གཞི་གསུམ་གྱི་ཚིག་གསལ་བར་བྱེད་པ་བདུད་རྩིའི་རོལ་མཚོ།

༼ཟ༽༄༅། །གཞི་གསུམ་གྱི་ཚིག་གསལ་བར་བྱེད་པ་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།།

སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ཀྱི་རྡུལ་ཕྲེང་དྲི་མ་མེད་པ་ལ་རྙོག་པ་མེད་པའི་མགོ་བོས་ཕྱག་འཚལ་ལོ། །ཐུབ་བསྟན་སྤྲིན་དཀར་འཛུམ་པའི་ཁྲི་སྟེངས་ན། །ཕན་བདེའི་འོད་ཟེར་སྟོང་ཕྲག་བཞད་པའི་སྐུ། །རྟག་ཏུ་ལེགས་པར་གསུང་བའི་ཞལ་མངའ་བ། །བརྩེ་ཆེན་སྨྲ་བའི་ཉི་མ་ལ་ཕྱག་འཚལ། །མཆོག་ཚོགས་འདུས་པའི་ཡིད་བཞིན་མཚོ་འགྲམ་དེར། །ཐར་པའི་གླིང་དུ་ཆས་པའི་དོན་མཐུན་དག །རྣམ་གྲོལ་ནོར་བུའི་ཕྲེང་བ་ལེན་འདོད་ན། །ཆོས་འདུལ་གྲུ་ཆེན་བཟང་པོ་འདིར་འཇུག་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ནས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བྱུང་བའི་ལག་ལེན་གྱི་ཆོ་ག་ཉེར་མཁོ་བསྡུས་པ་འདི་ལ་དོན་གསུམ་སྟེ། སྔོན་དུ་འགྲོ་བ་གནས་དང་ཚོགས་པའི་རྣམ་གཞག དངོས་གཞི་གཞི་གསུམ་གྱི་ཆོ་ག ཞར་ལ་ཉེ་བར་མཁོ་བའི་ལག་ལེན་གཞན་བསྟན་པའོ། །དང་པོ་ནི། བཀྲ་ཤིས་པའི་དགེ་མཚན་དང་ལྡན་པ་གནས་མལ་གྱི་གཞི་ལས་ཇི་ལྟར་འབྱུང་བ་བཞིན། དགེ་འདུན་གྱི་སྡེ་གནས་པའི་གཞི་གཙུག་ལག་ཁང་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་དྲི་གཙང་ཁང་གི་དབུས་སུ། སེང་གེའི་ཁྲི་བཤམས་པ་ལ་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་སྐུའི་བཀོད་པ་ངོ་མཚར་ཅན་མཆོད་སྤྲིན་རྒྱ་མཚོའི་དབུས་སུ་བཞུགས་སུ་གསོལ་ཞིང༌། མཐའ་སྐོར་དུ་ཉན་ཐོས་ཆེན་པོ་རྣམས་ཀྱིས་ལེགས་པར་བསྐོར་ཏེ་བརྗིད་ཆགས་པར་བཞུགས་པའི་མདུན་དུ། མེ་ཏོག་དང་མར་མེ་ལ་སོགས་པའི་ཕྲེང་བ་མཚར་དུ་དངར་བ་རྒྱུན་མ་ཆད་པར་བཤམ་པར་བྱའོ། །དེའི་སྒོ་དྲུང་གི་གཡོན་རོལ་འཁོར་གྱི་ཁྱམས་ཆེན་པོའི་གུང་ལ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་འདུག་པའི་སེང་གེ་ཁྲི་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ལེགས་པར་བརྒྱན་པར་བྱའོ། །འཁོར་གྱི་ཁྱམས་དེར་ཡང་ཆག་ཆག་དང༌། ཕྱག་དར་ལེགས་པར་བྱས་ཤིང་རྒྱུན་དུ་དྲི་ཞིམ་པོའི་ངད་དང་ལྡན་པར་བྱའོ། །ཁྱམས་དེའི་སྒོ་ཁང་གི་སྟེང་གི་ཡང་ཐོག་ཏུ་རླུང་ཆར་ལ་སོགས་པའི་གནོད་པ་དང་བྲལ་བའི་གནས་སུ་ཁྲིའུ་རྒྱན་གྱིས་སྤྲས་པ་ལ། མཚན་ཉིད་དང་ལྡན་པའི་གཎྜི་གཡོག་དང་བཅས་ཏེ་བཞག་པར་བྱའོ། །དེ་ལྟ་བུའི་གཙུག་ལག་ཁང་དེར་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་དང་ལྡན་པའི་དགེ་སློང་བཞི་ཡན་ཆད་དུ་ལོངས་པ་དུས་རྟག་ཏུ་གནས་པའི་ཐབས་ལ་འབད་པར་བྱ་དགོས་ཏེ། བསྟན་པའི་རྩ་བ་ངེས་པར་གནས་པ་ལ་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ནང་ནས་གནས་བརྟན་ནམ་ཤེས་རབ་གསལ་པོ་དང་ལྡན་པའི་དགེ་སློང་གང་ཡང་རུང་བ་གཅིག་གིས་འདུལ་བ་འཛིན་པ་ལ་འབད་པར་བྱ་སྟེ། དེ་མེད་ན་ལས་ཀྱི་ཆོ་ག་རྣམས་མི་འབྱུང་བའི་ཕྱིར་རོ། །འདུལ་བ་འཛིན་པ་དེའི་ཚད་ཀྱང་གང་ཞེ་ན། ལས་བརྒྱ་རྩ་གཅིག་པ་ལས་ཕྲན་སོ་སོ་བ་དང་བཅས་པ་རྣམས་བློ་ལ་ཐོན་པར་ནུས་པའོ། །མདོར་ན་དགེ་ཚུལ་རྐྱང་པའི་ཚོགས་ཀྱིས་མཚམས་ནང་གཅིག་ཏུ་གནས་པར་མི་བྱ་སྟེ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་ནི་བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དུས་གཏན་དུ་དང་འབྲེལ་བ་གསོ་སྦྱོང་གི་ཆོ་ག དབྱར་གྱི་དུས་ཁོ་ན་དང་འབྲེལ་བ་དབྱར་གནས་ཀྱི་ཆོ་ག དུས་ཉི་མ་གཅིག་དང་འབྲེལ་ཡང་དགོས་པས་ཕལ་ཆེར་ལ་ཁྱབ་པ་དགག་དབྱེའི་ཆོ་ག་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཉི་མ་རེ་རེ་ཞིང་བྱ་བ་རྒྱུད་ཆགས་གསུམ་པའི་ཆོ་ག་དུས་བཟང་པོ་ཐམས་ཅད་ལ་བྱ་བ་མཚན་ཐོག་ཐག་ཏུ་ཆོས་ཉན་བཤད་ཀྱི་ཆོ་ག ཉ་དང་སྟོང་གི་དུས་ཁོ་ན་ལ་གཙོ་བོར་བྱ་བ་གསོ་སྦྱོང་གི་ཆོ་གའོ། །དང་པོ་ལ་སྦྱོར་བ་ཉི་མ་བགྲང་ཞིང་མདོ་འདོན་པར་སྐུལ་བ། དངོས་གཞི་ཕྱག་འཚལ་ཞིང་མདོ་འདོན་པ། མཇུག་བསྔོ་བ་བྱ་ཞིང་གཉུག་མར་གནས་པ་ལ་གཏོར་མ་བྱིན་པའོ། །དང་པོ་གནས་བརྟན་གྱིས་སྐུད་པ་ལ་སྨིན་མའི་ཐུར་མ་བརྒྱུས་པ་ཉི་མ་རེ་རེ་ཞིང་སྤོ་བས་ཚེས་གཅིག་ནས་བཅོ་ལྔའི་བར་མ་ཆོལ་བར་བགྲང་བར་བྱའོ། །དེ་ཡང་རྒྱལ་ལ་སོགས་པའི་ཟླ་བ་དྲུག་གི་མར་ངོ་ལ་ཉིན་ཞག་བཅུ་བཞི་ལ་ཚེས་བཅོ་ལྔ་ཚང་བར་བགྲང་ཞིང༌། ལྷག་མ་རྣམས་ལ་ནི་ཉིན་ཞག་བཅོ་ལྔ་དང་ཚེས་བཅོ་ལྔ་མཉམ་པོར་བགྲང་བར་བྱའོ། །དགེ་བསྐོས་ཀྱིས་ཉི་མ་རེ་རེ་ཞིང་དེ་ལ་བརྟགས་ནས་དགེ་འདུན་ལ་བརྗོད་ཅིང་མདོ་བསྐུལ་བར་བྱའོ། །ཇི་ལྟར་ཞེ་ན། སྟན་བཤམ་པ་དང༌། གཎྜི་བརྡུང་བ་དང༌། དྲིས་པའི་ཚིག་གིས་ལན་ཡང་དག་པར་གོ་བར་བྱས་ནས། དགེ་འདུན་ཚོགས་པ་ན་དགེ་བསྐོས་ཀྱིས་སྤྱོད་ལམ་འགྲེང༌། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ། མཁན་པོའམ། སློབ་དཔོན་ནམ། གནས་བརྟན་པའི་ཞལ་སྔ་ནས་གཙོ་མཛད་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་ཟླ་བ་ཡར་གྱི་ངོའི་གྲལ་ཚེས་གཅིག་གམ་གཉིས་སམ། བཅོ་ལྔ་པ་མངོན་དུ་གྱུར་པ་ལགས། གཙུག་ལག་ཁང་གི་བདག་པོ་དང༌། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་རེ་ཀླག་ཏུ་གསོལ་ཞེས་བསྐུལ་བར་བྱའོ། །དེ་ནས་དགེ་འདུན་རྣམས་ཀྱིས་རྒྱུད་ཆགས་གསུམ་པ་གདོན་བར་བྱ་སྟེ། གསུམ་པོ་གང་ཞེ་ན། དང་པོར་ཕྱག་འཚལ། བར་དུ་མདོ་དོན། ཐ་མར་བསོད་ནམས་བསྔོ་བའོ། །དང་པོ་ནི། གནས་བརྟན་ལ་སོགས་པ་ཐམས་ཅད་བཞེངས་ཏེ་འདི་སྐད་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་ན་མཛེས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །རྒྱས་པར་སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་ཡན་ལག་བདུན་པ་ཡང་བྱའོ། །དེ་ནས་མདོ་གདོན་པར་བྱ་སྟེ། ཐེག་པ་ཆེ་ཆུང་གི་མདོ་སྡེ་རྒྱས་པ་གང་ཡང་རུང་བའམ། རྒྱས་པར་མི་ནུས་ན་ཤིན་ཏུ་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཙམ་ལ་བསྟེན་པར་བྱ་ཞིང༌། མཐར་སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་དང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུང༌། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གནས་བརྟན་གྱིས་བརྗོད་དོ། །གསུམ་པ་ལ། བསྔོ་བ་དང༌། གཏོར་མ་བཏང་བའོ། །དང་པོ་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་དང༌། འགྲོ་བའི་སྡུག་བསྔལ་སྨན་ཅིག་པུ། །ཞེས་སོགས་དང༌། ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་བརྗོད་དོ། །གཉིས་པ་ནི། གཙུག་ལག་ཁང་གི་གཞིའི་བདག་པོ་ལྷ་མོ་འཕྲོག་མ་ལ་སོགས་པ་རྣམས་ལ་རང་རང་གི་ཆོ་གས་གཏོར་མ་སྦྱིན་པར་བྱ་ཞིང༌། འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །ཞེས་སོགས་རྐང་པ་བཞིས་སྨོན་ལམ་གདབ་བོ། །གཉིས་པ་དུས་བཟང་པོ་རྣམས་ལ་བྱ་བའི་ཆོ་ག་བསྟན་པ་ལ། དུས་བཟང་པོ་ནི་གསུམ་སྟེ། ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅོ་ལྔའོ། །ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་བཞི་དང༌། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཛམ་བུའི་གླིང་དུ་འབྱུང་བའི་དུས་ཡིན་པའི་ཕྱིར་རོ། །འདི་ལ་སྦྱོར་བ་དང༌། དངོས་གཞི། འཇུག་དང་གསུམ་མོ། །དང་པོ་ནི། གོང་གི་རྒྱུད་ཆགས་གསུམ་པ་ཟིན་པའི་དེ་མ་ཐག་ཏུ། དགེ་སློང་ངམ་དགེ་ཚུལ་ཞིག་གིས་སྔར་བཞིན་འགྲེང་བའི་སྤྱོད་ལམ་གྱིས་མཚན་ཐོག་ཐག་ཏུ་ཆོས་འཆད་པར་ནུས་པའི་དགེ་སློང་ཞིག་ལ་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་སྡོམ་བརྩོན་སྡེ་སྣོད་འཛིན་པ་མིང་འདི་ཞེས་བགྱི་བ་གསན་དུ་གསོལ། དེ་རིང་དུས་བཟང་པོ་ལ་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་མཚན་ཐོག་ཐག་ཏུ་ཆོས་ཉན་པ་སྦྱིན་དུ་གསོལ་ཞེས་བརྗོད་པར་བྱའོ། །གཉིས་པ་ནི། དེ་ལྟར་གསོལ་བ་བཏབ་པའི་དགེ་སློང་དེས་ཀྱང་སྤྲོ་ཞིང་ནུས་ན། ཐེག་པ་ཆེ་ཆུང་གི་བཀའ་དྲི་མ་མེད་པ་རྒྱས་པར་བཤད་པར་བྱ་ཞིང༌། གཅིག་གིས་མི་ནུས་ན་མང་པོ་རེས་ཀྱིས་ཀྱང་བཤད་པར་བྱའོ། །དེ་ཙམ་མི་ནུས་ན། མདོར་བསྡུས་པ་འདི་ཙམ་ཞིག་བརྗོད་པར་བྱ་སྟེ། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མན་དྷ་ར་དང་ལྷར་བཅས་གནོད་སྦྱིན་དང༌། །གདེངས་ཀ་ནོར་བུའི་འོད་ཀྱི་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང༌། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མིའམ་ཅིའི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་ཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པ་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱིས་ཀུན་དགའ་རྭ་བ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་བས། ཅིའི་ཕྱིར་བརྩོན་འགྲུས་དང་རྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན། དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་བླའི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང༌། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང༌། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང༌། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་སྣ་སྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང༌། །བསྟན་བསྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང༌། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།  །།གསུམ་པ་འཇུག་བསྡུ་བ་ནི། གལ་གཟུང་བ་དང་གཞུང་གཟུགས་ལ་སོགས་འབེལ་བའི་གཏམ་གྱི་སྒོ་ནས་ཀྱང་རྣམ་པར་གཏན་ལ་དབབ་པར་བྱ་ཞིང༌། འདི་སྐད་དུ། ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་གྲུབ་པ་གང་ཡོད་དེས། །མར་གྱུར་འགྲོ་བ་ཐམས་ཅད་ཀྱང༌། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བསྔོ་བ་བྱའོ།།  །།གསུམ་པ་ཉ་སྟོང་དང་འབྲེལ་བ་གསོ་སྦྱོང་གི་ཆོ་ག་ལ། སྤྱིར་གསོ་སྦྱོང་གི་དབྱེ་བ། དགེ་ཚུལ་རྣམས་ཀྱིས་ཡོངས་སུ་དག་པ་འབུལ་བའི་ཆོ་ག དགེ་སློང་གི་གསོ་སྦྱོང་གི་ཆོ་ག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། སྤྱིར་གསོ་སྦྱོང་ནི་གཉིས་ཏེ། དགེ་བསྙེན་གྱི་དང༌། རབ་ཏུ་བྱུང་བའི་འོ། །དང་པོ་ནི་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པའི་ཁྱིམ་པས་ཉིན་ཞག་གཅིག་གི་མཐའི་བར་དུ་གསོ་སྦྱོང་བླངས་ཏེ། ཡན་ལག་བརྒྱ་དང་ལྡན་པར་བླང་བའོ། །གཉིས་པ་ལ་གཉིས་ཏེ། ལུང་ན་མི་བཞུགས་ཀྱང་བསྟན་བཅོས་མཁན་པོའི་འདོད་པས་བསྒྲུབས་པ་དགེ་ཚུལ་གྱི་གསོ་སྦྱོང་དང༌། ལུང་ལས་གསུངས་པ་དགེ་སློང་གི་གསོ་སྦྱོང་ངོ༌། །དང་པོ་ལ་རང་གི་ངོ་བོ་ནི། དགེ་སློང་ཞིག་གི་དྲུང་དུ་རང་རྒྱུད་ལ་ཡོད་པའི་བཤགས་བྱའི་ཉེས་བྱས་རྣམས་ཕྱིར་བཅོས་བྱེད་པ་དེ་ཡིན་ལ། འདི་ལ་དུས་ཀྱི་ངེས་པ་མེད་ཅིང༌། ཡོངས་དག་འབུལ་བ་ནི། དགེ་སློང་གི་དགེ་འདུན་རྣམས་གསོ་སྦྱོང་གང་ལ་བྱ་བའི་ཉི་མ་དེ་ཉིད་ཡིན་ནོ། །འདི་ལ་དགེ་ཚུལ་གྱི་གསོ་སྦྱོང་གི་མིང་འདོགས་པ་ནི་བསྟན་འཆོས་མཛད་པའི་སློབ་དཔོན་ཤཱཀྱ་འོད་དང༌། འགྲེལ་པ་མཁན་པོ་ཆོས་བཤེས་ཀྱི་ལུགས་སོ། །གཉིས་པ་དགེ་སློང་གི་གསོ་སྦྱོང་ནི་ལྔ་སྟེ། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། མཐུན་པའི་གསོ་སྦྱོང༌། གནོད་པ་སྤང་པའི་གསོ་སྦྱོང༌། བཀྲ་ཤིས་པའི་གསོ་སྦྱོང་ངོ༌། །དང་པོ་གཉིས་ནི། དུས་ཀྱི་ཁྱད་པར་ཚེས་བཅོ་ལྔ་ལ་བྱ་བས་ཁྱབ་ལ། ཕྱི་མ་གསུམ་ལ་ནི་དུས་ཀྱིས་ངེས་པ་མེད་དོ། །གཉིས་པ་དགེ་ཚུལ་གྱི་གསོ་སྦྱོང་གི་ཆོ་ག་ལ་གཉིས་ཏེ། དུས་ངེས་མེད་ལ་བྱ་བ་བཤགས་པའི་ཆོ་ག་དང༌། དུས་ངེས་པ་ཅན་ལ་བྱ་བ་ཡོངས་དག་འབུལ་བའི་ཆོ་གའོ། །དང་པོ་ནི། བཤགས་བྱའི་ཉེས་བྱས་གང་ལ་བྱུང་བའི་དགེ་ཚུལ་དེས། ཉེས་པ་དེ་བྱུང་མ་ཐག་ཏུ་དགེ་སློང་གང་ཡང་རུང་བ་ཞིག་གི་མདུན་དུ་སོང་སྟེ། འདི་སྐད་ཅེས་མཁན་པོའམ་སློབ་དཔོན་ནམ་གནས་བརྟན་ནམ་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བ། བག་མ་མཆིས་པའི་དབང་གིས་མྱོས་པར་འགྱུར་བ་འཐུངས་པའི་ཁ་ན་མ་ཐོ་བ་ལྟ་བུ་འདི་བྱུང་སྟེ། ཉེས་པ་དེ་མཁན་པོའི་དྲུང་དུ་མཐོལ་ལོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ཞིང་མ་བཤགས་ན་མི་འགྱུར་རོ། །ཞེས་ལན་གསུམ་བཟླས། མཐོང་སྡོམ་དྲིས་ལ་ཐབས་ལེགས་བྱའོ། །གཉིས་པ་ནི། དེ་ལྟར་ཉེས་པ་ཕྱིར་བཅོས་པས་དག་པའམ། ཡང་ན་ཉེས་པས་མ་གོས་པའི་དགེ་ཚུལ་གསུམ་མན་ཆད་དམ། ཚོགས་སུ་ལོངས་བས་ཀྱང་རུང་སྟེ། དགེ་སློང་ཞིག་གི་མདུན་དུ་འདུག་སྟེ། འདི་སྐད་ཅེས་གནས་བརྟན་ནམ། ཚེ་དང་ལྡན་པ་དགོངས་སུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ཏེ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ལ། བདག་ཤཱཀྱའི་དགེ་ཚུལ་མི་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་གནས་བརྟན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །དེ་བརྗོད་པའི་ཡུལ་གྱི་དགེ་སློང་དེ་དགེ་འདུན་གྱི་གསོ་སྦྱོང་གི་གྲལ་དུ་ངེས་པར་འདུ་བ་ཞིག་དགོས་ལ། དེས་དགེ་འདུན་ལ་ཡོངས་དག་བརྗོད་དགོས་པ་ནི་མ་ཡིན་ཏེ། དགེ་ཚུལ་རྣམས་གསོ་སྦྱོང་གི་ལས་དེ་ལ་མི་དབང་བའི་ཕྱིར་རོ། །དགེ་ཚུལ་གྱི་བཤགས་པ་དང་ཡོངས་དག་འབུལ་ཚུལ་དེ་ལྟར་མ་གྲུབ་པ། དགེ་ཚུལ་ཇི་སྙེད་པ་དགེ་འདུན་གྱི་ནང་དུ་སོང་སྟེ་གནས་བརྟན་གྱི་དྲུང་དུ་བཤགས་པ་བྱས་ཏེ་ཡོངས་སུ་དག་པ་ཕུལ་ཀྱང་ལེགས་པར་རུང་བ་ཡིན་ནོ། །གསུམ་པ་དགེ་སློང་གི་ཆོ་ག་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཚོགས་པ་ཚང་པའི་ཚེ་སྤྱིར་བཏང་གི་གསོ་སྦྱོང་ཇི་ལྟར་བྱ་བ། དགེ་སློང་གཉིས་དང་གསུམ་ལས་མེད་པའི་ཚེ་དམིགས་གསལ་གྱི་གསོ་སྦྱོང་ཇི་ལྟར་བྱ་བ། རང་གཅིག་པུས་གསོ་སྦྱོང་བྱིན་གྱིས་བརླབ་པའི་ཆོ་གའོ། །དང་པོ་ལ། སྦྱོར་བ་དང༌། དངོས་གཞི། འཇུག་གསུམ་མོ། །དང་པོ་ལ་གསུམ་སྟེ། ལས་གྲལ་ལ་མ་འདུས་གོང་གི་སྦྱོར་བ། འདུས་མ་ཐག་གི་སྦྱོར་བ། ལས་ཀྱི་འགོ་བརྩམས་པ་ནས་བཟུང་བའི་སྦྱོར་བའོ། །དང་པོ་ནི། དགེ་སློང་དེས་གསོ་སྦྱོང་ལ་འདུ་བའི་གོང་རོལ་དུ་འདི་ལྟར་བརྟག་པར་བྱ་སྟེ། གསོ་སྦྱོང་སྔ་མ་ཟིན་ནས་ད་ལྟའི་བར་ཉེས་པ་བྱུང་ངམ་མ་བྱུང༌། བྱུང་ན་ཇི་ལྟ་བུ་ཞིག་བྱུང་ཞེས་བརྟགས་པ་ལས་ཉེས་པས་མ་གོས་ན་དེ་མཆོག་ཡིན་ལ། གོས་ན་ནི་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམ། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཟིན་པ་ཞིག་བྱས་ཏེ་འདུག་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། ཉི་མ་དེ་ཉིད་ལ་ལས་བྱེད་པ་ཡིན་ན། དང་པོ་ནི། ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང༌། ལྟུང་བྱེད་འབའ་ཞིག་པ་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་ཀྱི་སྡེ་ཚན་རྣམས་སོ། །གཉིས་པ་ནི། བསྡམ་པར་བྱས་པའི་ཉེས་བྱས་སུ་བཤད་པ་རྣམས་སོ། །གསུམ་པ་ནི། དགེ་འདུན་ལྷག་མ་དང༌། སྤང་བ་ལྟུང་བྱེད་རྣམས་སོ། །དེ་ཡང་འདི་ལྟར་ལྟུང་བ་གང་བྱུང་བའི་དགེ་སློང་དེས་ལྟུང་བ་ནང་མི་མཐུན་པའི་དགེ་སློང་ཞིག་གི་དྲུང་དུ་ཕྱིན་ཏེ། མཆིལ་ལྷྭམ་ཕུད། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་འོས་ལ་ཕྱག་བྱ་སྟེ། དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང༌། མི་ཤེས་པ་ཉིད་དང་མ་གུས་པ་དང༌། བག་མ་མཆིས་པ་དང༌། ཉོན་མོངས་པ་མང་བའི་དབང་གིས་ལྟུང་བྱེད་ཀྱི་སྡེ་ཚན་ལས། ཤེས་བཞིན་བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་ལྟ་བུ་འདི་བྱུང་སྟེ། ཁ་ན་མ་ཐོ་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །ཆགས་སོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། མ་མཐོལ་མ་བཤགས་ན་མི་འགྱུར་རོ་ཞེས་ལན་གསུམ་བཟླས། མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱའོ། །དེ་བཞིན་དུ་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་ནི། དགེ་སློང་དྲུག་ཡན་ཆད་དང༌། ཡང་བ་ནི་དགེ་སློང་བཞི་ཡན་ཆད་དང༌། ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་ནི། དགེ་སློང་ལྔ་ཡན་ཆད་དང༌། ཡང་བ་ནི་དགེ་སློང་གཅིག་གི་མདུན་དུ་བཤགས་པའི་ཚིག་ནི་སྔ་མ་ཁོ་ན་བཞིན་དུ་བྱའོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། ལྟུང་བ་མི་མཐུན་པའི་དགེ་སློང་གཅིག་གི་མདུན་དུ་སོང་སྟེ། ཚིག་སྔ་མ་བཞིན་དུ་སྦྱར་ནས་ཞེས་བགྱི་བ་ལ། དགེ་འདུན་ལྷག་མའི་སྡེ་ཚན་ལས་རེག་པའི་ལྷག་མ་དང༌། སྤང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། གོས་ཞག་བཅུ་འཆང་བའི་སྤང་ལྟུང་འདི་བྱུང་སྟེ། ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ། དགེ་འདུན་གྱི་གསོ་སྦྱོང་མཛད་ལ། སླད་ཀྱིས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །གཉིས་པ་ནི། ལས་གྲལ་དུ་འདུག་མ་ཐག་ཏུ་ལྟུང་བ་དྲན་ནམ། ཡིད་གཉིས་ཟ་ན། དྲུང་ན་མོ་ལ་བྱིན་གྱིས་བརླབ་པའི་ཚུལ་སྔ་མ་བཞིན་ནོ། །ལས་བྱེད་པས་ནི་དྲན་ནམ་ཡིད་གཉིས་ཟ་ན། རང་གཅིག་པུས་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །སྦྱོར་བའི་ཆོ་ག་འདི་ཡན་ཆད་ནི་གལ་ཆེ་ཤོས་ཡིན་པས། ལས་གྲལ་ལ་མ་འདུས་པའི་གོང་དུ་ངེས་པར་བྱས་ལ། དེར་མ་གྲུབ་ན་གནས་ཁང་གཅིག་ཏུ་ཚོགས་ནས་བྱས་ཀྱང་ཉེས་པ་མེད་དེ། ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབ་པ་དང་རིགས་པ་མཚུངས་པའི་ཕྱིར། གཉིས་པ་འདུས་ནས་ཇི་ལྟར་བྱ་བ་ལ། རྒྱུད་དག་པར་སྒྲུབ་པ་གནས་ལ་བློ་མཐུན་བྱ་བ། དགེ་འདུན་མཐུན་པ་བསྒྲུབ་ཅིང་ནད་པ་སོགས་ཀྱི་གསོ་སྦྱོང་ཉམས་སུ་མྱོང་བར་བྱ་བའོ། །དང་པོ་ནི། མཚམས་ནང་དེ་ན་ཡོད་པའི་དགེ་སློང་ཐམས་ཅད་ལྟུང་བ་མཐུན་པར་གྱུར་ནས་བཤགས་ཡུལ་མ་རྙེད་ན་ཐུན་མོང་བ་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བས་སུ་ཡང་མ་མཆིས་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་མཛད་ལ་སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ཡན་ཆད་ནི་གསོ་སྦྱོང་ཁོ་ནར་མ་ཟད་ཀྱི། ལྟུང་བ་ཅན་དགེ་འདུན་གྱི་ལས་ལ་འཇུག་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ལ། ལྟུང་བས་མ་གོས་པ་རྣམས་ལ་ནི་འདི་ཡན་ཆད་ཀྱི་སྔོན་འགྲོ་རྣམས་མི་དགོས་སོ། །གཉིས་པ་གནས་ལ་བློ་མཐུན་པར་བྱ་བ་ནི། གསོ་སྦྱོང་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཡིན་པས་གསོ་སྦྱོང་གི་གཞིའི་ཐོག་མ་ནི་འདི་ནས་བཟུང་བར་བྱའོ། །དེ་ཡང་ལས་བྱེད་པས་ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་ལགས་པ་ནང་མཚམས་དང༌། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང༌། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་འཇུག་བསྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཅིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་ནས་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་དོ། །སྦྱོར་ཆོག་གསུམ་པ་ལ། སོ་སོ་ཐར་པའི་མདོ་ཡི་ཆེ་བ་བརྗོད་པ། འདུན་པ་དང་ཡོངས་སུ་དག་པ་བླངས་ནས་བརྗོད་པ། གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་གཞུག་པ་སྔར་བྱ་བ་རྣམས་སོ། །དང་པོ་ནི། གནས་བརྟན་གྱིས་འདི་སྐད་ཅེས། སོ་སོ་ཐར་པའི་མདོ་ལ་སྟོན་པའི་འདུ་ཤེས། རང་ཉིད་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས། ཆོས་ཀྱི་ཚུལ་འདི་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་ཏེ། དེ་ལྟར་ཐུགས་ལ་བཞག་ནས། ཐམས་ཅད་ཀྱིས་གསན་པ་ཞུ་ཞེས་བརྗོད་ལ། ཐལ་མོ་སྙིང་ཁར་སྦྱར་ཏེ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་སྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོ་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པའི་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། །གདུག་པ་སེལ་བའི་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམ་འཕྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་བཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །སངས་རྒྱས་ཤེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་དུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པ་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །མི་དང་རབ་ཏུ་བྱུང་བ་དང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང༌། །དེ་དག་འབྲས་བཅས་བྱེད་འདོད་པ། །སྡོམ་བརྩོན་རྣམས་ཀྱི་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ངེས་པར་ཐར་བར་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་བསྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང༌། །སོ་སོར་ཐར་པ་ཐོས་པ་དང༌། །བཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་དེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དང་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ང་འོང་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་དུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་ཀྱང༌། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཚེ་དང་ལྡན་པ་དག་སོ་ཀ་རྣམས་ཀྱི་འདས་པ་དང༌། །ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས། ཚེ་དང་ལྡན་པ་དག་གིས་བག་ཡོད་པ་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང༌། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་ཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་ལ། དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག དྲིས་ནས་ཀྱང་བརྗོད་པར་བྱའོ། །ཞེས་གནས་བརྟན་གྱི་བརྗོད་མ་ཐག་ཏུ་དགེ་སྐོས་ཀྱིས་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་བར་བྱ་ཞིང༌། མ་ཚང་ན་མ་ལྷགས་པ་རྣམས་ལ་འདུན་པ་ཡོངས་སུ་དག་པར་དྲི་བར་བྱ་ཞིང༌། དྲིས་ནས་ཀྱང་བརྗོད་པར་བྱའོ། །དེ་འབུལ་བའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་ཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བརྗོད་དེ། དེ་ནས་ལེན་པ་པོས་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ཆེ་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ། མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས། དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ། བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་དག་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིའོ། །ཞེས་ལན་ཅིག་བརྗོད་དོ། །དེ་ནས་གནས་བརྟན་གྱིས་འདི་སྐད་ཅེས། ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོར་ཐར་པ་གདོན་པར་བྱ། །གདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ན་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུང་ཞིང་བསྒྲུབ་བྱ་ཞིང༌། །ཁ་ན་མ་ཐོ་ཕྲ་རྣམས་ལ། །རྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་འདའ་བ་ཡིས། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པ་གཟེར་རྣོན་རྒྱབ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཆེ་བ་གང་དག་དག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲ་བ་འདི་མེད་པ་དང༌། །ནམ་དུ་འདི་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོར་ཐར་པའི་མདོ་གདོན་པར་གདོན་ཏོ། འདི་ནི་གསོལ་བའོ། །གཉིས་པ་རྣམ་པར་བཞག་པ་འཛིན་དུ་གཞུག་པ་ནི་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱི། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག ལྟུང་བ་མེད་ན་ཅང་མ་སྨྲ་ཅིག ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ། དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས། ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་ནི་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །གཉིས་པ་དངོས་གཞི་ལ། སོ་སོ་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་སྟེ། གླེང་གཞི་གདོན་པ། ཕམ་པ་གདོན་པ། ལྷག་མ་གདོན་པ། མ་ངེས་པ་གདོན་པ། རིལ་གྱིས་གདོན་པ་རྣམས་སོ། །དང་པོ་ནི་སྔར་གདོན་ཟིན་པ་ལ་བསྙན་པའི་ཚུལ་གྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་གིས་སོ་སོ་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅིང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། གདོན་པ་གཉིས་པ་ནི། སྡོམ་ལ། མི་ཚངས་སྤྱོད་དང་བརྐུ་བ་དང༌། །མི་ལ་བསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཚེ་དང་ལྡན་པ་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་འདི་དག་ནི། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ༌། །ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར། མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། །ཡང་དགེ་སློང་གང་གཞན་གྱི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པར་ལེན་པ་བརྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པས། དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །བརྐུ་བའོ་ཞེས་ཟེར་ཞིང༌། གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ། །ཡང་དགེ་སློང་གང་མིར་ཆགས་པ་བསམ་བཞིན་དུ་རང་གིས་ལག་བདར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་བླའོ་ཞེས་ཟེར་ཞིང༌། སེམས་ཀྱི་འདོད་པ། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མ་དག་གིས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ། །ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང༌། ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང༌། འཕགས་པ་དང་བྱེ་བྲག་ཕྱེད་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པར་སྤྱོད་པ་མེད་པ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་དེ་རྣམ་པར་དག་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང༌། མ་དྲིས་ཀྱང་རུང༌། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི། མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་ཕམ་པར་གྱུར་པའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ། །དགེ་སློང་དག་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན། ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཕམ་པར་གྱུར་པ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་དུ་མི་དབང་གི་གནས་པར་མི་བྱའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བ་དེ་དེ་བཞིན་དུ་འཛིན་ཏོ། །ལྷག་མ་རྣམས་ནི་ཐོས་པ་བསྒྲགས་པས་ཀྱང་རུང་བས། འདི་སྐད་ཅེས། ཚེ་དང་ལྡན་པ་དག་སླད་མ་ཕམ་པར་འགྱུར་བ་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པ་གཉིས་དང༌། སྤང་བ་ལྟུང་བྱེད་སུམ་ཅུ་དང༌། འབའ་ཞིག་པ་དང་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བ་བཞི་དང༌། བསླབ་པར་བྱ་བའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་གདོན་པ་ལས་འབྱུང་བས། སྔར་གསན་པའམ་ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །གསུམ་པ་འཇུག་ནི། སོ་སོར་ཐར་པ་སྟོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམ་པ་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་པའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ཏེ། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང༌། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོ་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང༌། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱས་ཏེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་བརྗོད་དོ། །གཉིས་པ་དམིགས་བསལ་གྱི་གསོ་སྦྱོང་ནི། གསོ་སྦྱོང་གི་ཉིན་བཞིར་མ་ཚང་ན་དུས་ཀྱི་བར་དུ་བསྡད་ལ། དེས་ཀྱང་མ་ཚང་ན། མཆོད་པ་བཤམས་ལ་གཅིག་གི་མདུན་དུ་གཅིག་འདུག་སྟེ། འདི་སྐད་ཅེས་བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་ཡོངས་སུ་དག་པར་བཙུན་པས་བཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང༌། སོ་སོ་ཐར་པའི་མདོ་གདོན་པ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ། ཐབས་ལེགས་བྱའོ། །གསུམ་པ་གཅིག་པུས་བྱིན་གྱིས་རློབ་པ་ནི་ལྷ་རྣམས་དགོངས་སུ་གསོལ་ཞེས་དང༌། མཐར་ལྷ་རྣམས་ཀྱིས་བཟུང་དུ་གསོལ་ཞེས་བརྗེ་བ་མ་གཏོགས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དིང་སང་འདི་ན་གསོ་སྦྱོང་གི །ལག་ལེན་ཆོ་ག་ཤིན་ཏུ་འཁྲུལ། །མདོ་ལུང་ཇི་བཞིན་མ་འཁྲུལ་བར། །ཇི་བཞིན་བཤད་འདི་དང་དུ་ལོང༌། །གསོ་སྦྱོང་གི་ཆོ་ག་བསྟན་ཟིན་ཏོ།།  །།གཉིས་པ་དབྱར་གྱི་གཞིའི་ཆོ་ག་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི། དམིགས་བསལ་གྱི་ཆོ་གའོ། །དང་པོ་ལ་གཉིས་ཏེ། རིང་བའི་སྦྱོར་བ་དང༌། ཉེ་བའི་སྦྱོར་བའོ། །དང་པོ་ནི། ཟླ་བ་ཕྱེད་ཙམ་གྱི་སྔ་རོལ་ནས་གཙུག་ལག་ཁང་གི་བྱི་དོར་བྱ་བ་དང༌། སྦྱིན་བདག་དང་ཞལ་ལྟ་བ་དང༌། སྤྱོད་ཡུལ་གྱི་གྲོང་དང༌། བསོད་སྙོམས་དང༌། སྨན་སྦྱིན་པར་བྱེད་པ་དང༌། གནས་ཀྱི་བླ་མ་ཡོད་པ་དང༌། ཐབ་བཀྲོལ་ཅན་མེད་ཅིང་མི་འབྱུང་བ་དང༌། མདོར་ན་ཟླ་བ་གསུམ་དུ་གནས་པ་ལ་བར་ཆད་མི་འབྱུང་བའི་སྟ་གོན་བྱའོ། །གཉིས་པ་ནི། གནས་ཁང་དང༌། གནས་མལ་དང༌། ཁྲིའུ་དང༌། ཆོལ་ཟངས་སོགས་ཚང་བར་སྟ་གོན་བྱ་ཞིང༌། དེ་སྟོབས་པའི་དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱའོ། །དེའི་སྔགས་ནི། ལས་བྱེད་པས་དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ་ཞེས་དྲི། སྤྲོ་ཞེས་ཟེར་ན་ལས་བྱེད་པས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ། གནས་མལ་སྟོབ་པར་བསྐོས་ཏེ། གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བ། དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་སོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་ནས་གསོལ། དགེ་སློང་ནས་སྤྲོ་སྟེ། དེའི་སླད་དུ་ནས་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མི་འདི་ཞེས་བགྱི་བ། གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག ཅེས་ལན་གཅིག་གོ །མཇུག་བསྡུད་ནི། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་སློང་མིང་འདི་ཞེས་བགྱི་བ། གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་དོ། །བསྐོས་པའི་དགེ་སློང་དེས་ཚུལ་ཤིང་སྲིད་དུ་ཁྲུ་གང་བ། ཡ་ཡོ་དང་ཁྱར་ཁྱོར་དང་བཅས་བཅུས་མེད་པ། ཁ་དོག་བཟང་བ། དྲི་ཞིམ་པ། རེག་ན་འཇམ་པ་རྣམས་སྟ་གོན་བྱས་ལ། གཟེབ་ཀྱི་སྲོག་མར་རས་དཀར་པོ་བཏིང་བ་དཀྲིས་པ་རྒན་པའི་མཐར་བཞག་ལ། རང་ཉིད་འདུད་པ་དང་བཅས་པས་འགྲེང་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་ཆེ་མོ་ཞེས་བྱ་བ་འདི་ན། ཁྲིམས་སུ་བྱ་བ་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་གི་རྒྱུ་བཞི་པོ་གང་རུང་གི་སྒོ་ནས་འཁྲུག་ལོང་མི་སྐྱེད་པ་འདི་དང༌། གནས་རལ་བ་དང༌། གྲུམས་པ་བཅོས་པ་དང༌། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱ་བ་ཞེས་བྱ་བ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས། གནས་འདིར་གནས་པར་སྤྲོ་བ་དེ་ཚུལ་ཤིང་ལོང་ཞིག ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་ད་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལས་འཁྲུག་ལོང་བསྐྱེད་པར་གྱུར་པ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ། །ཞེས་ཁྲིམས་སུ་བྱ་བ་བརྗོད་དོ། །དེ་ནས་ཚུལ་ཤིང་བླང་བ་དང་དབྱར་གནས་པ་ཁས་བླང་བའི་ཕྱིར། དགེ་འདུན་རྣམས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཐུགས་བསྟུན་པར་བྱ་སྟེ། ལས་བྱེད་པ་པོས་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གྱིས་ཚུལ་ཤིང་བཞེངས་ཏེ། སང་ནང་པར་དབྱར་གནས་པ་ཁས་བླང་ངོ༌། །འདི་ནི་གསོལ་བའོ་ཞེས་བརྗོད་དོ། །དེ་ནས་གནས་མལ་སྟོབ་པ་ལ་བསྐོས་པ་དེ་ཚུལ་ཤིང་བྲིམ་པར་བྱ་སྟེ། དང་པོར་སྟོན་པའི་ཚུལ་ཤིང་གཅིག་དབུལ། དེའི་འོག་ཏུ་གནས་བརྟན་ནས་རིམ་པར་བྲིམས་ཏེ། དགེ་ཚུལ་རྣམས་ཀྱིས་ནི་རང་རང་གི་མཁན་པོ་དང་སློབ་དཔོན་ལེན་དུ་གཞུག བྲིམས་ཟིན་པ་དང་དལ་བུས་འཇོག་ཏུ་བཅུག་སྟེ། འཇུག་ཏུ་གཉུག་མར་གནས་པའི་ཚུལ་ཤིང་གཅིག་གནས་བརྟན་གྱིས་བླངས། རྗེས་སུ་བྲིམ་པ་པོས་སྤྱོད་ལམ་འགྲེང༌། ཐལ་མོ་སྦྱར། དགེ་འདུན་ནས་གསོལ་གནས་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བླངས་སོ། །ཞེས་གོ་བར་བྱའོ། །དེའི་འོག་ཏུ་གནས་ཁང་དང་གནས་མལ་རྣམས་སྟབས་པར་བྱ་སྟེ། དང་པོར་གནས་བརྟན་གྱིས་གནས་ཁང་གི་ལྡེ་མིག་དང་སྒོ་ལྕགས་བཟུང་ནས། དེའི་མདུན་དུ་འདུག་སྟེ། གནས་བརྟན་གཙུག་ལག་ཁང་འདི་ནི་རྙེད་པ་དང་བཅས་པ། གོས་ཀྱི་རིན་དང་བཅས་པ་ལགས་ཀྱི། བཞེས་ཤིག་ཅེས་དགེ་ཚུལ་གྱི་མཐའི་བར་དུ་ཡང་དེ་བཞིན་ནོ། །དེ་གནས་མལ་ཡང་རིམ་པ་བཞིན་དུ་བྲིམས་པའི་རྗེས་ཁོ་ནར་སྟོབས་པ་པོས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་གོ་བར་བྱ་ཞིང༌། དགེ་འདུན་བསང་སྦྱིན་བདག་ཆེ་གེ་དང༌། ཞལ་ལྟ་བ་ཆེ་གེ་མོ་དང༌། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང༌། ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་དག་ནི་ཚེས་བཅོ་ལྔ་ལ་བྱ་བའི་སྦྱོར་བའོ། །གཉིས་པ་དངོས་གཞི་ནི། ཚེས་བཅུ་དྲུག་གི་ཉིན་རང་རང་སོ་སོའི་གནས་སྟེང་གཡོགས་དང་བཅས་པར། དགེ་འདུན་དུ་མ་ལོངས་པའི་དགེ་སློང་གི་དྲུང་དུ་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། འདི་ལྟ་སྟེ། གནས་རལ་པ་དང༌། འགྲུམས་པ་བཅོས་པའི་སླད་དུ་སྦྱིན་བདག་ལ་སོགས་པ་མིང་འདི་ཞེས་བགྱི་བས། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ༌། །བདག་དབྱར་འདི་ན་མཆིས་ཤིང༌། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་ལ། ཐབས་ལེགས་བྱའོ། །ཡང་ན་དབྱར་ཕྱི་མ་ཞེས་སོ་འདི་གང་ཟག་གི་ལས་ཡིན་པས་གསུམ་མན་ཆད་ཀྱི་གྲངས་ངེས་པ་མི་དགོས་སོ། །གསུམ་པ་དམིགས་བསལ་གྱི་ཆོ་ག་ལ། ཞག་བདུན་རྒྱུ་བར་བྱིན་གྱིས་བརླབ་པའི་ཆོ་ག་དང༌། ཞག་བཞི་བཅུ་པའི་གནང་བ་ཐོབ་པས་ཞག་བརྒྱད་ནས་བཞི་བཅུའི་བར་བྱིན་གྱིས་བརླབ་པའི་ཆོ་གའོ། །དང་པོ་ནི། མཚམས་ཀྱི་ནང་ཁོ་ནར་དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ། ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། མཚམས་ནང་དང་བཅས་པའི་གནས་འདི་དབྱར་སྔ་མ་ཟླ་བ་གསུམ་གནས་པ་ལས། བདག་མིང་འདི་ཞེས་བྱ་བ་བགྱི་བ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱི་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང༌། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། ཞག་གཅིག་དང་གཉིས་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །གཉིས་པ་ནི། གནང་བ་འདི་འཆགས་པ་དགེ་འདུན་གྱི་དོན་ཡིན་པ་ཞིག་དགོས་པས། འདི་ལྟར་ལས་བྱེད་པ། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་སྤྲོའམ། སྤྲོའོ། །དེ་ནས་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར། ཕྱག་གསུམ་བྱ་སྟེ། རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆི་ཞིང༌། བདག་གི་དབྱར་གྱི་གནས་ནི་འདི་ལགས་པ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བ། ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱི་སླར་མཆི་བར་སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ་ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་གསོལ་བ་བཏབ་པའི་དོན་སྦྱིན་པ་ལ་གཉིས་ཏེ། ཞག་བཞི་བཅུའི་གནང་བ་བྱིན་པ་དང༌། དེ་ཐོབ་ནས་བྱིན་གྱིས་བརླབ་པའི་ཆོ་གའོ། །དང་པོ་ནི་དགེ་འདུན་ནས་གསོལ་དགེ་སློང་མིང་འདི་ཞེས་བགྱི་བ་འདི། ནང་མཚམས་ཀྱི་ནས་ཁས་བླངས་ཏེ། འདི་དབྱར་འདི་ན་གནས་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ན་མཛོད་ཅིག་དང༌། འདི་དབྱར་འདི་ན་མཆི་ཞིང་གནས་པ་ལགས་པ་ལས། དགེ་འདུན་གྱི་ཆེད་ལ། མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ། དགེ་འདུན་གྱི་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཚམས་ཀྱི་གནས་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་ཆེད་ལགས་ལ། སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ཏོ། །དེའི་སླད་དུ་འདི་དབྱར་འདི་ན་མཆིས་ཤིང༌། འདིའི་དབྱར་གྱི་གནས་ནི་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལགས་ན། སླར་མཆི་བར་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག ཅེས་ལན་ཅིག་དང་མཇུག་བསྡུད་བརྗོད་དོ། །གཉིས་པ་དེ་ལྟར་གནང་བ་ཐོབ་པ་དེས་ཀྱང་མཚམས་ཀྱི་ཕྱི་རོལ་དུ་ནམ་འགྲོ་བའི་ཚེ། ཞག་བརྒྱད་ནས་བཞི་བཅུའི་བར་གང་དགོས་པ་དེ་བྱིན་གྱིས་བརློབ་པས། དེའི་སྔགས་ནི། སྔར་གྱི་ཞག་བདུན་བྱིན་གྱིས་བརླབས་པའི་ཆོ་ག་དེ་ཉིད་འདོན་པ་བསྒྱུར་བར་བྱའོ། །དབྱར་གནས་པའི་ཆོ་གའོ། །གསུམ་པ་དགག་དབྱེའི་ཆོ་ག་ལ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ་མོ། །དང་པོ་ལ། རིང་བའི་སྦྱོར་བ་དང༌། ཉེ་བའི་སྦྱོར་བའོ། །དང་པོ་ནི། སྤྱོད་ཡུལ་བརྗོད་པ་ནས་སེང་གེའི་ཁྲི་བརྒྱན་པའི་བར་དང༌། ནང་དང་བཅས་པ་ལ་བཟོད་པར་གསོལ་བ་སོགས་ཚེས་བརྒྱད་ནས་བཅུ་བཞིའི་བར་ཡན་ཆད་ལ་ཟིན་པར་བྱས་ལ། ཚེས་བཅུ་བཞི་དང་བཅོ་ལྔའི་ཉིན་མཚན་གཉིས་ཀ་ཆོས་རྣམ་པར་གཏན་ལ་དབབ་པར་བྱ་ཞིང༌། དགག་དབྱེའི་དངོས་གཞིའི་ལས་ནི། ཚེས་བཅུ་དྲུག་གི་སྐྱ་རེངས་འཆར་ཀ་ཚུན་ལ་ཟིན་པར་བྱའོ། །གཉིས་པ་ལ། དགེ་འདུན་མཐུན་པ་སྒྲུབ་རྒྱུད་དག་པར་བྱ་བ་དགག་དབྱེ་བྱེད་པ་པོ་བསྐོ་བའོ། །དང་པོ་ནི། མཚམས་ནང་དེ་ན་ཡོད་ཅིང༌། ན་བ་ལ་སོགས་པའི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་ན། འདུན་པ་དང་དགག་དབྱེ་དབུལ་བའི་ཆོ་ག་ནི་སྔ་མ་བཞིན་ནོ། །མི་འདྲ་བའི་ཁྱད་པར་ནི། ཡོངས་སུ་དག་པ་འབུལ་བའི་ཚབ་ཏུ་འདི་སྐད་ཅེས། བདག་ལ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིའོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིའོ། །ཞེས་ལན་གསུམ་བཟླ་ཞིང་བརྗོད་པའི་ཚེ་ཡང་དེ་སྐད་དོ། །སྦྱོར་ཆོག་གཉིས་པ་ནི། སྔ་མ་གསོ་སྦྱོང་གི་སྐབས་བཞིན་ནོ། །གསུམ་པ་ལ། བྱེད་པ་པོ་བསྐོ་བ་དང༌། དགེ་འདུན་ཐུགས་བསྟུན་པའོ། །དང་པོ་ནི། ལས་བྱེད་པས་འདི་སྐད་ཅེས། དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བྱ་བ་ནས་སྤྲོ་ན་གལ་ཏེ་ནས་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགག་དབྱེ་བྱེད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་དགེ་འདུན་ནས་གསོལ། དགེ་སློང་ནས་སྤྲོ་སྟེ། དེའི་སླད་དུ་ནས་བསྐོ་ན། ཚེ་དང་ལྡན་པ་གང་དག་ནས་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་ཅེས་བརྗོད་པ་གཅིག་དང་མཇུག་སྡུད་བརྗོད་དོ། །གཉིས་པ་ནི། དགེ་འདུན་ནས་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་ནས་མཛོད་ཅིག་དང༌། དེང་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །གཉིས་པ་དངོས་གཞི་ལ། སྤྱིར་བཏང་བའི་དགག་དབྱེ་དང༌། དམིགས་ཀྱིས་བསལ་བའི་དགག་དབྱེའོ། །དང་པོ་ནི། བསྐོས་པ་དེས་རྩྭ་དུར་བྷ་དགེ་འདུན་ཐམས་ཅད་ལ་ཁྱབ་པར་འབྲིམ་མོ། །རྩྭ་དེ་ཡུལ་རྟེན་གཉིས་ཀའི་ལག་པས་ཕན་ཚུན་ནས་བཟུང་སྟེ། དགག་དབྱེ་བྱེད་པ་པོའི་མདུན་དུ་ཙོག་པུར་འདུག་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ན། བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་བཞིན་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ། ཐབས་ལེགས་བྱའོ། །དེ་ནས་བྱེད་པ་པོ་དེས་ཀྱང་གཞན་གྱི་དྲུང་དུ་དགག་དབྱེ་བྱའོ། །གསུམ་པ་འཇུག་ནི། བྱེད་པ་པོས་རྩྭའི་ཆུན་པོ་རྣམས་བསྡུས་ཏེ། འདི་སྐད་ཅེས། གནས་འདིར་དབྱར་གནས་པའི་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ་ཞེས་གོ་བར་བྱས་པའི་རྗེས་ལ། གྲལ་ལ་འཁོད་པ་རྣམས་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་གོ་བར་བྱའོ། །དེ་ནས་བསྐོས་པ་དེས་དང་རྫས་ཁབ་ཡན་ཆད་ལག་ཏུ་ཐོགས་ཏེ་བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ་ཞེས་བརྗོད་ཅིང༌། དེའི་འོག་ཏུ་དགེ་ཚུལ་རྣམས་ཀྱི་དགག་དབྱེ་བྱའོ། །གཉིས་པ་དམིགས་བསལ་གྱི་དགག་དབྱེ་ནི། དགེ་སློང་རེ་རེ་བ་དག་གནས་པར་མི་ནུས་ན་ཚོགས་ཀྱི་དགག་དབྱེ་གོ་བར་བྱ་བ་དང༌། དགེ་སློང་འཐབ་བཀྲོལ་ཅན་འོང་བ་ཐོས་པའམ། དབྱར་གྱི་ནང་དུ་ཆོས་ལྡན་གྱི་བྱ་བས་འགྲོ་དགོས་ན། གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་དུས་ཉ་ཤི་ཅིག་དང་བསྟུན་ནས་དགག་དབྱེ་བྱ་བ་རྣམས་དང༌། དབྱར་བྱིན་གྱིས་བརླབས་ཏེ་སོང་བས་གཙུག་ལག་ཁང་གཞན་དུ་དགག་དབྱེ་བྱས་པས་གོ་ཆོད་པ་རྣམས་སོ། །ཁྱད་པར་ཚོགས་ཀྱི་དགག་དབྱེ་ནི། མིག་ལམ་དུ་གང་བྱུང་བའི་དགེ་སློང་ཞིག་གི་དྲུང་དུ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ལ། བདག་མིང་འདི་ཞེས་བགྱི་བའི་དགག་དབྱེ་ལགས་ན། ཞེས་སྔ་མ་ཁོ་ན་བཞིན་དུ་སྦྱར་རོ། །དེ་ནས་གནས་ལ་ལྷག་པར་ཆགས་པ་སྤང་བའི་ཕྱིར། ཚེས་བཅུ་དྲུག་གི་ཉིན་པར་རྒྱང་གྲགས་ཅིག་གི་བར་དུ་ལྗོངས་རྒྱུ་ཞིང་འགྲོ་བར་གསུངས་སོ། །གསུམ་པ་ཉེ་བར་མཁོ་བའི་ལག་ལེན་གཞན་བསྟན་པ་ནི། གོས་དང༌། སྨན་དང༌། ལྷུང་བཟེད་དང༌། རིན་པོ་ཆེ་བྱིན་གྱིས་བརླབ་པའོ། །དང་པོ་ནི། འོས་ལ་ཕྱག་བྱས་ཏེ། གནས་བརྟན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་བགྱི་ལགས་པ། རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་བརྗོད་ལ། ཐབས་ལེགས་བྱའོ། །ཡོ་བྱད་བཅུ་གསུམ་པོ་གཞན་ལའང་དེ་བཞིན་ནོ། །ལྷག་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། སྣམ་སྦྱར་ལ་སོགས་པ་ལྷག་པོ་རྣམས་སྔ་མ་བཞིན་དུ་བཟུང་ལ། དགོངས་སུ་གསོལ། ཞེས་བགྱི་བའི་གོས་ལྷག་པོ་རུང་བ་མ་བགྱིས་པ་རུང་བ་བགྱི་བར་འོས་པ་འདི་མཁན་པོའི་ལེགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་ཇི་བཞིན་དུ་བགྱིའོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ནི། གོས་ཀྱི་ཁྱད་པར་ཁྲུ་གང་ཡན་ཆད་བཟུང་སྟེ། དགོངས་སུ་གསོལ། གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །ཡུལ་མེད་པའི་ཚེ་རང་གཅིག་པུས་དངོས་པོ་དེ་བཟུང་ནས་བྱིན་གྱིས་བརླབ་པ་ཆགས་སོ། །དབྱུང་བ་ལ་ནི་དངོས་པོ་མེད་པ་དང་རང་ཅིག་པུས་ཀྱང་རུང་ལ། ཡུལ་ཡོད་པའི་ཚེ་བཙུན་པ་ནས་ཞེས་བགྱི་བའི་གོས་བགྱིས་པ་སོགས་འདི། ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་པ་ལས། དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ་ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །གཞན་ལའང་དེ་བཞིན་དུ་སྦྱར་ཞིང༌། ལྷག་པའི་ཡོ་བྱད་སོགས་གཉིས་ལ། བྱིན་བརླབས་དབྱུང་མི་དགོས་སོ། །ལྷུང་བཟེད་བྱིན་གྱིས་བརླབ་པ་ནི། ཡུལ་རྟེན་གཉིས་ཀ་འགྲེང༌། ལག་པ་གཡོན་པའི་མཐིལ་དུ་གཞག གཡས་པས་ཁ་བཀབ་ལ། བཙུན་པ་སོགས་ནས། ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ། དྲང་སྲོང་གི་སྣོད་འདི་བླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །དབྱུང་བ་ལ་ནི་ལག་པ་ཡ་རེས་བཟུང་བས་ཆོག་གོ །སྨན་བྱིན་གྱིས་བརློབ་པ་ནི། སྨན་ཡོངས་སུ་རྫོགས་པ་བྱིན་ལེན་ཅན་གཉིས་ཀའི་མདུན་དུ་བཞག་ལ། བཙུན་པ་སོགས་ནས་ཞེས་བགྱི་བའི་བཏུང་བ་འདི་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་པའོ། །ཞེས་དང༌། ཞུན་མར་འདི་ཞག་བདུན་པར་བྱིན་གྱིས་བརླབ་བོ་ཞེས་དང༌། འབྲས་བུ་གསུམ་སྦྱར་བའི་སྨན་འདི་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་དང༌། ཐབས་ལེགས་སོ། །རིན་པོ་ཆེ་བྱིན་གྱིས་བརླབ་པ་ནི་གསུམ་སྟེ། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང༌། ཞལ་ལྟ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པ་དང༌། བྱིན་གྱིས་བརླབ་པའོ། །དེའི་སྔགས་ནི། བཙུན་པ་ནས་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་སྙེད་དེ། བདག་མིང་འདི་ཞེས་བགྱི་བས། དངོས་པོ་རུང་བ་མ་ལགས་པ་དེ་རུང་བ་སྒྲུབ་པར་བགྱིའོ་ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །འདི་དག་གི་མཐའ་གཅོད་རྒྱས་པ་ནི། ལས་ཆོག་གི་དཀའ་འགྲེལ་ལེགས་པར་བཤད་པའི་བ་དན་དཀར་པོའི་རྔ་དབྱངས་ཀྱི་ཕྲེང་བ་ཞེས་བྱ་བ་དེར་བཤད་ཟིན་ཏོ།།  །།དཔལ་ལྡན་ཞི་བའི་ནགས་ཚལ་སྟུག་པོའི་དབུས། །ཆོས་འདུལ་སེང་གེའི་ཁྲི་ལ་གནས་བཅས་ནས། །བློ་བཟང་རི་དྭགས་མང་པོ་སྐྱོང་མཁས་པའི། །འཇིགས་མེད་སྟོན་པ་དེ་ལ་ཕྱག་འཚལ་ལོ། །ཡོན་པོའི་ལམ་དུ་ནམ་ཡང་མི་འཇུག་ཅིང༌། །བསླབ་གསུམ་ནན་ཏན་གོམ་སྟབས་དྲང་པོ་ཡིས། །འོད་བྱེད་ས་ལ་བཞུགས་པའི་འཕགས་པ་དེ། །བསྟན་པའི་ལམ་ཆེན་གསལ་བའི་ཉི་མ་ཡིན། །གནང་བཀག་མ་ལུས་གསལ་བ་སྡེ་བཞིའི་ལུང༌། །ལུང་དོན་མཐའ་དག་བསྡུས་པ་འདུལ་བའི་མདོ། །མདོ་རྒྱས་གཉིས་ཀྱིས་འཆད་པ་རྒྱ་ཆེར་འགྲེལ། །འགྲེལ་བྱེད་གཞན་ལས་ལྷག་པ་གང་འདིར་ཤེས། །ཐུན་མཚམས་ལི་ཁྲིའི་བླ་གོས་བགོས་བཞིན་དུ། །ཡུལ་འཁོར་བསོད་སྙོམས་ལེན་པའི་གཞོན་ནུ་དག །ཡིད་འོངས་ལེགས་གསུངས་སིལ་སིལ་སྒྲ་སྒྲོགས་པའི། །ལག་ལེན་བསིལ་བྱེད་བཟང་པོ་འདི་ལོངས་ཤིག །ཆོས་འདུལ་ནོར་བུའི་བསིལ་ཡབ་འཛིན་བཞིན་དུ། །ལག་ལེན་ཤེལ་གྱི་ཁྲི་ལ་བསྟི་བྱས་ནས། །ལེགས་བཤད་འཛུམ་གྱི་ཕྲེང་བ་སྤྲོ་མཁས་དེ། །མཐའ་དག་བསྟན་པའི་རྒྱན་ཅིག་མ་ལགས་སམ། །མཁས་འདོད་ཁུར་གྱིས་ངལ་བ་མང་མོད་ཀྱང༌། །ཆོས་འདུལ་ཇི་བཞིན་ཤེས་པའི་མཁས་པ་སུ། །སྔོན་བྱུང་ཚིག་གི་རི་མོ་བྲིས་ཙམ་གྱིས། །ཆོས་འདུལ་ཤེས་པའི་གྲངས་སུ་ག་ལ་འགྲོ། །གཞི་གསུམ་མ་ཆོག་བདུད་རྩི་ཡི། །རོལ་མཚོ་མཁས་པའི་འཇུག་ངོགས་འདི། །བསྟན་ལ་མི་ཕྱེད་དད་པ་ཅན། །ས་སྐྱོང་བཀྲ་ཤིས་ཉིན་མོའི་མགོན། །མཆེད་ཡུམ་བཅས་པའི་འབྱོར་པ་ཡི། །རྒྱ་མཚོ་དོན་ཡོད་བྱ་བའི་ཕྱིར། །ལྷག་བསམ་དཀར་བས་བསྐྲུན་པ་ཡིན། །དགེ་དེའི་བསིལ་ཟེར་མདངས་ཀྱིས་ནི། བསྟན་པའི་རྒྱ་མཚོ་བསྟན་འཛིན་གྱི། །དེད་དཔོན་མང་པོས་རབ་བཀང་ནས། །ཡིད་བཞིན་རོལ་མཚོའི་དཔལ་གྱུར་ཅིག །ཅེས་གཞི་གསུམ་གྱི་ཚིག་གསལ་བར་བྱེད་པའི་བསྟན་འཆོས་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་འདི་ནི། ཡུལ་དབུས་ཀྱི་འདུལ་བ་འཛིན་པའི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ཁྲུམས་ཀྱིས་ཉ་བའི་ཡར་ངོའི་འགྲུབ་སྦྱོར་བཟང་པོ་ལ། མངའ་རིས་སྨད་ཀྱི་སའི་ཐིག་ལེ་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་སྦྱར་བའོ།།  །།འདི་ཡང༌། བྱ་ཡུལ་གྱི་སའི་ཐིག་ལེ་བཀྲ་ཤིས་ཆོས་འཁོར་ལྷུན་པོར། ཆོས་ཀྱི་རྒྱལ་པོ་ཆེན་པོའི་དགོངས་པ་རྫོགས་པའི་ཆེད་དུ། གཏིང་ཁེབས་པ་སྡེ་བདུན་དབང་ཕྱུག་རྒྱལ་མཚན་གྱིས། པར་དུ་བསྒྲུབས་ཏེ། ཐུབ་བསྟན་གསེར་མདོག་ཅན་ཕུལ་བའི་དགེ་བས། ཕན་བདེའི་འབྱུང་གནས། ཐུབ་བསྟན་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག བཀྲ་ཤིས་སོ།།  །། ༄། །ན་མོ་རཏྣ་ཏྲ་ཡཱ་ཡ། ཁྲུས་དང་གཙང་སྦྲ་སྔོན་དུ་བཏང་ནས། རྟེན་གསུམ་གྱི་དྲུང་དུ། བསྙེན་གནས་ལེན་པར་འདོད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་ཇི་སྲིད་འཚོའི་བར། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་སང་ཉི་མ་མ་ཤར་གྱི་བར་དུ། བསྙེན་གནས་པར་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད། ཡང་སངས་རྒྱས་དང་སོགས། དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། སང་ཉི་མ་མ་ཤར་གྱི་བར་དུ། སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས། འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་གླུ་གར་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་མྱུག་པ་དང༌། རྒྱན་དང་ཁ་དོག་འཆང་བ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་ཀྱི་སྤངས་ཏེ། དེ་དག་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། སང་ཉི་མ་མ་ཤར་གྱི་བར་དུ། མ་བྱིན་པར་ལེན་པ་ནས། དུས་མ་ཡིན་པའི་ཁ་ཟས་ཀྱི་བར་སྤངས་ཏེ། དེ་ལས་སླར་ལོག་པར་བགྱིའོ། །ཡན་ལག་བརྒྱད་པོ་འདིས། འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ལེགས་སོ། །འདི་དགེ་སློང་གི་དྲུང་ངམ། རྟེན་གསུམ་གྱི་དྲུང་གང་དུ་ལེན་ཀྱང༌། ཉི་མ་མ་ཤར་བའི་གོང་ཁོ་ནར་ལེན་དགོས་ལ། ཕན་ཡོན་ནི། མཐར་ཐུག་སངས་རྒྱས་ཐོབ་པ་དང༌། གནས་སྐབས་སུ་ལྷའི་དབང་པོའི་གོ་འཕང་ཐོབ་པ་དང༌། སྔར་བྱས་ཀྱི་སྡིག་པ་འབྱང་བར་འགྱུར་རོ། །བསྙེན་གནས་རང་གི་ལེན་པའི་ཆོ་གའོ།།  །།སྭསྟི་ཛཱ་ཡ། གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་པའི་སྡོམ་ནི། ངོ་བོ་ཉིད་དང་ཐམས་ཅད་དང༌། །དཀའ་བ་དང་ནི་སྒོ་ཀུན་དང༌། །སྐྱེས་བུ་དམ་པ་ལྡན་པ་དང༌། །དེ་བཞིན་རྣམ་པ་ཐམས་ཅད་དང༌། །འཕོངས་ཤིང་འདོད་དང་ལྡན་པ་དང༌། །འདི་དང་གཞན་དུ་བདེ་འགྱུར་དང༌། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་ཚུལ་ཁྲིམས་དེ་ཡིན་ནོ། །ཕ་རོལ་ལས་བླངས་བསམ་པ་དག །མི་ཉམས་བྱ་ཕྱིར་གུས་བསྐྱེད་ཅིང༌། །དགེ་དང་དཔག་མེད་ཕན་འདོགས་དང༌། །འབྲས་ཆེ་ཡོན་ཏན་བཞི་ལྡན་ནོ། །ཐམས་ཅད་པ་ཡང་དངོས་དང་པོ། །ལེན་དང་ཕྱིར་གསོ་མི་མཐུན་ཕྱོགས། །དང་པོ་ངོས་བཟུང་ཕུན་ཚོགས་རྒྱུ། །ངོས་བཟུང་བ་ནི་རྟེན་གཉིས་ཀྱིས། །སྡོམ་དང་དགེ་བ་ཆོས་བསྡུད་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཀྱིས། །ལེགས་བསྡུས་དང་པོ་རིགས་བདུན་ནོ། །གཉིས་པ་ཐོས་བསམ་སྒོམ་པ་དང༌། །བླ་མ་དང་ནི་ནད་པ་ལ། །རིམ་གྲོ་བྱེད་ཅིང་ལེགས་སྨྲ་དང༌། །ཡོན་ཏན་ཡོན་ཏན་ཅན་ལ་དགའ། །བཟོད་དང་བསྔོ་དང་སྨོན་ལམ་འདེབས། །དཀོན་མཆོག་མཆོད་དང་དེ་བརྒྱད་ཀྱིས། །དགེ་བའི་ཆོས་རྣམས་བསྒྲུབ་དང་བསྲུང༌། །རྣམ་པར་འཕེལ་བར་བྱེད་པའོ། །གསུམ་པ་གྲོགས་བྱེད་རིགས་ཐབས་སྟོན། །བྱས་པ་གཟོ་དང་འཇིགས་ལས་བསྲུང༌། །མྱ་ངན་སེལ་དང་ཡོ་བྱད་སྒྲུབ། །བསྡུ་དངོས་བཞི་དང་བཅུ་གཅིག་ཡིན། །ཕུན་སུམ་ཚོགས་པའི་རྒྱུ་བཤད་བྱ། །མི་ལྟ་མི་དགའ་ཞེན་པ་མེད། །ལུས་སེམས་དབེན་དང་ངག་ཡིད་དག །ཁྱད་དུ་མི་གསོད་དཔེ་དང་བཟོད། །བག་ཡོད་ལེགས་པར་བསྡམས་པ་སྟེ། །སྡོམ་ཚུལ་ཕུན་སུམ་ཚོགས་རྒྱུ་བཅུ། །འཁོར་ལོ་བསྒྱུར་བའི་ལོངས་སྤྱོད་ལ། །མི་དགའ་འདོད་ལྷའི་དགེ་བ་ལ། །མི་བལྟ་ད་ལྟའི་རྙེད་བཀུར་ལ། །ལྷག་པར་ཞེན་པ་མེད་པའོ། །ལུས་སེམས་དབེན་གནས་ཏིང་ངེ་འཛིན། །མངོན་པར་སྒྲུབ་དང་དབང་ཐོབ་བྱེད། །དབེན་དང་འདུ་འཛིའི་ནང་དག་ཏུའང༌། །ངན་པའི་གཏམ་དང་རྟོག་པ་ངན། །དང་དུ་མི་ལེན་བྱུང་མ་ཐག །དྲན་པས་འདོར་བར་བྱེད་པའོ། །རླབས་ཆེན་སྤྱོད་ལ་མི་ཞུམ་པས། །བདག་ཉིད་ཁྱད་དུ་མི་གསོད་ཅིང༌། །མ་རུངས་པ་དང་ཁྲིམས་འཆལ་ལ། །སྙིང་བརྩེ་བ་ཡིས་ངེས་པར་བྱེད། །ཕ་རོལ་མཚོན་དང་གཞུག་སོགས་ཀྱི། །གནོད་ལ་ཇི་མི་སྙམ་པས་བཟོད། །དུས་གསུམ་སྔ་དང་ལྷན་ཅིག་སྤྱོད། །བག་ཡོད་ཡན་ལག་ལྔ་ལྡན་ནོ། །ཆོ་ག་འཚོ་བ་རྣམ་དག་པས། །ལེགས་པར་བསྡམས་པ་ཡིན་ཞེས་བྱ། །ཕྱིན་དྲུག་མི་མཐུན་ཕྱོགས་གྱུར་པ། །རྣམ་པ་ལྔ་པོ་ཡོངས་སྤངས་ནས། །ཕ་རོལ་ཕྱིན་དྲུག་བསྡུད་པ་ནི། །ཆོས་བསྡུད་ཕུན་སུམ་ཚོགས་པའི་རྒྱུ། །སེར་སྣ་འཆལ་ཚུལ་ཁྲོ་སོགས་དང༌། །ལེ་ལོ་སྙོམས་ལས་རོ་མྱང་དང༌། །དགེ་བའི་འབྲས་དང་ཕན་ཡོན་དུ། །མཐོང་དང་དགེ་བའི་རྒྱུ་ཚོལ་དང༌། །དགེ་བ་བསྡུད་དང་དགེ་འབྲས་ལ། །ཕྱིན་ཅི་ལོག་དང་མ་ལོག་དང༌། །དགེ་ལ་བར་དུ་གཅོད་པ་སྟེ། །ཤེས་རབ་འཆལ་བ་ལྔ་ཡིན་ནོ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །ཕུན་སུམ་ཚོགས་རྒྱུ་གཞན་མ་བཤད། །སྔར་གྱི་བཅུ་གཅིག་དེ་ཉིད་ནི། །རྒྱས་པ་བཤད་པ་དེ་འཆད་དོ། །ལེན་སོགས་གསུམ་ནི་ཉི་ཤུ་པའི། །གཞུང་བཞིན་འདིར་ཡང་དྲན་པར་བྱ། །དེ་ལྟར་བྱང་ཆུབ་སེམས་དཔའ་ནི། །རང་གི་འདུལ་ལ་བསླབ་བརྩོན་པ། །སྦྱོར་དང་བསམ་པ་སྔོན་གྱི་རྒྱུ། །ཕུན་སུམ་ཚོགས་པ་གསུམ་ལྡན་ནོ། །བཟློག་ལ་འཕངས་པ་གསུམ་ཞེས་བྱ། །རིམ་བཞིན་སྡེ་དང་སྡུག་བསྔལ་གནས། །གསུམ་པ་དཀའ་བའི་ཚུལ་ཁྲིམས་ནི། །སྤང་དཀའ་སྤང་དང་བསྲུང་དཀའ་བསྲུང༌། །བརྟེན་དཀའ་བག་ཡོད་བརྟེན་པའོ། །ཡང་དག་སྦྱངས་དང་རང་བཞིན་དང༌། །གསོ་དང་ཐབས་ལྡན་ཚུལ་ཁྲིམས་ནི། །ཚུལ་ཁྲིམས་ཐམས་ཅད་པ་ཡི་སྒོ། །རང་ཉིད་གནས་ཤིང་གཞན་ལའང་འགོད། །བསྔགས་པ་བརྗོད་ཅིང་མཐུན་ལ་དགའ། །ཉེས་པ་བྱུང་ན་ཕྱིར་འཆོས་པ། །སྐྱེས་བུ་དམ་པའི་ཚུལ་ཁྲིམས་སོ། །རྒྱ་ཆེ་ཁ་ན་མ་ཐོ་མེད། །རབ་ཏུ་དགའ་བའི་གནས་དང་མཐུན། །རྒྱུན་དང་བརྟན་དང་རྒྱན་དང་ལྡན། །འཇུག་དང་ལྡོག་པའི་ཚུལ་ཁྲིམས་དང༌། །སྐྱེས་ཆེན་མཚན་དང་ལྡན་པའི་སེམས། །སྡུག་པའི་འགྲོ་དང་སེམས་ཅན་དོན། །སྨིན་བྱེད་ཚུལ་ཁྲིམས་བཅུ་གསུམ་ནི། །ཚུལ་ཁྲིམས་རྣམ་པ་ཐམས་ཅད་པ། །བདག་ལ་གནོད་པའི་མི་དགེ་བ། །བརྒྱད་པོ་བྱེད་པ་གང་ཡིན་པ། །དེ་ནི་བདག་ཡིད་མ་འོང་ཞིང༌། །བདག་དང་གཞན་ལ་དེ་བྱེད་ན། །བདག་གིས་ཀྱང་དེ་འཕོངས་བྱས་ཞེས། །བརྣབ་སེམས་ལོག་ལྟ་ལས་གཞན་བརྒྱད། །བསྲུང་བྱེད་འཕོངས་པའི་ཚུལ་ཁྲིམས་སོ། །གནང་བཀག་ཇི་བཞིན་བྱེད་པ་དང༌། །བསྡུད་དང་ཚར་གཅོད་ལུས་ངག་དག །གཞན་ཡང་ཕྱིན་དྲུག་ལྡན་པ་སྟེ། །དགུ་པ་བདེ་བའི་ཚུལ་ཁྲིམས་སོ། །ཧ་ཅང་ཞུམ་དང་ཐལ་མ་ཡིན། །ལེ་ལོ་མེད་དང་བག་ཡོད་དང༌། །མི་ལྟ་སྨོན་ལམ་ལེགས་བཏབ་དང༌། །ཆོ་ག་འཚོ་བ་ཕུན་ཚོགས་དང༌། །ངེས་པར་འབྱིན་དང་མ་ཉམས་པ། །བཅུ་པོ་རྣམ་དག་ཚུལ་ཁྲིམས་བསྡུས། །དེ་ལྟར་ཚུལ་ཁྲིམས་བསྲུང་བྱས་ན། །གནས་སྐབས་ཕན་ཡོན་ལྔ་ཐོབ་ཅིང༌། །མཐར་ཐུག་རྫོགས་པར་འཚང་རྒྱའོ། །དེ་ལྟར་སྡེ་ཚན་དགུ་པོ་ཡང༌། །ཚུལ་ཁྲིམས་གསུམ་གྱིས་བསྡུས་པ་སྟེ། །རྟེན་དང་བརྟེན་པ་ཉིད་དང་ནི། །འགྲོ་ལ་ཕན་འདོགས་བྱེད་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི། །མ་མོ་ཚུལ་ཁྲིམས་ལེའུ་ཡི། །འཆད་ཐབས་ཚིག་ལེར་བྱས་འདི་ཡང༌། །རྒྱལ་སྲས་ཀུན་གྱིས་ཡིད་འོང་ཤོག །དེ་སྐད་འདི་ཡང་ཤཱཀྱ་ཡིས། །དགེ་སློང་མཆོག་ལྡན་ལེགས་པའི་བློས། །སྡོམ་པ་ཉི་ཤུའི་ཁ་སྐོང་དུ། །བཀོད་པས་ཚུལ་ཁྲིམས་ལེའུའི་དོན། །མ་ལུས་རྟོགས་ཤིང་བདེ་བླག་དུ། །རྟོགས་པར་འགྱུར་བ་འདི་ཡིན་ནོ།།  །། ༄། །ན་མོ་མཉྫུ་ཤྲཱི་ཡེ། ཁ་ཆེ་བྱེ་བྲག་སྨྲ་བ་ནི། །སོ་ཐར་སྡོམ་པའི་རྩ་བ་བཞི། །གལ་ཏེ་སྣ་གཅིག་འཆལ་གྱུར་ན། །བུ་ལོན་ཅན་དང་ནོར་ཅན་གྱི། །དཔེས་མཚོན་ཁྲིམས་ལྡན་ཁྲིམས་འཆལ་བ། །གཉིས་ཀ་ཡོད་དོ་རྩ་ལྟུང་དེ། །སོར་ཚུད་ཚེ་ན་ཚུལ་ཁྲིམས་དང༌། །ལྡན་པ་ཁོ་ནར་དཔེ་ཡིས་མཚོན། །རྩ་ལྟུང་འཆབ་མེད་ཆད་པའི་ལས། །མ་བླངས་བར་དུ་ཁྲིམས་འཆལ་ཡང༌། །ཆད་ལས་བསླབ་པ་སྤྱོད་བཞིན་པ། །དགེ་སློང་རྣམ་དག་ཉིད་དང་འདྲ། །འཆབ་མེད་ཆད་ལས་ཁས་མི་ལེན། །གནས་ནས་དབྱུང་བྱ་བབས་གྱུར་པ། །སླར་ཡང་བསྙེན་པར་རྫོགས་མ་ཐག །རྣམ་པར་དག་པ་ཁོ་ནར་ནི། །ངེས་སོ་ཅི་ཡི་ཕྱིར་ཞེ་ན། །ཆོ་ག་ལུང་བཞིན་བགྱིས་པ་ལས། །དགེ་སློང་སྡོམ་པ་ཁྲིམས་འཆལ་ཞིག །སྐྱེ་བའི་བཤད་པ་མེད་ཕྱིར་རོ། །ཚིགས་སྔ་མ་ལ་བྱུང་བ་ཡི། །ཕམ་པ་འཆབ་མེད་ད་དུང་ཡང༌། །རྒྱུད་ལ་ལྡན་ཕྱིར་ས་གཞན་དུ། །གནས་ནས་བསླབ་པ་སྤྱོད་དགོས་སོ། །ཕམ་པ་འཆབ་མེད་དང་ལྡན་པའི། །དགེ་སློང་བསླབ་པ་ཕུལ་གྱུར་ན། །དགེ་ཚུལ་དང་ནི་དགེ་བསྙེན་གྱི། །རྩ་བཞི་འཆལ་བར་མི་འདོད་དེ། །སྡོམ་གསུམ་སྤོང་བ་རྫས་ཐ་དད། །གཏོང་རྒྱུ་འཐོབ་རྒྱུ་འགལ་ཕྱིར་དང༌། །གོང་མ་ཕུལ་ཡང་འོག་མ་ནི། །བརྟན་པར་གནས་པའི་དཔེ་དེ་བཞིན། །དགེ་ཚུལ་བསླབ་པ་སྤྱོད་བཞིན་པ། །བསྙེན་པར་རྫོགས་ཚེ་དགེ་སློང་གི །སྤོང་བ་རྫས་གཞན་རྣམ་དག་མོད། །ཕམ་འདྲའི་ཉེས་བྱས་དག་པ་མེད། །ས་གཞན་གནས་ཀྱང་དགེ་ཚུལ་གྱིས། །ཐ་མར་འོས་མིན་བསྙེན་རྫོགས་ཕྱིར། །དགེ་སློང་རྟེན་ལ་ཉེས་མེད་ཅིང༌། །ས་གཞན་གནས་པ་ཅི་ཞེ་ན། །དགེ་འདུན་ལྷག་མ་འཆབ་བཅས་ཅན། །ཁྱིམ་པར་བབས་ནས་སླར་འོངས་བཞིན། །ཕམ་པ་ཅན་ལ་སླར་སྐྱེ་བ། །ལུང་དང་འགལ་བར་ངེས་ཞེ་ན། །ཕམ་པར་བྱུང་ཡང་བབས་པའི་ཚེ། །ལེགས་པར་ཕུལ་ན་སླར་སྐྱེ་བ། །ལས་ཀྱི་ཆོ་གའི་དགོངས་པ་དང༌། །དགེ་ཚུལ་ཕམ་འདྲའི་ཉེས་བྱས་ཅན། །ཁྱིམ་པར་བབས་ནས་སླར་རྫོགས་པ། །དེ་དེ་ས་གཞན་དུ་གནས་སམ། །གནས་མི་དགོས་ཞེས་དཔྱད་པར་བྱ། །དགེ་ཚུལ་ཕམ་འདྲའི་ཉེས་བྱས་དེ། །བསྙེན་པར་རྫོགས་པ་འགལ་ཞེ་ན། །དགེ་སློང་ཕམ་པ་འཆབ་མེད་ཅན། །བབས་ནས་རྫོགས་པ་དེ་བས་འགལ། །མི་འགལ་བྱེ་སྨྲའི་ལུགས་ཤེ་ན། །བསླབ་རྒྱུན་ཕྱི་མའི་རྟེན་དེ་ལ། །བསླབ་སྤྱོད་མི་དགོས་བྱེ་སྨྲའི་ལུགས། །ཅི་ཕྱིར་ཞེ་ན་འཆབ་མེད་ཀྱི། །ཕམ་པ་ཁྱིམ་པའི་རྟེན་ལ་འཇིག །འདི་ནི་ཁ་ཆེ་བྱེ་སྨྲ་ཡི། །དཀའ་གནས་དཔྱད་ཚུལ་གཉིས་པ་ཡིན། །ཕམ་པ་འཆབ་མེད་ཅན་འགའ་ཞིག །ཆད་པའི་བསླབ་ལ་མི་སློབ་པ། །དེ་ཚེ་གནས་ནས་ཕྱུང་གྱུར་ཀྱང༌། །སྡེ་སྣོད་འཛིན་པ་ཚེ་ཡིན་ན། །སླར་ཡང་གནས་སུ་བསྡུ་བྱས་ཏེ། །ས་གཞན་གནས་དགོས་མ་ཡིན་པར། །ཤཱཀྱ་འོད་མཛད་ཀྱིས་བཤད་དོ། །དེ་ལྟར་འཕྲོས་པའི་དོན་མང་པོ། །བསམས་ནས་དཀྱུས་མ་འདིར་བཤད་བྱ། །འཆབ་བཅས་ཕམ་པ་གཅིག་གཉིས་གསུམ། །བྱུང་བའི་དགེ་སློང་ཁྲིམས་ལྡན་དེས། །འཆབ་སེམས་སྔ་མར་འགྱོད་པ་དང༌། །ཕྱི་མ་སྡོམ་པའི་མཐོལ་བཤགས་ནི། །ཚད་དུ་ལོང་ཚེ་འཆབ་སེམས་ཀྱིས། །དག་པར་གྱུར་ནས་དེ་དུས་ཀྱི། །ཕམ་པ་འཆབ་མེད་དུ་ལྡན་པ། །དེ་འདྲ་བུ་ལོན་ཀུན་གཞལ་ནས། །ནོར་ཅན་ཁོ་ནར་གྱུར་དེ་བཞིན། །ཅི་ཕྱིར་ཞེ་ན་འཆབ་མེད་དེ། །ཁྲིམས་འཆལ་འཆབ་བཅས་ལ་ལྟོས་ནས། །དགོས་པ་རྣམ་དྲུག་སྒྲུབ་ནུས་པས། །རྩ་བའི་འཆབ་མེད་དེ་དང་མཉམ། །འཆབ་སེམས་ཕམ་པ་ལས་གཞན་དུ། །བཤགས་པར་ནུས་པ་མིན་ཞེ་ན། །འཆབ་སེམས་ཕམ་པ་དངོས་གཞི་ཡི། །སྦྱོར་དང་རྗེས་སུ་འཇུག་ཕྱིར་དང༌། །སེམས་ཀྱི་ཉེས་པ་ཁོ་ནའི་ཕྱིར། །ལོགས་སུ་བཤད་པ་ནུས་ཉིད་དོ། །འོ་ན་འཆབ་ཉེས་དང་བྲལ་བའི། །འཆབ་མེད་འདི་དང་དང་པོ་ནས། །འཆབ་མེད་གྱུར་པའི་ཁྱད་པར་ཅི། །ཞེ་ན་རང་གི་ངོ་བོ་ནི། །རིག་བྱེད་མིན་པའི་གཟུགས་ཉིད་དུ། །གནས་ལ་ཁྱད་པར་ཡོད་མིན་ཡང༌། །དགོས་པ་རྣམ་དྲུག་མི་འགྲུབ་པར། །སྦྱོར་དང་རྗེས་འཇུག་འཆབ་སེམས་ཀྱིས། །རང་ལུས་ཉིད་དུ་བྱས་ཟིན་ཕྱིར། །རྒྱུ་རྐྱེན་གྲོགས་ཀྱི་ཁྱད་པར་ཅན། །དངོས་གཞིའི་དུས་སུ་འཆབ་པའི་སེམས། །དགོས་པ་བྱེ་མདོ་རྩོད་པའི་གཞི། །རྩ་བའི་སྡོམ་པ་གཅིག་གཏོང་བས། །ངོས་སྐལ་སྡོམ་པ་གཅིག་གཏོང་ཞིང༌། །གཞན་ཀུན་དགོས་པ་སྒྲུབ་ནུས་པར། །ཡོད་ཅེས་ཟེར་དང་གཅིག་བཏང་བས། །ཐམས་ཅད་འཁྲུགས་པར་གྱུར་ཅེས་པའི། །ལུགས་གཉིས་ཡོད་ཅེས་བོད་ཡུལ་གྱི། །ཊཱི་ཀ་བྱེད་འགའ་ཟེར་མོད་ཀྱི། །མདོ་སྡེ་པ་དང་སྔ་རབས་པའི། །ལུགས་ཡིན་ཟེར་ན་ལུགས་དེར་ལྟོས། །བྱེ་བྲག་སྨྲ་བའི་གཞུང་མིན་པར། །མཛོད་ཀྱི་རྩ་འགྲེལ་དག་ཏུ་གསལ། །བྱེ་བྲག་སྨྲ་བ་འདུལ་ལུང་གི །གྲུབ་མཐའ་མངོན་པའི་གཞུང་དང་སྦྱོར། །མདོ་སྡེ་པ་རྣམས་མངོན་པ་ཡི། །སྡེ་སྣོད་ལོགས་སུ་མི་གནས་ཟེར། །སློབ་དཔོན་ཡོན་ཏན་འོད་མཛད་ཀྱི། །གཞུང་འདི་མདོ་སྡེ་པ་ཡིན་ཞེས། །མང་པོ་གསུང་ཞིང་འོད་ལྡན་གཞུང༌། །བྱེ་བྲག་སྨྲ་ཞེས་འཆད་མཛད་དོ། །ཞེས་པ་འདི་ནི་དབྱིག་གཉེན་ཞབས། །ཁ་ཆེ་བྱེ་སྨྲའི་གཞུང་འཆད་པར། །ཤིན་ཏུ་དགེ་མཛད་འདུལ་བ་ཡིས། །མདོ་ལུང་རྣམས་དང་ཅི་འབྱོར་འབྱོར། །བྱེད་པར་འདོད་ནས་བསམས་བསམས་པ། །ཡི་གེ་མཁན་པོས་བྲིས་བྲིས་པ། །གཞུང་མང་པོ་ལ་བལྟས་བལྟས་པ། །མང་པོས་བལྟས་ན་ཤེས་ཤེས་འདྲ། །འདྲ་མིན་བྱུང་ན་དཔྱོད་པ་དང༌། །དང་པོར་འདི་ཙམ་མ་བརྟགས་ན། །ན་ཚོད་རྒན་ཡང་ཡང་ཡང་དུ། །མགོ་འཁོར་བས་ནི་ངལ་ངལ་བའི། །བརྩོམ་པ་པོས་ནི་འདི་བརྩམས་སོ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*