང་ཡང་མ་ཡིན་པ་བུམ་སྣམ་སོགས་དང་ཟོ་ཤིག་དང༌། འདུག་གཅིག་ལ་སོགས་པའི་རྣམ་པ་ཅན་ཡང་སྲིད་དོ། །བདེན་པ་བཞི་ཤེས་དང༌། ཕ་རོལ་སེམས་ཤེས་དྲི་མེད་རྣམས་ནི། རང་རང་གི་རྣམ་པ་བཞི་པ་ཅན་ཡིན་གྱི་བཅུ་དྲུག་ཚང་བ་ནི་མ་ཡིན་ནོ། །ཞེས་པར་གོང་དེར། རྣམ་པ་བཅུ་དྲུག་ཞེས་པའི་དམིགས་ཀྱིས་བསལ་བ་ཡིན་ཏེ། ཆོས་ཤེས་དང་རྗེས་ཤེས་སྤྱི་ཙམ་ནས་རྣམ་པ་བཅུ་དྲུག་ཚང་བ་ཡིན་གྱི། སོ་སོ་ལ་མ་ཡིན་པའི་ཕྱིར། རྫས་རེ་རེ་ཞིང་སྤྱོད་ཡུལ་ལོ། །ཞེས་པ། སེམས་ཤེས་ཟག་བཅས་དང་ཟག་མེད་གང་ཡིན་ཀྱང༌། སེམས་འཛིན་པའི་ཚེ་སེམས་བྱུང་མི་འཛིན། ཚོར་བ་འཛིན་པའི་ཚེ་འདུ་ཤེས་མི་འཛིན་པ་སོགས་ལ་བསམས་པའོ། །མདོར་ན་ཕ་རོལ་སེམས་ཤེས་ཐམས་ཅད་ནི། ཡུལ་ཟག་བཅས་དང་ཟག་མེད། རྣམ་པ་རང་གི་མཚན་ཉིད་ཁོ་ན་དང༌། དུས་ད་ལྟར་བ་དང༌། ཤེས་བྱ་ཕ་རོལ་གྱི་རྒྱུད་ཀྱིས་བསྡུས་པ་དང༌། ས་བསམ་གཏན་གྱི་དངོས་གཞི་དང༌། རྟེན་ཁམས་གོང་མ་གཉིས་དང༌། ལམ་སྒོམ་ལམ་གྱི་སྦྱོར་བ་དང༌། རྣམ་གྲོལ་དང༌། ཁྱད་པར་གྱི་ལམ་གང་རུང་ཡིན་གྱི། མཐོང་ལམ་དང༌། བསམ་གཏན་གྱི་ཉེར་བསྡོགས་དང༌། བར་ཆད་མེད་ལམ་དང༌། ཟད་མི་སྐྱེ་ཤེས་པ་རྣམས་ལ་མི་སྲིད་དོ། །ཡུལ་གཟུགས་སྒྲ་སོགས་དང༌། སྤྱིའི་མཚན་ཉིད་མི་རྟག་པ་སོགས་དང༌། འདས་མ་འོངས་དང༌། རང་གི་རྒྱུ་དང༌། གཟུགས་མེད་ལ་དམིགས་པ་མི་སྲིད་དོ། །སེམས་ཤེས་ཟག་མེད་ལམ་བདེན་གྱི་རྣམ་པ་ཅན་དུ་བཤད་པ་ཡང༌། སྨོན་པ་མེད་པའི་རྣམ་པ་ཅན་ཡིན་གྱི། སྟོང་པ་དང་མཚན་མེད་ཀྱི་རྣམ་པ་ཅན་ནི་མ་ཡིན་ཏེ། དེ་དག་ནི་སྡུག་བསྔལ་དང་འགོག་བདེན་གྱི་རྣམ་པར་གྱུར་པའི་ཕྱིར་རོ། །རྫས་རེ་རེ་བའི་ཡུལ་ཅན་ཡིན་པ་དེ་ལྟ་ན། ཁམས་མང་པོ་པའི་མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ། །ཞེས་དང༌། དེ་དང་བྲལ་བའི་སེམས་ལ་བྲལ་བའི་སེམས་སོ། །ཞེས་ཤེས་པར་འཆད་པ་དང་འགལ་ལོ། །སྙམ་ན། དེ་ལྟར་ཤེས་པའི་ཚེ། གཉིས་པོ་གཅིག་ཆར་དུ་འཛིན་པ་མ་ཡིན་ཏེ། དཔེར་ན་གོས་དྲི་མ་ཅན་ནོ་སྙམ་དུ་འཛིན་པ་དེའི་ཚེ། གོས་སོ་སྙམ་པའི་བློས་དྲི་མའོ། །སྙམ་པའི་གོས་མི་འཛིན་པ་བཞིན་ནོ། །འདིར་འདོད་ཆགས་དང་བཅས་པ་ཞེས་པ་ནི། གཉིས་ཏེ། འདྲེས་པའི་འདོད་ཆགས་དང་བཅས་པ་དང༌། ལྡན་པའི་འདོད་ཆགས་དང་བཅས་པའོ། །དང་པོ་ནི། འདོད་ཆགས་དང་མཚུངས་པར་ལྡན་པའི་ཆོས་སོ། །གཉིས་པ་ནི། མཚུངས་པར་མི་ལྡན་ཀྱང༌། གང་ལ་དམིགས་ནས་འདོད་ཆགས་རྒྱས་འགྱུར་གྱི་དངོས་པོའོ། །དེ་ལྟར་གཉིས་ཀྱི་ནང་ནས། བཅས་པ་ནི་ལྡན་པའི་འདོད་ཆགས་དང་བཅས་པ་ཡིན་ལ། བྲལ་བ་ནི་འདྲེས་ལྡན་གཉིས་ཀ་དང་བྲལ་བ་སྟེ། ཟག་པ་མེད་པའི་སེམས་སོ། །ལྷག་མ་རྣམ་པ་བཅུ་བཞི་ཅན། །སྟོང་དང་བདག་མེད་མ་གཏོགས་སོ། །ཞེས་པར་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་བདག་མེད་གཉིས་མངོན་སུམ་མ་རྟོགས་པར་བཤད་པ་དེའི་དོན་ནི། འགྲེལ་བར། དེ་གཉིས་ནི་དོན་དམ་པ་དག་ཡིན་གྱི། དེ་དག་གི་སྟོབས་ཀྱིས་རྗེས་སུ་ཐ་སྙད་འདོགས་པའི་སྒོ་ནས་བདག་གི་སྐྱེ་བ་ཟད་དོ། །འདི་ལས་སྲིད་པ་གཞན་རབ་ཏུ་མི་ཤེས་སོ། །ཞེས་ཀུན་རྫོབ་པ་བརྟེན་པའི་ཕྱིར། ཞེས་བཤད་པའི་དོན་ནི། ཤེས་པ་གཉིས་པོའི་རྗེས་ཐོབ་ཏུ་བདག་དང་བདག་གི་བའི་ཐ་སྙད་འདོགས་པའི་ཕྱིར། མཉམ་གཞག་ཀྱང་དེ་དང་མཐུན་དགོས་པས། མཉམ་གཞག་ཏུ་སྟོང་བདག་མེད་ཀྱི་རྣམ་པ་ཅན་དུ་མི་འབྱུང་ཞེས་པའོ། །འདི་ལྟར་ན། མི་སློབ་པའི་ལམ་དུ་བར་ཆད་མེད་ལམ་མ་གཏོགས་པར་འགྱུར་བ་དང༌། བདག་ཡོད་པ་ཉིད་དུ་འགྱུར་ཏེ། རྗེས་ཐོབ་ཀྱི་ཤེས་པ་དེ་ལྟར་སྐྱེ་བའི་རྒྱུ་མཚན་གྱི་མཉམ་གཞག་ཏུ་བདག་མེད་རྟོགས་པ་དཀག་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་བདག་མེད་མངོན་སུམ་དུ་རྟོགས་པར་འཇོག་པའི་ཕྱིར་དང༌། རྗེས་ཐོབ་ཏུ་ཐ་སྙད་དེ་ལྟར་འདོགས་པ་ན་བཏགས་ཡོད་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཕུང་པོའི་རྒྱུན་ལ་བདག་མེད་ཅེས་བཏགས་པའི་ཕྱིར། དེ་དེར་ཁས་ལེན་པ་ནི་མ་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་དང་འགལ་བའི་ཕྱིར། གཞན་ཡོད་ཅེས་པ་བསྟན་བཅོས་ལས། །ཞེས་པར། ཉི་འོག་པ་རྣམས་ན་རེ། ཟག་མེད་ཀྱི་རྣམ་པ་ལ་བཅུ་དྲུག་ལས་གཞན་ཡང་ཡོད་དེ། བསྟན་བཅོས་ལས། ཇི་སྐད་དུ། རིགས་པས་བསྐྱེད་པའི་སྒོ་ནས། མི་རྟག་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་དང༌། འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ། །ཞེས་བྱ་བར་ཤེས་པར་འགྱུར་རོ། །ཞེས་བཤད་པས་སོ། །དེར་གནས་ནི་མཚན་ཉིད་དང༌། གཞི་ནི་རྒྱུའོ། །ཞེས་འཆད་དོ། །རྫས་སུ་རྣམ་པ་བཅུ་དྲུག་གོ །ཞེས་པ། གཞན་དག་རྫས་ཀྱི་སྒོ་ནས་བདུན་ཡིན་ཞེས་ཟེར་བ་དེ་མི་འཐད་པར་སྟོན་པའོ། །བདུན་ནི། སྡུག་བདེན་གྱི་རྣམ་པ་བཞི་དང༌། གཞན་གསུམ་ལ་རེ་རེ་སྟེ། རྒྱུ་དང༌། འགོག་པ་དང༌། ལམ་མོ། །གསུམ་པ་རྣམ་པ་ནི། རྣམ་པ་ཤེས་རབ་དང་བཅས་པའི། །དམིགས་དང་བཅས་པ་འཛིན་པར་བྱེད། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །ཞེས་པ་འདིར། རྣམ་པ་དང༌། འཛིན་པ་དང༌། གཟུང་བྱ་གསུམ་བཤད། དམིགས་བཅས་ཞེས་པ་ནི་ཤེས་རབ་ལས་གཞན་པའི་སེམས་བྱུང་ཐམས་ཅད་དོ། །རྣམ་པའི་ངོས་འཛིན་ནི་ཤེས་རབ་ཁོ་ནའོ། །དམིགས་བཅས་ཐམས་ཅད་ནི་རྣམ་པ་དང་བཅས་པ་ཡང་ཡིན་ཏེ། ཤེས་རབ་ནི་ས་མང་པོ་པ་ཡིན་པས་དེ་དང་མི་ལྡན་པ་མི་སྲིད་པའི་ཕྱིར། གསུམ་པོ་དེ་དག་གི་མཚན་ཉིད་ནི། གང་ཡོད་པ་ཐམས་ཅད་ནི་གཟུང་བྱ་ཡིན་ལ། དེ་ལ་འཛིན་པ་དང་རྣམ་པ་ནི་ཡིན་མིན་གཉིས་སུ་འགྱུར་རོ། །དེར་ཡང་ཤེས་རབ་ནི་རྣམ་པ་དང་འཛིན་པར་བྱེད་པ་དང༌། གཟུང་བྱ་གསུམ་ཀ་ཡིན་ལ། དེ་ལས་གཞན་པའི་དམིགས་བཅས་རྣམས་ནི་འཛིན་པ་དང་བཟུང་བར་བྱ་བ་གཉིས་པོ་ཁོ་ནའོ། །དམིགས་མེད་རྣམས་ནི་བཟུང་བྱ་ཁོ་ན་ཡིན་གྱི། གཉིས་པོ་གང་དུ་ཡང་མི་རུང་ངོ༌། །འགྲེལ་པ་ལས། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་དམིགས་པ་འཛིན་པའི་བྱེ་བྲག་ནི་རྣམ་པ་ཡིན་ནོ། །ཞེས་བྱ་བ་ནི་རིགས་པར་འགྱུར་རོ། །ཞེས་བཤད་པ་དེ་མདོ་སྡེ་པའི་ལུགས་སོ། །ཞེས་གསུངས་ཡང༌། སློབ་དཔོན་རང་གིས་བྱེ་སྨྲའི་ལུགས་བཞག་པའོ། །ལུགས་སྔ་མ་ལ་སྐྱོན་བརྗོད་པ་ནི། འོ་ན་ཤེས་རབ་རྣམ་བཅས་མ་ཡིན་པར་འགྱུར་ཏེ། ཤེས་རབ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར། ཞེས་པའོ། །བཞི་པ་ས་དང་རྟེན་སོགས་བཤད་པ་ནི། དང་པོ་རྣམ་གསུམ་གཞན་རྣམ་དག །དང་པོ་ས་རྣམས་ཐམས་ཅད་ན། །དྲུག་ན་ཆོས་ཤེས་བྱ་བའོ། །དགུ་ན་རྗེས་ཤེས་དེ་བཞིན་དྲུག །གཞན་ཡིད་ཤེས་པ་བསམ་གཏན་བཞི། །དེ་ནི་འདོད་དང་གཟུགས་རྟེན་ཅན། །ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཁམས་གསུམ་པ་ཡི་རྟེན་ཅན་གཞན། །ཞེས་པའོ། །ཁམས་གོང་མ་གཉིས་སུ་ནི་ཆོས་ཤེས་མངོན་དུ་མི་བྱེད་དེ། གཟུགས་མེད་དུ་སྐྱེས་པ་ནི་འདོད་པ་ལ་མི་དམིགས་པའི་ཕྱིར་དང༌། གཟུགས་ཁམས་སུ་སྐྱེས་པ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པས་དགོས་པ་མེད་པའི་ཕྱིར། འདོད་ཁམས་ཀྱི་རྟེན་ལ་ནི་ཕུང་པོའི་ལྷག་མ་ལུས་པས་ཆོས་ཤེས་མངོན་སུམ་དུ་བྱེད་པ་ཡོད་དོ། །ཡང་ན། ཆོས་ཤེས་ཀྱི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་ཀྱི་རྟེན་ནི་འདོད་པའི་འབྱུང་བ་བཞི་ཡིན་པས་ཁམས་གོང་མ་ན་དེ་དག་མེད་པའི་ཕྱིར་རོ། །ལྔ་པ་ནི་འགོག་བློ་དྲན་པ་ཉེར་གཞག་པ། །གཅིག་སྟེ་ཕ་རོལ་སེམས་བློ་ནི། །གསུམ་པོ་ལྷག་མ་བཞི་ཡིན་ནོ། །ཞེས་པ། མདོར་ན་ཟག་མེད་ཀྱི་ཤེས་པ་ཐམས་ཅད་ནི་དྲན་པ་ཉེར་གཞག་གི་ངོ་བོར་སྐྱེ་བས་ཁྱབ་ལ། ཀུན་རྫོབ་ཤེས་པའི་ཕྱོགས་གཅིག་ངེས་འབྱེད་ཆ་མཐུན་གྱིས་བསྡུས་པ་རྣམས་ཀྱང་གོང་དུ་བཤད་པ་ལྟར་དྲན་པ་ཉེར་གཞག་གི་ངོ་བོ་ཉིད་དུ་གནས་སོ། །དྲུག་པ་ནི། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ། །བཞི་ཡི་བཅུ་ཡིན་གཅིག་གི་མིན། །ཅུང་ཟད་དམིགས་ཀྱིས་བསལ་བ་ནི། ཕ་རོལ་སེམས་ཤེས་ཟག་མེད་ཀྱི་དམིགས་པ་ནི་དགུ་ཡིན་ལ། ཟག་བཅས་ཀྱི་དམིགས་པ་ནི། ཀུན་རྫོབ་ཤེས་པ་དང༌། ཕ་རོལ་སེམས་ཤེས་ཟག་བཅས་སོ། །དགུ་ཡིན་ནོ། །ཞེས་པ་ལ། གཅིག་ནི། ཆོས་རྗེས་ཕན་ཚུན་བློ་ཕྱོགས་མིན། །ཞེས་པས་བཀག་ཟིན་ལ། གཞན་དགུ་ནི་འདི་ལྟར། ལམ་ལ་ཆོས་ཤེས་ཀྱིས་ནི་ལམ་ཤེས་པ་ལས་འོས་མེད་ལ། ལམ་གྱི་ནང་ན་བདེན་པ་བཞི་ཤེས་དང༌། ཟད་མི་སྐྱེ་ཤེས་པ་གཉིས་དང༌། ཕ་རོལ་སེམས་ཤེས་ཟག་མེད་རྣམས་ཡོད་པས་ཤེས་པ་བདུན་ལ་དམིགས་ཤིང༌། སྡུག་ཀུན་ཆོས་ཤེས་ཀྱིས་ནི་སྡུག་ཀུན་གང་རུང་དུ་བསྡུས་པའི་ཀུན་རྫོབ་ཤེས་པ་དང༌། ཕ་རོལ་སེམས་ཤེས་ཟག་བཅས་ལ་དམིགས་པའི་ཕྱིར། ཞེས་བཤད་པར་བྱ་བ་ཡིན་གྱི། ཆོས་ཤེས་དང་རྗེས་ཤེས་ཀྱི་རང་ལྡོག་ནས་དེ་ཉིད་ཀྱིས་དེ་ཉིད་རྗེས་ཤེས་བཟུང་བར་མི་བྱའོ། །འོ་ན་དགུ་ཇི་ལྟར་ཚང་ཞེ་ན། ཕ་རོལ་སེམས་ཤེས་ལ་ཟག་བཅས་དང་ཟག་མེད་གཉིས་སུ་ཕྱེ་བའོ། །གཞན་ཡང༌། ཆོས་བཅུ་དག་ནི་སྦྱར་བར་བྱ། །ཁམས་གསུམ་པ་དང་དྲི་མེད་ཆོས། །འདུས་མ་བྱས་རྣམས་གཉིས་གཉིས་སོ། །ཞེས་པ། དང་པོ་བཞི་ལ་མཚུངས་ལྡན་ཡིན་མིན་གཉིས་གཉིས་དང༌། འདུས་མ་བྱས་ལ་དགེ་བ་དང་ལུང་མ་བསྟན་གཉིས་སུ་ཕྱེ་བའོ། །དེ་ཡང་དགེ་བ་ནི་སོ་སོར་བརྟགས་འགོག་དང༌། ལུང་མ་བསྟན་ནི་ནམ་མཁའ་དང༌། བརྟགས་མིན་གྱི་འགོག་པའོ། །ཆོས་བཅུ་དང་ཤེས་པ་བཅུ་ཡུལ་དུ་ཇི་ལྟར་སྦྱོར་ཞེ་ན། ཀུན་རྫོབ་ཤེས་པའི་ཡུལ་དུ་བཅུ་པོ་ཐམས་ཅད་དང༌། ཆོས་ཤེས་ཀྱི་ཡུལ་དུ། འདོད་པ་དང༌། ཟག་མེད་འདུས་བྱས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ། བཞི་དང༌། འདུས་མ་བྱས་དགེ་བ་སྟེ་ལྔའོ། །རྗེས་ཤེས་ཀྱི་ཡུལ་དུ་ཁམས་གོང་མ་གཉིས་ཀྱི་མཚུངས་ལྡན་ཡིན་མིན་བཞི་དང༌། ཟག་མེད་འདུས་བྱས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་ཏེ་དྲུག་དང༌། འདུས་མ་བྱས་དགེ་བ་སྟེ་བདུན་ནོ། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་གཉིས་ཀྱི་ཡུལ་དུ་ནི། ཁམས་གསུམ་གྱི་ཆོས་དྲུག་དྲུག་དང༌། འགོག་པ་ཤེས་པའི་ཡུལ་དུ་འདུས་མ་བྱས་གཅིག་པུ་དང༌། ལམ་ཤེས་པའི་ཡུལ་དུ་ཟག་མེད་འདུས་བྱས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་དང༌། ཕ་རོལ་སེམས་ཤེས་ཀྱི་ཡུལ་དུ་འདོད་གཟུགས་དང༌། ཟག་མེད་ཀྱི་མཚུངས་ལྡན་གསུམ་དང༌། ཟད་མི་སྐྱེ་ཤེས་ཀྱི་ཡུལ་དུ་ནི། འདུས་མ་བྱས་སུ་གྱུར་པའི་ལུང་མ་བསྟན་མ་གཏོགས་པ་དགུ་པོ་ཡུལ་དུ་བྱེད་དོ། །དེ་དེར་མི་བྱེད་པའི་འདུ་བྱེད་ནི། གཉིས་པོ་ནི་བདེན་པ་བཞི་པོ་ཁོ་ན་ལ་དམིགས་ལ་ནམ་མཁའ་དང་བརྟགས་མིན་ནི་བདེན་པ་བཞིར་མ་འདུས་པའི་ཕྱིར། གལ་ཏེ་ཤེས་པ་གཅིག་གི་ཆོས་ཐམས་ཅད་གཅིག་ཆར་དུ་ཤེས་པ་ཡོད་དམ་ཞེ་ན། མེད་དེ། མདོ་སྡེ། དགེ་སྦྱོང་ངམ། བྲམ་ཟེ་ཡང་རུང༌། གང་གཅིག་ཆར་ཐམས་ཅད་ཤེས་པའམ། མཐོང་བ་དེ་ནི་འགའ་ཡང་མེད་དོ། །ཞེས་སོགས། འོན་ཀྱང༌། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །དེ་ཡི་རང་གི་ཚོགས་ནི་རང་གི་ངོ་བོ་དང༌། དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཡིན་ཏེ། དེ་དག་ནི་ཡུལ་དང༌། ཡུལ་ཅན་ཐ་མི་དད་པའི་ཕྱིར་དང༌། དམིགས་པ་གཅིག་པའི་ཕྱིར་དང༌། ཧ་ཅང་ཉེ་བར་མི་འཛིན་ཏོ། །དེ་ཡང་འདོད་པ་ན་སྤྱོད་པའི་ཐོས་པ་དང་བསམ་པ་ལས་བྱུང་བ་ཡིན་ནོ། །སྒོམ་པ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་ས་རྣམ་པར་ཆད་པ་ལ་དམིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ལས། ཅིག་ཆར་འདོད་ཆགས་དང་བྲལ་བར་འགྱུར་རོ། །ཞེས་གསུངས། རང་ཚོགས་ཞེས་པ་ལ། གསུམ་སྟེ། རང་གི་ངོ་བོ་དང༌། རང་དང་མཚུངས་ལྡན་དང༌། ལྡན་མིན་འདུ་བྱེད་རྣམས་སོ། །དེ་དག་མི་རིགས་པའི་རྒྱུ་མཚན་ནི། རང་ཉིད་རང་གི་ཡུལ་མ་ཡིན་པ་དང༌། མཚུངས་ལྡན་ལ་དམིགས་ན་རང་གི་རང་ལ་དམིགས་པར་ཡང་འགྱུར་ཏེ། རང་དང་མཚུངས་ལྡན་རྣམས་དམིགས་པ་གཅིག་ལ་འཇུག་པའི་ཕྱིར། རང་ཕྱོགས་ཀྱི་ལྡན་མིན་ཀྱང་མི་འཛིན་ཏེ། ཧ་ཅང་ཉེ་བའི་ཕྱིར། འདིར་བསྟན་གྱི་ཀུན་རྫོབ་ཞེས་པ་འདི་ཡང༌། ཐོས་བསམ་གྱི་དབང་དུ་བྱས་པ་ཡིན་གྱི། སྒོམ་བྱུང་ནི་མ་ཡིན་ཏེ། ཇི་སྐད་དུ། གོང་དང་འོག་སའི་སྤྱོད་ཡུལ་ཅན། །ཞེས་པ་རྣམ་པར་འཆད་པ་ལ་དམིགས་པའི་ཕྱིར། དེའི་དོན་ཀྱང༌། ཀུན་རྫོབ་ཤེས་པ་སྒོམ་བྱུང་ནི། ཞི་རགས་ཀྱི་རྣམ་པ་ཅན་ཡིན་ལ། དེའི་ཚེ་ན་བར་ཆད་མེད་ལམ་གྱིས་འོག་ས་དང༌། རྣམ་གྲོལ་ལམ་གྱིས་གོང་ས་ཁོ་ན་ལ་དམིགས་པར་བཤད་པའོ། །བདུན་པ་ནི། གང་ཟག་གང་ཞིག་ཤེས་པ་དུ་དང་ལྡན་ཞེ་ན། སོ་སོ་སྐྱེ་བོ་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ལ། ཆགས་བྲལ་ཞིག་ཡིན་ན་ཕ་རོལ་སེམས་ཤེས་དང་ཡང་ལྡན་ནོ། །འཕགས་པའི་དབང་དུ་བྱས་པ་ནི། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་བྲལ་ཤེས་པ་གཅིག་དང་ལྡན། །གཉིས་པ་ལ་གསུམ་ཡན་ཆད་ནི། །བཞི་ལ་རེ་རེ་འཕེལ་དང་ལྡན། །ཞེས་པ། འདོད་པ་ལ་ཆགས་བྲལ་སྔོན་དུ་མ་སོང་བའི་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ་ནི། ཀུན་རྫོབ་པ་གཅིག་པུ་དང་ལྡན། གཞན་ནི་མི་ལྡན་ཏེ། དྲི་མེད་བཟོད་རྣམ་ཤེས་པ་མིན། །ཞེས་འཆད་པའི་ཕྱིར་རོ། །སྐད་ཅིག་གཉིས་པ་སྡུག་བསྔལ་ལ་ཆོས་ཤེས་ཀྱི་ཚེ་ནི། ཆོས་ཤེས་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་སྟེ་གསུམ་དང་ལྡན་ནོ། །དེ་ནས་སྡུག་བསྔལ་ལ་རྗེས་ཤེས་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ཆོས་ཤེས་ཏེ་བཞི་པོ་ལ་ནི་སྔ་མ་གསུམ་པོ་དེའི་སྟེང་དུ་རེ་རེ་འཕེལ་བས་བཞི་དང༌། ལྔ་དང༌། དྲུག་དང༌། བདུན་དང་ལྡན་ནོ། །ཆགས་བྲལ་སྔོན་སོང་ཡིན་ན་ཕ་རོལ་སེམས་ཤེས་ལྷག་པར་བསྣན་ནོ། །བཟོད་པ་ཕྱི་མ་བདུན་དང༌། རྗེས་ཤེས་ཕྱི་མ་གསུམ་ལ་ནི་གྲངས་གསར་དུ་འཕེལ་རྒྱུ་མེད་དེ། བཟོད་པ་ནི་ཤེས་པ་མ་ཡིན་ཞིང༌། རྗེས་ཤེས་ཀྱི་རྫས་གསར་དུ་སྐྱེ་བ་ཡོད་ཀྱང༌། རིགས་གོང་དུ་དྲངས་ཟིན་པའི་ཕྱིར། བཅུ་དྲུག་པའི་ཚེ་ནི། རྗེས་ཤེས་ལྡན་ཀྱང༌། ཟག་མེད་ཀྱི་ཤེས་པ་སྔར་ལྡན་པ་དེ་རྣམས་བཏང་བ་ཡིན་ཏེ། འཕགས་པ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་གསུངས་པའི་ཕྱིར། ཡང་ན། དེའི་ཚེ་མཐོང་ལམ་གྱིས་བསྡུས་པའི་ཤེས་པ་སྔ་མ་རྣམས་བཏང་ཡང༌། སྒོམ་ལམ་གྱིས་བསྡུས་པ་གཅིག་ཐོབ་པར་བཤད་པས་ཆོག་པ་ཡིན་ཏེ། སྐབས་དེར་ཤེས་པ་བརྒྱད་ཚན་ཐོབ་པར་འཆད་དགོས་པ་དང༌། ཆགས་བཅས་བཅུ་དྲུག་པ་ལ་དྲུག །ཅེས་འཆད་པའི་ཕྱིར། བརྒྱད་པ་ཐོབ་ཚུལ་ནི། ཡང་གནས་སྐབས་གང་དུ་ཤེས་པ་དུ་ཞིག་འཐོབ་ཅེ་ན། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་འཐོབ་དེ་ཉིད་ལ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང༌། །དེ་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། །ཞེས་པ། མཐོང་ལམ་དུ་གྱུར་པའི་བཟོད་ཤེས་སྐྱེས་པ་ས་གང་ལ་བརྟེན་པ་དེ་ནི་ད་ལྟ་བ་དང་མ་འོངས་པ་གཉིས་ཀྱང་ཐོབ་ལ། ས་གཞན་ལ་བརྟེན་པ་ནི་མ་འོངས་པ་ཁོ་ན་འཐོབ་སྟེ། མ་འདྲིས་པའི་ཕྱིར། དེ་ཡང་མི་སྐྱེ་བའི་ཆོས་ཅན་ཁོ་ན་ཡིན་གྱི། སྐྱེ་བའི་ཆོས་ཅན་ནི་མ་ཡིན་ཏེ། རྒྱུད་གཅིག་ལ་མཐོང་ལམ་ལན་དུ་མ་སྐྱེ་བར་ཐལ་བས་སོ། །འགྲེལ་པ་ལས། མཐོང་བའི་ལམ་ལ་བཟོད་པའམ། ཤེས་པ་གང་དང་གང་སྐྱེས་པ་དེ་དང་འདྲ་བ་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ན་འཐོབ་པར་འགྱུར་རོ། །དེའི་ཕྱིར་མཐོང་བའི་ལམ་ལ་ཤེས་པ་དང་རྣམ་པ་འདྲ་བ་ཁོ་ན་འཐོབ་ཅེ་ན། རིགས་རྣམས་མ་འཐོབ་པའི་ཕྱིར་རོ། །ཞེས་བཤད་པ་དེའི་དོན་ནི། སྤྱིར་བཟོད་པའི་རྗེས་སུ་བཟོད་པ་དང༌། ཤེས་པའི་རྗེས་སུ་ཤེས་པ་ཁོ་ན་ཡིན་གྱི། ཕན་ཚུན་དུ་མ་ཡིན་པ་དང༌། དེ་ལས་ཀྱང་སྡུག་བསྔལ་ལ་རྗེས་བཟོད་ཀྱི་རྗེས་སུ་དེ་ཉིད་ཀྱི་རིགས་འདྲ་ཡིན་གྱི་གཞན་མ་ཡིན་པ་ལྟ་བུའོ། །དེའི་ཤེས་བྱེད་ཆོས་བཟོད་ཀྱི་ཚེ། ཆོས་ཤེས་ཀྱི་རིགས་སྔར་ཐོབ་མ་མྱོང་བ་དང༌། རྗེས་བཟོད་ཀྱི་ཚེ་རྗེས་ཤེས་ཀྱི་རིགས་སྔར་ཐོབ་མ་མྱོང་བའི་ཕྱིར། ཞེས་པའོ། །དེའི་ཤུགས་ལ་སྒོམ་ལམ་རྗེས་ཤེས་ཀྱི་ཚེ་ཆོས་ཤེས་མ་འོངས་པའི་ཐོབ་པ་དང༌། ཆོས་ཤེས་ཀྱི་ཚེ་རྗེས་ཤེས་མ་འོངས་པའི་ཐོབ་པ་རྙེད་པ་ལ་སོགས་པའོ། །འདིར་སྐྱེས་པ་དང་མ་འོངས་པ་ཞེས་པས་འདས་པ་རྣམས་མ་ཐོབ་པར་འཕངས་སོ། །དེའི་ཕྱིར་བཅུ་དྲུག་པའི་ཚེ་ཤེས་པ་བརྒྱད་ཚན་འཐོབ་པར་བཤད་པ་དེའང༌། ད་ལྟར་བ་དང་མ་འོངས་པ་ཡིན་གྱི། འདས་པ་ནི་མ་ཡིན་ཏེ། ཡིན་ན་སྒོམ་ལམ་གྱི་ཚེ་མཐོང་ལམ་སླར་རྙེད་པར་ཐལ་བའི་ཕྱིར་རོ། །དེ་ཡི་རྣམ་པ་བཞི་ཁོ་ན། །ཞེས་པ་ཡང༌། བཟོད་ཤེས་ད་ལྟར་བ་དེ་བདེན་པ་སོ་སོའི་རྣམ་པ་མི་རྟག་སོགས་བཞི་པོ་གང་གི་ཡིན་པ་དེ་དང་འདྲ་བར་མ་འོངས་པའང་བཞི་པོ་དེ་ཉིད་ཀྱི་རྣམ་པ་ཅན་དུ་འཐོབ་ཀྱི། ད་ལྟར་བ་ལ་མེད་པའི་རྒྱུ་སོགས་གཞན་གྱི་རྣམ་པ་ཅན་འཐོབ་པ་ནི་མེད་དོ། །དེའི་ཤུགས་ལ་སྒོམ་ལམ་ཆོས་ཤེས་ད་ལྟར་བ་མི་རྟག་སོགས་བཞིའི་རྣམ་པ་ཅན་སྐྱེས་པ་དེའི་དུས་སུ་མ་འོངས་པ་རིགས་འདྲ་བ་དང་མི་འདྲ་བ་གང་ཐོབ་ཀྱང༌། ད་ལྟར་བ་དེ་ལ་མེད་པའི་གཞན་གྱི་རྣམ་པ་ཅན་འཐོབ་ཅེས་འཕངས་སོ། །འོ་ན་མཐོང་ལམ་གྱི་དུས་སུ་མ་འོངས་པའི་ཤེས་པ་རིགས་མི་འདྲ་བ་མི་འཐོབ་པས་ཁྱབ་པ་ཡོད་དམ་མེད་ཞེ་ན། དེར་མ་ངེས་ཏེ། རྗེས་ཤེས་དང་པོ་གསུམ་གྱི་དུས་སུ་ཀུན་རྫོབ་ཤེས་པ་མ་འོངས་པ་ཐོབ་པ་གསར་དུ་རྙེད་དོ། །འདི་ཡང་སྔར་སྦྱོར་ལམ་གྱི་དུས་ནས་ལྡན་པའི་ཀུན་རྫོབ་ཤེས་པ་འཐོབ་པར་བཤད་པ་ནི་མ་ཡིན་ཏེ། སྔོན་རྙེད་མི་འཐོབ་བོ། །ཞེས་བཤད་པའི་ཕྱིར། ཆོས་ཤེས་ཀྱི་ཚེ་ནི་དེ་རྙེད་པ་མ་ཡིན་ཏེ། རང་རང་གི་བདེན་པ་ཟད་པར་མ་རྟོགས་པའི་ཕྱིར། དེའི་ཕྱིར་ཀུན་རྫོབ་ཤེས་པ་མ་འོངས་པ་འདི་ལ་མངོན་པར་རྟོགས་པའི་མཐའ་ཞེས་བྱའོ། །ལམ་ལ་རྗེས་ཤེས་ཀྱི་དུས་སུ་འདི་མི་འཐོབ་སྟེ། ལམ་ཟད་པར་སྒོམ་པ་མི་སྲིད་པས་དེའི་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར། འོ་ན་ཀུན་འབྱུང་སྤངས་པ་ལ་ཡང་མངོན་པར་རྟོགས་པའི་མཐའ་མེད་པར་འགྱུར་ཏེ། དེ་ཐམས་ཅད་སྤངས་པ་མི་སྲིད་པའི་ཕྱིར་སྙམ་ན། མི་མཚུངས་ཏེ། ཀུན་འབྱུང་མཐོང་སྤངས་མ་ལུས་པར་སྤངས་པ་སྲིད་པའི་ཕྱིར། ཅིག་ཤོས་ལ་ཡང་མཚུངས་སོ་སྙམ་ན། དེ་སྤངས་པ་སྲིད་ཀྱང༌། དེའི་གཉེན་པོར་ལམ་མཐའ་དག་སྒོམ་མི་ནུས་པའི་ཕྱིར་ཁྱད་པར་ཡོད་དོ། །ཞེས་གསུངས་མོད། དེ་ཉིད་སླར་ཡང་མཚུངས་པར་འདྲ་བས་ཞིབ་མོར་བརྟག་དགོས་སོ། །ཆོས་མངོན་པ་པ་རྣམས་ན་རེ། ཀུན་རྫོབ་ཤེས་པ་འདི་ནི་མཐོང་ལམ་གྱི་འཁོར་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། དེ་ནི་བསྒྲུབ་བྱ་ཡིན་གྱི། སྒྲུབ་བྱེད་མ་ཡིན་ནོ། །ཞེས་འགྲེལ་པར་གསུངས་སོ། །དེས་ན་འདི་ལྟར་འཆད་ནུས་པ་ཡིན་ཏེ། མཐོང་ལམ་དུ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་བདེན་པ་གསུམ་མངོན་པར་རྟོགས་པ་ཡིན་ལ། སྒོམ་ལམ་ནི་འཇིག་རྟེན་པའི་ལམ་གྱིས་ནི་ཡང་རྟོགས་པ་མི་སྲིད་པའི་ཕྱིར། ཞེས་པའོ། །འོ་ན་ཀུན་རྫོབ་ཀྱི་ཤེས་པ་དེ་མངོན་དུ་བྱེད་པ་སྲིད་དམ་ཞེ་ན། དེ་ནི་མི་སྐྱེའི་ཆོས་ཅན་ཡིན། །ཞེས་པའོ། །འོ་ན་ཀུན་རྫོབ་ཤེས་པ་དེ་མཐོང་ལམ་དང་ས་དང་དྲན་པ་ཉེར་གཞག་གཅིག་གམ་ཞེ་ན། རང་དང་འོག་ས་འགོག་པའི་མཐའ། །ཞེས་པའོ། །རྣམ་པ་ཡང་དེ་ཉིད་དང་མཚུངས་ཤིང༌། སྐྱེ་བས་ཐོབ་པ་ནི་མི་སྲིད་དོ། །ཞེས་སྟོན་པ་ནི། རང་བདེན་རྣམ་ཅན་འབད་ལས་འབྱུང༌། །ཞེས་པའོ། །དེ་ལྟར་མཐོང་ལམ་ལ་དཔྱད་ནས། སྒོམ་ལམ་ལ་ཤེས་པ་དུ་ཐོབ་པ་ནི། ཆགས་བཅས་བཅུ་དྲུག་པ་ལ་དྲུག །འདོད་ལ་ཆགས་དང་བྲལ་བས་བདུན། །དེ་ཡི་གོང་མ་ཆགས་བཅས་ཀྱི། །སྒོམ་པའི་ལམ་ལ་བདུན་འཐོབ་བོ། །སྐབས་འདིར་དྲུག་ཅེས་པ་ནི་བདེན་པ་བཞི་ཤེས་དང་ཆོས་ཤེས་གཉིས་ཡིན་ལ། བདུན་ནི་དེའི་སྟེང་དུ་ཀུན་རྫོབ་ཤེས་པའམ། ཕ་རོལ་སེམས་ཤེས་ཟག་མེད་གང་རུང་བསྣན་པའོ། །བདེན་པ་བཞི་ཤེས་བྱུང་ན་གཉིས་པོ་ཞར་ལ་བྱུང་བ་མ་ཡིན་ནམ་ལོགས་སུ་སྨོས་པས་ཅི་ཞིག་བྱ་སྙམ་ན། མ་འོངས་པ་དང་ད་ལྟར་གྱི་ལྡན་ཚུལ་ཤེས་པའི་དོན་དུ་སྟེ། བདེན་པ་བཞི་ཤེས་པ་ད་ལྟར་བ་དང་ལྡན་པ་ལ་རྗེས་ཤེས་ད་ལྟར་བ་དང་ལྡན་པས་མ་ཁྱབ། ཆོས་ཤེས་ད་ལྟར་བ་དང་ལྡན་པས་ཀྱང་མ་ཁྱབ། ཡང་ཆོས་རྗེས་ད་ལྟར་བ་དང་ལྡན་ལ། ཅིག་ཤོས་དེ་དང་ལྡན་པས་ཀྱང་མ་ཁྱབ་པ་དང༌། སྡུག་ཀུན་ཤེས་པ་མ་འོངས་པ་དང་ལྡན་པ་ལ། གཉིས་པོ་དེ་དང་ལྡན་པས་མ་ཁྱབ་པ་ལ་ཡོད་པའི་དོན་གྱིས་སོ། །འོ་ན་བཞི་ཤེས་དང་གཉིས་ཤེས་རྒྱ་གང་ཆེ་ཞེ་ན། སྤྱི་ཙམ་ནས་བཞི་ཤེས་རྒྱ་ཆེ་བ་ཡིན་ཏེ། གཉིས་ཤེས་དང་ལྡན་ལ་བཞི་ཤེས་དང་མི་ལྡན་པ་སྲིད་པའི་ཕྱིར། སོ་སོ་ནས་གཉིས་ཤེས་རྒྱ་ཆེ་བ་ཡིན་ཏེ། ཆོས་ཤེས་གཅིག་བུའི་ནང་དུ་བདེན་པ་བཞི་ཤེས་འདུ་བའི་ཕྱིར། བཅུ་དྲུག་པ་ལམ་རྗེས་ཤེས་གྱི་ཚེ་དྲུག་ལྡན་པ་ནི་ལམ་ཤེས་དང་རྗེས་ཤེས་གཉིས་ནི། ད་ལྟ་བྱུང་བ་ཡིན་ཏེ། རྗེས་ཤེས་དེ་ཉིད་ལམ་ཤེས་ཡིན་པའི་ཕྱིར། གཞན་བཞི་ནི་མ་འོངས་པ་འཐོབ་པ་ཡིན་ཏེ། སྒོམ་ལམ་གྱི་ཚེ་ཤེས་པ་རིགས་མི་འདྲ་བ་གཞན་མ་འོངས་པའི་ཐོབ་པ་འབྱུང་བའི་ཕྱིར། དེ་ལྟར་འབྱུང་བ་འདི་ཡང༌། སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་ཡིན་ཏེ། ཤེས་པ་དེའི་རིགས་འདྲ་སྔོན་ཐོབ་མྱོང་བ་ལས་ཡིན་པའི་ཕྱིར། དྲུག་པོ་མ་འོངས་པ་དེ་ཡང་མཐོང་སྤང་ལས་གྲོལ་བའི་ཤེས་པ་ཡིན་གྱི། སྒོམ་སྤངས་ལས་གྲོལ་བ་ནི་མ་ཡིན་ཏེ། ཡིན་ན་བཅུ་དྲུག་པའི་ཚེ་འབྲས་བུ་ཁྱད་པར་ཅན་དུ་ཐལ་བའི་ཕྱིར། མ་འོངས་པའི་ཐོབ་པ་དྲུག་པོ་དེ་མཐོང་ལམ་གྱི་ནི་མ་ཡིན་ཏེ། སྒོམ་ལམ་གྱི་ཚེ་ལྡན་པའི་ཕྱིར། དེས་ན་མཐོང་ལམ་ཤེས་པ་བདུན་གྱི་ཚེ། ངོ་སྐལ་གྱི་མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་མ་འོངས་པ་བདུན་འཐོབ་པར་བཤད་པ་དེ་དང༌། འདིར་མཐོང་སྤང་སྤངས་པའི་ཤེས་པ་མ་འོངས་པ་བཞི་འཐོབ་པར་བཤད་པ་དེ་ལ་ནི་གཞི་མཐུན་ཡོད་པ་མ་ཡིན་ཏེ། སྔ་མ་མཐོང་ལམ་དང་འདི་སྒོམ་ལམ་གྱི་དབང་དུ་བྱས་པའི་ཕྱིར། འདིར་ཕ་རོལ་སེམས་ཤེས་མི་ཐོབ་པ་ནི། འདོད་པ་ལ་ཆགས་བཅས་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པ་མི་ཐོབ་པ་ནི་མངོན་པར་རྟོགས་པའི་མཐའ་མ་ཡིན་པས་མ་འོངས་པ་མི་འཐོབ་ལ། ད་ལྟ་ལྡན་བཞིན་པ་ནི་སྔོན་སྦྱོར་ལམ་གྱི་དུས་ནས་རྙེད་ཟིན་དེ་ཉིད་རྒྱུན་ཆགས་སུ་ལྡན་པའི་ཕྱིར། དེ་སྐད་དུའང༌། སྔོན་རྙེད་མི་འཐོབ་བོ་ཅེས་སོ། །ཟད་ཤེས་གཉིས་མི་ཐོབ་པ་ནི་སློབ་པ་ཡིན་པའི་ཕྱིར། འདོད་ཆགས་དང་བྲལ་བས་བདུན་ཐོབ་པ་ནི། དྲུག་པོ་དེ་དང་ཕ་རོལ་སེམས་ཤེས་སོ། །འདི་ཟག་མེད་ཁོ་ན་ཡིན་ཏེ། ཟག་བཅས་ཡིན་ན་དེའི་ཁྱབ་བྱེད་ཀུན་རྫོབ་ཤེས་པ་དང་བརྒྱད་འཐོབ་པར་ཐལ་བས་སོ། །ཆགས་བྲལ་འདི་ཡང་དངོས་གཞི་ཐོབ་པའི་དབང་དུ་བྱས་པ་ཡིན་ཏེ། མངོན་ཤེས་ནི་སྦྱོར་བས་ཐོབ་དགོས་པ་ཡིན་གྱི། ཆགས་བྲལ་ཙམ་གྱིས་མ་ཡིན་པའི་ཕྱིར། དེ་ཡི་གོང་མ། ཞེས་པ། བཅུ་དྲུག་པ་དེའི་གོང་མ་ཞེས་པ་ནི་མཐོང་སྤང་སྤངས་པའི་ཁྱད་པར་གྱི་ལམ་ནས་འཛིན་དགོས་ལ། དེ་ཡང་འཇིག་རྟེན་པ་དང་འདས་ལམ་གང་རུང་གིས་འདོད་པའི་ཉོན་མོངས་དང་པོ་སོགས་སྤོང་བའི་ལམ་བཞི་པོ་གང་གི་ཚེ་ཡིན་ཀྱང་རུང་སྟེ་ཀུན་རྫོབ་པ་དང་བདུན་འཐོབ་བོ། །དེ་ཡང་འཇིག་རྟེན་པ་ཡིན་ན་ཀུན་རྫོབ་ཤེས་པ་ད་ལྟར་བ་དང༌། གཞན་རྣམས་མ་འོངས་པ་འཐོབ་ལ། འདས་ལམ་ཡིན་ན། ཆོས་ཤེས་ད་ལྟར་བ་དང༌། གཞན་མ་འོངས་པའོ། །འོ་ན་འདིར་ཡང་ཀུན་རྫོབ་ཤེས་པ་སྔོན་རྙེད་ལྡན་པ་མ་ཡིན་ནམ་ཞེ་ན། འབྲས་བུ་ཙམ་པོ་ནས་ཁྱད་པར་ཅན་དུ་འཕོས་པའི་ཚེ་བཏང་བའོ། །འོ་ན་མ་འོངས་པའང་མི་འཐོབ་སྟེ། མངོན་པར་རྟོགས་པའི་མཐའ་མ་ཡིན་པའི་ཕྱིར། ཞེ་ན། ཉེས་པ་མེད་དེ། དེའི་མཐའ་མ་ཡིན་ཀྱང༌། འདིའི་ཚེ་འདོད་པའི་ཁམས་ལ་དམིགས་དགོས་པའི་ཕྱིར། འདི་སློབ་པ་དང་ཆགས་བཅས་ཡིན་པས་གཞན་གསུམ་པོ་མི་འཐོབ་བོ། །འོ་ན་བདུན་འཐོབ་པ་དེ་ཁོ་ནར་ཟད་དམ་གཞན་ཡང་ཡོད་ཅེ་ན། ས་བདུན་ལས་རྒྱལ་མངོན་ཤེས་དང༌། །མི་གཡོ་འཐོབ་དང་སྤེལ་སྒོམ་པའི། །བར་ཆད་མེད་པའི་ལམ་དག་དང༌། །གོང་མའི་གྲོལ་བའི་ལམ་བརྒྱད་ལའང༌། །ཞེས་པ། དེ་དག་ཏུའང་ཤེས་པ་བདུན་འཐོབ་བོ། །ཞེས་སྦྱར་བར་བྱས་ནས། ས་བདུན་ནི། བསམ་གཏན་བཞི་དང་གཟུགས་མེད་གསུམ་གྱི་ཉོན་མོངས་པ་ལས་རྒྱལ་བར་བྱེད་པའི་ལམ་ཟག་བཅས་དང་ཟག་མེད་གང་ཡིན་ཀྱང༌། བར་ཆད་མེད་ལམ་གྱི་ཚེ་ཤེས་པ་བདུན་པོ་དེ་ཉིད་འཐོབ་པ་ཡིན་ཏེ། འཇིག་རྟེན་པ་ཡིན་ན་ཀུན་རྫོབ་ཤེས་པ་ད་ལྟར་བ་དང༌། འདས་ལམ་ཡིན་ན་རྗེས་ཤེས་སམ། ཡང་འགོག་ལམ་ལ་ཆོས་ཤེས་གང་རུང་ད་ལྟར་བ་དང༌། གཞན་རྣམས་མ་འོངས་པ་དང་ལྡན་ནོ། །སྐབས་འདིའི་འགྲེལ་པ་ལས། འགོག་ལམ་ལ་ཆོས་ཤེས་ད་ལྟར་བ་འདོད་པ་དང་ས་བརྒྱད་ཀའི་སྤོང་གཉེན་བར་ཆད་མེད་ལམ་དུ་བཤད་ལ། དེ་ལྟ་ན། ཁམས་གོང་འོག་གི་ཆགས་བྲལ་གྱི་ཐོག་མར་སྡུག་ཀུན་ལ་ཆོས་ཤེས་འགྲོ་མི་དགོས་པར། འགོག་ལམ་ལ་ཆོས་ཤེས་ད་ལྟར་བ་ལ་ཤེས་པ་གཞན་ལྔ་མ་འོངས་པ་ལྡན་པར་བྱས་ནས། ཐོག་མར་འདོད་པའི་ཆགས་བྲལ་བྱས། དེའི་འོག་ཏུ་ཁམས་གོང་མའི་ས་བརྒྱད་ལ་ཆགས་བྲལ་བྱེད་པ་ཡིན་ལ། དེའི་ཚེ་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་པའི་འགོག་ལམ་གྱི་ཤེས་པ་དེ་ཉིད་ཁམས་གོང་མའི་འགོག་ལམ་ལ་དམིགས་པ་ཡིན་མོད། ཆོས་ཤེས་ཀྱང་ཡིན་ཏེ། འདོད་པ་ཁམས་ཀྱི་བདེན་པ་བཞི་པོ་གང་རུང་ལ་དམིགས་པའི་ཕྱིར་ཏེ། འདོད་པའི་གཉེན་པོར་གྱུར་པའི་ལམ་ཟག་མེད་དང༌། དེའི་འབྲས་བུ་འགོག་པ་ལ་དམིགས་པའི་ཕྱིར། མདོར་ན་བསམ་གཏན་ས་དྲུག་གི་ལམ་ཟག་མེད་ད་ལྟར་བ་ནི་ཁམས་གསུམ་ཀའི་གཉེན་པོའི་རིགས་སུ་གནས་པ་ལ་དགོངས་ནས་ལམ་ལ་ཆོས་ཤེས་ཁམས་གསུམ་ཀའི་གཉེན་པོར་གསུངས་སོ། །ཡང་མངོན་པར་ཤེས་པ་དང་པོ་ལྔ་འཐོབ་པར་བྱེད་པའི་བར་ཆད་མེད་ལམ་ལའང་ཤེས་པ་བདུན་པོ་དེ་ཉིད་འཐོབ་སྟེ། དེ་ཡང་འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པ་ཞིག་གིས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྦྱོར་བ་འབད་རྩོལ་གྱི་སྟོབས་ཀྱིས་མངོན་ཤེས་སྒྲུབ་དགོས་པ་ཡིན་ལ། དེའི་ཚེ་དེ་སྒྲུབ་པའི་སྦྱོར་བ་ལ་བར་ཆད་མེད་ལམ་དང༌། གྲུབ་པ་ལ་རྣམ་པར་གྲོལ་བའི་མིང་གིས་བཏགས་སོ། །ཟག་ཟད་མངོན་ཤེས་ལ་ནི་དེ་ལྟར་སྒྲུབ་མི་དགོས་པས་མངོན་པར་ཤེས་པ་ལྔ་དང༌། ཞེས་སྨོས་སོ། །མི་སློབ་ཤེས་རབ་རྐྱང་གྲོལ་ལྟ་བུས་མངོན་ཤེས་ཐོབ་པར་བྱེད་པ་ལ་ནི། ཤེས་པ་བརྒྱད་དང་དགུ་ཐོབ་པ་ཡང་སྲིད་པས། འགྲེལ་པར་སློབ་པ་ཞེས་སྨོས་སོ། །དེ་ཡང་ཀུན་རྫོབ་ཤེས་པ་ནི་ད་ལྟར་བ་འཐོབ་སྟེ། མངོན་པར་ཤེས་པ་ལྔ་ནི་ཀུན་རྫོབ་ཤེས་པའི་ཡུལ་ཅན་ཡིན་པའི་ཕྱིར། ཕ་རོལ་སེམས་ཤེས་ཟག་བཅས་ནི་ད་ལྟར་བ་འཐོབ་ལ། ཟག་མེད་དང་ཤེས་པ་གཞན་རྣམས་ནི་མ་འོངས་པ་ཐོབ་ཅིང༌། དེ་ཡང་རྒྱུ་རྒྱས་པའི་སྟོབས་ཀྱིས་འཐོབ་པ་ཡིན་ཏེ། སློབ་པས་དེ་བསྒྲུབས་པའི་དབང་དུ་བྱས་པའི་ཕྱིར། དེའི་ཕྱིར་འགྲེལ་པར་འདི་དང་སྔ་མ་གཉིས་ཀ་ལ་སློབ་པ་ཞེས་གསུངས་སོ། །ཡང་རྟོགས་པའི་སྐལ་པ་ཅན་ཞིག་མི་གཡོ་བར་དབང་པོ་འཕོ་བར་བྱེད་པའི་བར་ཆད་མེད་པའི་ལམ་ལའང་ཤེས་པ་བདུན་འཐོབ་སྟེ། ཆོས་ཤེས་རྗེས་ཤེས་གཉིས། བདེན་པ་བཞི་ཤེས། ཟད་ཤེས་སོ། །དེ་ལས་ཆོས་ཤེས་རྗེས་ཤེས་གང་རུང་དང༌། བདེན་པ་བཞི་ཤེས་ལས་གང་རུང་དང༌། ཟད་ཤེས་དང་གསུམ་ད་ལྟར་བ་ཡིན་ལ། གཞན་ནི་མ་འོངས་པ་འཐོབ་བོ། །ཀུན་རྫོབ་ཤེས་པ་མི་འཐོབ་སྟེ། དབང་པོ་འཕོ་བ་ནི་ཟག་མེད་ཀྱིས་འཕོ་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། དབང་པོ་རྟུལ་པོ་དང་སྲིད་རྩེའི་གཉེན་པོ་བྱེད་དགོས་པས་སོ། །མི་སྐྱེ་བ་ཤེས་པ་ནི་མི་གཡོ་བའི་ཆོས་ཅན་དུ་འཕོ་བའི་ཚེ་འཐོབ་པ་ཡིན་གྱི། དེར་འཕོ་བའི་བར་ཆད་མེད་ལམ་གྱིས་དུས་སུ་དེ་མི་ཐོབ་པའི་ཕྱིར། ཕ་རོལ་སེམས་ཤེས་ཀྱང་དབང་པོ་རྣོན་པོས་བསྡུས་པ་ནི་རྣམ་པར་གྲོལ་བའི་ལམ་ཡིན། རྟུལ་པོས་བསྡུས་པ་ནི་སྔོན་ནས་ལྡན་ཟིན་པ་ཡིན་པས་མ་བཤད་དོ། །སྤེལ་མ་སྒོམ་པའི་བར་ཆད་མེད་ལམ་ཞེས་པ་ནི་སྤེལ་སྒོམ་སྦྱོང་བའི་སྦྱོར་བའི་ཚེ་ཡིན་ལ། དེའི་དུས་སུ་བདུན་འཐོབ་སྟེ། སྦྱོར་བ་ཟག་མེད་ལ་ནི་འགོག་ལམ་ལ་ཆོས་ཤེས་སམ། རྗེས་ཤེས་ཏེ་གསུམ་པོ་གང་རུང་ད་ལྟར་བ་དང༌། གཞན་རྣམས་མ་འོངས་པ་འཐོབ་བོ། །ཟག་བཅས་ལ་ནི་ཀུན་རྫོབ་ཤེས་པ་ད་ལྟར་བ་ཡིན་ནོ། །ཡང་གོང་མ་སྲིད་རྩེ་ལས་རྒྱལ་བའི་བར་ཆད་མེད་ལམ་གྱི་དུས་ནི་འོག་ནས་འཆད་ལ། རྣམ་པར་གྲོལ་བའི་ལམ་ལ་དགུ་ལས་དང་པོ་བརྒྱད་ཀྱི་ཚེ། བདེན་པ་བཞི་ཤེས། ཆོས་རྗེས་གཉིས་ཏེ་དྲུག་དང༌། ཕ་རོལ་སེམས་ཤེས་དང་བདུན་ནོ། །དེ་ཡང་རྗེས་ཤེས་སམ་འགོག་ལམ་ལ་ཆོས་ཤེས་ད་ལྟར་བ་དང༌། གཞན་མ་འོངས་པའོ། །གཞན་གསུམ་མི་འཐོབ་པ་ནི། སྲིད་རྩེའི་གཉེན་པོ་མ་ཡིན་པ་དང༌། སློབ་པ་ཡིན་པས་སོ། །དེ་ནས་བདུན་གྱི་གྲངས་ངེས་མེད་པ་གཞན་འཆད་པ་ནི། སློབ་པ་སྦྱོར་བའི་གྲོལ་བ་ལ། །ཤེས་པ་དྲུག་དང་བདུན་འཐོབ་པའམ། །ཞེས་པ། ཆགས་བྲལ་ལ་སེམས་ཤེས་ལྷག་པའོ། །བར་ཆད་མེད་པའི་ལམ་ལ་དྲུག །ཅེས་པ། སློབ་པ་དབང་པོ་སྦྱོང་བའི་དབང་དུ་བྱས་པའོ། །འདིར་ཀུན་རྫོབ་ཤེས་པ་མ་ཡིན་པ་ནི། མཐོང་ལམ་དང་འདྲ་བའི་ཕྱིར་དང༌། ཕ་རོལ་སེམས་ཤེས་ན་བར་ཆད་མེད་ལམ་ཐམས་ཅད་བཀག་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། སྤང་བྱ་གང་གི་ཡང་གཉེན་པོ་མ་ཡིན་པའི་ཕྱིར། མཐོང་ལམ་དང་འདྲ་ཞེས་པའི་དོན་ནི། མཐོང་ལམ་གྱི་སློབ་འབྲས་གསུམ་པོ་གང་རུང་ཞིག་ཐོབ་པ་ལྟར། འདིས་ཀྱང་དབང་རྣོན་གྱིས་བསྡུས་པའི་སློབ་འབྲས་གསུམ་པོ་གང་རུང་ཞིག་མངོན་དུ་བྱེད་ལ། དེ་འཐོབ་བྱེད་ཀྱི་མཐོང་ལམ་བཟོད་པ་ལ་ཀུན་རྫོབ་ཤེས་པ་མི་རུང་བའི་ཕྱིར་རོ། །སྲིད་རྩེ་ལས་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་དགུ་ལ་ཡང་སྔ་མ་དེ་བཞིན་དུ་ཤེས་པ་དྲུག་པོ་དེ་ཉིད་འཐོབ་ལ། སྲིད་རྩེའི་གཉེན་པོར་མི་རུང་བ་དང༌། བར་ཆད་མེད་ལམ་ལ་བཀག་པ་དང༌། སློབ་པ་ཡིན་པའི་ཕྱིར་གཞན་ལ་མི་འབྱུང་ངོ༌། །ཟག་པ་ཤེས་པ་ལ་དགུའོ། །མི་གཡོ་བ་ནི་བཅུ་འཐོབ་བོ། །དེར་འཕོའི་གྲོལ་བའི་ཐ་མ་ལའང༌། །ཞེས་པ་ནི་གོ་བར་སླའོ། །བཤད་པའི་ལྷག་མ་ལ་བརྒྱད་འཐོབ། །ཅེས་པ། སྔར་གང་གི་དུས་སུ་ཤེས་པ་གང་ཐོབ་བཤད་ཟིན་པའི་ལྷག་མ། འདོད་པ་ལ་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པ་དང༌། ས་བདུན་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་དང༌། མངོན་པར་ཤེས་པ་དང་སྤེལ་མ་སྒོམ་པ་དང༌། མི་གཡོ་བ་རྟོགས་པར་བྱེད་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་དང༌། དེ་བཞིན་དུ་སྔར་མ་སྨོས་པ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་སྦྱོར་བ་དང༌། ཁྱད་པར་ཅན་གྱི་ལམ་མངོན་དུ་བྱས་པ་རྣམས་ལ་ནི། ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པའི་ཤེས་པ་བརྒྱད་པོ་མ་འོངས་པ་ཐོབ་པ་ནི་སློབ་པའི་དབང་དུའོ། །མི་སློབ་པ་ནི། མངོན་པར་ཤེས་པ་དང༌། སྤེལ་མ་སྒོམ་པ་དང༌། མི་གཡོ་བར་རྟོགས་པར་བྱེད་པའི་བར་ཆད་མེད་ལམ་ལ། དུས་ཀྱི་རྣམ་གྲོལ་ལམ་ཡིན་ན། སེམས་ཤེས་དང༌། མི་སྐྱེ་བ་ཤེས་པ་མ་གཏོགས་བརྒྱད་ཐོབ་ལ། མི་གཡོ་བའི་ཆོས་ཅན་ཡིན་ན་སེམས་ཤེས་མ་གཏོགས་དགུ་འཐོབ་བོ། །ཡང་དེ་གསུམ་གྱི་དབང་དུ་བྱས་པའི་སྦྱོར་བ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་ཅན་གྱི་ལམ་རྣམས་ལ་ནི། དབང་པོ་རྟུལ་པོ་ཡིན་ན་མི་སྐྱེ་བ་ཤེས་པ་མ་གཏོགས་དགུ་དང༌། མི་གཡོ་བའི་ཆོས་ཅན་ལ་བཅུ་འཐོབ་བོ། །འོ་ན་མངོན་ཤེས་ཀྱི་སྦྱོར་དངོས་ཀྱི་དུས་སུ་འཐོབ་ཚུལ་བཤད་མ་ཐག་པ་དེ་ལྟར་དུ་ངེས་སམ་ཞེ་ན། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན། ཞེས་བཤད་པས། དེ་གཉིས་ལ་ནི་མ་འོངས་པའི་ཐོབ་པ་སྔར་སྐྱེ་བ་མེད་དོ། །མདོར་ན་གོང་དུ་བཤད་པའི་ཤེས་པ་མ་འོངས་པ་འཐོབ་ཚུལ་དེ་དག་ནི། ད་ལྟ་ཤེས་པ་གང་ཡོད་དེའི་རིགས་འདྲ་ཡིན་པས་ངེས་པ་ནི་མཐོང་ལམ་གྱི་ཚེ་ཡིན་ལ། དེའི་ངེས་པ་མེད་པ་ནི་འཕགས་རྒྱུད་ཀྱི་སྒོམ་པའི་ལམ་གྱི་དབང་དུ་བྱས་སོ། །ཡང་སྔར་མ་བཤད་པའི་ལྷག་མ་སོ་སྐྱེའི་དབང་དུ་བྱས་ཏེ་བཤད་ན། སོ་སོ་སྐྱེ་བོ་འདོད་པ་དང་བསམ་གཏན་སྔ་མ་གསུམ་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་རྣམས་ལ་ནི། རིམ་པ་ལྟར། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པའི་སས་བསྡུས་པའི་ཀུན་རྫོབ་ཤེས་པ་དང༌། ཕ་རོལ་སེམས་ཤེས་མ་འོངས་པ་འཐོབ་བོ། །བསམ་གཏན་བཞི་པ་ལ་ཆགས་པ་དང་བྲལ་བའི་གྲོལ་ལམ་དགུ་པ་ནི་ནམ་མཁའ་མཐའ་ཡས་ཀྱི་དངོས་གཞིས་བསྡུས་པའི་ཕྱིར། ཀུན་རྫོབ་ཤེས་པ་གཅིག་པུ་འཐོབ་སྟེ། སེམས་ཤེས་མི་ཐོབ་སྟེ། དེ་ནི་གཟུགས་ལ་བརྟེན་ནས་སྒྲུབ་དགོས་པས་གཟུགས་མེད་སེམས་ཤེས་ཀྱི་རྟེན་དུ་མི་རུང་བའི་ཕྱིར། ལྷའི་མིག་དང་རྣ་བའི་མངོན་ཤེས་མ་གཏོགས་པའི་མངོན་ཤེས་གསུམ་གྱི་རྣམ་གྲོལ་ལམ་དང༌། ཚད་མེད་དང་རྣམ་ཐར། ཟིལ་གནོན་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པའི་རྣམ་གྲོལ་གྱི་ལམ་དང༌། བསམ་གཏན་གྱི་དངོས་གཞིའི་ས་པའི་སྦྱོར་བའི་ལམ་རྣམས་ལ་ནི་ཀུན་རྫོབ་ཤེས་པ་དང༌། ཕ་རོལ་སེམས་ཤེས་གཉིས་ཀ་འཐོབ་ཏེ། དེ་དག་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་ཕྱིར། འོ་ན་བསམ་གཏན་གྱི་དངོས་གཞི་ཐོབ་པ་ལ་ཕ་རོལ་སེམས་ཤེས་མ་འོངས་པ་ཐོབ་པས་ཁྱབ་པ་ཡོད་དམ་མེད་ཞེ་ན། ངེས་འབྱེད་ཆ་མཐུན་ནི་བསམ་གཏན་གྱི་དངོས་གཞིའི་ས་པ་ཡིན་ཀྱང་སེམས་ཤེས་མི་འཐོབ་སྟེ། མཐོང་ལམ་གྱི་ཚེ་དེ་མི་འཐོབ་ལ། འདི་ནི་མཐོང་ལམ་གྱི་འཁོར་ཡིན་པའི་ཕྱིར། དེའི་གོ་བ་ཡང༌། ངེས་ཆ་ས་གང་ལ་བརྟེན་པ་དེ་ལ་མཐོང་ལམ་ཡང་ཕལ་ཆེར་བརྟེན་པས། ངེས་འབྱེད་ཆ་མཐུན་དུ་གང་ལྡན་པའི་ཟག་བཅས་ཀྱི་དགེ་བ་དེ་མཐོང་ལམ་དུ་ཡང་ལྡན་དགོས་པ་ལས། མཐོང་ལམ་ལ་ནི་སེམས་ཤེས་བཀག་པའི་ཕྱིར། འོ་ན་སྔར་མངོན་ཤེས་སྤྲུལ་པ་མ་གཏོགས་པ། ཞེས་བཤད་པ་དང༌། འདིར་དེ་དག་ལ་ཐོབ་པ་སྔར་སྐྱེ་མེད་པར་བཤད་པས་འགལ་ལོ། །ཞེ་ན། མ་ཡིན་ཏེ། དེར་བཤད་པ་ནི་གཞན་སྟོབས་ཀྱིས་ཡིན་ལ། འདིར་ནི་རང་སྟོབས་ལ་བསམས་པའི་ཕྱིར་རོ། །དེ་ལྟར་མཐོང་ལམ་དང་སྒོམ་ལམ་ཟག་པ་ཡོད་མེད་ཀྱི་ལམ་བཞི་པོའི་སྐབས་སུ་ཤེས་པ་དུ་ཞིག་འཐོབ་པའི་རྐང་གྲངས་བཤད་ཟིན་ནས། གང་ཐོབ་པ་དེ་ཡང་ས་དུ་ལ་བརྟེན་པ་ཞིག་འཐོབ་ཅེ་ན། ཀུན་རྫོབ་ཀྱི་ཤེས་པ་ནི་ད་ལྟར་བ་དང་མ་འོངས་པ་གང་འཐོབ་ཀྱང༌། ས་གང་ལ་བརྟེན་པ་དེ་ཉིད་འཐོབ་ཀྱི། ས་གཞན་ལ་བརྟེན་པ་མི་འཐོབ་སྟེ། དཔེར་ན་བསམ་གཏན་དང་པོའི་སས་བསྡུས་ཀྱི་ཀུན་རྫོབ་ཤེས་པ་སྐྱེ་བ་ན་མ་འོངས་པ་ལྡན་པ་ཡང་དེ་ཉིད་ཀྱི་ཡིན་གྱི། གཞན་ལ་བརྟེན་པ་མི་འཐོབ་པ་བཞིན་ནོ། །ཟག་མེད་ཀྱི་ཤེས་པ་ལ་ཡང་དེ་དང་འདྲའམ་ཞེ་ན། གང་ལས་ཆགས་བྲལ་བྱ་ཕྱིར་གང༌། །ཐོབ་པ་དེར་ཡང་འོག་མའང་ཐོབ། །འདིར་གོང་འོག་ནི་ཟག་མེད་ས་དགུ་པོ་གཞིར་བྱས་ནས་འཆད་པ་ཡིན་ལ་དེའི་ཚེ་བསམ་གཏན་དང་པོ་ལ་ནི་འོག་ས་ཟག་མེད་མི་སྲིད་པའི་ཕྱིར་དཔྱད་པ་བོར་ནས། བསམ་གཏན་གསུམ་པའི་ཉེར་བསྡོགས་སམ། བསམ་གཏན་གཉིས་པ་རང་གི་ཟག་མེད་གང་རུང་གིས་བསམ་གཏན་གཉིས་པ་ཉིད་ལ་ཆགས་བྲལ་བྱས་པའི་རྣམ་གྲོལ་ལམ་དགུ་པའི་ཚེ། བསམ་གཏན་གསུམ་པའི་དངོས་གཞི་ཟག་མེད་ཀྱི་ངོ་བོར་གྱུར་པའི་ཤེས་པ་དྲུག་པོ་ཐོབ་པ་དེའི་ཚེ། འོག་ས་བསམ་གཏན་དང་པོའི་ཉེར་བསྡོགས་དང༌། དངོས་གཞི་ཙམ་པོ་དང༌། དངོས་གཞི་ཁྱད་པར་ཅན་དང༌། བསམ་གཏན་གཉིས་པ་ཉིད་ཀྱིས་བསྡུས་པའི་ཟག་མེད་ཀྱི་ཤེས་པ་དྲུག་པོ་རྣམས་ཐོབ་བོ། །དེ་བཞིན་དུ་ཅི་ཡང་མེད་ཀྱི་ཉེར་བསྡོགས་ཀྱིས་རྣམ་ཤེས་ལ་ཆགས་བྲལ་བྱས་པའི་ཚེ། ཅི་ཡང་མེད་ཀྱི་ཟག་མེད་ཀྱི་ཤེས་པ་དྲུག་པོ་མ་འོངས་པ་འཐོབ་ལ། དེ་ཡང་དུས་མཉམ་དུ་ཟག་མེད་ཀྱི་ས་འོག་མ་བརྒྱད་ལ་བརྟེན་པའི་ཤེས་པ་དྲུག་པོའང་འཐོབ་བོ། །དེའི་ཤེས་བྱེད་ཀྱང༌། སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་སོ། །དེ་ནས་གཞུང་གི་ཚིག་དོན་ནི་བསམ་གཏན་གཉིས་པ་ལྟ་བུ་གང་ལས་ཆགས་བྲལ་བྱ་བའི་ཕྱིར་དུ། བསམ་གཏན་གཉིས་པ་ལྟ་བུ་གང་གི་སེམས་ཟག་མེད་ཀྱི་ས་པ་དེར་ཡང༌། འོག་མ་བསམ་གཏན་དང་པོའི་ཤེས་པ་ཟག་མེད་ཀྱང་ཐོབ་ཅེས་དང༌། ཡང་ན་བསམ་གཏན་གཉིས་པ་ལྟ་བུའི་ཉེར་བསྡོགས་ཀྱི་སེམས་གང་ལས། བསམ་གཏན་དང་པོ་ལྟ་བུ་ལ་ཆགས་བྲལ་བྱ་བའི་ཕྱིར་དུ། རྣམ་གྲོལ་ལམ་དགུ་པའི་ཚེ། བསམ་གཏན་གཉིས་པའི་ཤེས་པ་ཟག་མེད་ཐོབ་པ་དེར་ཡང་འོག་མའང་ཐོབ་ཅེས་སྦྱར་རོ། །ཉེར་བསྡོགས་ཟག་བཅས་ཀྱི་རྣམ་གྲོལ་བརྒྱད་པ་ཚུན་ཆད་དུ་ནི་ཟག་མེད་འཐོབ་པ་མེད་དོ། །དེའི་ཤུགས་ལ་གོང་མ་མི་འཐོབ་པར་བསྟན་ནོ། །མི་འཐོབ་པ་དེ་ཡང་ཆགས་བྲལ་ལས་ཐོབ་པ་དེའི་ཚེ་ཡིན་གྱི། ས་གོང་མ་ལས་ཆགས་བྲལ་བྱས་ཟིན་པའི་འོག་ཏུ་ནི་འོག་མ་མངོན་དུ་བྱས་པའི་ཚེ་གོང་མ་འཐོབ་པར་ཁས་ལེན་ནོ། །ཀུན་རྫོབ་ཤེས་པ་ལ་དེ་དང་མི་འདྲ་བ་ནི། འདི་ལྟར་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོ་ཐོབ་པ་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ངོ་བོར་གྱུར་པའི་ཀུན་རྫོབ་ཤེས་པ་ད་ལྟར་བ་དང༌། བསམ་གཏན་དང་པོའི་དངོས་གཞིའི་ངོ་བོར་གྱུར་པའི་ཀུན་རྫོབ་ཤེས་པ་ཁོ་ན་ཐོབ་ཀྱི། ས་གཞན་གྱི་ཀུན་རྫོབ་ཤེས་པ་མི་ཐོབ་པ་བཞིན་ནོ། །འཐོབ་ཚུལ་འདི་དག་ཀྱང༌། རྟེན་གྱི་གང་ཟག་འཕགས་པ་ཁོ་ནའི་དབང་དུ་བྱས་པ་སྟེ། སོ་སོ་སྐྱེ་བོ་ལ་ནི་ཀུན་རྫོབ་ཤེས་པ་ལས་གཞན་གྱི་དཔྱད་པ་མི་འཇུག་པའི་ཕྱིར་རོ། །དེ་ནས། ཟད་པ་ཤེས་ལ་ཟག་བཅས་ཀྱང༌། །ས་ཀུན་ཞེས་པ་ཟད་ཤེས་ཐོབ་པ་ལ་ནི་ས་གོང་འོག་ཀུན་གྱིས་བསྡུས་པའི་ཟག་པ་དང་བཅས་པའི་ཡོན་ཏན་རྣམས་འཐོབ་བོ། །དེ་གང་ཞེ་ན། མི་སྡུག་པ་དང༌། དབུགས་འབྱུང་རྔུབ་དྲན་པ་དང༌། དྲན་པ་ཉེར་གཞག་དང༌། ཚད་མེད་དང༌། ཟད་པར་དང༌། རྣམ་ཐར་དང༌། ཟིལ་གནོན་ལ་སོགས་པ་རྣམས་སོ། །དེ་ཡང་འདོད་ཆགས་དང་བྲལ་བ་རྣམས་ཀྱི་དབང་དུ་བྱས་ཀྱི། སྦྱོར་བས་འཐོབ་དགོས་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་བསམ་གཏན་གྱི་དངོས་གཞིའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། འདིར་འགྲེལ་པ་ལས། རྣམ་ཐར་ལ་སོགས་པ་ཐམས་ཅད་སྲོག་མ་བཅད་དེ་དབུགས་འབྱིན་པ་ལྟ་བུ་དང་ཆོས་མཐུན་པ་ཐོབ་སྟེ། རྒྱལ་སྲིད་ཆེན་པོ་ཐོབ་ན། ཡུལ་མི་རྣམས་ཀྱིས་དབུལ་བར་བྱ་བས་བསུ་བ་བཞིན་དུ། རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཐོབ་པ་ལ་དགེ་བའི་ཆོས་ཐམས་ཅད་ཐོབ་པ་རྣམས་ཀྱིས་བསུ་བའི་ཕྱིར་རོ། །ཞེས་གསུངས་པ་དེའི་དོན་ནི། དབྱིག་མང་པོ་ཤོང་རྫོངས་སུ་ཡོད་པའི་སྲོག་མ་བཟང་པོའི་ཐག་པ་ཆད་ན། ཇི་འདོད་ལག་གིས་ལེན་པ་བཞིན་དུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཐོབ་པ་བཅད་ནས། ས་ཐམས་ཅད་པའི་ཟག་མེད་ཀྱི་ཤེས་པ་རྣམས་སུ་མ་ཟད། ས་ཐམས་ཅད་པའི་ཡོན་ཏན་ཟག་བཅས་རྣམས་ཀྱིས་ཀྱང་མདུན་ནས་བསུ། ཞེས་པའོ། །འདི་ཡང་སྔོན་འཁོར་བ་ན་འདྲིས་མ་མྱོང་བ་དག་ཐོབ་པ་ཡིན་གྱི། འདྲིས་མྱོང་བ་རྣམས་ནི། ཁ་ཅིག་ནི་ས་འཕོས་པས་བཏང་ཟིན་པ་ཡང་སྲིད། མ་བཏང་བ་ཁ་ཅིག་ཀྱང་སྔར་ནས་ལྡན་པ་ཉིད་དུ་ཡོད་པས་འདིར་ཐོབ་པ་ཞེས་མི་བྱའོ། །དེས་ན། ཇི་སྐད་དུ། སྔོན་རྙེད་མི་འཐོབ་བོ། །ཞེས་པ། དངོས་བསྟན་ནི། ས་ཀུན། ཞེས་པའི་དམིགས་བསལ་ཡིན་མོད། དེས་ཟག་མེད་ཀྱི་འཐོབ་ཚུལ་ཡང་མཚོན་པ་ཡིན་ཏེ། ཐོབ་ཟིན་མ་བཏང་བ་རྣམས་ནི་ལྡན་པ་ཡིན་གྱི། གསར་དུ་རྙེད་པར་མི་འཇོག ཐོབ་པ་བཏང་ན་ནི་འདས་ཟིན་པ་དེ་ཉིད་སླར་ཡང་མ་འོངས་པའི་གནས་སུ་མི་འོང་བའི་ཕྱིར། སློབ་དཔོན་འདུས་བཟང་ནི། ཐོབ་པ་བཏང་བ་དེ་དག་སྔོན་འདྲིས་པར་བྱས་པའི་སྟོབས་ཀྱིས་མངོན་དུ་གྱུར་ཀྱང༌། མ་འོངས་པ་ནི་མི་འཐོབ་སྟེ། སྟོབས་ཉམས་པའི་ཕྱིར། ཞེས་འདོད་དོ། །གང་ལྟར་ཡང༌། རྙེད་པ་ཞེས་བྱ་བ་ནི་གཉིས་ཏེ། སྔོན་རྙེད་ཟིན་པ་དང༌། ཕྱིས་རྙེད་པའོ། །དེ་ལའང་གཉིས་ཏེ། ཐོབ་བྱའི་ཆོས་དང༌། ལྷན་ཅིག་ཏུ་རྙེད་པ་དང༌། ཆོས་མ་འོངས་པའི་ཐོབ་པ་ད་ལྟ་རྙེད་པའོ། །སྔོན་རྙེད་པ་དེས་སྤྱིར་རྙེད་པ་དང་ཐོབ་པའི་གོ་ཆོད་པ་ཡིན་ཏེ། ཇི་སྐད་དུ། ཐོབ་པ་རྙེད་དང་ལྡན་པའོ། །ཞེས་འཆད་པའི་ཕྱིར། སྐབས་འདིར་ཤེས་པ་དུ་ཐོབ་དཔྱོད་པ་ནི། ཆོས་མ་འོངས་པའི་དབང་དུ་བྱས་པ་ཡིན་ཏེ། འདས་པ་དཔྱོད་མི་དགོས་ཤིང༌། ད་ལྟར་བ་ལ་དགོས་པ་མེད་པའི་ཕྱིར། འོ་ན་དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་དང༌། བསམ་གཏན་སྐྱེས་དང་ལྡན་པ་ནི། །རྟག་ཏུ་འདས་དང༌། ཞེས་བཤད་པ་རྣམས་ཇི་ལྟ་བུ་ཞེ་ན། ཆོས་འདས་པའི་ཐོབ་པ་མ་འོངས་པ་དེ་དང་ད་ལྟར་བ་དེས། ཆོས་འདས་པ་དེ་དང་ལྡན་པར་བྱེད་ཅེས་བྱ་བའི་དོན་ཡིན་གྱི། འདས་ཟིན་སླར་རྙེད་པར་སྟོན་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཆོས་འདས་པའི་རིགས་འདྲ་མ་འོངས་པ་རྙེད་པ་ལ་ནི་སྔོན་རྙེད་པ་རྙེད་ཅེས་མི་བྱ་སྟེ། སྔོན་མེད་གསར་དུ་རྙེད་པའི་ཕྱིར། དེས་ན་འགྲེལ་པ་ལས། གང་ཅི་རྙེད་པ་ཐམས་ཅད་འཐོབ་བམ་ཞེ་ན། གང་སྔོན་མེད་པ་ལས་རྙེད་པ་དེ་ཐམས་ཅད་ནི་འཐོབ་ཀྱི། སྔོན་རྙེད་ཟིན་པ་ནི་མི་འཐོབ་བོ། །ཞེས་གསུངས་སོ། །འོ་ན་ཐོབ་པ་ལ་རྙེད་པས་ཁྱབ་བམ་ཞེ་ན། མ་ཁྱབ་བོ་ཞེས་སྟོན་པ་ནི། རྙེད་དང་བསྟེན་ཞེས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་པའོ། །གཉེན་པོ་དང་ནི་ཐག་སྲིང་བའི། །ཐོབ་པ་ཟག་དང་བཅས་པ་ཡིན། །ཞེས་པ། ཐོབ་པ་ནི་བཞི་སྟེ། རྙེད་པ་དང༌། བསྟེན་པ་དང༌། གཉེན་པོ་དང༌། ཐག་སྲིང་བ་ཐོབ་པའོ། །རྙེད་པ་ཐོབ་པ་ནི། དགེ་བ་འདུས་བྱས་རྣམས་སྔོན་གོམས་པའི་སྟོབས་ཀྱིས་མ་འོངས་པ་གསར་དུ་རྙེད་པའོ། །བསྟེན་པ་ཐོབ་པ་ནི། དགེ་བ་འདུས་བྱས་རྣམས་མངོན་དུ་གྱུར་པའི་ཐོབ་པའོ། །དེ་ཡང་ཆོས་མ་འོངས་པ་ནི་རྙེད་པ་འབའ་ཞིག་དང༌། ད་ལྟར་བ་ལ་ནི་རྙེད་པ་དང་བསྟེན་པ་གཉིས་ཀ་ཡོད་ལ། འདས་པ་ལ་ནི་གཉིས་ཀ་མེད་དོ། །འོ་ན་འདས་པ་དང་ལྡན་པར་བཤད་པ་དེ་ཅི་ཞེ་ན། དེ་ལ་ནི་འདས་པ་དང་ལྡན་པ་ཞེས་བྱའི་རྙེད་བསྟེན་གྱི་ཐ་སྙད་མེད་དོ། །འོ་ན་ཆོས་ཉོན་མོངས་ཅན་དང༌། དགེ་བ་འདུས་མ་བྱས་དང༌། མ་སྒྲིབས་པ་རྣམས་ལ་རྙེད་བསྟེན་མི་འཇོག་པ་ཡིན་ན། དེ་དག་ལ་གསར་དུ་རྙེད་པ་དང༌། རྒྱུན་ལྡན་པའི་ཐོབ་པ་མེད་པར་འགྱུར་རོ། །སྙམ་ན། དེ་རྣམས་ལ་དེ་དག་མེད་པས་མ་བཤད་པ་མ་ཡིན་གྱི། འདིར་ནི་ཤེས་པ་ཟག་བཅས་དང་ཟག་མེད་ཀྱི་ལྡན་ཚུལ་འཆད་པའི་སྐབས་ཡིན་ལ། ཟག་མེད་ནི་དགེ་བ་འདུས་བྱས་སུ་ངེས་པ་དང༌། ཤེས་པ་ཟག་བཅས་ཀྱི་ཐོབ་པ་ནི་གཞུང་འོག་མས་བཤད་པའི་དབང་དུ་བྱས་སོ། །དེ་ཡང་འདི་ནི་ཟག་བཅས་རང་གི་ཐོབ་པ་མ་ཡིན་གྱི། དེའི་མི་མཐུན་ཕྱོགས་ཀྱི་ཐོབ་པ་ལ་དེར་བཏགས་པའོ། །གསུམ་པ་དེ་དག་གི་ཡོན་ཏན་བཤད་པ་ལ། གཉིས་ཏེ། ཐུན་མོང་མ་ཡིན་པ་དང༌། ཐུན་མོང་བ་བཤད་པའོ། །དང་པོ་ནི། ཟད་པ་ཤེས་ལ་ཟག་བཅས་ཀྱང༌། །ཞེས་བཤད་པ་དེ་ཙམ་དུ་འདུས་སམ་ཞེ་ན། སངས་རྒྱས་ཀྱི་ཟད་ཤེས་ལ་ནི་ཡོན་ཏན་གཞན་ཡང་འབྱུང་ངོ༌། །ཞེས་སྟོན་པ་ནི། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །ཞེས་པ་ནས། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཞེས་པའི་བར་ནི་གཞུང་འགྲེལ་ཇི་ལྟ་བ་བཞིན་ནོ། །འདིར་བཅོ་བརྒྱད་ནི། སྟོབས་བཅུ་མི་འཇིགས་པ་བཞི། དྲན་པ་ཉེར་གཞག་གསུམ། ཐུགས་རྗེ་ཆེན་པོའོ། །གལ་ཏེ་ཐུགས་རྗེ་ཆེན་པོ་མ་འདྲེས་པར་འཇོག་ལ་སྙིང་རྗེ་ཆེན་པོ་དང་ཁྱད་པར་ཅི་ཞེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད། །ཅེས་པ། ངོ་བོ་ཞེ་སྡང་གཏི་མུག་མེད། །རྣམ་པ་སྡུག་བསྔལ་གཅིག་གསུམ་པ། །དམིགས་པ་ཁམས་གཅིག་ཁམས་གསུམ་ཀ །ས་ནི་བསམ་གཏན་བཞི་བཞི་པ། །རྒྱུད་ནི་ཉན་ཐོས་སོགས་དང་རྒྱལ། །ཐོབ་པ་འདོད་པ་སྲིད་རྩེ་སྤངས། །མི་སྐྱོབ་པ་དང་ཡོངས་སུ་སྐྱོབ། །མི་འདྲ་བ་དང་འདྲ་བར་འཇུག །ཅེས་པའོ། །གལ་ཏེ་འོ་ན་སངས་རྒྱས་ཀུན་ཡོན་ཏན་ཐམས་ཅད་ཀྱིས་མཉམ་མམ་ཞེ་ན། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང༌། །རིགས་དང་སྐུ་བོངས་ཚད་ཀྱིས་མིན། །ཞེས་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དང༌། དེའི་ཆོས་ལ་དད་པ་ཙམ་གྱིས་ཀྱང་རྣམ་པར་སྨིན་པ་མ་ངེས་པའི་སྡིག་པ་རྣམས་འབྱང་བར་འགྱུར་ཏེ། འགྲེལ་པ་ལས། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་སྟེ། འབྲས་བུ་མེད་པ་མ་ཡིན་པ་དང༌། འབྲས་བུ་ཡིད་དུ་འོང་བ་དང༌། ལན་མང་དུ་འབྱིན་པ་དང༌། མཐོང་བའི་ཆོས་ལ་འབྱུང་བས་མྱུར་བ་དང༌། མཐར་མྱ་ངན་ལས་འདས་པས་མཐའ་བཟང་བའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ནི། ཆོས་གཞན་སློབ་དང་ཐུན་མོང་ཡིན། །ཁ་གཅིག་སོ་སོ་སྐྱེ་བོ་དང༌། །ཉོན་མོངས་མེད་དང་སྔོན་གནས་ཤེས། །སོ་སོ་ཡང་དག་རིགས་མངོན་སོགས། །ཞེས་པ། སོགས་པའི་སྒྲ་ནི། བསམ་གཏན་དང༌། གཟུགས་མེད་པ་དང༌། ཚད་མེད་པ་དང༌། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། །ཟད་པའི་སྐྱེ་མཆེད་ལ་སོགས་པའི། །དེ་ནས་མ་སྐྱེ་གཞིར་བཅས་སྤྱོད་ཡུལ་ཅན། །ཞེས་པ། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེའི་དམིགས་པ་ནི། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང༌། དེ་ཡང་མ་སྐྱེས་པ་དང༌། གཞི་དང་བཅས་པ་ནི་སྒོམ་པས་སྤང་བར་བྱ་བ་སྟེ། གཞི་མེད་པ་མཐོང་སྤང་ཀུན་འགྲོ་རྣམས་ནི་གཞན་རྒྱུད་ལ་དམིགས་པའང་ཡོད་པས་སྤང་མི་ནུས་པའི་ཕྱིར་དང༌། ཁམས་གོང་མ་པ་དག་ནི་འཕགས་པ་ལ་དམིགས་པའི་ཉོན་མོངས་སྐྱེ་བ་ཤས་ཆུང་བའི་ཕྱིར་དང༌། སྔར་སྐྱེས་པ་རྣམས་སྤང་མི་ནུས་པའི་ཕྱིར། དེས་ན་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་པ་བདེན་པ་དང་པོ་གཉིས་ལ་དམིགས་པའི་འདོད་ཆགས་དང་ཁོང་ཁྲོ་ལྟ་བུའོ། །སོ་སོ་ཡང་དག་པ་རིག་པ་བཞི། མདོ་འགྲེལ་གཞན་ལས་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པར་བཤད་ཀྱང༌། འདིར་ནི་ཉན་ཐོས་དང་ཐུན་མོང་བར་བཤད་པ་ཡིན་ཏེ། དེ་བཞིན་ཞེས་མི་གཡོ་བའི་ཆོས་ཅན་ལ་ཡོད་པར་བཤད་པའི་ཕྱིར་རོ། །དྲུག་པོ་དེ་དག་རབ་མཐའ་བས། །དེ་ནི་རྣམ་དྲུག་བསམ་གཏན་མཐའ། །དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །ཞེས་པ། སོ་སོ་རིག་པ་བཞི་དང༌། ཉོན་མོངས་མེད་ཤེས་གཉིས་ཏེ། དྲུག་པོ་དེ་དག་ནི་རབ་མཐའི་སྟོབས་ཀྱིས་ཐོབ་པ་དང༌། རབ་མཐའ་དེ་ནི། དེས་ཚིག་རིག་པ་ལས་གཞན་པའི་ལྔ་པོ་དེ་དང་རབ་མཐའ་ཉིད་དེ། དྲུག་གི་བདག་ཉིད་དོ། །དེས་ཚིག་རིག་པ་ནི་རྟོག་དཔྱོད་ཀྱིས་ཀུན་ནས་བསླང་བའི་ཕྱིར་འདོད་པ་དང་བསམ་གཏན་དང་པོའི་ས་པའོ། །བསམ་གཏན་བཞི་པའི་ས་པ་དངོས་མ་ཡིན་ཀྱང༌། བཞི་པའི་སྟོབས་ཀྱིས་འཐོབ་པ་ལ་འགལ་བ་མེད་དོ། །རབ་མཐའི་དོན་ཅི་ཞེ་ན། འདོད་པ་ནས་སྲིད་རྩེའི་བར་ལུགས་མཐུན་དང༌། སྲིད་རྩེ་ནས་འདོད་པའི་བར་ལུགས་མི་མཐུན་དང༌། ཡང་འདོད་པ་ནས་བསམ་གཏན་བཞི་པའི་བར་ལུགས་མཐུན་དུ་སྙོམས་པར་འཇུག་པ་དེ་ལ་ནི་དེ་ཞེས་བྱ་ལ། འཕེལ་བ་མཐར་ཕྱིན་པའི་དོན་ནི། ཆུང་ངུ་བསམ་གཏན་དང་པོ་ནས། འབྲིང་བསམ་གཏན་གཉིས་པ་ལ་འཇུག དེ་ནས་ཆེན་པོ་གསུམ་པ་ལ་སྙོམས་པར་འཇུག་པ་ན་འཕེལ་བའི་རབ་ནི་བསམ་གཏན་གསུམ་པ་ཡིན་ལ། དེའི་ཡང་མཐའ་ཡིན་པ་དེ་ཞེས་བྱ་ལ། མདོར་ན་བསམ་གཏན་དང་པོ་གསུམ་ལ་ནི་སྒོམ་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་ཞེས་བྱའོ། །དེ་ལྟར་ཉན་ཐོས་དང་ཐུན་མོང་བའི་ཡོན་ཏན་དྲུག་བཤད་ནས། སོ་སོ་སྐྱེ་བོ་དང་ཐུན་མོང་བ་ནི། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང༌། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་པ། འདིར་ནི་སྒྲུབ་པའི་སྦྱོར་བ་ལ་བར་ཆད་མེད་ལམ་དང༌། གྲུབ་པ་ལ་རྣམ་གྲོལ་ལམ་གྱི་མིང་གིས་བཏགས་ནས་བློ་ཤེས་རབ་ཀྱི་རང་བཞིན་ནོ། །དྲུག་པོ་དེ་དག་ཤེས་པ་དུའི་ངོ་བོ་ཡིན་པ་ནི། སེམས་ལ་ཤེས་པ་ལྔ་ཡིན་ནོ། །ཞེས་པ། ཟག་མེད་ཀྱི་སེམས་ཤེས་པ་ནི་ཆོས་ཤེས་རྗེས་ཤེས་དང༌། ལམ་ཤེས་པ་དང་བཞི་པོ་ཉིད་ཡིན་ལ། ཟག་བཅས་ཤེས་པ་ནི་ཀུན་རྫོབ་ཤེས་པའི་ངོ་བོར་སྐྱེ་བའོ། །འགོག་པ་ཤེས་པའི་ངོ་བོར་ནི་མི་སྐྱེ་སྟེ། འགོག་པ་ནི་མཚུངས་ལྡན་མ་ཡིན་པའི་ཕྱིར། སྡུག་ཀུན་ཤེས་པ་ཡང་མ་ཡིན་ཏེ། དེ་གཉིས་ཤེས་པར་འཇོག་པ་ལ་ནི་མི་རྟག་སོགས་ཀྱི་རྣམ་པ་ཅན་དགོས་པ་ལས་དེ་མེད་པའི་ཕྱིར་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱང་སེམས་ཤེས་ཀྱི་རྣམ་པ་ཅན་མ་ཡིན་པའི་ཕྱིར་མེད་དོ། །ཟད་པ་ཤེས་པ་སྟོབས་བཞིན་ནོ། །ཞེས་པ། ཤེས་པ་དྲུག་གམ་བཅུའི་ངོ་བོར་སྐྱེ་བ་ཡིན་ཏེ། ཟག་པ་ཟད་པའི་ངོ་བོ་ཁོ་ན་ཤེས་པ་ཡིན་ན། འགོག་ཤེས་དང༌། དེ་ལས་ཕྱེ་བའི་ཆོས་རྗེས་གཉིས་དང༌། ཟད་མི་སྐྱེ་ཤེས་པ་དང༌། ཀུན་རྫོབ་ཤེས་པའོ། །ཟག་པ་ཟད་པའི་ཐབས་དང་བཅས་པ་ཤེས་པ་ཡིན་ན་ནི་ཤེས་པ་བཅུའོ། །ལྔ་ནི་བསམ་གཏན་བཞི་དག་ན། །ཞེས་པ། མངོན་ཤེས་དང་པོ་ལྔ་ནི་བསམ་གཏན་གྱི་དངོས་གཞི་དག་ན་ཡོད་ལ་གཟུགས་མེད་ན་ནི་མེད་དེ། རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། འཆི་འཕོ་སྐྱེ་བ་ཤེས་པ་གསུམ་གྱིས་ནི་གཟུགས་ལ་དམིགས་པའི་ཕྱིར་དང༌། སྔོན་གྱི་གནས་དང༌། སེམས་ཀྱི་རྣམ་གྲངས་ཤེས་པ་གཉིས་ནི། དམིགས་པ་གཟུགས་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར། དེ་ཡང་འདི་ལྟར། བསམ་གཏན་པ་དག་བསམ་གཏན་ལ་བརྟེན་ནས་གཟུགས་འདི་འདྲ་བས་ན་སེམས་འདི་འདྲ་བར་འགྱུར་རོ། །ཞེས་པ་དང༌། ལུས་འདི་ལ་སེམས་ཀྱི་རྣམ་པ་ཅི་འདྲ་བ་ཞིག་ཅེས་ཕ་རོལ་ལ་ཡིད་གཏོད་དོ། །གང་གི་ཚེ་གཟུགས་ལ་མ་ལྟོས་པར་ཕ་རོལ་གྱི་སེམས་ཤེས་པ་དེའི་ཚེ་སེམས་ཤེས་པ་གྲུབ་པ་ཡིན་ནོ། །ཡང་བསམ་གཏན་ལ་བརྟེན་ནས་རང་གཞན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་འགགས་མ་ཐག་པའི་མཚན་མ་བཟུང་ནས། དེའི་སྔ་མ་ལ་ཡིད་གཏད་དེ་མཐར་ཉིང་མཚམས་སྦྱོར་བའི་སེམས་དང༌། དེ་ནས་སྔ་མའི་བར་དོའི་གནས་སྐབས་དང༌། དེ་ནས་སྔ་མའི་འཆི་བའི་སྲིད་པ་དང༌། དེ་ནས་སྔ་མའི་སྔོན་དུས་ཀྱི་སྲིད་པ་ལ་ཡིད་གཏད་དེ། གང་གི་ཚེ་བར་སྲིད་དྲན་པ་དེའི་ཚེ་སྔོན་གནས་རྗེས་སུ་དྲན་པ་གྲུབ་པ་ཡིན་ནོ། །དེའི་ཕྱིར་སྔོན་གནས་ཉམས་སུ་མྱོང་བ་ཁོ་ནའོ། །གལ་ཏེ་དེ་ལྟར་ཡིན་ན། འདོད་པའི་རྟེན་ལ་གནས་གཙང་མ་ལྔ་རྗེས་སུ་དྲན་པ་ཇི་ལྟར་ཡོད་དེ། དེར་སྐྱེས་པ་ནི་ཕྱིར་མི་འོང་པ་ཡིན་པས་འདིར་མི་སྐྱེ་བའི་ཕྱིར། ཞེ་ན། ཐོས་པས་ཉམས་སུ་མྱོང་བའི་ཕྱིར་རོ། །ཞེས་འགྲེལ་པར་གསུངས་སོ། །ཡང་རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། མིག་གི་མངོན་ཤེས་གསུམ་གྱི་སྦྱོར་བ་ནི། རིམ་པ་ལྟར། ལུས་ཡང་བ་དང༌། འཕར་བ་སོགས་དང༌། ཐག་ཉེ་རིང་གི་སྒྲ་དང༌། སྣང་བ་ཡིད་ལ་བྱེད་པའོ། །ཞེས་བཤད་དོ། །རང་དང་འོག་སའི་སྤྱོད་ཡུལ་ཅན། །ཞེས་པ། མངོན་ཤེས་ལྔ་པོ་དེ་དག་གོང་མའི་སྤྱོད་ཡུལ་མ་ཡིན་ཏེ། མཆོག་དམན་པའི་ཡུལ་མ་ཡིན་པའི་ཕྱིར། འོ་ན་གཟུགས་མེད་ནས་ཤི་འཕོས་པས་སྔོན་གྱི་གནས་ཇི་ལྟར་དྲན། ཞེ་ན། འགྲེལ་པར་གཟུགས་མེད་ནས་ཤི་འཕོས་ནས་འདིར་སྐྱེས་པ་ནི་ཕ་རོལ་པོའི་རྒྱུད་ལ་བརྟེན་ནས་སྐྱེད་དོ། །གཞན་དག་གི་ནི་རང་གི་རྒྱུད་ལ་བརྟེན་ནས་སོ། །ཞེས་བཤད། དོན་ནི། རང་གི་སྐྱེ་བ་སྔོན་མ་གཟུགས་མེད་དུ་སྐྱེས་པ་མི་ཤེས་ཀྱང༌། གཞན་གཟུགས་མེད་དུ་སྐྱེས་པ་ཤེས་སོ། །ཞེས་པ་གཅིག་བྱུང་བས་རྣམ་པར་བརྟག་དགོས་སོ། །མངོན་ཤེས་དེ་དག་ཇི་ལྟར་འཐོབ་པའི་ཚུལ་ནི། ཐོབ་བྱ་འདྲིས་པ་ཆགས་བྲལ་བས། །ཞེས་པ། སྔོན་མ་འདྲིས་པ་རྣམས་ནི་སྦྱོར་བས་ཐོབ་པར་བྱ་བ་ཡིན་ལ། ཚེ་རབས་གཞན་ལ་འདྲིས་པ་རྣམས་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་འཐོབ་བོ། །འདྲིས་མ་འདྲིས་གང་ཡིན་ཀྱང་མངོན་དུ་འགྱུར་བ་ནི་སྦྱོར་བ་ལ་ལྟོས་པ་ཡིན་ཏེ། འགྲེལ་པ་ལས། ཐམས་ཅད་སྦྱོར་བས་བསྐྱེད་པ་ཡིན་ནོ། །ཞེས་སོ། །མངོན་ཤེས་དེ་དག་དྲན་པ་ཉེར་གཞག་གི་ངོ་བོ་ཡིན་པ་ནི། གསུམ་པ་དྲན་པ་ཉེར་གཞག་གསུམ། །ཞེས་པ། མངོན་ཤེས་གསུམ་པ་ནི་གཞན་གྱི་སེམས་ཤེས་པ་སྟེ། དེ་ནི་ཚོར་བ་དང༌། སེམས་པ་དང༌། ཆོས་དྲན་པ་ཉེར་གཞག་གསུམ་ཡིན་ལ། མིག་རྣ་རྫུ་འཕྲུལ་གྱི་མངོན་ཤེས་གསུམ་ནི་དང་པོ་ཞེས་པ་ལུས་དྲན་པ་ཉེར་གཞག་གོ །ལྷག་མ་ནི་དམིགས་ཀྱིས་མ་ཕྱེ་བའི་ཕྱིར་དྲན་པ་ཉེར་གཞག་བཞི་ཀའི་ངོ་བོར་གྲུབ་བོ། །འོ་ན་མངོན་ཤེས་དེ་དག་དགེ་སོགས་གསུམ་ལས་གང་ཞེ་ན། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན། ཞེས་པ། དེ་དག་དགེ་བ་སྐྱེས་ཐོབ་ནི་མ་ཡིན་ལ་སྦྱོར་བྱུང་ཡང་མ་ཡིན་ཏེ། ཐོས་བསམ་སྒོམ་གསུམ་གྱི་ཤེས་པས་མ་བསྡུས་པའི་ཕྱིར། ལྷག་རྣམས་དགེ ཞེས་པ། བསམ་གཏན་གྱི་སས་བསྡུས་པའི་རྣམ་གྲོལ་ལམ་ཡིན་པ་ལ་ཐུག་གོ །འོ་ན་དེ་དག་བསམ་གཏན་བཞི་པའི་ས་པར་མི་འགྱུར་ཏེ། བསམ་གཏན་གཉིས་པ་ཡན་ཆད་ན་མིག་དང་རྣ་བའི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཞེ་ན། ལ་ལ་ན་རེ། གཉིས་པ་ཡན་ཆད་ན་མིག་དང་རྣ་བའི་དབང་པོ་ཡོད་པས། ཞེས་དང༌། ཁ་ཅིག་ནི་འདི་གཉིས་དང་པོ་སྒྲུབ་པའི་སྦྱོར་བ་བསམ་གཏན་བཞི་པ་ལ་བརྟེན་པས། ཇི་སྐད་དུ། ལྔ་ནི་བསམ་གཏན་བཞི་དག་ན། །ཞེས་བཤད་པ་ཡིན་ནོ། །ཡང་དྲུག་པོ་དེ་ལས་རིགས་པ་ཡིན་པ་དུ་ཞེ་ན། གསུམ་ནི་རིག་པ་སྔོན་མཐའ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །དེ་ཡང་ཟག་ཟད་མངོན་ཤེས་ནི་མི་སློབ་པ་དང་རིག་པ་དངོས་ཡིན་ལ། གཞན་གཉིས་ནི་བཏགས་པ་བ་ཡིན་ནོ། །གཞན་གཉིས་ནི་མི་སློབ་པའི་རྒྱུད་ལ་ཡོད་ཀྱང་དབང་ཤེས་ཡིན་པས་རིག་པར་མི་འཆད་དོ། །ཡང་མདོ་ལས་ཆོ་འཕྲུལ་རྣམ་པ་གསུམ་གསུངས་པ་དེ་ཡང༌། མངོན་པར་ཤེས་པ་དྲུག་ལས་ཕྱེ་བ་ཡིན་ནོ། །ཞེས་འཆད་པ་ནི། དང་པོ་གསུམ་པ་དྲུག་པ་ནི། ཆོ་འཕྲུལ་རྣམས་ཡིན་བསྟན་པ་མཆོག །ཅེས་པ། གདུལ་བྱ་གཞན་གྱི་ཡིད་འཕྲོག་པར་བྱེད་པས་ན་ཆོ་འཕྲུལ་ཞེས་བྱ་ལ། དེ་ལས་ཀྱང་རྫུ་འཕྲུལ་གྱིས་ནི་གདུལ་བྱའི་ཡིད་འདུན་པར་བྱས་པའི་སྒོ་ནས་འཕྲོག་པར་བྱེད། གསུམ་པ་སེམས་ཀྱི་རྣམ་གྲངས་ཤེས་པས་ནི་གཞན་གྱི་བསམ་པ་དང་མཐུན་པའི་ཆོས་བསྟན་པས་ཡིད་འཕྲོག་པར་བྱེད། དྲུག་པ་ཟག་ཟད་མངོན་ཤེས་ཀྱིས་ནི་བསྟན་པ་དང་མཐུན་པར་བསྒྲུབས་པས་གཞན་སྨིན་ཅིང་གྲོལ་བའི་སྒོ་ནས་ཡིད་འཕྲོག་པར་བྱེད་པའི་ཕྱིར། ཡང་ན། གོ་རིམ་བཞིན་དུ། བསྟན་པ་ལ་ཞེས་འགྲོས་པ་དང༌། བར་མར་གནས་པ་དང༌། ཞུགས་པ་རྣམས་ཡིད་འཕྲོག་པའི་ཕྱིར། དེ་ཞེས་བྱའོ། །དེའི་ནང་ནས་གསུམ་པ་མཆོག་ཡིན་ཏེ། རྒྱུ་ཉོན་མོངས་ཟད་བྱེད་ཀྱི་ལམ་མི་འཁྲུལ་བའི་ཕྱིར་དང༌། རང་གི་ངོ་བོ་ཉོན་མོངས་དང་བྲལ་བས་ཕན་པའི་ཕྱིར་དང༌། འབྲས་བུ་ཡིད་འོང་ལ་སྦྱོར་བར་བྱེད་པའི་ཕྱིར། འདིར་རྫུ་འཕྲུལ་གྱི་ངོས་འཛིན་ནི་ཏིང་ངེ་འཛིན་ཡིན་ལ། དེ་ལ་རྫུ་འཕྲུལ་གྱི་སྒྲ་འཇུག་པ་ནི། འདིས་འབྱོར་བར་བྱེད་པས་ན་དེ་ཞེས་བྱ་ལ། ཅི་ཞིག་སྦྱོར་བར་བྱེད་ན། སྤྲུལ་པ་དང༌། འགྲོ་བའོ། །འགྲོ་བ་ནི་གསུམ་སྟེ། ལུས་བྱ་ལྟར་རིམ་གྱིས་ཕྱིན་པར་བྱེད་པའི་འགྲོ་བ་དང༌། ཐག་རིང་པོ་ལ་ཉེ་བར་མོས་པའི་འགྲོ་བའོ། །ཞེས་སྟོན་པ་ནི། རྫུ་འཕྲུལ་ཏིང་འཛིན་དེ་ལས་ནི། །སྤྲུལ་དང་འགྲོ་བ་སྟོན་པ་ལ། །ཡིད་མགྱོགས་འགྲོ་བ་གཞན་དག་ལ། །ཕྱིན་བྱེད་མོས་པ་ལས་བྱུང་ཡང༌། །ཞེས་པའོ། །གཉིས་པ་སྤྲུལ་པའི་ངོས་འཛིན་ནི། རྒྱུ་ཏིང་ངེ་འཛིན་དེ་ལས་འབྲས་བུ་སྤྲུལ་པ་ལ་འཇུག་པ་ན་སྤྲུལ་སེམས་ལུང་མ་བསྟན་མངོན་དུ་བྱེད་དགོས་ལ། སྤྲུལ་སེམས་དེ་ལ། གཉིས་ཏེ། འདོད་པའི་སས་བསྡུས་པ་དང༌། གཟུགས་ཀྱི་སས་བསྡུས་པའོ། །རྒྱུ་སྤྲུལ་སེམས་གཉིས་ཡོད་པའི་དབང་གིས། འབྲས་བུ་སྤྲུལ་པ་ཡང༌། འདོད་པར་གཏོགས་པ་དང༌། གཟུགས་སུ་གཏོགས་པ་གཉིས་དང༌། སྤྲུལ་པ་པོ་འདོད་པའི་རྟེན་ཅན་དང༌། གཟུགས་ཀྱི་རྟེན་ཅན་གཉིས་སོ། །རྟེན་དེ་གཉིས་རེ་རེས་ཀྱང་འདོད་གཟུགས་ཀྱི་སྤྲུལ་པ་གཉིས་གཉིས་སྤྲུལ་ནུས་པས་བཞི་དང༌། བཞི་པོ་རེ་རེ་ལའང༌། བདག་གི་ལུས་དང་འབྲེལ་བར་སྤྲུལ་པ་དང༌། གཞན་ལུས་དང་འབྲེལ་བར་སྤྲུལ་པ་གཉིས་གཉིས་ཏེ་བརྒྱད་དོ། །བདག་ཉིད་ཀྱི་ལུས་སེང་གེར་བསྒྱུར་བ་ལྟ་བུ་ནི་དང་པོའི་ངོས་འཛིན་དང༌། རང་ལུས་ལས་ཕྱི་རོལ་དུ་སེང་གེ་སྤྲུལ་པ་ནི། གཞན་ལུས་དང་འབྲེལ་བའི་ངོས་འཛིན་ནོ། །གང་སྤྲུལ་པ་ནི། འདོད་པར་གཏོགས་པ་སྤྲུལ་སེམས་ཀྱིས་ནི་ཕྱིའི་སྐྱེ་མཆེད་བཞི་པོ་ཁོ་ན་སྤྲུལ་པར་བྱེད་ཀྱི། ནང་གི་སྐྱེ་མཆེད་ནི་སྤྲུལ་པར་མི་བྱེད་དེ། བྱེད་ན་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བའི་ཕྱིར། སྒྲའང་སྤྲུལ་པར་མི་བྱེད་དེ། རྒྱུན་མེད་པའི་ཕྱིར། གཟུགས་སུ་གཏོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་གཉིས་ཁོ་ན་སྟེ། དེ་ན་དྲི་རོ་གཉིས་མེད་པའི་ཕྱིར་རོ། །འོ་ན་རྟེན་གཟུགས་ཁམས་པས་འདོད་པའི་སྤྲུལ་པ་སྤྲུལ་པ་ན། དྲི་རོ་གཉིས་སྤྲུལ་མི་ནུས་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། དེས་འདོད་པའི་སྤྲུལ་སེམས་ཀྱིས་བྱས་པ་དང༌། རང་ལུས་དང་འབྲེལ་བར་སྤྲུལ་པ་ན་ཡང་དེ་ལ་སྲེད་པ་མེད་པའི་ཕྱིར། དཔེར་ན་གོས་དང་རྒྱན་ལུས་དང་འབྲེལ་ཡང་སེམས་ཅན་དུ་མི་བགྲང་བ་བཞིན་ནོ། །སྒྲ་མི་སྤྲུལ་ན་སྤྲུལ་པས་ངག་སྨྲ་བ་ཇི་ལྟར་ཞེ་ན། སྤྲུལ་པས་ངག་སྨྲ་བར་སྣང་བ་ཙམ་ཡིན་གྱི། སྤྲུལ་པ་པོས་སྨྲས་པ་ལས་གཞན་མེད་དོ། །མདོར་ན་འགྲོ་བ་དང་སྤྲུལ་པ་གྲུབ་པའི་དུས་ཀྱི་བདག་པོའི་རྐྱེན་དུ་གྱུར་པའི་ཏིང་ངེ་འཛིན་ནི་རྫུ་འཕྲུལ་དང་དེའི་མངོན་ཤེས་ཡིན་ལ། དེའི་བདག་འབྲས་སུ་གྱུར་པའི་འགྲོ་བ་དང་སྤྲུལ་པ་ལ་ནི་རྫུ་འཕྲུལ་གྱི་ཆོས་འཕྲུལ་ཞེས་བྱའོ། །འོ་ན་མངོན་ཤེས་ཉིད་ཀྱིས་སྤྲུལ་པར་བྱེད་དམ་ཞེ་ན། མ་ཡིན་ཏེ། དེའི་འབྲས་བུ་སྤྲུལ་སེམས་ཀྱིས་སྤྲུལ་པས་སོ། །སྤྲུལ་སེམས་དེ་ཡང་བཅུ་བཞི་སྟེ། བསམ་གཏན་དང་པོའི་ཏིང་ངེ་འཛིན་གྱི་འབྲས་བུ་བསམ་གཏན་དང་པོ་ཉིད་ཀྱི་སས་བསྡུས་པའི་སྤྲུལ་སེམས་དང་གཉིས་ཡོད་པ་ནས། བསམ་གཏན་བཞི་པའི་འབྲས་བུ་རང་ས་དང་འོག་ས་བཞིའི་སྤྲུལ་སེམས་གཉིས་སུ་གྱུར་པའི་བར་རྣམས་སོ། །ས་འོག་མའི་ཏིང་ངེ་འཛིན་གྱིས་གོང་སའི་སྤྲུལ་སེམས་བདག་པོར་བྱེད་པ་ནི་མི་སྲིད་དེ། གོང་མའི་སེམས་མངོན་དུ་མ་བྱས་པར་ནི་དེའི་སྤྲུལ་པ་ལ་མི་འཇུག བྱས་ནས་ནི་དེ་ཉིད་ཀྱིས་སྤྲུལ་པར་བྱེད་ཀྱི། འོག་མས་སྤྲུལ་པར་བྱེད་མི་ནུས་སོ། །ཞེས་སྟོན་པ་ནི། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམས་གཉིས། །གཟུགས་གཏོགས་གཉིས་སྤྲུལ་སེམས་དག་གིས། །དེ་དག་ཀྱང་ནི་བཅུ་བཞིའོ། །བསམ་གཏན་འབྲས་གཉིས་ནས་ལྔའི་བར། །རིམ་བཞིན་གོང་མ་ལས་སྐྱེས་མིན། །ཞེས་སོ། །སྐབས་འདིར་འགྲེལ་པ་ལས། འདོད་པ་ན་སྤྱོད་པའི་སྤྲུལ་པ་བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་ནི། བསམ་གཏན་དང་པོའི་ས་པ་དེའི་འབྲས་བུ་ལས་འགྲོས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་སོ། །ཞེས་བཤད་པ་དེའི་དོན་ནི། བསམ་གཏན་དང་པོའི་འབྲས་བུར་གྱུར་པའི་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་དེས་བསམ་གཏན་དང་པོའི་བར་དུ་འགྲོ་ནུས་ཀྱི། བསམ་གཏན་གཉིས་པ་ཡན་ཆད་དུ་འགྲོ་མི་ནུས། དེ་བཞིན་དུ་བསམ་གཏན་གཉིས་པའི་འབྲས་བུར་གྱུར་པའི་སྤྲུལ་པས་ཀྱང་གསུམ་པ་ཡན་ཆད་དུ་འགྲོ་མི་ནུས་པའོ། །དེ་ལྟར་བཤད་པ་ན་སྤྲུལ་པ་པོ་འདོད་ཁམས་གཟུགས་སུ་མི་འགྲོ་ཡང༌། དེའི་སྤྲུལ་པ་གཟུགས་ཁམས་སུ་འགྲོ་བ་དང༌། སྤྲུལ་པ་པོ་ཚངས་པ་འདོད་པའི་ཁམས་སུ་མ་འོངས་པར། སྤྲུལ་པ་འདོད་ཁམས་སུ་འོངས་པ་བུ་ཡིན་པ་དེའི་ཚེ། སྤྲུལ་པ་ལའང་འདོད་པར་གཏོགས་པ་དང༌། གཟུགས་སུ་གཏོགས་པ་གཉིས་སུ་ཕྱེ་ནས། གཉིས་པོ་རང་རང་གི་ཁམས་ལས་མི་འདའ་བར་འདོད་དགོས་ཏེ། ས་རྣམས་སྲེད་པས་སོ་སོར་མཚམས་བཅད་པའི་ཕྱིར་རོ། །དེས་རྙེད་བསམ་གཏན་བཞིན། །ཞེས་པ། སྤྲུལ་སེམས་དེ་ཡང་བསམ་གཏན་ལྟར་ས་འོག་མ་ལ་འདོད་ཆགས་དང་བྲལ་བ་ཙམ་གྱིས་རྙེད་པ་ཡིན་མོད། མངོན་དུ་གྱུར་པ་ནི་སྦྱོར་བ་ལ་ལྟོས་སོ། །འོ་ན་སྤྲུལ་པ་ལ་འཇུག་པ་སྤྲུལ་སེམས་ཀྱིས་བྱེད་པ་བཞིན་དུ། ལྡང་བ་ཡང་དེ་ཉིད་ཀྱི་འབྱེད་དམ་ཞེ་ན། དེ་ནི་དག་དང་རང་ལས་དེ་ལས་གཉིས། །ཞེས་པ། འགྲེལ་པར་ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ནི། ཡང་ཏིང་ངེ་འཛིན་དེ་ལ་མ་ཞུགས་པར་ཏིང་ངེ་འཛིན་དེ་ལས་ལྡང་བ་མེད་དོ། །ཞེས་བཤད་པ་དེ་ཉིད་དོ། །སྤྲུལ་སེམས་སྤྲུལ་པ་དང་ས་གཅིག་པ་དགོས་པའི་སྤྱིར་བཏང་དམིགས་བསལ་དང་བཅས་པ་ནི། རང་གི་ས་ཡིས་སྤྲུལ་པར་བྱེད། །སྨྲར་འཇུག་པ་ནི་འོག་མས་ཀྱང༌། །ཞེས་སོ། །འོ་ན་གང་གི་ཚེ་སྨྲ་བར་འཇུག་པའི་སེམས་ཡོད་པ་དེའི་ཚེ་སྤྲུལ་སེམས་ཡོད་ན་ནི། གང་ཟག་གཅིག་ལ་རྟོག་པ་རིགས་མཐུན་རྫས་གཞན་གཉིས་ཡོད་པར་འགྱུར་ལ། མེད་ན་ཇི་ལྟར་སྨྲ་བའམ་སྤྲུལ་ཞེ་ན། སྤྲུལ་པ་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབས་ནས། དེ་ནས་རིམ་གྱིས་སྨྲ་བར་འཇུག་པའི་ཕྱིར། ཞེས་སྟོན་པ་ནི། བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །ཞེས་པའོ། །བྱིན་གྱིས་རློབས་པ་དེ་གསོན་པོ་ཁོ་ན་ལའམ། ཞེ་ན། ཤི་བ་ལ་ཡང་བྱིན་བརླབས་ཡོད། །མི་རྟག་ལ་མིན་གཞན་དག་མིན། །ཞེས་པ། དཔེར་ན། ལུང་ཕྲན་ཚེགས་ལས། འོད་བསྲུང་ཆེན་པོས་མངོན་པའི་སྡེ་སྣོད་ཀྱི་བསྡུ་བ་མཛད་ཟིན་པའི་རྗེས་སུ། བསྟན་པ་ཀུན་དགའ་བོ་ལ་གཏད་ནས། རི་བྱ་རྐང་ཅན་དུ་སོང་སྟེ། རི་གསུམ་དབུས་སུ་རྩ་བཏིང་བ་ལ་འདུག་ནས། བདག་གི་ལུས་འདི་སངས་རྒྱས་བྱམས་པའི་སློབ་མ་རྣམས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། བྱམས་པའི་བསྟན་པ་མ་རྒྱས་ཀྱི་བར་དུ། རི་ཁ་ཟུམ་སྟེ་མ་ཉམས་པར་གནས་པར་གྱུར་ཅིག རྒྱལ་པོ་མ་སྐྱེས་དགྲ་ལུས་ལྟར་འོངས་ན། རི་རྣམས་ཁ་བྱེ་ནས་མཐོང་བར་གྱུར་ཅིག ཅེས་བྱིན་གྱིས་བརླབས་སོ། །གང་གི་ཚེ་བྱམས་པ་སངས་རྒྱས་ནས་འདུས་པ་དང་པོའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་བཅས་པ་རི་བྱ་རྐང་ཅན་དུ་གཤེགས་ནས། བྱམས་པས་འོད་བསྲུང་ཆེན་པོའི་རུས་པ་ཕྱག་ཏུ་བསྣམས་ནས་ཆོས་བསྟན་པས། ཉན་ཐཽས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །གལ་ཏེ་སྤྲུལ་སེམས་ཐམས་ཅད་ལུང་མ་བསྟན་དུ་ངེས་སམ་ཞེ་ན། སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ཞེས་སོ། །འདིར་འགྲེལ་པ་ལས། དེ་དག་གིས་བྱས་པའི་སྤྲུལ་པ་རང་གཞན་གྱི་ལུས་དང་འབྲེལ་བ་ནི། སྒྲ་མེད་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཡིན་པའི་ཕྱིར། སྐྱེ་མཆེད་དགུ་པོ་ཡིན་ཏེ། དབང་པོ་དང་ཐ་མི་དད་པའི་ཕྱིར་རོ། །དབང་པོ་ནི་སྤྲུལ་པར་མི་བྱེད་དོ། །ཞེས་བཤད། དེའི་དོན་ནི་སྤྲུལ་པ་དེ་རང་གཞན་གྱི་ལུས་དང་འབྲེལ་བའི་ཚེ། ནང་གི་སྐྱེ་མཆེད་ལྔ་དང༌། ཕྱིའི་བཞི་སྟེ་དགུའོ། །དེ་ཡང་དབང་པོ་དང་གོ་ས་ཐ་མི་དད་དུ་གནས་པས་དེར་འཆད་ཀྱི། དབང་པོ་སྤྲུལ་པ་ན་མ་ཡིན་ཏེ། དབང་པོ་ནི་སེམས་ཅན་དུ་སྟོན་པ་ཁོ་ན་ཡིན་པས། སྔོན་མེད་པའི་སེམས་ཅན་སྲིད་པར་ཐལ་བས་སོ། །ཡིད་ཀྱི་སྐྱེ་མཆེད་ནི་མི་རྩི་སྟེ། སྤྲུལ་པ་ལ་སེམས་མེད་པའི་ཕྱིར། བསྟན་བཅོས་ལས་ཀྱང༌། སྤྲུལ་པ་དེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཞེས་བརྗོད་པར་བྱའོ། །སེམས་མེད་པ་ཞེས་ཀྱང་བརྗོད་པར་བྱའོ། །ཞེས་བཤད་པས། ཆོས་ཀྱི་སྐྱེ་མཆེད་ཀྱང་སྤྲུལ་པར་མི་བྱེད་དོ། །ཞེས་སོ། །དེ་ལྟ་མོད་ཀྱི་གཞན་རྒྱུད་དང་འབྲེལ་བའི་དབང་པོ་ལྔ་ཞེས་པ་དེ། སྤྲུལ་པ་པོ་རང་ཉིད་ཀྱིའམ། གཞན་ཞིག་ཡིན་ཞེས་བརྟག་པར་བྱའོ། །རྫུ་འཕྲུལ་ལ་གཉིས་པོ་དེ་ལས་གཞན་ཡང་འཆད་པ་ནི། རྫུ་འཕྲུལ་སྔགས་དང་སྨན་དག་དང༌། །ལས་ལས་སྐྱེས་པ་རྣམ་པ་ལྔ། །ཞེས་པའོ། གདགས་པ་ལས། སྤྲུལ་པ་ལ་སྐྱེས་ཐོབ་དང་སྒོམ་བྱུང་གཉིས་སུ་ཕྱེ་ནས། དང་པོ་ལ་སེམས་ཡོད་པར་བཤད་དོ། །མངོན་ཤེས་ཀྱི་ནང་ཚན་དུ་གྱུར་པའི་ལྷའི་མིག་དང་རྣ་བ་ནི་འདྲ་བ་ལས་དེར་བཏགས་པའམ། ཞེ་ན། དངོས་ཡིན་ནོ་ཞེས་འཆད་པ་ནི། བསམ་གཏན་ས་པའི་གཟུགས་དང་བ། །རྟག་ཏུ་རྟེན་བཅས་མ་ཚང་མེད། །ཞེས་པ། མིག་དང་རྣ་བ་དེ་གཉིས་ནི་རྟག་ཏུ་རྣམ་ཤེས་དང་བཅས་པའི་ཕྱིར་དེ་མཚུངས་མི་སྲིད་དོ། །མིག་རྣའི་རྣམ་ཤེས་ཀྱི་ཀུན་སློང་རྟོག་དཔྱོད་ཅིག་ཆར་དུ་སྐྱེ་བ་མེད་པའི་ཕྱིར་རིམ་གྱིས་སྐྱེ་དགོས་ལ། དེའི་ཕྱིར་རྟག་ཏུ་བརྟེན་དང་བཅས་པ་ཇི་ལྟར་རུང༌། ཞེ་ན། དེར་ནི་ཏིང་ངེ་འཛིན་གྱི་མཐོང་བ་ཡིན་ནོ། །ཞེས་ཁ་ཅིག་ཟེར་ལ། གཞན་དག་ནི་ཀུན་སློང་ས་འོག་མར་གཏོགས་ཀྱང༌། ཏིང་ངེ་འཛིན་གྱི་མཐུས་ཡུན་རིང་དུ་འཛིན་པ་ཡིན་ནོ། །ཞེས་གསུང་ངོ༌། །དེ་ལྟར་དེ་བཤད་པ་ལས་ནི། བྱུང་བའི་དགེ་བ་ཤེས་བྱའི་གནས། །ཇི་བཞིན་མཐོང་ལ་གེགས་མེད་པའི། ཤེས་པ་རྣམ་བཅུ་མངོན་འགྱུར་ཤོག །ཀུན་རྫོབ་ཇི་སྙེད་དམིགས་པར་བྱས་ཀྱང་དྲི་མེད་བཅུ་དྲུག་རྣམ་ཅན་དེ་ཡིས་དོན་དམ་ཤེས། །བདེན་དོན་ཆོས་ཀུན་བཟུང་བྱར་བྱས་ཀྱང་བཅུ་དྲུག་རྣམ་བྲལ་ཀུན་རྫོབ་བློ་ལས་དེ་མ་བརྒལ། སྲིད་ལ་མངོན་དགའི་བདེ་འགྲོ་བ་དང་སྲིད་བྲལ་དོན་གཉེར་མཚོ་གསུམ་པ་དེའི་ཡོན་ཏན་ཚོགས། གཞན་ལས་ཐོབ་ཡིན་བསྐལ་བརྒྱ་པ་དང་གྲངས་མེད་པ་དེས་རང་བྱུང་ཡེ་ཤེས་མངོན་སུམ་མཛད། །ཅེས་ཆོས་མངོན་པ་མཛོད་ཅེས་བྱ་བའི་བསྟན་བཅོས་ཀྱི་ཚིག་དོན་ཞིབ་མོར་བཤད་པ་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་ལས་གནས་བདུན་པ་ཡེ་ཤེས་བསྟན་པའི་སྐབས་ལེགས་པར་བཤད་པ་ཡིན་ནོ།། །།འདོད་པའི་སྲེད་པ་དང་དུ་མི་ལེན་ཞིང༌། །རྣམ་པར་འཚེ་དང་སྲིད་པའི་སྲེད་པ་ཡང༌། །རིམ་གྱིས་སྦྱོང་བའི་ཟག་མེད་ས་དགུ་པོ། །གསལ་མཛད་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། །ཉོན་མོངས་སེལ་དང་ཡོན་ཏན་ཀུན་འབྱོར་བ། །མཉམ་པར་བཞག་པའི་ས་ཆེན་རྣམ་བརྒྱད་ལ། །རག་ལས་དེ་ཕྱིར་དེ་ཡི་མཛོད་བསྟན་བྱ། །དེ་ལྟར་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གནས་བརྒྱད་པ་སྙོམས་འཇུག་བསྟན་པའི་མཛོད་འཆད་པ་ལ། གཉིས་ཏེ། སྙོམས་འཇུག་དངོས་བཤད་པ་དང༌། དེ་ལ་བརྟེན་པའི་ཡོན་ཏན་བཤད་པའོ། །དང་པོ་ལ། ངོ་བོ་དང༌། དབྱེ་བ་དང༌། ཡན་ལག་རྣམ་པར་བཞག་པ་དང༌། འཐོབ་པའི་ཚུལ། ཁྱད་པར་གྱི་ཆོས། ཉེར་བསྡོགས་བཤད་པ་དང༌། ཏིང་ངེ་འཛིན་གྱི་དབྱེ་བ་བཤད་པའོ། །དང་པོ་ནི། གཟུགས་མེད་རྣམས་ཀྱང་ཡོན་ཏན་གྱི་རྟེན་ཡིན་མོད། ཡོན་ཏན་ཐམས་ཅད་གྱི་རྟེན་མ་ཡིན་ལ། བསམ་གཏན་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པས། དེ་ཐོག་མར་འཆད་པ་ནི། ཇི་སྐད་དུ། བསམ་གཏན་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །ཞེས་པ། རྒྱུ་སྙོམས་འཇུག་དང༌། འབྲས་བུ་སྐྱེ་བ་གཉིས་ཡིན་ལ། དེ་རེ་རེ་ལ་ཡང་སའི་དབྱེ་བས་བཞི་བཞིར་འགྱུར་རོ། །གཉིས་པོའི་ཁྱད་པར་ནི་རྣམ་པ་དུ་མར་ལྟ་སྟེ། རང་ས་ཁོ་ནར་མངོན་དུ་འགྱུར་བ་ནི་འབྲས་བུའོ། །འོག་སར་ཡང་མངོན་དུ་བྱེད་པ་ནི་རྒྱུའོ། །རྒྱུ་ནི་མཉམ་གཞག་ཁོ་ན་ཡིན་པའོ། །འབྲས་བུ་ལ་ནི་མཉམ་པར་བཞག་པ་ཡང་ཡོད་པའོ། །རྒྱུ་ནི་དགེ་བ་ཁོ་ན་ཡིན་པ་དང༌། འབྲས་བུ་ལ་ནི་ལུང་མ་བསྟན་ཡང་ཡོད་པའོ། །རྒྱུ་ནི་བསྒོམས་བྱུང་ཁོ་ན་ཡིན་པ་དང༌། འབྲས་བུ་ལ་ནི་ཐོས་བྱུང་དང་སྐྱེས་ཐོབ་ཀྱང་ཡོད་པའོ། །རྒྱུ་ནི་རྒྱུན་ཆད་ཅིང་འཇུག་པའི་རེས་འགའ་བ་ཡིན་ལ། འབྲས་བུ་ནི་ཚེ་ཇི་སྲིད་པར་རྒྱུན་ཆགས་པའོ། །འབྲས་བུ་ནི་དངོས་གཞི་ཁོ་ན་ཡིན་ལ། རྒྱུ་ལ་ནི་ཉེར་བསྡོགས་ཀྱང་ཡོད་པའོ། །མདོར་ན། ཁམས་གོང་མའི་སས་བསྡུས་པའི་ཕུང་པོ་ལྔ་སྣོད་དང་བཅས་པ་ནི་འབྲས་བུ་སྐྱེ་བ་ཡིན་ལ། དེ་ནི་འཇིག་རྟེན་བསྟན་པའི་མཛོད་དུ་བཤད་ཟིན་པས་འདིར་མི་འཆད་དོ། །རྒྱུ་སྙོམས་འཇུག་ནི། ཇི་སྐད་དུ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །ཞེས་པ། མཚན་ཉིད་འདིས་ནི་གཟུགས་མེད་ཀྱི་སྙོམས་འཇུག་ཀྱང་བསྡུས་པ་ཡིན་ཏེ། སྙོམས་འཇུག་ཅེས་མཚན་གཞི་སྤྱིར་བསྟན་པའི་ཕྱིར། ཁྱབ་ཆེས་པ་མ་ཡིན་ཏེ། དེའི་སས་བསྡུས་པ་ལ་རྩེ་གཅིག་པ་མི་སྲིད་པའི་ཕྱིར། རྒྱུའི་སྙོམས་འཇུག་འཆད་པའི་སྐབས་ཡིན་ཀྱང༌། འབྲས་བུ་སྐྱེ་བའི་སས་བསྡུས་པའི་སྙོམས་འཇུག་ཀྱང་འདིར་འདུ་བ་ཡིན་ཏེ། སྙོམས་འཇུག་ཅེས་སྤྱིར་བསྟན་པའི་ཕྱིར་རོ། །འབྲས་བུ་སྐྱེ་བའི་ས་པ་ཐམས་ཅད་བསྡུས་པ་ནི་མ་ཡིན་ཏེ། དེ་ནི་ལུང་མ་བསྟན་ཡིན་པའི་ཕྱིར། འགྲེལ་པ་ལས། ཉོན་མོངས་ཅན་ཇི་ལྟར་བསམ་གཏན་ཡིན་ཞེ་ན། ལོག་པར་ངེས་པར་སེམས་པའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། དེ་དང་མཐུན་པ་ཁོ་ན་ལ་དེའི་མིང་གིས་བཏགས་པའི་ཕྱིར་ཏེ། ས་བོན་རུལ་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་མི་དགེ་བ་དག་ཀྱང་གསུངས་སོ། །ཞེས་བཤད། དོན་ནི། སྙོམས་འཇུག་ཉོན་མོངས་ཅན་ལ་བསམ་གཏན་གྱི་སྒྲ་མི་འཇུག་པར་འགྱུར་ཏེ། དེ་ནི་དགེ་བ་རྩེ་གཅིག་པར་འཆད་པའི་ཕྱིར། ཞེ་ན། སྒྲ་སྦྱོར་བ་མི་འགལ་ཏེ། སེམས་པས་ན་བསམ་གཏན་ཞེས་བྱ་ལ། འདིས་ཀྱང་ལོག་པར་སེམས་པའི་ཕྱིར། །ཞེས་པའོ། །དེ་ལྟ་ན་ལོག་པའི་ཤེས་པ་མཐའ་དག་ལ་ཧ་ཅང་ཐལ་བར་འགྱུར་རོ། །ཞེ་ན་མ་ཡིན་ཏེ། འདི་ནི་སྙོམས་འཇུག་གི་རྫས་རྒྱུན་ཡིན་པས་རིས་མཐུན་ལ། གཞན་ལ་ནི་དེ་མེད་པའི་ཕྱིར་རོ། །དཔེར་ན་ས་བོན་གྱི་རྫས་རྒྱུན་རུལ་བ་ལ་ས་བོན་རུལ་བའི་མིང་གིས་བཏགས་པ་བཞིན་ནོ། །འདི་ནི་ལུང་མ་བསྟན་ཡིན་ལ། དེར་མ་ཟད། མདོ་ལས་སྙོམས་འཇུག་མི་དགེ་བའི་མིང་ཅན་ཀྱང་གསུངས་སོ། །ཇི་ལྟར་ཞེ་ན། ཚངས་པའི་ཚོགས་ཀྱི་མདོ་ལས། མི་དགེ་བའི་བསམ་གཏན་སྒྲིབ་པ་ལྔ་ལས་སྐྱེས་ཤིང༌། ངེས་པར་འབྱུང་བ་མི་ཤེས་ལ། དེ་དག་གིས་བར་དུ་གཅོད་ཅིང་སྒོམས་ཏེ། བསྔགས་པར་མི་འོས་པའི་བསམ་གཏན་གྱི་བསྔགས་པ་མི་གསུང་ངོ༌། །ཞེས་བཤད་དོ། །དེ་ཁོ་ནར་མ་ཟད། འཁོར་དང་བཅས་ན་ཕུང་པོ་ལྔ་པར་བཤད་པ་དེས་ཀྱང༌། བསམ་གཏན་གྱི་སྡོམ་པ་དང་ཐོབ་པ་ཡང་བསྡུས་མོད། དེ་ལ་མཚན་ཉིད་འདི་མ་ཚང་སྟེ། དགེ་བ་རྩེ་གཅིག་པ་ལ་ནི་ཏིང་ངེ་འཛིན་གྱིས་ཁྱབ་པའི་ཕྱིར། འོ་ན་ཏིང་ངེ་འཛིན་ནི་སེམས་ཀྱི་ས་མང་པོ་པ་ཡིན་པའི་ཕྱིར་སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། དེར་བཤད་པ་ནི་སྟོབས་ཆུང་ལ། འདིར་བཤད་པ་ནི། སྟོབས་ཆེ་བའི་དབང་དུ་བྱས་པའི་ཕྱིར། ཞེས་པའོ། །འོ་ན་བསམ་གཏན་དང་པོ་སོགས་དེ་དག་ཇི་ལྟར་བུ་ཞེ་ན། དཔྱོད་དང་དགའ་དང་བདེ་དང་ལྡན། །ཡན་ལག་ལྔ་ལྔ་སྤངས་པ་ཡིན། །ཞེས་པ། དགེ་བ་རྩེ་གཅིག་པའི་བསམ་གཏན་དང་པོ་ནི། རྟོག་དཔྱོད་གཉིས་དང་དགའ་བདེ་དང་མཚུངས་པར་ལྡན་པའོ། །འདིར་རྟོག་པ་མ་སྨོས་ཀྱང༌། དཔྱོད་པ་སྨོས་པས་གོ་བ་ཡིན་ཏེ། ལྷན་ཅིག་སྤྱོད་པའི་ཕྱིར། དུ་བ་དང་མེ་བཞིན་ནོ། །སྤྱིར་ནི་དེ་ཡོད་ལ་དེས་ཁྱབ་པ་མ་ཡིན་ཏེ། བསམ་གཏན་ཁྱད་པར་ཅན་བཞིན་ནོ། །དགའ་བདེ་གཉིས་དང་མཚུངས་པར་ལྡན་པའི་སྤྱོད་པ་ལ་ནི་རྟོག་པ་ལྡན་པས་ཁྱབ་བོ། །འོ་ན་ཇི་སྐད་དུ། རྟོག་དང་དགའ་དང༌། ཞེས་སྨོས་པས་ཆོག་མོད་ཅེ་ན། དེ་ལྟར་སྨོས་ན། ཡན་ལག་ལྔ་ལྔ་སྤངས་པ་ཡིན། །ཞེས་པར། བསམ་གཏན་ཁྱད་པར་ཅན་ཀྱང་བསམ་གཏན་གཉིས་པ་ཉིད་དུ་ཐལ་བར་འགྱུར་བས། དེར་མི་འགྱུར་བའི་དོན་དུ། དཔྱོད་དང༌། ཞེས་སྨོས་སོ། །བསམ་གཏན་ཕྱི་མ་གསུམ་ནི། དགེ་བ་རྩེ་གཅིག་པ་གཞིར་བྱས་པ་ལ། སྤྱོད་པ་སྤངས་པའི་དགའ་བདེ་ཅན་དང༌། དགའ་བ་མེད་པའི་བདེ་བ་ཅན་དང༌། བདེ་བ་སྤངས་པའི་དགེ་བ་རྩེ་གཅིག་པའོ། །འདིར་བསམ་གཏན་ཕྱི་མ་གསུམ་ལ་ཡན་ལག་དེ་ཙམ་ལས་མ་བཤད་པས་དེར་ངེས་སམ་ཞེ་ན། མ་ངེས་ཏེ། འོག་ནས། དང་པོ་ལ་ལྔ་རྟོག་དཔྱོད་དང༌། །དགའ་དང་བདེ་དང་ཏིང་འཛིན་ལྡན། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་བ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང༌། །དྲན་དང་ཤེས་བཞིན་བདེ་དང་ལྡན། །མཐའ་ན་བཞི་དྲན་བཏང་སྙོམས་དང༌། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་བཤད་པས་སོ། །རྟོག་དཔྱོད་གཉིས་ནི་གཉེན་པོའི་ཡན་ལག་སྟེ། འོག་ས་ལས་འདའ་བར་བྱེད་པའི་ཕྱིར། དགའ་བདེ་ནི་ཕན་ཡོན་གྱི་ཡན་ལག་སྟེ། རྣལ་འབྱོར་པའི་ལུས་སེམས་ལ་ཕན་འདོགས་པའི་ཕྱིར། གཉེན་པོའི་ཡན་ལག་དེས་མི་མཐུན་པའི་ཕྱོགས་གང་ཞིག་སེལ་ཞེ་ན། འདོད་པ་ལ་འདུན་པ་དང༌། རྣམ་འཚེའོ། །རྟོག་དཔྱོད་དེ་ཟག་བཅས་སམ། ཟག་མེད་དུ་འཇོག་ཅེ་ན། བཅུ་དྲུག་པའི་རྗེས་ཐོགས་སུ་ནི་དང་པོའི་ཉེར་བསྡོགས་འཇིག་རྟེན་པ་དང༌། དེ་ལས་འདས་པ་གཉིས་ཀ་ཡོད་ལ། སྔ་རོལ་དུ་ནི་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ནས་འདོད་པ་ལས་འདའ་བར་བྱེད་དོ། །ངེས་འབྱེད་ཆ་མཐུན་ན་བདེན་པའི་རྣམ་པ་ཅན་གྱི་ཉེར་བསྡོགས་ཡོད་པ་མ་ཡིན་ནམ། ཞེ་ན། ཡོད་མོད། དེས་སྒོམ་སྤང་ཉོན་མོངས་མི་སྤོང་སྟེ། མཐོང་ལམ་གྱིས་དེ་མི་སྤོང་ལ། ངེས་འབྱེད་ཆ་མཐུན་ནི་དེའི་འཁོར་ཡིན་པའི་ཕྱིར། ཞི་རགས་ཀྱིས་ཆགས་བྲལ་བྱས་པ་དེའི་ཚེ། གཉེན་པོའི་ཡན་ལག་ཏུ་གྱུར་པའི་རྟོག་དཔྱོད་དེ་དང་ལྡན་པ་ཡིན་མོད། ཡོད་པ་ནི་མ་ཡིན་ཏེ། སྤྱིར་དངོས་གཞི་ཕལ་ཆེར་དང༌། ཁྱད་པར་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ཞི་རགས་ཀྱི་རྣམ་པ་ཅན་དུ་འགལ་བའི་ཕྱིར། དང་པོའི་ཉེར་བསྡོགས་ཟག་མེད་ཀྱིས་འོག་ས་ལ་ཆགས་བྲལ་བྱས་པའི་ཚེ། གཉེན་པོའི་ཡན་ལག་གང་ཡིན་པ་དེ་རྟོག་དཔྱོད་ཀྱི་ངོ་བོར་ཡོད་པ་ནི་མ་ཡིན་ཏེ། མཉམ་གཞག་ཟག་མེད་ནི་དེའི་ངོ་བོར་འགལ་བའི་ཕྱིར། དེ་ལྟ་ན་ཡང་དེ་དང་བཅས་པར་ནི་འཇོག་སྟེ། ས་བསམ་གཏན་དང་པོ་ལ་བརྟེན་པའི་ཕྱིར། དེ་བཞིན་དུ་བསམ་གཏན་གཉིས་པའི་ཡན་ལག་ཏུ་བཞག་པའི་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་སྟེ། ས་འོག་མ་ལ་ཆགས་པ་དང་བྲལ་བར་བྱེད་པའི་ཕྱིར། འདིའི་སྤང་བྱ་ནི་གཙོ་བོར་བསམ་གཏན་དང་པོའི་ས་ལ་སྲེད་པའི་འདོད་ཆགས་ཉིད་ཡིན་ལ། རྟོག་དཔྱོད་གཉིས་ཀྱང་རྒྱུད་འཁྲུག་པར་བྱེད་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་མཐོང་ནས་དེ་ལས་ཀྱང་འདའ་བར་བྱེད་དོ། །གཉིས་པ་ཡན་ཆད་ཀྱི་ཉེར་བསྡོགས་ནི་དག་པ་བ་ཁོ་ན་ཡིན་མོད། དེ་གང་ཡིན་ཞི་རགས་ཀྱི་རྣམ་པ་ཅན་དུ་མ་ངེས་ཏེ། དེ་ནི་སྤྱིར་ལྷག་མཐོང་དང༌། བྱེ་བྲག་ཏུ་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་གྱི་དབང་དུ་བྱས་པའི་ཕྱིར། ཉེར་བསྡོགས་ལ་ཆགས་བྲལ་བྱེད་པའི་ལམ་མ་ཡིན་པ་གཞན་ཇི་ལྟར་ཡོད་ཅེ་ན། ལྷག་མཐོང་གི་ངོ་བོར་མ་སྐྱེས་པའི་ཞི་གནས་སོ། །དེ་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ལ་མཚོན་པ་ནི། མཉམ་པར་བཞག་པའི་སས་བསྡུས་ཤིང༌། དགའ་བདེ་ཡན་ལག་ཏུ་མི་ལྡན་པའི་སེམས་རྩེ་གཅིག་པའོ། །བསམ་གཏན་དང་པོའི་དངོས་གཞི་མངོན་དུ་བྱེད་པ་ལ་འདི་མེད་མི་རུང་བའི་རྒྱུ་ཡིན་ཏེ། འདི་མེད་ན་ལྷག་མཐོང་རྐྱང་པས་དང་པོའི་དངོས་གཞིར་འཇུག་པ་ལ་གེགས་སུ་གྱུར་པའི་སྙོམས་འཇུག་གི་སྒྲིབ་པ་དེ་སྤོང་མི་ནུས་པའི་ཕྱིར་དང༌། དེ་མེད་པར་ཕན་ཡོན་གྱི་ཡན་ལག་གཉིས་པོ་མངོན་དུ་བྱེད་མི་ནུས་པའི་ཕྱིར། དེ་ལྟར་ན་ཉེར་བསྡོགས་སུ་གྱུར་པའི་ཞི་ལྷག་གཉིས་ཀ་གཉེན་པོའི་ཡན་ལག་ཡིན་ཏེ། དངོས་གཞིའི་མི་མཐུན་ཕྱོགས་སེལ་བྱེད་ཡིན་པའི་ཕྱིར། ཞི་གནས་སུ་གྱུར་པའི་ཉེར་བསྡོགས་ཀྱི་ཚེ་རྟོག་དཔྱོད་དང་ནང་རབ་ཏུ་དང་བ་སོགས་ལྡན་པ་ཡིན་མོད། མངོན་དུ་གྱུར་དགོས་པ་ནི་མ་ཡིན་ཏེ། དེ་དང་དྲན་ཤེས་བཞིན་སོགས་ནི་ཡུལ་མཚན་མར་འཛིན་པའི་རྟོག་པ་ཡིན་པས་ཞི་གནས་སུ་མི་རུང་བའི་ཕྱིར། གལ་ཏེ་འོག་ས་ལ་ཆགས་བྲལ་དང༌། སྙོམས་འཇུག་གི་སྒྲིབ་པ་སྤོང་བ་རང་རང་གི་ཉེར་བསྡོགས་ཁོ་ན་ལ་རག་ལས་སམ་ཞེ་ན། མ་ཡིན་ཏེ། ས་འོག་མའི་དངོས་གཞི་ཟག་མེད་ཀྱིས་ས་གོང་མ་ལ་ལྟོས་པའི་མི་མཐུན་ཕྱོགས་དང་པོ་སེལ་ནུས་པའི་ཕྱིར། དེ་ཡང་དཔེར་ན། བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ནི་གཉིས་ཏེ། རང་གི་མི་མཐུན་པའི་ཕྱོགས་སྤངས་པ་དང༌། གཞན་གྱི་མི་མཐུན་པའི་ཕྱོགས་སྤང་བའོ། །དང་པོ་ནི་རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །གཉིས་པ་ནི། བསམ་གཏན་དང་པོའི་སས་བསྡུས་ཀྱི་སྲེད་པ་ཆུང་འབྲིང་དགུ་སྤོང་བར་བྱེད་པའི་སྒོམ་ལམ་ཟག་མེད་དོ། །འོ་ན་དེའི་ཚེ་བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་མ་ལྟོས་པར་དངོས་གཞི་མངོན་དུ་བྱེད་ནུས་སམ་ཞེ་ན། མ་ཡིན་ཏེ། དེ་ཙམ་གྱིས་ས་འོག་མའི་ཉོན་མོངས་སེལ་ནུས་ཀྱང༌། རང་སའི་ཡོན་ཏན་དགའ་བདེ་གཉིས་མངོན་དུ་བྱེད་མི་ནུས་པའི་ཕྱིར། དེས་ན་ཟག་མེད་ལམ་གྱིས་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་པའི་རྗེས་ཐོགས་དེ་མ་ཐག་ཏུ་བསམ་གཏན་གཉིས་པའི་དངོས་གཞི་མངོན་དུ་མི་གཉེར་བ་དང༌། གཉེར་བ་གཉིས་ལས། དང་པོ་ལྟར་ན། དང་པོའི་ཟག་མེད་དེ་ཉིད་ཀྱིས་ལྷག་མ་ཐམས་ཅད་ལ་ཆགས་བྲལ་བྱས་མོད། དངོས་གཞི་གང་ཡང་མངོན་དུ་མ་བྱས་པའི་སྲིད་དོ། །དོན་དུ་གཉེར་ན་ནི། ཆགས་བྲལ་གྱི་རྣམ་གྲོལ་ལམ་དགུ་པའི་རྗེས་ཐོགས་དེར་ཞི་གནས་སུ་གྱུར་པའི་བསམ་གཏན་གཉིས་པའི་ཉེར་བསྡོགས་ནང་རབ་ཏུ་དང་བ་ཡན་ལག་ཏུ་ལྡན་པ་དེ་མངོན་དུ་བྱས་ནས། གཉིས་པའི་དངོས་གཞི་ལ་འཇུག་པར་བྱེད་ལ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ལ་གཞན་དུ། བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ནས། ཉེར་བསྡོགས་ལ་མ་ལྟོས་པར་གཉིས་པའི་དངོས་གཞི་སོགས་མངོན་དུ་བྱེད་ནུས་ན་ཤེས་རབ་རྐྱང་པས་གྲོལ་བ་མི་སྲིད་པར་འགྱུར་བ་དང༌། དེ་དུས་ཀྱི་དངོས་གཞི་ཕྱི་མ་རྣམས་ཆོས་ཅན། གཉིས་པ་དང༌། གསུམ་པ་དང༌། བཞི་པའི་དངོས་གཞི་མ་ཡིན་པར་འགྱུར་ཏེ། རང་རང་གི་གཉེན་པོའི་ཡན་ལག་ཏུ་བཞག་པ་རྣམས་མི་ལྡན་པའི་ཕྱིར་རོ། །འོ་ན་བསམ་གཏན་གསུམ་པའི་དངོས་གཞི་ཟག་མེད་ཀྱི་གསུམ་པ་ཉིད་ལ་ཆགས་བྲལ་བྱས་པ་སོགས་དེ་ཡན་ཆད་ཀྱི་དངོས་གཞི་ལ་འཇུག་པའི་ཚེ། ཞི་གནས་ཀྱི་ཉེར་བསྡོགས་ལ་གཏན་མི་ལྟོས་པར་འགྱུར་ཏེ། ཇི་སྐད་དུ། གོང་མའི་ཉེར་བསྡོགས་ལ་མིན། །ཞེས་བསམ་གཏན་བཞི་པ་ཡན་ཆད་དུ་རང་རང་གི་འོག་ས་ལ་ཆགས་བྲལ་བྱས་པའི་རྣམ་གྲོལ་ལམ་དགུ་པའི་ཚེ་དངོས་གཞིའི་ངོ་བོར་སྐྱེ་བ་ཉིད་དུ་བཤད་པའི་ཕྱིར། ཞེ་ན། དེ་ལྟར་བཤད་པ་དེ་ནི་རང་རང་གི་ཉེར་བསྡོགས་ཀྱིས་ས་ལ་ཆགས་བྲལ་གྱི་དབང་དུ་བྱས་པ་ཡིན་ཏེ། དེའི་ཚེ་ཆགས་བྲལ་གྱི་ལམ་དང་དངོས་གཞི་ས་གཅིག་ཅིང༌། ཚོར་བའི་དབང་པོ་སོ་སོ་བ་མེད་པས་དབང་པོ་འཕོ་མ་དགོས་པའི་ཕྱིར། ཅིག་ཤོས་ལ་དེ་ལྟར་མ་ཡིན་ཏེ། བསམ་གཏན་གསུམ་པའི་དངོས་གཞི་ཟག་མེད་དང༌། བཞི་པའི་དངོས་གཞི་ས་མི་གཅིག་ཅིང༌། ཚོར་བའི་དབང་པོའང་སོ་སོར་ངེས་པའི་ཕྱིར། གཙོ་བོ་ནི་ས་མི་གཅིག་པ་ཉིད་ཤེས་བྱེད་དོ། །གལ་ཏེ་དེ་ལྟ་ན་ཡང༌། ཞི་གནས་ཀྱི་ཉེར་བསྡོགས་ནི་དངོས་གཞིར་འཇུག་པ་ལ་མེད་མི་རུང་གི་ཡན་ལག་མ་ཡིན་པར་འགྱུར་ཏེ། བསམ་གཏན་བཞི་པ་དང་གཟུགས་མེད་ཀྱི་ཉེར་བསྡོགས་སོ་སོ་བ་དེ་དག་གིས་འོག་ས་ལ་ཆགས་བྲལ་བྱས་པའི་རྣམ་གྲོལ་ལམ་དགུ་པ་དེ་རང་རང་གི་དངོས་གཞིའི་ངོ་བོར་སྐྱེ་བའི་ཕྱིར། སྙམ་ན། དེ་ལྟར་ཡིན་མོད། བསམ་གཏན་གསུམ་པ་ནས་བཞི་པར་འཇུག་པ་དང༌། བཞི་པ་ནས་གཟུགས་མེད་དངོས་གཞིར་འཇུག་པ་སོགས་ལ་ཞི་གནས་ཀྱི་ཉེར་བསྡོགས་མི་དགོས་པ་མ་ཡིན་ཏེ། ཞི་གནས་སྔོན་དུ་མ་སོང་བར་ནི་ས་འོག་མ་ལ་ཆགས་བྲལ་བྱེད་པའི་ལྷག་མཐོང་ཉིད་ཀྱང་མི་འབྱུང་བའི་ཕྱིར་དང༌། དེ་དུས་ཀྱི་ལྷག་མཐོང་གི་རྟེན་ཞི་གནས་དེ་ཡང་ས་འོག་མས་བསྡུས་པ་ནི་མ་ཡིན་ཏེ། ཟག་པ་དང་བཅས་པའི་ལམ་གྱིས་རང་ས་ལ་ཆགས་བྲལ་མི་བྱེད་པའི་ཕྱིར་དང༌། གོང་མའི་ལྷག་མཐོང་འོག་མ་ལ་མི་བརྟེན་པའི་ཕྱིར་རོ། །དེ་ནས། དེ་བཞིན་གཟུགས་མེད། ཅེས་པ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །ཞེས་དང༌། རྣམ་གཉིས་བཞི། །ཞེས་པ་དང༌། དེར་སྐྱེ་བ་དག་རབ་ཏུ་བཤད། །ཅེས་པ་རྣམས་འདིར་ཡང་ཁས་ལེན་པའི་དོན་ནོ། །ཕུང་པོ་བཞི། ཞེས་པ། གཟུགས་ཀྱི་ཕུང་པོ་མེད་པའི་དོན་ཡིན་གྱི། མི་ལྡན་པའི་དོན་ནི་མ་ཡིན་ཏེ། གཟུགས་མེད་པའི་ཁམས་དེར་སྐྱེས་པའི་འཕགས་པ་ལ་ཟག་མེད་ཀྱི་སྡོམ་པ་དང་ལྡན་པའི་ཕྱིར་རོ། །འོག་མའི་ས་ལས་དབེན་ལས་སྐྱེས། །ཞེས་པ། བསམ་གཏན་ལྟར་ཡན་ལག་གི་སྒོ་ནས་འདའ་རྒྱུ་མེད་ཀྱང༌། ས་འོག་མ་ལ་དམིགས་པའི་ཉོན་མོངས་མ་སྤངས་པར་གཟུགས་མེད་ཀྱི་དངོས་གཞི་གོང་མ་རྣམས་མངོན་དུ་བྱེད་མི་ནུས་པའི་དོན་ཏེ། ཐེག་པ་ཆེན་པོ་པ་དག་གཟུགས་ལ་ཆགས་བྲལ་མ་བྱས་པར་གཟུགས་མེད་དངོས་གཞི་ལ་འཇུག་སྲིད་པ་དང་མི་འདྲའོ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཞེས་པར། སྡེ་པ་གཞན་དག་གཟུགས་མེད་ན་གཟུགས་ཡོད་པར་འདོད་པའི་བརྒལ་ལན་མང་པོ་དེ་དག་ནི་འགྲེལ་པ་ཇི་བཞིན་པ་ཉིད་ཡིན་ལ། གལ་ཏེ་དེའི་ཚེ་གཟུགས་མེད་ནས་ཤི་འཕོས་པའི་གཟུགས་དང་པོའི་ཉེ་བར་ལེན་པའི་རྒྱུ་གང་ཞེ་ན། འགྲེལ་པར། གཟུགས་ནི་དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་ལས་སྐྱེ་བར་འགྱུར་རོ། །ཞེས་པ་ཙམ་ཞིག་ལས་གཞན་མ་གསུངས་སོ། །དེའི་དོན་ལ་ཁ་ཅིག མདོ་སྡེ་པ་ལུས་སེམས་ཕན་ཚུན་དུ་གཅིག་གི་ཉེར་ལེན་ཅིག་ཤོས་ཀྱིས་བྱེད་དོ། །ཞེས་དང༌། བྱེ་བྲག་ཏུ་སྨྲ་བ། འདས་པའི་གཟུགས་ལས་སྐྱེའོ། །ཞེས་དང༌། སེམས་ཙམ་པ་ཀུན་གཞི་ལས་སྐྱེ་བར་འདོད་དོ། །ཞེས་གསུངས་མོད། མདོ་སྡེ་པའི་འདོད་པ་དེ་ལྟར་བཤད་ན་ནི། ཇི་སྐད་དུ། གང་གི་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། །ཞེས་དང༌། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་པའི་ཕྱོགས་སྔ་མ་དེར་སོང་བས། ཚུ་རོལ་མཛེས་པ་བདག་གི་ལུགས་སོ། །དེ་ནས་སེམས་ཀྱི་སྟེང་ན་གཟུགས་ཀྱི་བག་ཆགས་ཡོད་པ་དེ་ཡོངས་སུ་སྨིན་པ་ལས་སྐྱེ་ཞེས་པ་སྟེ། སེམས་ཙམ་པ་དང་མི་འདྲ་བའི་ཁྱད་པར་ནི། ལུགས་དེར་ཐོགས་བཅས་ཀྱི་གཟུགས་ཁས་མི་ལེན་ཞིང༌། འདིར་ནི། གཟུགས་མེད་པའི་ཁམས་སུ་སྐྱེས་པའི་ཚེ་ཐོགས་བཅས་ཀྱི་གཟུགས་རྒྱུན་ཆད་ཀྱང༌། གཟུགས་དེ་སྐྱེད་བྱེད་ཀྱི་ནུས་པ་རྒྱུན་མ་ཆད་པར་ཡོད་པ་ལས་སྐྱེ་བའི་དོན་ཏོ། །བྱེ་སྨྲའི་ལུགས་ནི། གཟུགས་མེད་ནས་འདོད་པར་སྐྱེས་པའི་གཟུགས་དང་པོའི་ཉེར་ལེན་དང་སྐལ་མཉམ་གྱི་རྒྱུ་ནི། འདས་ནས་ཡུན་རིང་དུ་ལོན་པའི་གཟུགས་རྫས་སུ་གྲུབ་པ་དེ་ཡིན་ཏེ། དུས་དེར་འབྲས་བུ་འཛིན་པའི་བྱ་བ་བྱས་པའི་ཕྱིར། དངོས་སུ་སྐྱེད་བྱེད་ནི་གཟུགས་མེད་ནས་འཆི་འཕོ་བའི་སེམས་ཏེ། དེས་དེ་འབྱིན་པའི་བྱ་བ་བྱས་པའི་ཕྱིར། དེ་ནས་རྣམ་ཤེས་མཐའ་ཡས། །ཞེས་སོགས་ནི། གཟུགས་མེད་དང་པོ་གསུམ་ལ་ནི་སྦྱོར་བའི་དུས་ཀྱི་ཡིད་ལ་བྱེད་ཚུལ་གྱི་སྒོ་ནས་མིང་བཏགས་ལ། བཞི་པ་ནི་དམན་པ་ལ་མ་ཡིན་པར་དགག་པའི་སྒྲ་སྦྱར་བ་ཡིན། ཞེས་པའོ། །དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད། ཅེས་པ་འདི་ནི། དངོས་གཞིའི་དུས་ཀྱི་སེམས་རྩེ་གཅིག་པ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ལ། ཉེར་བསྡོགས་དང་ཡན་ལག་རྣམས་ནི་འདིར་མ་བགྲངས་སོ། །བདུན་པ་རྣམ་པ་གསུམ། ཞེས་དང༌། བརྒྱད་པ་རྣམ་པ་གཉིས། ཞེས་པ། སྲིད་རྩེ་ལ་ཟག་མེད་མི་སྲིད། ཅེས་པའོ། །དེའི་ཤེས་བྱེད་ཀྱང༌། འདུ་ཤེས་དམན་པའི་ཕྱིར་རོ། །རོ་མྱང་མཚུངས་ལྡན་སྲེད་བཅས་སོ། །ཞེས་པ། སྙོམས་འཇུག་གི་རྫས་མ་རུང་བར་བྱེད་པའི་ཉོན་མོངས་པ་བཞི་ཡོད་ཀྱང༌། སྲེད་པ་ནི་གཙོ་བོ་ཡིན་ཏེ། དེ་མེད་ན། སྙོམས་འཇུག་དག་པ་བ་དེ་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་རྒྱུ་ནུས་པ་ཐོགས་མེད་དུ་འགྲོ་བ་མི་སྲིད་པའི་ཕྱིར། འོ་ན་སྲེད་པ་དང་སྙོམས་འཇུག་མཚུངས་ལྡན་དུ་འབྱུང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དགེ་བ་དང་ཉོན་མོངས་པ་མཚུངས་པར་མི་ལྡན་པའི་ཕྱིར། དེས་ན་རང་དུས་སུ་འདས་པའི་རོ་མྱང་བར་བྱེད་པ་ཡིན་ཏེ། འགྲེལ་པ་ལས། སྙོམས་པར་འཇུག་པའི་རྫས་གང་འདས་མ་ཐག་པ་དེ་ནི་དེས་རོ་མྱང་བར་བྱེད་དེ། རོ་མྱང་བར་བྱ་བ་གང་ཡིན་པ་དེ་ལས་ནི་ལངས་པ་ཡིན་ནོ། །གང་གི་རོ་མྱང་བར་བྱེད་པ་དེ་ལ་སྙོམས་པར་འཇུག་པ་ཡིན་ནོ། །ཞེས་གསུངས་སོ། །འདི་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་ཞེས་བྱ་བའི་དོན་ཏེ། ཁམས་གོང་མར་སྐྱེ་བ་ལེན་པའི་ཀུན་འབྱུང་གི་གཙོ་བོ་དེ་ཉིད་དོ། །ཟག་མེད་འཇིག་རྟེན་འདས་པའོ། །ཞེས་པ། སྙོམས་འཇུག་ཟག་མེད་ཀྱི་ངོ་བོ་ནི། འཇིག་རྟེན་ལས་འདས་པའི་མཉམ་གཞག་གི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ཡིན་ལ། འཁོར་དང་བཅས་ན་ཕུང་པོ་ལྔ་པའོ། །འཕགས་པའི་གང་ཟག་གི་རྒྱུད་ལ་ཡོད་ཀྱང༌། རྗེས་ཐོབ་ཀྱི་ཤེས་པ་ནི་འདིར་མི་རུང་སྟེ། དེ་དག་ནི་ཀུན་རྫོབ་ཤེས་པ་ཡིན་པས་ཟག་བཅས་སུ་འཇོག་པའི་ཕྱིར། ཟག་མེད་རྣམས་ཀྱང་བསམ་གཏན་གྱི་ཡན་ལག་ཏུ་བཞག་པ་རྣམས་དང་ལྡན་ནོ། །ཞེས་འཆད་པ་ནི། དང་པོ་ལ་ལྔ། ཞེས་སོགས་སོ། །དེ་ལྟར་ཡན་ལག་བཅོ་བརྒྱད་པོ་ཐམས་ཅད་རྫས་སུ་བཅུ་གཅིག་ཏུ་འདུས་པར་བསྟན་པ་འདི་ནི། བསམ་གཏན་དང་པོ་གཉིས་ཀྱི་དགའ་བདེ་རྫས་གཅིག་པ་དང༌། གསུམ་པ་དང༌། བཞི་པའི་གཉེན་པོའི་ཡན་ལག་ཏུ་བཞག་པའི་བཏང་སྙོམས་གཉིས་པོ་རྫས་གཅིག་པ་དང༌། བཞི་པའི་ཕན་ཡོན་གྱི་ཡན་ལག་ཏུ་བཞག་པའི་བཏང་སྙོམས་ནི་རྫས་གཅིག་ཉིད་དང༌། དང་པོ་གཉིས་ཀྱི་བདེ་བ་དང་གསུམ་པའི་བདེ་བ་རྫས་མི་གཅིག་པར་བསྟན་ནོ། །འོ་ན་བསམ་གཏན་གསུམ་གྱི་བདེ་བ་རྫས་མི་གཅིག་པ་ཅི་ཞེ་ན། དང་པོ་ནི། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། ཞེས་པ། བསམ་གཏན་གསུམ་པའི་བདེ་བ་ནི་བདེ་བ་དངོས་ཡིན་ལ། བསམ་གཏན་དང་པོ་གཉིས་ན་དགེ་བའི་ས་མང་པོ་པའི་ནང་ཚན་དུ་གྱུར་པའི་སེམས་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཞེས་བཏགས་པ་ཡིན་གྱི། བསམ་གཏན་དང་པོ་གཉིས་ཀྱི་ཡན་ལག་ཏུ་ཚོར་བ་བདེ་བ་མི་སྲིད་དོ། །དེའི་ཤེས་བྱེད། ཚོར་བ་བདེ་བ་ལ་ལུས་སེམས་ཀྱི་ཚོར་བ་གཉིས་ལས་ནི་མི་སྲིད། དེ་ལ་ལུས་ཀྱི་ཚོར་བ་མ་ཡིན་ཏེ། བསམ་གཏན་དང་པོ་གཉིས་ལ་མཉམ་པར་བཞག་པ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར། སེམས་ཚོར་ཡང་མ་ཡིན་ཏེ། བསམ་གཏན་དང་པོ་གཉིས་ན་ཡོད་པའི་སེམས་ཀྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་དེ་ལ་ཡིད་བདེ་བ་ཞེས་བྱ་བ་ཡིན་ལ། དེ་ལ་ནི་དགའ་བའི་མིང་གིས་བཏགས་ནས་ཡན་ལག་ཏུ་བགྲངས་ཟིན་པའི་ཕྱིར། དེར་བགྲངས་ཟིན་ནས། ཡང་བདེ་བའི་ངོས་འཛིན་དུ་དེ་ཉིད་བགྲངས་ན་ནི་ཡན་ལག་གཞན་དུ་མི་བགྲང་བའི་ཕྱིར། མདོ་སྡེ་པ་ན་རེ། དང་པོ་གཉིས་ཀྱི་བདེ་བ་ཤིན་ཏུ་སྦྱངས་ལ་འདོད་པ་མི་འཐད་དེ། བསམ་གཏན་བཞི་པ་ན་ཤིན་ཏུ་སྦྱངས་པ་ཡོད་བཞིན་དུ་བདེ་བའི་ཡན་ལག་ཏུ་མ་བཞག་པའི་ཕྱིར་དང༌། མདོ་ལས་ཀྱང༌། འཕགས་པ་ཉན་ཐོས་རབ་ཏུ་དབེན་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ། ཞེས་ཤིན་ཏུ་སྦྱངས་པ་དང་བདེ་བ་ཐ་དད་དུ་གསུངས་པའི་ཕྱིར་དང༌། བསམ་གཏན་གསུམ་པའི་ཚེ་ན་ཡང༌། ལུས་ཀྱི་ཚོར་བ་བདེ་བ་ཁོ་ན་ཡན་ལག་ཏུ་འཇོག་དགོས་པའི་ཕྱིར། ཞེས་ཟེར། བྱེ་བྲག་ཏུ་སྨྲ་བ་ན་རེ། འདོད་པའི་རྟེན་ཟག་བཅས་ཟག་མེད་ཀྱི་བསམ་གཏན་ལ་མཉམ་པར་བཞག་པ་ནི། ས་བསམ་གཏན་གྱི་ས་པ་ཡིན་པས། རིམ་པ་ལྟར། འདོད་པའི་ལུས་ཤེས་ཀྱིས་གཟུགས་ཁམས་ཀྱི་རེག་བྱ་འཛིན་མི་ནུས་པས། རེག་བྱ་དང་ལུས་ཤེས་གཉིས་ཀ་གཟུགས་ཀྱི་ས་པ་ཡིན་པར་འདོད་དགོས་ལ། དེ་ལྟར་འདོད་པའི་ལུས་དབང་གིས་གཟུགས་ན་སྤྱོད་པའི་རེག་བྱ་འཛིན་པར་ཐལ་བ་དང༌། འདོད་པའི་ལུས་དབང་ལ་གཟུགས་ཀྱི་ལུས་ཤེས་བརྟེན་པར་ཐལ་ལོ། །ཞེས་འཆད་པ་ཡིན་ནོ། །ཡང་ཡན་ལག་གིས་རྫས་ལོག་པར་བཞག་པའི་ནང་རབ་ཏུ་དང་བ་དེ་གང་ཞེ་ན། རབ་ཏུ་དང་བ་དད་པ་ཡིན། །ཞེས་པ་བསམ་གཏན་དང་པོའི་རྟོག་དཔྱོད་ཀྱི་འཁྲུག་པ་དང་བྲལ་ཞིང༌། བསམ་གཏན་དང་པོའི་ས་ལས་ཀྱང་ངེས་པར་འབྱུང་བའི་དད་པ་ཞིག་གོ །ཡང་གཞན་དག་ན་རེ། བསམ་གཏན་སྔ་མ་གཉིས་ཀྱི་ཡན་ལག་ཏུ་བཞག་པའི་དགའ་བ་ནི་ཡིད་ལ་ངོས་འཛིན་པ་མི་འཐད་དེ། བསམ་གཏན་གསུམ་ཆར་དུའང༌། བདེ་བ་ཞེས་པ་ནི། དགའ་བ་ལས་རྫས་གཞན་པའི་ཡིད་བདེ་ལ་འཆད་དགོས་པའི་ཕྱིར། ཞེས་ཟེར་རོ། །དེ་མི་འཐད་པ་ནི། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །ཞེས་པ། ལུང་གཉིས་ནི། འདི་ལྟར། རྣམ་པར་བསྒྱུར་བའི་མདོ་ལས། བསམ་གཏན་གསུམ་པ་བཀའ་སྩལ་བ་ན། འདིར་ཡིད་བདེ་བའི་དབང་པོ་མ་ལུས་པ་འགགས་པར་འགྱུར་རོ། །ཞེས་པ་དང༌། བསམ་གཏན་གྱི་ཡན་ལག་སྟོན་པའི་མདོ་ལས། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་ལ་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལ་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན། ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱི་མྱོང་ལ། འཕགས་པ་རྣམས་ཀྱིས། དེ་ལས་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ། བཏང་སྙོམས་པའོ། །ཞེས་དགའ་བ་མེད་པའི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང༌། ཡིད་བདེ་བ་དང་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པའོ། །དེ་ལྟར་ན། བསམ་གཏན་གསུམ་པའི་བདེ་བའི་ངོས་འཛིན། མཐའ་གཅིག་ཏུ་ལུས་བདེ་ཁོ་ན་ལ་འདོད་པ་དང༌། ཡིད་བདེ་ཁོ་ན་ལ་འདོད་པ་དང༌། བྱེ་བྲག་ཏུ་སྨྲ་བས། ལུས་བདེ་བསམ་གཏན་གྱི་ཡན་ལག་ཏུ་མི་འཇོག ཡིད་བདེ་ལ་བདེ་བའི་མིང་གིས་མི་འདོགས་པར་དགའ་བའི་མིང་གིས་འདོགས། བདེ་བ་སྔ་ཕྱིའི་ཁྱད་པར། སེམས་ཤིན་སྦྱངས་ཀྱི་བདེ་བ་དང༌། ཡིད་བདེ་དང་བྲལ་བའི་སེམས་བདེ་ལ་འཆད་པ་འདི་ཉིད་ལེགས་ཤིང༌། ལུས་ཚོར་བདེ་བ་བསམ་གཏན་གྱི་ཡན་ལག་ཡིན་པ་ལ་རིགས་པའི་གནོད་བྱེད་དང༌། ཡིད་བདེ་དགའ་བ་ཡིན་པ་ལ་ལུང་གི་སྒྲུབ་བྱེད་དྲངས་པ་འདི་ཉིད་ཡང་དག་པའོ། །ཡང་ཉོན་མོངས་ཅན་གྱི་སྙོམས་འཇུག་ལ་ཡན་ལག་དེ་དག་ཚང་བར་ཡོད་དམ་ཞེ་ན། ཉོན་མོངས་ཅན་ལ་དགའ་བདེ་དང༌། །རབ་དང་ཤེས་བཞིན་དྲན་པ་དང༌། །བཏང་སྙོམས་དྲན་པ་དག་པ་མེད། །ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །ཞེས་པ་དེའི་ཤུགས་ལ། དང་པོའི་ཉོན་མོངས་ཅན་ལ་རྟོག་དཔྱོད་དང་ཏིང་ངེ་འཛིན་ཡོད་དུ་རུང་བ་དང༌། ལྷག་མ་རྣམས་ལའང་ཏིང་ངེ་འཛིན་དང་བཏང་སྙོམས་ཡོད་དུ་རུང་བ་ལྟ་བུར་བཤད་དོ། །གང་ལྟར་ཡང༌། བསམ་གཏན་གྱི་ས་པའི་སྲེད་པ་ཉིད་ལ་སྙོམས་འཇུག་ཉོན་མོངས་ཅན་དུ་འཇོག་པ་ནི་མ་ཡིན་ཏེ། དེ་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་པ་ཉིད་ལ་འཆད་དོ། །ཡང་རྒྱུ་སྙོམས་འཇུག་གི་བསམ་གཏན་དང༌། འབྲས་བུ་སྐྱེ་བས་ཐོབ་པའི་བསམ་གཏན་གཉིས་ཚོར་བ་ལྡན་ཚུལ་ལ་ཁྱད་པར་ཡོད་དམ་ཞེ་ན། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང༌། །བཏང་སྙོམས་ཡིད་བདེ་བདེ་བ་དང༌། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་པ། སྐྱེ་བའི་བསམ་གཏན་དང་པོ་ན་ནི་ཚོར་བ་གསུམ་སྟེ། རྣམ་པར་ཤེས་པའི་ཚོགས་གསུམ་པའི་བདེ་བ་དང༌། ཡིད་ཀྱི་ས་པའི་བདེ་བ་དང༌། ཚོགས་བཞི་པའི་བཏང་སྙོམས་སོ། །ཞེས་བཤད། འདི་མཉམ་གཞག་ཁོ་ན་མ་ཡིན་པས། ལུས་ཚོར་དང༌། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply