དུས་ཀྱི་འཁོར་ལོ་ལས། དཔྱིད་འབྲིང་ནག་པས་ཉ་བའི་ཕྱི་ཉིན་ནས་ལོ་འགོ་འཛིན་པར་གསུངས་པས་འདུལ་བའི་ལུགས་ཀྱི་དེ་ལྟར་ཡིན་ཞེས་བརྗོད་ནའང་འབྲེལ་པར་མཚུངས་པའི་ཕྱིར་དང༌། འདུལ་བ་ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་པས་དེ་ལྟར་ཐོན་པར་འདོན་པའང་མི་རིགས་ཏེ། དེ་སྒྲ་ཇི་བཞིན་པར་ཁས་བླངས་པ་ལ་ལུང་རིགས་ཀྱི་གནོད་པ་མཐའ་ཡས་པ་དག་གཟིགས་ཏེ་མཁས་པ་དག་གིས་དགོངས་པ་གཞན་དུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ནི་འདུལ་བ་འཛིན་པར་གྲགས་པ་འབྲི་ཁུང་པ་ན་རེ། ཧོར་ཟླ་བཅུ་པ་གཉིས་བྱུང་བ་ལྟ་བུ་ཐུབ་པའི་རྗེས་སུ་ཤོལ་བྱུང་བའི་ཚེ། རང་གི་སྔ་རོལ་གྱི་བཅུ་བཞི་པ་བྱས་པའི་ཕྱི་ཉིན་ནས་བགྲངས་པའི་ཉིན་ཞག་བརྒྱད་ཅུ་རྩ་དགུ་པའི་དུས་སུ་བཅུ་བཞི་པ་བྱེད་ལ། ཧོར་ཟླ་དང་པོ་གཉིས་བྱུང་བ་ལྟ་བུ་མི་ཐུབ་པའི་རྗེས་སུ་ཤོལ་ཟླ་བྱུང་བའི་ཚེ། རང་གི་སྔ་རོལ་གྱི་བཅུ་བཞི་པ་བྱུང་བའི་ཕྱི་ཉིན་ནས་བགྲངས་པའི་ཉིན་ཞག་ཉེར་དགུ་པའི་དུས་སུ་བཅུ་བཞི་པ་བྱེད་དགོས་སོ་ཞེས་དང༌། ཡང་ཚེས་ཞག་དང་ཉིན་ཞག་གི་མགོ་མཉམ་དུ་ཚུགས་པའི་དབང་དུ་བྱས་ན། ཉིན་ཞག་འདས་པའི་ཚེ་ཚེས་ཞག་གཅིག་དང་ཚེས་ཞག་གཉིས་པའི་སྟེང་ནས་ཆུ་ཚོད་གཅིག་སོང་ནས་ཆུ་ཚོད་ང་བརྒྱད་ལས་མ་ལུས་ལ། དེ་བཞིན་དུ་ཉིན་ཞག་ང་དགུ་འདས་པའི་ཚེ་ཚེས་ཞག་དྲུག་ཅུ་འདས་ནས་ཚེས་འདས་རིལ་པོ་གཉིས་འགྲོ་བ་ཡིན་ཞེས་དང༌། ཚེས་ཞག་གཅིག་ལ་ཆུ་ཚོད་ང་དགུ་ལས་མི་འབྱུང་ཞེས་སོགས་དང་ཡང་ཟླ་བ་དང་པོ་ལ་སོགས་པ་ཟླ་བ་དྲུག་པོ་རྣམས་ཀྱི་གནམ་སྟོང་ལ་གསོ་སྦྱོང་མི་འཆགས་པས་ཉེར་དགུ་ལ་བཅུ་བཞི་པ་བྱེད་དགོས་ཞེས་པའི་དོན་ནོ། །ཞེས་སོགས་རང་གི་གྲུབ་པའི་མཐའ་གཏིང་མ་ཚུགས་པར་གཞན་གྱི་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་པའི་རྣམ་གཞག་རི་མོར་བྲིས་པས་རྗེས་འཇུག་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཟད་མི་ཤེས་པའི་འཆལ་གཏམ་གྱི་རྔ་སྒྲ་རྒྱུན་མི་ཆད་པར་བསྒྲགས་པ་ནི་འདི་ཡིན་ནོ། །འདི་ནི་རིགས་པ་མ་ཡིན་ཏེ། ལུང་དང་རིགས་པ་དང༌། ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཤོལ་གྱི་ཟླ་བ་ལ་གསོ་སྦྱོང་ཐུབ་པ་ཁོ་ན་བྱེད་པར་ངེས་པའི་ཕྱིར་ཏེ། ཤོལ་ཟླ་ཡིན་ན་ཉིན་ཞག་སུམ་ཅུ་ཚང་བའི་ཟླ་བ་ཡིན་དགོས་པའི་ཕྱིར་ཏེ། ཟླ་ཤོལ་འདོན་པའི་དགོས་པ་ནི་དབྱར་དགུན་ལ་སོགས་པའི་དུས་བཞི་ཚང་བར་རྫོགས་པའི་ལོ་རེ་ལ་ཉིན་ཞག་སུམ་བརྒྱ་དྲུག་བཅུ་རེ་ཚང་དགོས་པ་དེ་ཚང་བར་བྱ་བའི་ཆེད་ཡིན་པའི་ཕྱིར་དང༌། འདོན་པའི་རྒྱུ་མཚན་ནི་ཉིན་ཞག་གསུམ་བརྒྱ་དང་ལྔ་བཅུ་ང་བཞི་ན་གསོ་སྦྱོང་ཉི་ཤུ་རྩ་བཞི་རྫོགས་ལ་དེ་ལ་ལོ་གཅིག་གི་ཐ་སྙད་གཞུང་ལས་བྱས་པ་ཡིན་ནོ། །ཞག་མི་ཐུབ་སྔ་མ་དོར་ནས་ཞག་ཉེར་དགུ་ན་ཞག་མི་ཐུབ་ཅིག་འབྱུང་ན། ཉིན་ཞག་དང་ཚེས་ཞག་གི་བར་དུ་ཆུ་ཚོད་གཉིས་རེའི་ཁྱད་ཞུགས་པར་ཧ་ཅང་ཐལ་བ་དང༌། ཤོལ་ཟླ་བྱུང་བའི་ལོ་དེ་ལ་ཞག་མི་ཐུབ་བདུན་འབྱུང་སྲིད་པར་ཁྱེད་ཀྱིས་ཁས་བླངས་ལ་དེ་ལྟར་ན་ཤོལ་འདོན་པའི་དོན་སྤྱི་མ་ཤར་བར་ཧ་ཅང་ཐལ་ཏེ། འདུལ་བའི་ལུགས་ཀྱིས་ལོ་ལྔའི་དུས་བཞིའི་ལོངས་སྤྱོད་རྣམས་ཤོལ། ཟླ་བ་གཅིག་པོ་དེས་རྫོགས་དགོས་པ་ཡིན་པ་ལས། ཁྱེད་ལྟར་ན་ཤོལ་ཟླ་དེ་ལ་ཉིན་ཞག་ཉེར་དགུ་ལས་མེད་པས། ལོ་ལྔའི་ཞག་མི་ཐུབ་དྲུག་ལྔ་སུམ་ཅུ་ཐམ་པ་ཚང་དགོས་རྒྱུ་ལ་གཅིག་ཁ་མ་ཁེངས་ཟླ་བ་དེ་ཁོ་རང་གི་སྟེང་ནས་ཟླ་བ་གཅིག་དང་ཡང་ཕྱེད་ཐུབ་པའི་རྗེས་ཀྱི་ཤོལ་ཟླ་ལ་ཐུབ་པ་དང༌། མི་ཐུབ་པའི་རྗེས་ཀྱི་ཤོལ་ཟླ་ལ་མི་ཐུབ་པ་བྱེད་པ་ནི། ཧོར་ཟླ་བཅུ་གཉིས་པ་གཉིས་བྱུང་བའི་ཚེ་སྨིན་དྲུག་གི་ཟླ་བ་ཡང་གཉིས་བྱུང་ངོ་སྙམ་པ་དང༌། ཧོར་ཟླ་དང་པོ་གཉིས་བྱུང་བའི་ཚེ་རྒྱལ་གྱི་ཟླ་བ་ཡང་གཉིས་བྱུང་དགོས་སྙམ་པ་དང༌། ཟླ་བ་གཉིས་པོའི་རྟིང་མ་དེ་ཤོལ་ཡིན་དགོས་པ་ལ་བསམ་པ་ཡིན་མོད་ཀྱི་དེ་ལྟ་བུ་ནི་ཐ་སྙད་ལ་བློ་ཁ་ཅུང་ཟད་ཕྱོགས་པ་རྣམས་ཀྱི་མདུན་དུ་ཤིབ་བུས་ཀྱང་སྨྲ་བར་མི་བྱ་སྟེ། ཧོར་ཟླ་དང་པོ་གཉིས་བྱུང་བའི་ཚེ་དང་པོ་ལ་རྒྱལ་དང་མ་འགྲིག་པས། དང་པོ་ཤོལ་དུ་བྱེད་དགོས་པ་དང༌། བཅུ་པ་གཉིས་བྱུང་བའི་ཚེ་དང་པོ་དེ་སྨིན་དྲུག་དང་མ་འགྲིག་པས། ཤོལ་གྱི་ཟླ་བར་བྱས་ནས། རྟིང་མ་དེ་སྨིན་དྲུག་གི་ཟླ་བ་དངོས་སུ་བྱེད་པ་ཡིན་གྱི། ལོ་གཅིག་གི་ནང་དུ་སྨིན་དྲུག་གིས་ཉ་གང་བའི་ཟླ་བ་གཉིས་འབྱུང་བ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། མདོར་ན་རྒྱལ་དང་སྨིན་དྲུག་ལྟ་བུ་ལ་ཤོལ་བྱུང་ན་སྔ་མ་དེ་ཤོལ་གྱི་ཟླ་བར་བྱས་ནས། གསོ་སྦྱོང་ཐུབ་པ་བྱེད་པ་ཡིན་ཏེ། དེ་ཉིད་ཞག་སུམ་ཅུ་ཚང་བའི་ཟླ་བ་ཡིན་པའི་ཕྱིར་དང༌། དེ་མ་ཚང་ན་གོང་དུ་ལོ་ལྔའི་རིང་ལ་ལོ་རེ་ལ་ཞག་མི་ཐུབ་དྲུག་དྲུག་སྟེ་དྲུག་ལྔ་སུམ་ཅུ་ཐམ་པ་མ་ཚང་བ་དེས་ཤོལ་གྱི་ཟླ་བ་དེ་ཁ་སྐོང་དགོས་པས། ཟླ་བ་རྟིང་མ་དེ་རྒྱལ་དང་སྨིན་དྲུག་ཅན་དངོས་ཡིན་པའི་ཕྱིར། དེ་ལ་མི་ཐུབ་པ་མེད་དགོས་པ་ཡིན་ཏེ། ཁྱེད་ཀྱིས་ནི། རེས་ཞག་བརྒྱད་ཅུ་རྩ་དགུའི་བར་དུ་ཞག་མི་ཐུབ་མི་འབྱུང་བར་ཁས་བླངས། རེས་འགའ་ཞག་ཉེར་དགུ་རེ་ན་ཞག་མི་ཐུབ་གཅིག་འབྱུང་བར་ཁས་བླངས། ཞག་མི་ཐུབ་འབྱུང་བའི་རྒྱུ་མཚན། ཞག་གཉིས་ཀྱི་བར་དུ་ཆུ་ཚོད་རེའི་བར་ཁྱད་ཞུགས་པས་ཞག་ང་དགུ་ན་ཞག་མི་ཐུབ་ངེས་པར་འདོར་བ་རྣམས་ཁས་བླངས་པས་ཁས་བླངས་ནང་འགལ་བ་ཡིན་ནོ། །ཡང་ཟླ་བ་དང་པོ་སོགས་དྲུག་གི་གནམ་སྟོང་ལ་གསོ་སྦྱོང་མི་འཆགས་པས་ཉེར་དགུ་ལ་བྱེད་དགོས་ཞེས་སོགས་གསུང་བ་ནི་ལུང་དང་རིགས་པ་དང་ཁས་བླངས་གསུམ་དང་འགལ་བ་ཡིན་ཏེ་འདི་ལྟར། གནམ་སྟོང་ལ་མི་འཆགས་ན། མར་ངོའི་བཅོ་ལྔ་ལ་མི་འཆགས་པ་ཡིན་པར་འགྱུར་ལ་དེ་ལྟ་ན། རྩ་བར་གསོ་སྦྱོང་བྱའོ་ཚེས་བཅོ་ལྔ་ལའོ་ཞེས་དང༌། འགྲེལ་པར་ཚེས་བཅོ་ལྔའོ་ཞེས་པ་འདིས་བཅུ་བཞི་པའི་གསོ་སྦྱོང་ཡང་བསྡུས་པར་རིག་པར་བྱ་སྟེ་ཞེས་དང༌། གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཐམས་ཅད་ཀྱང་ཚེས་གྲངས་ཀྱི་ཡང་དག་པ་ལ་ལྟོས་ནས་བཅོ་ལྔ་པ་ཁོ་ན་ཞེས་གསུངས་པ་དང་ཇི་ལྟར་མི་འགལ། རིགས་པ་དང་འགལ་བ་ནི། ཉེར་དགུ་ཞེས་པ་ནི། ཟླ་བའི་དཀར་ཆ་གཅིག་ལུས་པའི་དུས་ཀྱི་ཚེས་གྲངས་ཀྱི་མིང་ཡིན་ལ། དེ་ནི་མར་ངོའི་ཚེས་བཅུ་བཞི་ཉིད་ཡིན་པས་དེ་ལ་གསོ་སྦྱོང་བཅུ་བཞི་པ་བྱས་ན། དེའི་རྗེས་ཐོགས་དེ་མ་ཐག་པའི་གསོ་སྦྱོང་བཅོ་ལྔ་པ་དེ་ཡར་ངོའི་བཅུ་བཞི་ཉིད་ལ་བྱ་དགོས་ཏེ། གསོ་སྦྱོང་བཅོ་ལྔ་པ་ཡིན་ན་གསོ་སྦྱོང་སྔ་མ་དེ་ཟིན་པའི་ཕྱི་ཉིན་ནས་བགྲངས་པའི་ཉིན་ཞག་བཅོ་ལྔ་པའི་སྟེང་དུ་བྱ་དགོས་པས་ཁྱབ། གསོ་སྦྱོང་བཅོ་ལྔ་པ་བྱེད་པའི་དུས་ཀྱི་ཟླ་བ་དེ་ལ་ཆད་ལྷག་མི་འབྱུང་བས་ཁྱབ་པའི་ཕྱིར་དེ་ལྟར་ན་གསོ་སྦྱོང་བཅུ་བཞི་པ་དང་གསོ་སྦྱོང་བཅོ་ལྔ་པ་ཐམས་ཅད་ཚེས་བཅུ་བཞི་ཁོ་ན་ལ་བྱེད་དགོས་པས་སྔོན་མེད་པའི་སྲོལ་འབྱེད་ལས་བྱུང་བའི་འདུལ་བ་ཡིན་ནོ། །གསུམ་པ་ཁས་བླངས་པ་དང་འགལ་ཏེ། ཁྱེད་ཉིད་ཀྱི་གཞུང་ལུགས་ལས། ཧོར་ཟླ་དང་པོ་དང་བཅུ་གཅིག་པ་སོགས་དྲུག་གི མར་ངོའི་གསོ་སྦྱོང་རྣམས་རང་གི་སྔ་ལོགས་ཀྱི་གསོ་སྦྱོང་ཟིན་པའི་ཕྱི་ཉིན་ནས་བགྲངས་པའི་ཉིན་ཞག་བཅུ་བཞི་པའི་སྟེང་དུ་བྱེད་པར་ཁྱེད་ཀྱིས་ཁས་བླངས་པ་གང་ཞིག ཉིན་ཞག་ང་དགུ་ན་ཚེས་ཞག་དྲུག་ཅུ་ལོངས་པར་ཡང་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དེ་ལྟར་ཁས་བླངས་མོད་དེ་ལས་ཅིར་འགྱུར་ཞེ་ན། དེ་ལས་མར་ངོའི་ཉེར་དགུ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་བའི་དུས་མིན་པ་གྲུབ་སྟེ། གསོ་སྦྱོང་མི་ཐུབ་པ་སྔ་རྟིང་གཉིས་ཀྱི་བར་དུ་ཚེས་ཞག་དྲུག་ཅུ་འགྲོ་དགོས་པས་ཁས་བླངས་པའི་ཕྱིར་རོ། །ཡང་འདི་དཔྱད་དགོས་པར་སྣང་སྟེ། དིང་སང་གསོ་སྦྱོང་བཅུ་བཞི་དང་བཅོ་ལྔ་པ་ཐམས་ཅད་ལ་རྣམ་དབྱེ་མེད་པར་རྩིས་མཁན་མཁས་པས་དག་པར་རྩིས་པའི་ཚེས་གྲངས་ལས། ཉི་མ་རེ་རེས་སྔ་བར་རྩིས་ནས་གསོ་སྦྱོང་གི་ལག་ལེན་བྱེད་པར་སྣང་བ་འདི་ནི་ལུང་དང་རིགས་པ་དང་འགལ་བ་ཡིན་ནོ། །ཇི་ལྟར་ཞེ་ན་རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བར་བྱའོ་ཞེས་པའི་ལུང་ཁོང་དུ་མ་ཆུད་པར་ཟད་དེ་སྐར་མཁན་གྱིས་ཞག་མི་ཐུབ་དོར་ནས་རྩིས་ཟིན་པ་དེ་མི་ཤེས་པར་ཡང་ཞག་མི་ཐུབ་དེ་འདོར་བར་སྣང་བའི་ཕྱིར་དང༌། སྔ་ཚེས་ནི་ཞག་མི་ཐུབ་ཀྱི་དོན་ཡིན་ལ། སྤྱིར་གསོ་སྦྱོང་བཅོ་ལྔ་པའི་དུས་དང༌། ཁྱད་པར་ཡར་ངོས་ལ་ཞག་མི་ཐུབ་འདོར་བ་ནི། འདུལ་བ་པ་དག་གིས་ཐོས་ན་ངོ་ཚ་བའི་གནས་ཡིན་པའི་ཕྱིར་དང༌། གསོ་སྦྱོང་བཅོ་ལྔ་པ་རྣམས་ལ། ཉིན་ཞག་ཚེས་ཞག་ལྷག་ཆད་མེད་པར་སྐུད་པ་ལ་ཐུར་མ་བརྒྱུས་པ་སྤོས་པས་ཉི་མ་བགྲང༌། བཅུ་བཞི་པ་རྣམས་ལ་ཉིན་ཞག་ལས་ཚེས་ཞག་ཉི་མ་གཅིག་གིས་སྔ་བར་བགྲངས་ནས་ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་བྱེད་པའི་རྣམ་དབྱེ་ཁོང་དུ་མ་ཆུད་པར་སྣང་བའི་ཕྱིར། རིགས་པ་དང་འགལ་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་རྩིས་ཤེས་པ་རྣམས་ཀྱིས་ནི་ལོ་རེ་ལ་ཞག་མི་ཐུབ་བཅུ་གཅིག་རེ་དོར་ནས། ཟླ་བ་བཅུ་གཉིས་ཀྱི་རྣམ་གཞག་བྱས་པས་ཟླ་བ་སུམ་ཅུ་སོ་ཕྱེད་དང་གསུམ་ན་ཟླ་ཤོལ་དེ་འདོན་པ་ཡིན། འདུལ་བ་ལས་ལོ་རེ་བཞིན་ཞག་མི་ཐུབ་དྲུག་དྲུག་རེ་དོར་ནས་ཟླ་བ་བཅུ་གཉིས་ཀྱི་རྣམ་གཞག་མཛད་པས་ལོ་ལྔ་ལྔ་ན་ཟླ་ཤོལ་རེ་འདོན་པ་ཡིན་པ་ལ། ཁྱེད་ལྟར་ན་དཀར་རྩིས་པ་ལས་ཀྱང་ཞག་གཅིག་གིས་སྔ་བར་རྩིས་པས་ཁྱེད་འདུལ་བའི་ལུགས་ཁས་བླངས་ནས་ལག་ལེན་ལ་ཞག་མི་ཐུབ་བཅུ་གཉིས་ལྷག་ཙམ་དོར་བར་སོང་བའི་ཕྱིར་དང༌། འཇིག་རྟེན་པ་ལ་ལྟོས་པའི་སྔ་ཚེས་ཁས་ལེན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ་འཇིག་རྟེན་པ་ལ་ཚེས་གྲངས་ཀྱི་རྣམ་གཞག་རང་རྐང་ཚུགས་པ་སྨྲ་རྒྱུ་མེད་ཀྱི་ཟླ་བ་ཉ་གང་བ་ལ་བཅོ་ལྔ་དང༌། ཟླ་བའི་དཀར་ཆ་སྟོང་པ་ལ་གནམ་སྟོང་གི་ཐ་སྙད་བྱེད་པ་ཙམ་ཡིན་ལ། དེ་ལས་ཀྱང་སྔ་ཚེས་བྱེད་ན་ཉེས་པ་སྔ་མ་སོ་ན་འདུག་པའི་ཕྱིར། མདོར་ན་སྔ་ཚེས་ཞེས་བྱ་བའི་རྣམ་པར་བཞག་པ་ནི་ལུང་གཉིས་པོ་གང་ནས་ཀྱང་མི་འབྱུང་ཞིང་མི་འཐད་ལ། རྒྱལ་ལ་སོགས་པའི་མར་ངོ་དྲུག་པོ་ལ་ཉིན་ཞག་ལས་ཚེས་ཞག་གྲངས་གཅིག་གིས་མང་བར་བགྲང་བ་ནི་འདུལ་བའི་ལུགས་ཡིན་ལ། དེ་ལའང་སྔ་ཚེས་ཀྱི་བརྡ་ཆད་མེད་པ་ཡིན་ཏེ། ཚེས་གྲངས་ནི། འཇིག་རྟེན་པ་དང་བསྟན་བཅོས་པ་དང༌། ཐ་སྙད་ཀྱི་གཞུང་ལུགས་པ་ཐམས་ཅད་མཐུན་དགོས་པའི་ཕྱིར་ཏེ། ཟླ་བའི་དཀར་ནག་གི་ཆ་བཅོ་ལྔ་རེ་མངོན་སུམ་གྱིས་གྲུབ་པ་འདི་ལ་སུས་ཀྱང་བསྙོན་དུ་མེད་པའི་ཕྱིར། རྣམ་པར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །རྣམ་མང་ལུང་གི་ལྟག་ཆུ་མ་ཆད་ཅིང༌། །རིགས་ལམ་ངང་པའི་མགྲིན་དབྱངས་སྟོང་ཕྲག་ཅན། །ལེགས་པར་བཤད་པའི་ཡིད་བཞིན་མཚོ་ཆེན་ནས། །རྟགས་ཏུ་འབེལ་བའི་གཏམ་གྱི་དགའ་སྟོན་བྱ། །གཉིས་པ་དབྱར་གྱི་གཞིའི་ཆོ་ག་ལ། སྦྱོར་བ་དང༌། དངོས་གཞི་དང༌། དམིགས་བསལ་གྱི་ཆོ་ག་དོགས་གཅོད་དང་བཅས་པའོ། །དང་པོ་ལ་སྤྱིར་བྱ་བ་དང༌། བྱེ་བྲག་ཚེས་བཅོ་ལྔ་ལ་བྱ་བ། ཟླ་བ་ཕྱེད་ཙམ་གྱི་སྔ་རོལ་ནས། གཙུག་ལག་ཁང་བྱི་དོར་བྱ་བ་དང༌། སྦྱིན་བདག་དང༌། ཞལ་ཏ་པ་དང༌། སྤྱོད་ཡུལ་གྱི་གྲོང་དང༌། ནད་གཡོག་དང་བསོད་སྙོམས་དང༌། སྨན་སྦྱིན་པར་བྱེད་པ་དང༌། གནས་ཀྱི་བླ་མ་ཡོད་པ་དང༌། འཐབ་ཀྲོལ་ཅན་མེད་ཅིང་མི་འབྱུང་བ་དང༌། ཟླ་བ་གསུམ་དུ་གནས་པ་ལ་བར་ཆད་མི་འབྱུང་བ་སོགས་ཀྱིས་སྟ་གོན་བྱ་བའོ། །གཉིས་པ་ལ་གནས་མལ་དང་ཁྲིའུ་དང་ཆོལ་ཟངས་སོགས་ཚང་བར་སྟ་གོན་བྱ་ཞིང་དེ་སྟོབས་པའི་དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱའོ། །ཇི་ལྟར་ཞེ་ན། དགེ་འདུན་གྱིས་སམ་ལས་བྱེད་པའི། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོའམ་ཞེས་དྲི་སྤྲོའོ་ཞེས་ལན་འདེབས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོན། དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོ་སྟེ་དགེ་སློང་གནས་མལ་སྟོབས་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་སོ། །འདི་ནི་གསོལ་བའོ། །ལས་ནི་དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་ནས་སྤྲོ་སྟེ། དེའི་སླད་དུ་ནས་བསྐོ་ན། ཚེ་དང་ལྡན་པ་གང་དག་ནས་གསུངས་ཤིག མཇུག་བསྡུད་ནི་དགེ་འདུན་གྱིས་བཟོད་ཅིང་ནས། དེ་དེ་བཞིན་དུ་འཛིན་ཏོའི་བར་བརྗོད་དོ། །དེས་གནས་མལ་སྟོབས་པ་དང་ཚུལ་ཤིང་བྲིམ་པ་ཡང་བྱའོ། །གནས་མལ་སྟོབས་མི་དགོས་ན་ཚུལ་ཤིང་བྲིམ་པ་བསྐོ་བའི་ཆོ་ག་ནི། རྩོད་པ་ཞི་བྱེད་ནས་འབྱུང་བ་ལྟར། དགེ་སློབ་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་སྤྲོའམ་ཞེས་དྲི་སྤྲོ་ན། གསོལ་གཉིས་ཀྱི་ལས། འཇུག་བསྡུད་དང་བཅས་པ་བརྗོད་དོ། །དེས་ཚུལ་ཤིང་ཚད་དང་ལྡན་པ་སྟ་གོན་བགྱིས་ཏེ། ཐལ་མོ་སྦྱར་ནས་འགྲེང་སྟེ། དགེ་འདུན་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་ཆེ་གེ་མོ་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ་དབྱར་དགེ་འདུན་གྱིས་འཁྲུག་ལོང་མི་སྐྱེ་བ་འདི་དང༌། དབྱར་རལ་པ་དང་འགྲུམས་པ་བཅོས་པ་དང༌། མཚམས་ཀྱི་ཕྱི་རོལ་དུ་བྱིན་གྱིས་མ་བརླབས་པར་སྐྱ་རེངས་འཆར་བར་མི་བྱ་བ་འདི་ཡོད་དེ་ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས་གནས་འདིར་གནས་པར་སྤྲོ་བ་དེས་ཚུལ་ཤིང་ལོང་ཞིག ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་སྐྱེད་པར་མི་བྱ་བའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ཅུང་ཟད་ཤེས་པ་དེས་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ་ཞེས་དགེ་སློང་རྣམས་ལ་གོ་བར་བྱའོ། །འདི་ལས་བརྒྱར་གསུངས་ཤིང་སྔགས་ཆོག་མིན་ལ་མདོར་གསུངས་པ་དེ་ཉིད་དོ། །འདི་ལ་བོད་རྣམས་ཁྲིམས་སུ་བྱ་བ་ཆུ་འགོར་ཟག་པ་མི་འདོར་བ་འདི་དང་ཞེས་གལ་ཆུང་ཞིང་སྒྲུབ་སླ་བ་ལུང་དང་མདོ་འགྲེལ་གང་ནས་མི་འབྱུང་བ་འགའ་ཞིག་ལ་བརྟག་དཔྱད་མེད་པར་དོ་གལ་ཆེན་པོས་བརྗོད་པ་ནི་རི་བོང་གི་ཅལ་དང་མཚུངས་སོ། །དེ་ནས་ཚུལ་ཤིང་བླང་བ་དང་དབྱར་ཁས་བླངས་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་ཀྱི་དགེ་འདུན་ཐུགས་བསྟུན་པར་བྱ་སྟེ། ལས་བྱེད་པ་པོས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པར་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ་སང་ནང་པར་དབྱར་གནས་པར་ཁས་བླང་ངོ༌། །འདི་ནི་གསོལ་བའོ། །དེ་ནས་བྲིམ་པ་པོས་དང་པོར་སྟོན་པའི་ཚུལ་ཤིང་བྲིམ། དེ་རྗེས་གནས་བརྟན་ནས་རིམ་པར་བྲིམས་ཏེ། དགེ་ཚུལ་རྣམས་ཀྱི་ནི་རང་རང་གི་མཁན་པོ་དང་སློབ་དཔོན་རྣམས་ལེན་དུ་གཞུག་བྲིམས་ཟིན་པ་དང་དལ་བུས་འཇོག་ཏུ་བཅུག་སྟེ་གཉུག་མར་གནས་པའི་ཡང་ཚུལ་ཤིང་གཅིག་གནས་བརྟན་གྱི་བླང༌། རྗེས་སུ་བྲིམས་པ་པོས་སྤྱོད་ལམ་འགྲེང་ཐལ་མོ་སྦྱར་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་གནས་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ། །འབྲི་ཁུང་པའི་ལས་ཆོག་ལས། དགེ་ཚུལ་འདི་སྙེད་ཀྱིས་བླངས་སོ་ཞེས་བརྗོད་པ་དང༌། གྲལ་ན་གནས་པ་རྣམས་ཀྱིས་ལན་དུ། ལེགས་པར་བཞེས་སོ་ཤིན་ཏུ་བཞེས་སོ་ཞེས་བརྗོད་པར་བཤད་པ་ནི། དགག་དབྱེའི་རིགས་འདྲེ་ཡིན་གྱི་བཤད་པའི་ཁུངས་མེད་དོ། །དེ་ནས་གནས་མལ་གྱི་གཞི་དང་གནས་མལ་རྣམས་ཇི་ལྟར་རིགས་པ་བཞིན་བསྟབས་ཟིན་པའི་རྗེས་སུ་ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པར་མི་བྱ་ཞེས་སོགས་བརྗོད་ཅིང༌། སྦྱིན་བདག་དང་ཞལ་ཏ་བ་སོགས་ཀྱང་བརྗོད་པར་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། གནས་སྟེང་གཡོགས་དང་བཅས་པར་དགེ་འདུན་དུ་མ་ལོངས་པའི་དགེ་སློང་གི་མདུན་དུ། ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་ཏེ་བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་འདི་ལྟ་སྟེ་གནས་རལ་བ་དང་འགྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ༌། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་དང༌། ཡང་ན་དབྱར་ཕྱི་མ་ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱ། སྦྱིན་བདག་ལ་སོགས་པ་ཡོད་ན། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་ཞལ་ཏ་བ་མིང་འདི་ཞེས་པ་དང་སྤྱོད་ཡུལ་གྱི་གྲོང་མིང་འདི་ཞེས་བགྱི་བ་དང༌། བྲོ་གཡོག་པ་མིང་འདི་ཞེས་བགྱི་བས་ཞེས་བརྗོད་པར་བྱའོ། །འདི་གང་ཟག་ཁོ་ནའི་ལས་ཡིན་པས། གསུམ་མན་ཆད་ཀྱི་གྲངས་མི་དགོས་སོ། །གཉིས་པ་དམིགས་བསལ་གྱི་ཆོ་ག་དོགས་གཅོད་དང་བཅས་པ་ལ། ཆོ་ག་དང་དོགས་པ་བཅད་པའོ། །དང་པོ་ལ་ཞག་བདུན་པའི་དང༌། ཞག་བཞི་བཅུ་པའི་གནང་བ་གསོལ་བའོ། །དང་པོ་ནི། དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་མ་ཐོབ་པ་རྣམས་ཀྱིས་གང་ཟག་ལས་ཞག་གཅིག་ནས་བདུན་གྱི་བར་གྱིས་གནང་བ་སྩོལ་བའི་ཆོ་ག་ནི། མཚམས་ནང་གི་དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ། ཚུལ་དང་མཐུན་པས་ཙོག་ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ་ཞིག་གི་སླད་དུ་དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབས་སོ་བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད། མཇུག་ཐབས་ལེགས་བྱ། ཞག་གཅིག་དང་གཉིས་སོགས་མཚམས་ཀྱི་ཕྱི་རོལ་དུ་སྡོད་དགོས་ན། ཞག་གཅིག་ཞེས་སོགས་འདོན་པ་བརྗེ་བར་བྱའོ། །གཉིས་པ་ནི་ལས་བྱེད་པ་པོས་ཚེ་དང་ལྡན་པ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་སྤྲོའམ། སྤྲོའོ། །དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར། རྟེན་དེས་ཕྱག་གསུམ་བྱས་ཏེ། རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར། དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ་བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་འདི་ལགས་པ་ལས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན་ཐུགས་བརྩེ་བ་ཅན་དགེ་འདུན་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། ལན་གསུམ་བཟླས། ལས་བྱེད་པ་པོས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ་འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལ་ལས་མཚམས་ཀྱི་སླད་རོལ་ལ་མཆི་བ་དང་དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་གསོལ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང༌། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ། དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ནས་དགེ་སློང་མིང་འདི་ཞེས་ནས། གསོལ་ལགས་ཏེ། དེའི་སླད་དུ་འདིའི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས་དགེ་འདུན་གྱི་ཆེད་ལ་ནས། གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་ཞེས་བགྱི་བ་ལ། ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་ཅེས་བརྗོད་པ་གཅིག་དང་འཇུག་བསྡུད་བརྗོད་དོ། །དེ་ལྟར་དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་ཐོབ་པ་དེས་ཀྱང་ནམ་འགྲོ་བའི་ཚེ་མཚམས་ནང་དུ་དགེ་སློང་གི་མདུན་དུ་བྱིན་གྱིས་བརླབས་དགོས་ཏེ། ཇི་སྐད་དུ་གཞན་གྱི་ནི་ཞག་བཞི་བཅུའོ་ཞེས་དགེ་སློང་གི་མདུན་དུའོ། །ཞེས་དང་རྒྱ་ཆེར་འགྲེལ་པར། ཞག་བཞི་བཅུའི་གནང་བ་ཐོབ་པའི་དགེ་སློང་གིས་ཀྱང༌། ནམ་འགྲོ་བའི་ཚེ་མཚམས་ཀྱི་ནང་དུ་དགེ་སློང་གི་མདུན་དུ་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །ཞེས་ཞག་བརྒྱད་ནས་བཞི་བཅུའི་བར་བཞིན་བྱིན་གྱིས་རློབ་པར་བཤད། དགེ་འདུན་གྱི་བྱ་བ་དེ་ནི་གནང་བ་སྦྱིན་པ་ཡིན་གྱིས་བྱིན་གྱིས་བརློབ་པ་དངོས་མ་ཡིན་པའི་ཕྱིར། དེའི་སྔགས་ཆོག་ནི་ལས་བརྒྱ་རྩར་མ་གསུངས་ཀྱང༌། རྒྱ་ཆེར་འགྲེལ་པར་རུང་མཐུན་སྦྱར་ཏེ་གསུངས་པ་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་བགྱི་བ་ཞིག་གི་སླད་དུ་དགུང་བརྒྱད་དམ། བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་རློབ་པ་དག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བཟླས། གཉིས་པ་དོགས་པ་བཅད་པ་ལ། ཞག་བཞི་བཅུར་བྱིན་གྱིས་བརླབ་པའི་དོགས་གཅོད་དང༌། ཞག་བདུན་བྱིན་གྱིས་བརླབ་པའི་དོགས་གཅོད། དབྱར་གནས་ཀྱི་དུས་ལ་དོགས་གཅོད་དོ། །དང་པོ་ནི། སྤྱིར་བསྐོ་བའི་ལས་ལ་སྤྲོ་བ་དྲི། སྦྱིན་པའི་ལས་ལ་གསོལ་བ་གདབ། ཁ་ཅིག དགེ་འདུན་གྱི་དོན་ཡིན་པའི་ཆ་ནས་སྤྲོ་བ་དྲི་བ་ཡིན་ལ། གང་ཟག་དང་དེའི་དབྱར་རལ་བའི་ཉེས་པ་སྤོང་བའི་ཆེད་ཀྱི་ཆ་ནས་གསོལ་བ་གདབ་པ་ཡིན་གསུངས། ཁ་ཅིག་གང་ཟག་གི་བྱ་བ་ཆོས་ལྡན་ཞག་བདུན་གྱིས་མི་འགྲུབ་པ་རྣམས་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་རུང་བས་མདོར་ན་དགེ་འདུན་གྱི་དོན་ཡིན་པ་དེའི་ཚེ་སྤྲོ་བ་དྲི། གང་ཟག་རང་གི་དོན་ཡིན་པ་དེའི་ཚེ་གསོལ་བ་གདབ་པ་ཡིན་གསུང་ངོ༌། །འདིར་འདུལ་བ་འཛིན་པ་འབྲི་ཁུང་པ། ཞག་བཞི་བཅུ་བྱིན་གྱིས་བརླབ་པ་ནི་ལས་བྱེད་པ་པོས་ཚེ་དང་ལྡན་པ་ཁྱོད་སྤྲོའམ་ཞེས་དྲི་བར་བཤད་པ་ནི། ཞག་བཞི་བཅུའི་གནང་བ་དང་ཞག་བཞི་བཅུའི་བྱིན་བརླབས་མ་ཕྱེད་པས་ནོངས་པ་ཁོ་ནར་མ་ཟད། གནང་བ་སྩོལ་བའི་ཚེ་ཡང༌། ཞག་བརྒྱད་ལ་སོགས་པའི་གནང་བ་སྩོལ་བར་བཞེད་པ་ཡང༌། དེ་ལྟར་ན་ཞག་བདུན་གྱི་གནང་བ་ཡང་ཅིའི་ཕྱིར་མི་སྩོལ་བའི་རྒྱུ་མཚན་མེད་པས་ནོངས་པ་ཡིན་ནོ། །མདོར་ན། ཞག་བཅུ་བཞིའི་གནང་བ་ཐོབ་པ་དེས། ཞག་བརྒྱད་ལ་སོགས་པ་ཁོ་ན་ལ་རྩི་བར་བྱིན་གྱིས་རློབ་པའམ་ཅིག་ཆར་བྱིན་གྱིས་རློབ་པ་གང་རུང་བྱ་བ་ཡིན་གྱི་ཞག་བརྒྱད་དང་བཅུའི་གནང་བ་སྟེར་བ་ལ་སོགས་པའི་ཐ་སྙད་མི་འབྱུང་ངོ༌། །ཡང་གང་ཟག་གི་ཆོས་ལྡན་གྱི་བྱ་བ་ཞག་བདུན་གྱིས་མི་གྲུབ་པ་རྣམས་ལ། ཞག་བརྒྱད་ནས་བཞི་བཅུའི་བར་གྱི་བྱིན་བརླབས་བྱ་བར་བྱ་འདུལ་དང་བུ་བཞེད་ཅེས་འབྲི་ཁུང་པ་གསུང་མོད། དེ་དག་གི་བཞེད་པ་དཔྱིས་ཕྱིན་པ་ཡིན་པ་མི་འདྲ་ཞིང༌། བྱིན་བརླབས་དེ་དང་དེ་དག་འཆགས་པ་ལ། རྩ་བ་ཞག་བཞི་བཅུའི་གནང་བ་འཆགས་མི་འཆགས་ལ་རག་པ་ཡིན་པ་ལས་གང་ཟག་གི་བྱ་བ་ཆོས་ལྡན་ཞག་བདུན་གྱིས་མི་འགྲུབ་པ་ལ། ཞག་བཞི་བཅུའི་གནང་བ་སྟེར་བའི་བཤད་པ་མདོ་རྩ་བ་དང༌། ལས་བརྒྱ་རྩར་ནི་མི་འབྱུང་བས་དཔྱད་དགོས་པར་སྣང་ངོ༌། །གཉིས་པ་ལ། འདུལ་འཛིན་འབྲི་ཁུང་མཚམས་ཀྱི་ཕྱི་རོལ་ལྟ་བུ་ཞག་ཅིག་སྡོད་པ་དེས་ཀྱང༌། ཞག་གཉིས་ཀྱི་བྱིན་བརླབས་ངེས་པར་བྱ་དགོས་ལ་ཞག་བདུན་བྱིན་གྱིས་བརླབས་པ་དེས་ཀྱང་སྐྱ་རེངས་བརྒྱད་པ་འཆར་དུ་མི་རུང་སྟེ། དེ་རུང་ན་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་དེ་ཞག་བརྒྱད་པའི་སྐྱ་རེངས་ཤར་བའི་ཚེ་གསོག་འཇོག་ཏུ་མི་འགྱུར་བར་ཧ་ཅང་ཐལ་བའི་ཕྱིར་ཞེས་གསུང་བ་ནི་དཔྱད་པ་རྣམ་པར་དག་པ་མ་ཡིན་ཏེ། འདི་ལ་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཉིད་དོ་ཞེས་དང༌། སྔགས་ཆོག་ལས་ཀྱང་དགུང་བདུན་ཞེས་འབྱུང་གི་བརྒྱད་མི་འབྱུང་བ་དང༌། མཚོན་བྱེད་ཙམ་ཡིན་པས་མི་འགལ་ན་འགྲེལ་པར་མཚོན་དོན་འཆད་པ་ན། གཅིག་ནས་དྲུག་གི་བར་རྒྱས་པར་འབྱུང་ལ། བརྒྱད་མི་འབྱུང་བའི་ཕྱིར་དང༌། ཞག་བཞི་བཅུའི་གནང་བ་ཐོབ་པ་དེས་བརྒྱད་ནས་བཞི་བཅུའི་བར་བྱིན་གྱིས་རློབ་ཅེས་པའི་རང་ཚིག་དང་འགལ་བའི་ཕྱིར་དང༌། ཞག་གཅིག་ཁོ་ན་བྱིན་གྱིས་རློབ་པ་མེད་པའི་ཕྱིར། དེ་ཡང་འདོད་ན་འགྲེལ་ཆེན་དུ། དེ་ནས་ཞག་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཀྱང་བྱིན་གྱིས་རློབ་ཏུ་རུང་བ་ཡིན་ནོ། །ཞེས་པ་དང་འགལ་བའི་ཕྱིར་དང༌། ཞག་གཅིག་བྱིན་གྱིས་རློབ་པ་སྲིད་ན། ཞག་གཅིག་པོ་དེའི་ནང་དུ་འཁོར་བར་དེས་བྱིན་གྱིས་རློབ་པར་འདོད་དགོས་ལ། དེ་ཡང་འདོད་ན། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་པའི་འགྲེལ་ཆེན་དུ་སྐྱ་རེངས་མ་ཤར་ཚུན་ཆད་ཀྱི་དུས་སུ་མཚམས་ཀྱི་ཕྱི་རོལ་དུ་འདའ་བར་བྱེད་པ་ལ་ནི་ཉེས་པ་མེད་དེ་དེ་ལྟར་ཡང་གལ་ཏེ་འགྲོ་ན་དེར་གནས་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་ཞེས་ལུང་ཁུངས་སུ་དྲངས་པས་སོ། །སྨན་གྱི་བྱིན་བརླབས་དང་མི་མཚུངས་ཏེ། ཞག་བདུན་པར་བྱིན་གྱིས་རློབ་པ་དང༌། ཞག་བདུན་བྱིན་གྱིས་རློབ་པའི་ཁྱད་པར་མ་ཕྱེད་པས་འཁྲུལ་བའི་ཕྱིར་དང༌། ཞག་བདུན་པར་བྱིན་གྱིས་རློབ་པ་དང༌། ཞག་བདུན་བྱིན་གྱིས་རློབ་པ་ལ་ཁྱད་པར་མེད་ན། ཞག་བདུན་པར་བྱིན་གྱིས་རློབ་པའི་སྨན་དེ་ཆོས་ཅན། ཞག་བརྒྱད་དུ་བྱིན་གྱིས་རློབ་དགོས་པར་ཐལ། ཞག་བདུན་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། གསུམ་ཆར་ལ་ལན་མེད་དོ། །གསུམ་པ་ཁས་ལེན་གྱི་དུས་ལ་དཔྱད་པ་ལ། ཕལ་ཆེ་བ་དག་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་དང༌། བདུན་པའི་ཚེས་བཅུ་དྲུག་ལ་ཁས་ལེན་ངེས་པ་ཅན་དུ་བཞེད་མོད། འདུལ་བ་ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་པ་ཙམ་མ་གཏོགས་འདུལ་བ་ནས་ཡིད་ཆེས་པའི་ཁུངས་རྣམ་དག་མི་སྣང་གི་སྟེང་དུ་ཆར་ཆུའི་སྒང་ཡོལ་ནས་དབྱར་གྱི་ཁས་ལེན་བྱེད་དགོས་པ་དང༌། སྟོན་ཐོན་ནས་དགག་དབྱེ་བགྱིད་དགོས་པ་སོགས་མི་རིགས་པ་མང་དུ་འབྱུང་བར་སྣང་ངོ༌། །དེ་ལྟར་ན། དབྱར་ཉི་ལོག་ནས་སྟོན་ཉིན་མཚན་མཉམ་པའི་བར་གྱི་ཟླ་བ་གསུམ་ནི་དབྱར་སྔ་མའི་ཁས་ལེན་གྱི་དུས་ཡིན་ལ། དེ་ལ་མ་གྲུབ་ན་དེ་ལས་ཟླ་བ་གཅིག་གིས་ཕྱི་བར་དབྱར་ཕྱི་མའི་ཁས་ལེན་བྱེད་པ་ཡིན་ནོ། །འདི་ན་མཁས་པ་མ་ཡིན་པ་ཁ་ཅིག་ན་རེ། མདོ་རྩ་བར་ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་བར་གྱིའོ། །དབྱར་ཟླ་ཐ་ཆུང་ཉའི་འོ། །ཞེས་པའི་རྒྱ་དཔེ་ལས་ཚེས་གཅིག་ལའོ། །ཆུ་སྟོད་ཅན་གྱི་བར་མ་ཆད་པའོ། །ཡང་ན་གྲོ་བཞིན་ཅན་ལས་སོ། །ཞེས་འཆད་པ་ནི་བྱུང་རྒྱལ་དུ་སྨྲ་བ་ཡིན་ཏེ། ཚེས་གཅིག་དང་བཅུ་དྲུག་སྐད་དོད་མི་གཅིག་པའི་ཕྱིར་དང༌། དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་གྱིའོ་དང༌། ཆུ་སྟོད་ཅན་གྱི་བར་མ་ཆད་པ་ལའོ་ཞེས་པ་གཉིས་ཀྱི་སྐད་དོད་ཕྱོགས་འགྲོ་ཙམ་ཡང་མི་གཅིག་པའི་ཕྱིར་དང༌། མདོ་རྩ་བ་སོགས་ཀྱི་བོད་སྐད་དུ་ར་འབྲིང་གསུམ་གྱི་རྣམ་གཞག་གང་བྱུང་བའི་རྒྱ་སྐད་ཀྱི་དཔེ་ལ་ཉ་སྐར་གྱི་མིང་ཁོ་ནར་ངེས་པ་ཧ་ཅང་ཐལ་བའི་ཕྱིར་དང༌། དེ་ཡང་དེ་ལྟ་ན་རྒྱ་དཔེ་ལས་ར་འབྲིང་སོགས་ཀྱི་རྣམ་གཞག་མི་འབྱུང་བར་ཐལ་ལོ། །ཡང་རྒྱ་དཔེ་ལས་ཉ་སྐར་གྱི་མིང་ཅན་གྱི་ཟླ་བའི་ཐ་སྙད་འབྱུང་བ་དེ་བོད་དཔེ་ལ་ར་འབྲིང་ཐ་ཆུང་གི་མིང་གིས་འགྱུར་བྱེད་དགོས་པའི་ངེས་པ་ཡོད་ན། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས་ཞེས་སོགས་འགྱུར་ཕྱིན་ཅི་ལོག་ཏུ་བྱས་པར་ཐལ་ཞིང༌། དེ་ལྟར་ན་ཁྱེད་ཀྱི་ལུང་ཁུངས་གཅིག་པུ་དེ་ཁོ་ནར་ངེས་པ་དེ་འགྱུར་ཕྱིན་ཅི་ལོག་ཏུ་འགྱུར་བའི་ལུང་དུ་ཁས་ལེན་དགོས་པར་འགྱུར་རོ། །གསུམ་པ་དགག་དབྱེ་ལ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ། དང་པོ་ལ་རིང་བའི་སྦྱོར་བ་དང༌། ཉེ་བའི་སྦྱོར་བའོ། །དང་པོ་ནི། སྤྱོད་ཡུལ་དུ་བརྗོད་པ་ནས་སེང་ཁྲི་བརྒྱན་པའི་བར་དང་ནང་དང་བཅས་པ་ལ་བཟོད་པ་གསོལ་བ་སོགས་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་འབྱུང་བ་ནས་བཟུང་སྟེ་ཚེས་བཅུ་གསུམ་གྱི་ཉིན་བར་ཡན་ལ་ཟིན་པར་བྱས་ནས་ཚེས་བཅུ་བཞི་དང་བཅོ་ལྔའི་ཉིན་མཚན་གཉིས་ཀ་ཆོས་རྣམ་པར་གཏན་ལ་དབབ་པར་བྱ་ཞིང༌། དགག་དབྱེ་དངོས་གཞིའི་ལས་ནི་ཚེས་བཅུ་དྲུག་གི་སྐྱ་རེངས་འཆར་ཀ་ཚུན་ཆད་དུ་ཟིན་པར་བྱའོ། །གཉིས་པ་ལ་དགེ་འདུན་མཐུན་པ་སྒྲུབ། རྒྱུད་དག་པར་བྱ་བ་དགག་དབྱེ་བྱེད་པ་པོ་བསྐོ་བ། དང་པོ་ནི། ན་བ་ལ་སོགས་པའི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་པས་འདུན་པ་དང་དགག་དབྱེ་གང་རུང་གཉིས་ཀ་འབུལ་བའི་ཆོ་ག་ནི། དགེ་འདུན་གྱིས་བསྐོས་པའི་ལེན་པ་པོའི་དྲུང་དུ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་བྲོ་ཚབས་ཆེ་བ་སྡུག་བསྔལ་བ་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ། །ལན་གསུམ་བཟླས། ལེན་པ་པོས་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་ནས་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་ནས། ཞེས་བགྱི་བའི་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ནས། ཞེས་བགྱི་བ་དགེ་འདུན་ཆོས་བཞིན་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ། །ཞེས་ལན་ཅིག་བརྗོད། འདུན་པ་ཕུལ་བས་ལས་ལ་མི་མཐུན་པ་མི་བསྐྱེད་ཡོངས་དག་ཕུལ་བས་དགག་དབྱེ་ཉམས་སུ་མྱོང་བར་འགྱུར་རོ། །མཚམས་ནང་དེ་ན་ཡོད་པའི་དགེ་སློང་དབྱར་གནས་པར་ཁས་མ་བླངས་པས་ཀྱང་དགག་དབྱེའི་ལས་ལ་འདུན་པ་ཕུལ་དགོས་པ་འདྲའོ། །གཞན་དག་དགག་དབྱེའི་སྦྱོར་ཆོག་ལ། དགེ་འདུན་ཐམས་ཅད་འདུས་མ་ཐག ཕྱག་ཟིང་པོ་གསུམ་བྱེད་པ་དང༌། དབྱར་གྱི་ནང་དུ་ཐུགས་དང་འགལ་བ་ཐམས་ཅད་བཟོད་པ་མཛད་པ་ཞུ་ཞེས་བརྗོད་པའི་ཕྱག་ལེན་བྱེད་པ་ནི་གཞུང་འགྲེལ་ནས་བཤད་པ་མེད་ཅིང་དེས་གཞུང་ནས་བཤད་པའི་བཟོད་གསོལ་གྱི་གོ་མི་ཆོད་དོ། །སྦྱོར་བའི་ཆོ་ག་གཉིས་པ་ནི། གསོ་སྦྱོང་གི་སྐབས་ནས་བཤད་པ་ལྟར། ལས་གྲལ་དུ་འདུ་བའི་སྔ་རོལ་དུ་ལྟུང་བ་ཤེས་པ་ཕྱིར་བཅོས་པ་ནས། ལྟུང་བ་ཐུན་མོང་མ་ཡིན་པ་ལ་བྱིན་གྱིས་བརླབ་པའི་བར་རོ། །ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པ་སྦྱོར་ཆོག་ཏུ་བྱེད་ན་བྱིན་གྱིས་བརླབ་པ་ལའང་སྔར་ལྟར་བཞི་ཡོད་པ་ཡིན་ནོ། །འབྲི་ཁུང་པ་འདིར་དགག་དབྱེའི་གནས་ལ་བློ་མཐུན་བྱེད་དོ་ཞེས་འཆད་པ་ནི་མི་རིགས་ཏེ། དགག་དབྱེ་གང་དུ་བྱེད་པའི་གནས་དེར་ཕལ་ཆེར་གསོ་སྦྱོང་གི་ལག་ལེན་དང༌། གནས་ལ་བློ་མཐུན་མ་ཞིག་པར་ཡོད་དགོས་ཤིང་དེ་ཡོད་ན་དགག་དབྱེའི་གནས་ལ་བློ་མཐུན་མི་དགོས་པའི་ཕྱིར་དང༌། གསོ་སྦྱོང་གི་གནས་ལ་བློ་མཐུན་ཞིག་པའི་དབང་དུ་བྱེད་ནའང་གནས་དེ་གསོ་སྦྱོང་གི་གནས་སུ་བློ་མཐུན་དགག་དབྱེའི་གནས་སུ་བློ་མཐུན་པར་བྱེད་དགོས་པ་ཡིན་པའི་ཕྱིར་དང༌། གནས་དེར་དགག་དབྱེ་ཁོ་ན་བྱེད་ཀྱི་དགེ་འདུན་གྱི་ལས་གཞན་མི་བྱེད་ནའང་གནས་དེ་དགག་དབྱེའི་གནས་སུ་བློ་མཐུན་བྱེད་དགོས་པ་མ་ཡིན་ཏེ། དགག་དབྱེའི་ལས་དངོས་གཞི་དེ་གང་ཟག་གི་ལས་ཡིན་གྱི་དགེ་འདུན་གྱི་ལས་དངོས་མ་ཡིན་པའི་ཕྱིར་དང༌། གལ་ཏེ་བློ་མཐུན་བྱེད་ན་དགེ་འདུན་ལ་དགག་དབྱེའི་གནས་སུ་བློ་མཐུན་པར་བགྱིའོ་ཞེས་འདོན་པ་ཡིན་དགོས་པ་ལས་དེ་ལྟར་ཡང་ཟེར་དུ་མི་རུང་བའི་ཕྱིར། གཉིས་པ་དགག་དབྱེ་བྱེད་པ་པོ་བསྐོ་བ་ནི། ལས་བྱེད་པས་དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགག་དབྱེ་བྱེད་པར་བསྐོས་ཏེ་དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག ཞེས་བརྗོད་པ་ཅིག་དང་མཇུག་བསྡུད་བརྗོད་དོ། །དེ་ནས་དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ལ་གསོལ་བ་ནི། དགེ་འདུན་ནས་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །ལས་བརྒྱར་ལྟུང་བ་ཐུན་མོང་བྱིན་གྱིས་བརླབ་པ་རྣམ་པ་བཞི་འདིར་མཛད་ཅིང་སྔར་གསོ་སྦྱོང་གི་སྐབས་སུའང་གསོལ་བ་འབའ་ཞིག་པ་དང་མདོ་བཏོན་ཟིན་པའི་རྗེས་སུ་ལྟུང་མཐུན་བྱིན་གྱིས་བརླབས་པ་མཛད་ཅིང༌། སྡོམ་དུའང༌། གསོ་སྦྱོང་དེ་ལ་ལྟུང་བཅས་དང༌། །དེ་ལ་དགེ་འདུན་ཡིད་གཉིས་དང༌། །རྩོད་དང་ངེས་ཉིད་མ་ཡིན་དང༌། །དེའི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །ཞེས་བཤད་ཅིང་མདོ་རྩ་བར་ཡང་ལྟུང་མཐུན་བྱིན་གྱིས་རློབ་པ་གསོ་དགག་གཉིས་ཀྱི་སྔོན་འགྲོར་བཤད་པ་མེད་པར་མ་ཟད་ཀྱི་འདི་གཉིས་ཀྱི་སྐབས་སུ་གསོལ་བའི་ལས་ཀྱི་འོག་ཏུ་བྱེད་པར་མངོན་པས་ལྟུང་མཐུན་བྱིན་གྱིས་རློབ་པ་ལས་ཐམས་ཅད་ཀྱི་སྔོན་འགྲོར་མ་ངེས་ཤིང༌། དེར་མ་ཟད་ཀྱིས་ལས་གྲལ་དུ་དྲུང་ན་མོ་ལ་བྱིན་གྱིས་རློབ་པ་དང༌། ལས་བྱེད་པས་སེམས་ཀྱིས་བྱིན་གྱིས་བརློབ་པའང་ལས་བརྒྱར་སོ་ཐར་གྱི་མདོ་བཏོན་ཟིན་པའི་འོག་ཏུ་བཤད་པས་རྣམ་པར་བཅད་དགོས་པ་ཡིན་ནོ། །དེ་ཡན་ཆད་ནི་དགག་དབྱེའི་སྦྱོར་བའི་ཆོ་ག་ཡིན་ལ། དངོས་གཞི་ལ་སྤྱིར་བཏང་དང་དམིགས་བསལ་གྱི་དགག་དབྱེའོ། །དང་པོ་ནི། བསྐོས་པ་དེས་རྩྭ་དུར་བ་དགེ་འདུན་ཐམས་ཅད་ལ་ཁྱབ་པར་བྲིམ་པར་བྱའོ། །རྩྭ་དེ་ཡུལ་རྟེན་གཉིས་ཀའི་ལག་པས་ཕན་ཚུན་ནས་བཟུང་སྟེ། དགག་དབྱེ་བྱེད་པའི་མདུན་དུ་ཙོག་པུར་འདུག་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་བརྗོད་དམིགས་ལ་གཅིག་གིས་ཀྱང་ཆོག མཇུག་ཐབས་ལེགས་བརྗོད་དོ། །དེ་ནས་གཞན་གཅིག་གི་དྲུང་དུ་དེས་ཀྱང་དགག་དབྱེ་བྱའོ། །དེ་ནས་དགེ་འདུན་ནས་གསོལ་གནས་འདིར་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། །བཟླས་པ་གོ་བར་བྱས་པའི་རྗེས་སུ་གྲལ་ན་འཁོད་པ་རྣམས་ཀྱིས། ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད་པར་བྱའོ། །ལེགས་པར་ཞེས་པ་ནི། མཛེས་ཤིང་ཁ་ན་མ་ཐོ་བ་མེད་པའི་དོན་ནོ། །ཤིན་ཏུ་ཞེས་པ་འདི་ལ་བདག་ཅག་ཐེ་ཚོམ་མེད་དོ། །ཞེས་པའི་དོན་ནོ། །རྩྭ་ལ་འཆང་པ་གཉིས་བྱེད་པ་དང་རྩེ་མོ་གཅིག་དང་རྩ་བ་གཅིག་ཡུལ་ལ་བསྟན་པ་ན། རྩེ་མོ་དང་རྩ་བ་གཅིག་རྟེན་ལ་སྟོན་པ་དང༌། ཡུལ་རྟེན་གཉིས་ཀས་རང་ཕྱོགས་ཀྱི་རྩ་བ་རྡོག་པས་མནན། རྩེ་མོ་ལག་པས་བཟུང་བ་སོགས་ཀྱི་ལག་ལེན་བྱེད་མོད། ལས་བརྒྱ་དང༌། མདོ་རྩ་འགྲེལ་ལས་བཤད་པ་མེད་པས་མེད་མི་རུང་གི་ཡན་ལག་མ་ཡིན་ནོ། །གསུམ་པ་མཇུག་ནི། དགག་དབྱེ་བྱེད་པ་དེས་སྦྱིན་པར་བྱ་བའི་རྫས་གང་ཡང་རུང་བ་ལ་སྤྱན་དྲང་པའི་ཚིག་བརྗོད་པ་སྟེ། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ༌། །ཞེས་བརྗོད་པར་བྱའོ། །འདིར་དགག་དབྱེ་བྱེད་པ་དེ་རང་གི་རྫས་ཅིག་དགོས་པར་རྒྱ་ཆེར་འགྲེལ་པར་བཤད་དོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ཀྱི་དགག་དབྱེ་དང༌། དེའི་འོག་ཏུ་དགེ་སློང་མ་དང༌། དགེ་སློབ་མ་དང༌། དགེ་ཚུལ་རྣམས་ཀྱི་དགག་དབྱེ་བྱེད་པར་གསུངས་སོ། །དགག་དབྱེ་བྱེད་པ་པོ་ནི། བུད་མེད་ཀྱི་ཡུལ་ལ་ཡང་སྐྱེས་པ་ཁོ་ན་དགོས་པར་བཤད་ཅིང༌། མཚན་གྱུར་པས་ཀྱང་དགག་དབྱེ་བྱེད་པོ་མི་རུང་བར་བཤད་དོ། །གཉིས་པ་དམིགས་བསལ་གྱི་དགག་དབྱེ་ནི། དགེ་སློང་རེ་རེ་བ་གནས་པར་མི་ནུས་པ་ཡིན་ན་ཚོགས་ཀྱི་དགག་དབྱེ་གོ་བར་བྱ་བ་དང༌། དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན། ཚེས་བཅོ་ལྔའམ་བཅུ་བཞིའམ་གང་ཡང་རུང་བ་གཅིག་དང་སྦྱར་ནས་དགག་དབྱེ་ཚུལ་བཞིན་དུ་བྱ་བ་དང༌། དབྱར་བྱིན་གྱིས་བརླབས་ཏེ་སོང་བས་གཙུག་ལག་ཁང་གཞན་དུ་དགག་དབྱེ་བྱེད་པ་དང་ཐུག་ན་དེར་དགག་དབྱེ་བྱས་པས་གོ་ཆོད་པ་དང༌། དགེ་སློང་འཐབ་དཀྲོལ་ཅན་འོང་བ་ཐོས་ན་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས། ཉ་ཤི་གཅིག་དང་སྦྱར་ནས་གསོ་སྦྱོང་བྱ་བ་རྣམས་གསུངས་སོ། །འདི་ནི་དགེ་འདུན་ཐམས་ཅད་ཀྱི་བྱ་བའི་དབང་དུ་བྱས་ལ་སྔ་མ་དེ་དག་ནི་གང་ཟག་རེ་རེ་བའི་དབང་དུ་བྱས་སོ། །ཁྱད་པར་ཚོགས་ཀྱི་དགག་དབྱེ་ལ་ནི་གློ་བུར་དུ་འགྲོ་དགོས་པའི་རྐྱེན་བྱུང་ན་དགག་དབྱེ་བྱེད་པོ་བསྐོ་བའི་ལས་མེད་པར། མིག་སྔའི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ཞིག་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ཏེ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་ལགས་ན། ཞེས་སོགས་སྔ་མ་བཞིན་བརྗོད་དོ། །དམིགས་བསལ་གྱི་དགག་དབྱེ་གཞན་རྣམས་ལ་ནི་དུས་ཀྱི་ཁྱད་པར་མ་གཏོགས། ཆོ་ག་ནི་ཚུལ་ཇི་ལྟ་བ་བཞིན་ནོ། །གསུམ་པ་བདེ་བར་གནས་པའི་རྐྱེན་བརྟེན་པའི་ཚུལ་ལ། གོས་བརྟེན་ཚུལ། སྨན་བརྟེན་ཚུལ། གནས་མལ་བརྟེན་ཚུལ་ལོ། །དང་པོ་ལ་གོས་ཀྱི་ངོ་བོ་བརྟེན་པའི་ཚུལ་དང༌། གོས་ཀྱི་རྒྱུ་བརྟེན་པའི་ཚུལ་ལོ། །དང་པོ་ལ་གོས་ཀྱི་རྣམ་པར་བྱ་བ་དང༌། བྱིན་གྱིས་བརླབས་ནས་བཅང་བའི་ཚུལ། ཞར་ལ་ལྷུང་བཟེད་བྱིན་གྱིས་བརླབས་ནས་བཅང་དགོས་པའི་རྒྱུ་མཚན་ཞར་བྱུང་དང་བཅས་པའོ། །དང་པོ་ནི། སྤྱིར་བསྙེན་པར་རྫོགས་པ་རྣམས་ཀྱི་གོས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་སྟེ། འཚོ་བའི་ཡོ་བྱད་ཀྱི་གོས་དང༌། ལྷག་པའི་ཡོ་བྱད་ཀྱི་གོས་དང༌། མཁོ་བའི་ཡོ་བྱད་ཀྱི་གོས་རྣམས་སོ། །བསྙེན་པར་མ་རྫོགས་པ་ལ་གོས་ཀྱི་དབྱེ་བ་འདི་མེད་དེ། གོས་བྱིན་གྱིས་རློབ་དགོས་པའི་བཅས་པ་མ་མཛད་པའི་ཕྱིར་རོ། །དང་པོ་ནི། བཅུ་གསུམ་སྟེ། སྣམ་སྦྱར་དང་བླ་གོས་དང་མཐང་གོས་དང༌། ཤམ་ཐབས་དང༌། ཤམ་ཐབས་ཀྱི་གཟན་དང༌། རྔུལ་གཟན་དང༌། རྔུལ་གཟན་གྱི་གཟན་དང༌། གདོང་ཕྱིས་དང༌། རྣག་གཟན་དང༌། གཡན་པ་བགབ་པ་དང༌། སྐྲ་བཟེད་དང༌། གདིང་བ་དང༌། དབྱར་གྱི་གོས་རས་ཆེན་རྣམས་སོ། །འདིར་འབྲི་ཁུང་འདུལ་འཛིན། ཞྭ་དང༌། སྐེ་རགས་དང༌། སྟན་ཁྲུ་གང་པ་ལྟ་བུ། འཚོ་བའི་ཡོ་བྱད་ཕྲན་ཚེགས་ཞེས་ཐ་སྙད་བཏགས་ནས། དེའི་མིང་གི་བྱིན་གྱིས་རློབ་པའི་སྔགས་ཆོག་བྱེད་པ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། འདུལ་བ་ལས་དེ་དེ་ལྟར་བཤད་པ་མེད་པའི་ཕྱིར་དང༌། དེ་དག་མཁོ་བའི་ཡོ་བྱད་དུ་བཤད་ཅིང༌། དེའི་མིང་གིས་བྱིན་གྱིས་རློབ་པར་བཤད་ཀྱི། ཞྭ་དང༌། རྐང་པའི་འབོབ་དང༌། དཔེ་གཡོག་སོགས། རེ་རེ་ནས་དེའི་མིང་གིས་བྱིན་གྱིས་རློབ་པར་བཤད་པ་མེད་པའི་ཕྱིར་རོ། །ལྷག་པའི་ཡོ་བྱད་ཀྱི་གོས་ནི། འཚོ་བའི་ཡོ་བྱད་ཀྱི་གོས་དངོས་སུ་གྲུབ་པ་ལྷག་པོ་དག་དང༌། མཁོ་བའི་ཡོ་བྱད་ཀྱི་གོས་ལྷག་པ་དག་སྟེ། དེ་ཡང༌། སྣམ་སྦྱར་གཉིས་པ་དང༌། ཞྭ་དང་སྐེ་རགས་གཉིས་པ་དང་གསུམ་པ་ལྟ་བུའོ། །མཁོ་བའི་ཡོ་བྱད་ཀྱི་གོས་ནི། ཇི་སྐད་བཤད་པའི་འཚོ་བའི་ཡོ་བྱད་ཀྱི་གོས་དེ་དག་ཏུ་མ་གྲུབ་ཅིང༌། གོས་ཀྱི་ཁྱད་པར་ཁྲུ་གང་ཡན་ཆད་ན། རུང་བ་དང་མི་རུང་བ། དར་དང་གོས་དང་སྣམ་བུ་ལ་སོགས་པ། ནོར་གྱི་འདུ་ཤེས་སྐྱེ་བ་རྣམས་དང༌། ཞྭ་དང༌། སྐེ་རགས་དང༌། ཟླ་གམ་དང༌། ཕྱམ་རྩེ་ལ་སོགས་པ། གོས་ཀྱི་འདུ་ཤེས་སྐྱེ་བ་རྣམས་སོ། །དོན་དེ་དག་ནི། ཇི་སྐད་དུ། མདོ་རྩ་བར། ཆོས་གོས་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ་ཞེས་དང༌། ཡོ་བྱད་ཀྱི་གོས་ཀྱང་ངོ་ཞེས་དང༌། གཞན་དུ་མ་ཡང་རུང་བར་བྱས་ཏེ་བཅང་བར་བྱའོ། །ཞེས་པའི་གཞུང་ཚན་གསུམ་གྱིས་སོ་སོར་བསྟན་པ་ཡིན་ནོ། །སྤྱིར་བཏང་དུ། ཡོ་བྱད་གསུམ་པོ་འདི་གོས་ཁོ་ནའི་སྟེང་དུ་རྩི་བ་ཡིན་པས། སྨན་དང་ལྷུང་བཟེད་སོགས་ལ། ཡོ་བྱད་གསུམ་གྱི་སྒྲ་སྦྱར་བ། གཞུང་འགྲེལ་གྱི་དངོས་བསྟན་ལ་མེད་དོ། །གཉིས་པ་སྔགས་ཀྱི་ཆོ་ག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ལ། འཚོ་བའི་ཡོ་བྱད་ཀྱི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི། ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ཡིན་ནོ་ལེགས་སོ། །དེ་བཞིན་དུ་བླ་གོས་ནས་དབྱར་གྱི་གོས་རས་ཆེན་གྱི་བར་སྦྱར་བར་བྱའོ། །ལྷག་པ་ཡོ་བྱད་དུ་བྱིན་གྱིས་རློབ་པའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི། མཁན་པོ་ལ་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །ལན་གསུམ་བཟླས། ཐབས་ཡིན་ནོ་ལེགས་སོ། །འདི་མཁན་པོ་ཞེས་སྨོས་པ་ནི་མཚོན་བྱེད་ཙམ་ཡིན་ནོ། །གསུམ་པའི་སྔགས་ཀྱི་ཆོ་ག་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། འཆང་བ་དང་འབྲལ་བའི་ཉེས་པ་ཁེགས་པ་དང༌། ཤན་མི་འབྱུང་བ་ལ་སོགས་པའི་ཆེད་ཡིན་ནོ། །བསྡུས་པའི་དོན་ནི་གང་ཟག་གི་ལས་ཀྱི་དབྱེ་བར་བཤད་པ་དེ་ཡིན་ནོ། །ཚིག་གི་དོན་ནི། འཚོ་བའི་ཡོ་བྱད་གནང་བའི་རྟེན་གྱི་གང་ཟག་ནི་དགེ་སློང་ཕལ་ཆེ་བ་ཡིན་ལ། གཉིས་པ་རྟེན་གྱི་གང་ཟག་ནི། སྐྱིད་དེ་བ་ལ་རབ་ཏུ་བྱུང་བ་དང༌། ཐོབ་པ་ཉུང་བ་དང༌། ཡུལ་ངན་པ་ན་གནས་པ་དང༌། ཤིག་དང་སྲོ་མ་མང་བ་དང༌། རྔུལ་དང་དྲི་མང་བ་དང༌། ལྷ་ལས་ཚེ་འཕོས་པ་དང༌། ཉོན་མོངས་པ་དག་གི་གཉེན་པོས་སོ་སོར་བརྟགས་ཏེ་འཆང་བ་རྣམས་སོ། །གསུམ་པ་གནང་བའི་རྟེན་གྱི་གང་ཟག་ནི་ཐོས་པ་དང་འཁོར་མང་ཞིང་བསོད་ནམས་ཆེན་པོ་དང་ལྡན་པ་དང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་ཡིད་དམ་དང་མི་ལྡན་པ་རྣམས་སོ། །བསམ་པ་ནི། འཚོ་བའི་ཡོ་བྱད་ལ་རང་གི་དང༌། ལྷག་པའི་ཡོ་བྱད་ལ་གཞན་གྱི་དང༌། མཁོ་བའི་ཡོ་བྱད་ལ་རང་གཞན་གཉིས་ཀའི་བློས་བཅང་ངོ༌། །དངོས་པོ་ནི། སྤྱིར་བཏང་ལ་ཡོ་བྱད་དང་པོ་མཚོན་གྱིས་དྲས་པ་ཞིག་དགོས་ཏེ། མཚོན་གྱིས་མ་དྲས་པའི་གོས་བཅང་བར་མི་བྱའོ་ཞེས་གསུངས་པས་སོ། །དྲུབ་པ་ནི་དགོས་པ་མ་ཡིན་ཏེ། གཞན་དག་ལ་ནི་ངེས་པ་མེད་དོ་ཞེས་བཤད་པས་སོ། །ཆོས་གོས་དངོས་ཀྱི་བྱིན་བརླབས་འཆགས་པ་དང༌། རུང་བ་ཚད་དང་ལྡན་པ་བྱིན་བརླབས་སྔ་མ་བྱས་ཤིང་མ་ཕྱུང་བ་མ་ཡིན་པ་ཞིག་དགོས་ཏེ། སྔགས་ཆོག་ལས། ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཞེས་གསུངས་པའི་ཕྱིར་རོ། །དམིགས་བསལ་ལ་མཚོན་གྱིས་མ་དྲས་པ་དང༌། ཁ་མ་སྒྱུར་བ་དང༌། ཁྱིམ་པའི་གོས་དང༌། ཕྱིང་པ་དང༌། ལ་བ་དང༌། བེའུ་ཕྲུགས་ལ་སོགས་པ་རྣམས་ལ་ཡང་ཆོས་གོས་ཀྱི་བྱིན་བརླབས་འཆགས་པ་ཡིན་ཏེ། ཇི་སྐད་དུ། གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང༌། བྱིན་བརླབས་ཆགས་སོ། །མ་དྲེས་པ་ལ་ཡང་ངོ༌། །ཁྱིམ་དུ་རུང་བའི་རྣམ་པ་ཡང་ངོ༌། །ཞེས་བཤད་པས་སོ། །འདི་ཡང་འཆང་འབྲལ་གྱི་ཉེས་པ་ཁེགས་ཙམ་གྱི་སྔགས་རྟེན་གྱི་བྱིན་བརླབས་ལ་དགོངས་པ་ཡིན་གྱི། ཆོས་གོས་དངོས་ཀྱི་བྱིན་བརླབས་ནི་མ་ཡིན་ཏེ། ཆོས་གོས་ཀྱི་དོན་བྱེད་པར་མི་ནུས་པའི་ཕྱིར་དང༌། བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་ཞེས་པའི་ཁྱད་པར་གྱི་ཆོས་དེ་དག་མ་ཚང་བའི་ཕྱིར། འདིར་ཁ་ཅིག་སྣམ་སྦྱར་ལ་དྲས་དྲུབ་ངེས་པར་དགོས་ཟེར་བ་ནི་མ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་འབྱོར་པ་ཡོད་ན་ལྷན་ཐབས་གླན་ནོ་ཞེས་དང༌། གོས་སེང་པ་དག་ནི་མི་དྲྭ་བར་ལྷན་ཐབས་བརླན་ཅིང༌། དྲུབས་སོ་ཞེས་གསུངས་པའི་ཕྱིར་དང༌། རྒྱ་ཆེར་འགྲེལ་པ་ལས། ཆོས་གོས་བརླག་པ་ཉིད་དང༌། ཆོས་གོས་ཚིག་པ་ཉིད་ལ་སོགས་པའི་རྐྱེན་དེ་ལྟ་བུ་དག་ཡོད་ན་སྣམ་སྦྱར་ལ་ཡང་དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་བོ། །ཞེས་བྱ་བའི་ངེས་པ་ནི་མེད་དོ། །ཞེས་བཤད་པས་སོ། །ཡང་ཆོས་གོས་དངོས་ཀྱི་བྱིན་བརླབས་འཆགས་པ་ལ། རང་དབང་བ་ཡན་ལག་ཏུ་དགོས་པ་མིན་ཏེ། ཇི་སྐད་དུ། བརྙན་པོ་ཡང་ཡོད་ཅིང་བདོག་ནའོ་ཞེས་བཤད་པའི་ཕྱིར། དེ་ལྟར་ན་ཆོས་གོས་གསུམ་པོ་ནང་ཕན་ཚུན་དུ་གཅིག་ལ་ཅིག་ཤོས་ཀྱི་བྱིན་བརླབས་འཆགས་པ་ཡང་གྲུབ་བོ། །དེ་ལྟར་ན། བླ་གོས་ཀྱི་དབྱིབས་དང་ཚད་དུ་གྲུབ་པ་ལ། སྣམ་སྦྱར་དུ་བྱིན་གྱིས་རློབ་དགོས་པ་བྱུང་བའི་ཚེ། སྔགས་ཀྱི་ཆོ་ག་ལ་བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཞེས་བརྗོད་དགོས་ལ། ཆོས་གོས་གསུམ་པོ་གང་རུང་དུ་མ་གྲུབ་པ་ལ་སྣམ་སྦྱར་དུ་བྱིན་གྱིས་རློབ་དགོས་པ་ལྟ་བུ་བྱུང་བའི་ཚེ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་ཞེས་བརྗོད་ཀྱི་རུང་བ་སོགས་མི་བརྗོད་དོ། །དེ་ལྟར་ན་འཚོ་བའི་ཡོ་བྱད་ཀྱི་བྱིན་བརླབས་ལ། གོས་དངོས་ཀྱི་བྱིན་བརླབས་དང༌། སྔགས་རྟེན་གྱི་བྱིན་བརླབས་གཉིས་ཡོད་པར་གྲུབ་ལ། དེ་ལྟར་གྲུབ་པ་ན། འདུལ་བ་འཛིན་པ་གང་དག ཆོས་གོས་ཀྱི་བྱིན་བརླབས་ཐམས་ཅད་དངོས་ཀྱི་བྱིན་བརླབས་དང༌། རྒྱུའི་བྱིན་བརླབས་གཉིས་སུ་བསྡུད་པ་ཡང་ཁེགས་པ་ཡིན་ནོ། །བྱིན་བརླབས་ཕྱི་མ་གཉིས་པོ་འདི་ཡང༌། ཆོས་གོས་ལ་ཡིན་གྱི་འཚོ་བའི་ཡོ་བྱད་ལྷག་མ་རྣམས་ལ་མ་ཡིན་ཏེ། དེ་དག་ལ་དེའི་བཤད་པ་ཡང་མེད་ཅིང་དགོས་པ་ཡང་མེད་པའི་ཕྱིར་རོ། །འོ་ན་ཅི་སྟེ་རིང་འགག་ལྟ་བུ་རྔུལ་གཟན་དུ་བྱིན་གྱིས་བརླབ་དགོས་པ་མ་ཡིན་ནམ་ཞེ་ན། ཡིན་མོད་དེ་ནི་སྔགས་རྟེན་གྱི་བྱིན་བརླབས་མ་ཡིན་ཏེ་དངོས་ཀྱི་བྱིན་བརླབས་ཡིན་པའི་ཕྱིར། རྔུལ་གཟན་མི་ལྡན་པའི་དགེ་སློང་གིས་རྔུལ་གཟན་དངོས་མ་ཡིན་པ་ཞིག་ལ་སྔགས་རྟེན་གྱི་བྱིན་བརླབས་སམ། རྒྱུའི་བྱིན་བརླབས་བགྱིས་ནས་ངེས་པར་བཅང་དགོས་པ་མ་ཡིན་ཏེ། རྔུལ་གཟན་དང་བྲལ་བ་ལ་འབྲལ་བའི་སྤང་ལྟུང་དུ་གཏོགས་པའི་ཉེས་པ་ཡོད་པ་མིན་པའི་ཕྱིར། གཞན་དུ་ན་ཆོས་གོས་གསུམ་པའི་སྦྱངས་པའི་ཡོན་ཏན་ཅན་ཏེ་ལྟུང་བ་དང་བཅས་པར་འགྱུར་རོ། །ཡང་མཁས་པ་གང་དག་གསེར་དང་དབྱིག་ལ་སོགས་པ་ལྷག་པའི་ཡོ་བྱད་དུ་འདོད་པ་ཡང་ནོར་བ་ཡིན་ཏེ། ལྷག་པའི་ཡོ་བྱད་ལ་གོས་ཀྱིས་ཁྱབ་པར་བཤད་པའི་ཕྱིར་དང༌། ལྷག་པའི་ཡོ་བྱད་ཅེས་པ་ནི་དགེ་སྦྱོང་གི་ཡོ་བྱད་རུང་བ་ཁོ་ན་ལ་བཤད་པའི་ཕྱིར། ཡང་འདུལ་བ་འཛིན་པ་གང་དག གོས་སུ་མ་ངེས་པའི་ཟོང་ཐམས་ཅད་མཁོ་བའི་ཡོ་བྱད་དུ་འདོད་པ་ཡང་མི་འཐད་དེ། དེ་ལ་ཡང་གོས་ཀྱིས་ཁྱབ་པར་བཤད་པའི་ཕྱིར། མཁོ་བའི་ཡོ་བྱད་དུ་བྱིན་བརླབས་རུང་གི་དངོས་པོ་ཡིན་ན་དགེ་སྦྱོང་ལ་རུང་བ་ཁོ་ན་ཡིན་དགོས་པའི་ཕྱིར་དང༌། མཁོ་བའི་ཡོ་བྱད་ཡིན་ན་བྱིན་གྱིས་བརླབས་དགོས་པས་ཁྱབ་ལ། གོ་ཁྲབ་དང་རྟ་དང་གླང་པོ་དང་ཞིང་ཁང་བྱིན་གྱིས་བརླབ་མི་དགོས་པའི་ཕྱིར་དང༌། སྔགས་ཀྱི་ཆོ་ག་ལས་ཀྱང༌། གོས་འདི་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ཞར་ལ་ལྷུང་བཟེད་བྱིན་གྱིས་བརླབས་ནས་བཅང་བའི་ཚུལ་ཞར་བྱུང་དང་བཅས་པ་ལ། དངོས་དང་ཞར་ལས་བྱུང་བའོ། །དང་པོ་ལ་སྔགས་ཀྱི་ཆོ་ག་དང་དེ་རྣམ་པར་བཤད་པའོ། །དང་པོ་ནི། ཡུལ་རྟེན་གཉིས་ཀ་འགྲེང་སྟེ། ལྷུང་བཟེད་གཉིས་ཀའི་ལག་པ་གཡོན་པའི་མཐིལ་དུ་བཞག་གཡས་པས་ཁ་བཀབ་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ། དྲང་སྲོང་གི་སྣོད་འདི། བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །གཉིས་པ་ལ་དགོས་པའི་དོན་ནི། ལྷུང་བཟེད་མེད་ན། ལྷུང་བཟེད་དང་མི་ལྡན་པའི་ཉེས་པ་འབྱུང་ལ། ཡོད་ཀྱང་བྱིན་གྱིས་མ་བརླབས་ན་ལྷུང་བཟེད་འཆང་བ་འབྱུང་བས་དེ་བསལ་བའི་དོན་དུ་ཡིན་ནོ། །དེ་ཡང་ལྷུང་བཟེད་བྱིན་བརླབས་ལ་ནི་རྣམ་པ་གཉིས་ཏེ། དངོས་ཀྱི་བྱིན་བརླབས་དང༌། རྣམ་བརྟགས་ཀྱི་བྱིན་བརླབས་སོ། །དང་པོ་ནི། ལྷུང་བཟེད་དང་མི་ལྡན་པའི་ཉེས་པ་ཁེགས་ཤིང༌། བྱིན་གྱིས་མ་བརླབས་པའི་ལྷུང་བཟེད་ཞག་བཅུ་ལས་འདས་པར་འཆང་བའི་ཉེས་པ་ཡང་ཁེགས་ལ། གཉིས་པས་ནི། ལྷུང་བཟེད་ཞག་བཅུ་འཆང་བའི་ཉེས་པ་ཁེགས་པ་ཡིན་ནོ། །རྣམ་བརྟགས་ལ་ཡང་གཉིས་ཏེ། ཆོ་གའི་སྒོ་ནས་རྣམ་པར་བརྟགས་པའི་བྱིན་བརླབས་དང༌། གཞན་ལ་བསམ་པ་ཐག་པ་ནས་བསྔོ་ངེས་པ་ཙམ་གྱི་རྣམ་པར་བརྟགས་པའོ། །ཆོས་གོས་ལ་ཡང་བྱིན་བརླབས་འདི་གཉིས་ཡོད་མོད། ཡོ་བྱད་གསུམ་པོ་སོ་སོའི་བྱིན་བརླབས་དང་དོན་གཅིག་པ་ཡིན་ནོ། །དོན་འདི་ལ་བསམས་ནས་བོད་ཀྱི་འདུལ་འཛིན་ཁ་ཅིག ལྷུང་བཟེད་ལ་ཡང་འཚོ་བའི་ཡོ་བྱད་དང་ལྷག་པའི་ཡོ་བྱད་གཉིས་སུ་འབྱེད་པ་ཡོད་དོ། །གཉིས་པ་བསྡུས་པའི་དོན་ནི། གང་ཟག་གི་ལས་ཀྱི་རྐང་གྲངས་སུ་བཤད་ཟིན་པ་དེ་ཡིན་ནོ། །གསུམ་པ་ཚིག་གི་དོན་ནི། ལྷུང་བཟེད་དེ་བྱིན་གྱིས་རློབ་པའི་ཚེ། མཚམས་ནང་དེ་ན་ཡོད་པའི་དགེ་འདུན་ལ། བསྟན་ནས་བྱིན་གྱིས་རློབ་དགོས་ཏེ། ཇི་སྐད་དུ། ལྷུང་བཟེད་ཀྱང་མི་ཆུང་ངམ། མི་ཆེའམ། མི་སྐྱའམ་ཞེས་དགེ་འདུན་ལ་བསྟན་ནས་སོ་ཞེས་གསུངས་སོ། །འདི་དང་པོ་བསྙེན་པར་རྫོགས་པ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་ཏེ། ཕྱིས་ཀྱང་དགག་བྱ་དང་དགོས་པ་མཚུངས་པའི་ཕྱིར། དེའི་ཕྱིར་བྱིན་གྱིས་བརླབས་པའི་སྔགས་ཆོག་ལས། བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་ཞེས་ལྷུང་བཟེད་ཀྱི་སྐབས་སུ་མི་འབྱུང་བ་ནི། ལྷུང་བཟེད་དགེ་འདུན་ལ་བསྟན་པ་སྔོན་དུ་སོང་བའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལྟར་མ་ཡིན་ན་གོས་བྱིན་གྱིས་བརླབས་པའི་སྔགས་ཆོག་ལས་དེ་ལྟར་འབྱུང་ལ། འདིར་མི་འབྱུང་བའི་ཁྱད་པར་གང་ཡིན་སྟོན་དགོས་སོ། །ཡང་ན་གོས་ལ་ནི་གོས་ཀྱི་དབྱིབས་སུ་མ་གྲུབ་པ་དང༌། མ་ཟིན་པ་དང༌། མི་རུང་བ་ཁྱིམ་པའི་གོས་དང༌། སྤུ་ཅན་ལྟ་བུ་དང༌། ཁྱད་པར་མི་འོས་པ་ཁྲུ་གང་ཙམ་ལ་ཡང་གོས་ཀྱི་བྱིན་བརླབས་འཆགས་པ་ཡོད་ལ། ལྷུང་བཟེད་ལ་ནི་དེ་ལྟ་བུ་མེད་པ་དེ་སྔགས་ཆོག་གཉིས་ལས། བགྱིས་ལགས་པ་ཞེས་སོགས་འབྱུང་མི་འབྱུང་གི་ཁྱད་པར་ཡིན་ལ། དེའི་ཕྱིར་ལྷུང་བཟེད་ལ་ལྟོས་པའི་མཁོ་བའི་ཡོ་བྱད་ཆ་མཐུན་པའི་བྱིན་བརླབས་མ་བཤད་པ་ཡིན་ནོ། །གཉིས་པ་ཞར་བྱུང་གི་བྱིན་བརླབས་འབྱུང་བའི་ཚུལ་ལ། ཆོས་གོས་ཀྱི་བྱིན་བརླབས་འབྱུང་ཚུལ་དང༌། ལྷུང་བཟེད་ཀྱི་བྱིན་བརླབས་འབྱུང་ཚུལ་ལོ། །དང་པོ་ནི། བྱིན་བརླབས་འཇིག་པའི་རྒྱུ་གཞན་མ་བྱུང་ན་སྔགས་ཀྱིས་དབྱུང་དགོས་པས། དེའི་སྔགས་ཀྱི་ཆོ་ག་ནི། ཡུལ་རྟེན་གཉིས་ཀ་འགྲེང་བའི་སྤྱོད་ལམ་གྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བར་སྤྱད་པར་འོས་པ་འདི། ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་པ་ལས། དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ་ཐབས་ལེགས་བྱའོ། །འཚོ་བའི་ཡོ་བྱད་ལྷག་མ་དང༌། ལྷག་པའི་ཡོ་བྱད་དང༌། མཁོ་བའི་ཡོ་བྱད་ཀྱི་བྱིན་བརླབས་དབྱུང་བ་ལ་ཡང༌། རིགས་པ་དེས་མཚོན་ནས་ཤེས་པར་བྱའོ། །དགོས་པའི་དོན་ནི། བྱིན་གྱིས་བརླབ་པ་སྔ་མ་ཆགས་ལ། མ་ཕྱུང་ན་བྱིན་བརླབས་ཕྱི་མ་མི་འཆགས་པས་དེ་ཆགས་པའི་ཆེད་ཡིན་ནོ། །བྱིན་གྱིས་བརླབ་པ་དང་དབྱུང་བ་གཉིས་ཀ་ལ། ཡུལ་དགེ་སློང་མེད་ན་རང་གཅིག་པུས་འགྲུབ་ལ། བྱིན་གྱིས་བརླབ་པར་བྱ་བའི་དངོས་པོ་ནི་དངོས་སུ་དགོས་ཤིང༌། དབྱུང་བ་ལ་ནི་དངོས་པོ་དེ་དངོས་སུ་ཡོད་ངེས་པར་མི་དགོས་ཏེ། ཇི་སྐད་དུ། གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱི་ཕྱུང་སྟེ་བྱིན་གྱིས་བརླབ་པ་ནི་ཆོ་གའི་རྣམ་པའོ་ཞེས་བཤད་པས་སོ། །ཞར་ལ་འདི་དཔྱད་པར་བྱ་སྟེ། འདུལ་བ་འཛིན་པ་འབྲི་ཁུང་པ་ན་རེ། ཞྭ་དང་སྐེ་རགས་དང་སྟན་ལ་སོགས་པ་རྣམས་རང་མིང་གིས་བྱིན་གྱིས་རློབ་ལ། དབྱུང་བའི་ཚེ་ཡང་ཞྭ་དང་སྐེ་རགས་ལ་སོགས་པའི་བྱིན་བརླབས་མི་འཆགས་པ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་ཤིན་ཏུ་ནོར་བ་ཡིན་ཏེ། རང་མིང་གིས་བྱིན་གྱིས་བརླབས་པའི་གོས་ལ་འཚོ་བའི་ཡོ་བྱད་བཅུ་གསུམ་འདུས་པའི་ཕྱིར་རོ། །ཞྭ་དང་སྐེ་རགས་སོགས་ལ་འཚོ་བའི་ཡོ་བྱད་ཕྲན་ཚེགས་ཞེས་ཁྱེད་འདོད་མོད། དེའི་ཐ་སྙད་བཏགས་པ་ནི་འདུལ་བའི་གཞུང་འགྲེལ་གང་ན་ཡང་མེད་པའི་ཕྱིར་དང༌། ལྷུང་བཟེད་ཀྱི་ཤུབས་དང༌། རྐང་པའི་འབོབ་དང༌། ལྷྭམ་གྱི་ཡུ་བ་དང༌། ཟླ་གམ་དང༌། ཕྱམ་ཙེ་དང༌། ཕྱར་བུ་སོགས་ཀྱང་རང་མིང་གིས་བྱིན་གྱིས་རློབ་པར་ཧ་ཅང་ཐལ་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱིས་འཚོ་བའི་ཡོ་བྱད་བཅུ་གསུམ་ལས་གང་ཡང་རུང་བ་གཅིག་གི་བྱིན་བརླབས་ཕྱུང་ནས་དེ་ལ་གཞན་གྱི་ནི་བྱིན་བརླབས་བྱེད་པ་དེ་ལ། རྒྱུའི་བྱིན་བརླབས་སུ་འདོད་པ་དེ་ཡང་ཤིན་ཏུ་འཁྲུལ་བ་ཡིན་ཏེ། རྒྱུའི་བྱིན་བརླབས་ཆགས་པ་ལ་གང་དང་གང་ཡིན་པ་དེའི་རྒྱུ་རུང་ཞིང་བསམ་པས་བསྔོས་པ་གཅིག་དགོས་པའི་ཕྱིར་དང༌། སྔགས་རྟེན་གྱི་བྱིན་བརླབས་ཀྱི་ཁྱད་པར་མ་ཕྱེད་པར་སྣང་བའི་ཕྱིར་རོ། །ད་ནི་ཞར་ལ་སྔགས་རྟེན་བྱིན་གྱིས་རློབ་པའི་སྔགས་ཀྱི་ཆོ་ག་ནི་ཁྱིམ་པའི་གོས་ཡན་གོས་ཁྲུ་གང་དུ་ལོངས་པ་གང་ཡང་རུང་བ་གཅིག་ཡུལ་རྟེན་གཉིས་ཀའི་ལག་པར་བཟུང་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་སོ། །ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །ཞར་ལ་འདི་ཤེས་དགོས་ཏེ། སྟན་དུ་གྱུར་པའི་གོས་ཁྲུ་གང་དུ་ལོངས་ཡན་ཆད་ལ། མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་དགོས་ཏེ། གཞན་དུ་ན་གོས་ཞག་བཅུ་འཆང་སྤང་གི་ཉེས་པ་མི་ཁེགས་པའི་ཕྱིར་རོ། །གཉིས་པ་ལྷུང་བཟེད་ཀྱི་བྱིན་བརླབས་དབྱུང་བ་ནི། ཡུལ་རྟེན་གཉིས་ཀའི་ལག་པ་ཡ་རེས་བཟུང་སྟེ་བྱིན་བརླབས་དབྱུང་བའི་སྔགས་ཆོག་བྱའོ། །གཉིས་པ་གོས་ཀྱི་རྒྱུ་བརྟེན་པའི་ཚུལ་ལ། ཆོས་གོས་ཀྱི་རྒྱུ་ནི་གཉིས་ཏེ། དར་དང་རས་ལ་སོགས་པ་གོས་དངོས་ཡིན་པ་དང༌། མ་ཡིན་པའོ། །དང་པོ་ནི། ཆོས་གོས་ཀྱི་རྒྱུའི་བྱིན་བརླབས་ལ། དེའི་སྔགས་ཆོག་ནི་སྔར་བསྙེན་རྫོགས་ཀྱི་སྐབས་སུ་བཤད་ཟིན་ཏོ། །ལས་བརྒྱ་རྩར་ཆོས་གོས་གསུམ་ཁོ་ན་ལ་རྒྱུའི་བྱིན་བརླབས་བཤད་ཅིང༌། ཡོ་བྱད་ལྷག་མ་རྣམས་རྒྱུའི་བྱིན་བརླབས་མ་བཤད་པ་ལྟར་མི་དགོས་པ་ཡིན་ཏེ། ཡོ་བྱད་ལྷག་མ་ལ་འབྲལ་སྤང་གི་ཉེས་པ་མ་བཤད་པའི་ཕྱིར་དང༌། གདིང་བ་ལ་ཞག་དུ་མི་ལྡན་པའི་ཉེས་པ་གཅིག་བཤད་ཀྱང་ཉེས་པ་དེ་ཁེགས་པའི་ཡན་ལག་ཏུ་སྔགས་རྟེན་བྱིན་གྱིས་རློབ་པ་དང༌། རྒྱུའི་བྱིན་བརླབས་མ་བཤད་པའི་ཕྱིར་དང༌། དང་པོ་བསྙེན་རྫོགས་ཀྱི་ཚེ་ཡང་ཆོས་གོས་གསུམ་ཁོ་ན་ཁོ་ན་ལ་བྱིན་བརླབ་གསུམ་པོ་གང་རུང་བྱས་ནས། བསྒྲུབ་བྱ་ལ་སྟེར་དགོས་པར་བཤད་ལ། ཡོ་བྱད་ལྷག་མ་གཞན་ལ་དེ་ལྟར་དགོས་པའི་བཤད་པ་མེད་པའི་ཕྱིར། དེ་ལྟར་ན་དིང་སང་ལག་ལེན་པ་དག་བསྙེན་རྫོགས་ཀྱི་ཚེ་མཁན་པོས་གདིང་བ་ཚིག་གིས་སྒོ་ནས་སྟེར་བ་ཙམ་བྱེད་པ་ལ་ནི་དགོས་པ་དང་བཤད་པ་གང་ཡང་མེད་དེ། ཡོ་བྱད་ལྷག་མ་རྣམས་ལ་ཡང་ཧ་ཅང་ཐལ་བའི་ཕྱིར་དང༌། བྱིན་གྱིས་མ་བརླབས་པར་གཏད་པ་ཙམ་གྱིས་དགོས་པ་མི་འགྲུབ་པའི་ཕྱིར་དང༌། ཆོས་གོས་བཞིན་དུ་གདིང་བ་ཡང་མཁན་པོས་བྱིན་གྱིས་བརློབ་པ་དགོས་པ་མ་ཡིན་པའི་ཕྱིར་རོ། །གོས་ཀྱི་རྒྱུ་གཉིས་པ་ལ། རིན་པོ་ཆེའི་ཆར་གཏོགས་དང་བཅས་པ་ཡིན་པ་དང༌། དེ་མ་ཡིན་པའོ། །དང་པོ་ལ་ནི། སྔར་བཤད་པའི་རུང་བ་གསུམ་པོ་གང་རུང་བྱས་ནས་བཅང་བར་བྱ་སྟེ། གཞན་དུ་ན་རིན་པོ་ཆེ་ལ་རེག་པའི་སྤང་བར་གཏོགས་པའི་ཉེས་པ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། རྟ་དང༌། གླང་པོ་དང༌། གོ་ཆ་དང༌། མཚོན་ཆ་དང༌། ཞིང་དང༌། ཁང་པ་དང༌། སྨན་དང༌། འབྲས་བུའི་ཁྱད་པར་སྣ་ཚོགས་པ་རྣམས་དེ་དག་ལ་ནི་རུང་བའི་ཁྱད་པར་གང་ཡང་མ་བྱས་པར་ཟས་དང་གོས་ཀྱི་ཆེད་དུ་དགེ་སློང་གིས་བདག་གིར་བཟུང་བ་ཙམ་ལ་ཉེས་པ་ཡོད་པར་མ་བཤད་དོ། །གཉིས་པ་སྨན་བརྟེན་པའི་ཚུལ་ལ། སྨན་དངོས་ཀྱི་བརྟེན་ཚུལ་དང༌། དེའི་རྒྱུ་བརྟེན་ཚུལ་ལོ། །དང་པོ་ལ། སྨན་གྱི་རྣམ་པར་དབྱེ་བ་དང༌། དེ་བྱིན་གྱིས་རློབ་པའི་ཚུལ་ལོ། །དང་པོ་ལ། འདིར་སྨན་ནི་དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་དུ་གྱུར་པའི་ཁམ་ཟས་གཅིག་ཡིན་ལ། དབྱེ་ན་བཞི་སྟེ། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་བའོ། །ཐུན་ཚོད་དུ་རུང་བ་ལ་གསུམ་སྟེ། རྒྱུ་དུས་སུ་རུང་བ་ལས་སྦྱར་བ་དང༌། ཞག་བདུན་པ་ལས་སྦྱར་བ་དང༌། འཚོ་བཅང་ལས་སྦྱར་བའི་ཐུན་ཚོད་དུ་རུང་བ་རྣམས་སོ། །དུས་སུ་རུང་བའི་སྨན་བྱིན་གྱིས་རློབ་པའི་བཤད་པ་མེད་ཅིང༌། བྱིན་གྱིས་བརླབ་མི་དགོས་ཏེ། སྨན་བྱིན་གྱིས་བརླབས་པའི་དགོས་པ་ནི། སོག་འཇོག་ཁེགས་པའི་ཆེད་ཡིན་ལ། དུས་རུང་ནི་བྱིན་གྱིས་མ་བརླབས་ཀྱང་རང་དུས་མ་འདས་ཀྱི་བར་དུ་སོག་འཇོག་མི་འབྱུང་ལ། རང་དུས་ལས་འདས་ན་བྱིན་གྱིས་བརླབས་ཀྱང་སོག་འཇོག་མི་ཁེགས་པའི་ཕྱིར། སྨན་ཕྱི་མ་གསུམ་བྱིན་གྱིས་བརླབས་ཏེ་ཟ་བ་ནི་ནད་པ་ཁོ་ན་ལ་གནང་བ་ཡིན་ལ། བྱིན་གྱིས་མ་བརླབས་པར་ཟ་བ་ནི་རྟེན་གྱི་གང་ཟག་ནད་པ་ཡིན་མིན་ཐམས་ཅད་ལ་གནང་བ་ཡིན་ནོ། །དེ་ཡང་ཐུན་ཚོད་དུ་རུང་བའི་སྨན་གསུམ་པོ་བྱིན་ལེན་ཅན་བྱིན་གྱིས་མ་བརླབས་པ་སྔ་དྲོ་བྱིན་ལེན་བྱས་ན་གུང་ཚིགས་ཡོལ་ཙམ་དང༌། ཕྱི་དྲོ་བྱིན་ལེན་བྱས་ན་ཐུན་ཚོད་ལས་འདས་ཙམ་གྱིས་སོག་འཇོག་ཏུ་འགྱུར། རྒྱུ་ཞག་བདུན་པ་ལས་སྦྱར་ཏེ་ཞག་བདུན་མ་འདས་ཀྱི་བར་དུ་སོག་འཇོག་ཏུ་མི་འགྱུར། རྒྱུ་འཚོ་བཅང་ལས་སྦྱར་བ་དེ་སོག་འཇོག་ཏུ་མི་སྲིད་དོ། །ཡང་ཞག་བདུན་པ་དང་འཚོ་བཅང་གི་སྨན་བྱིན་ལེན་ཅན་བྱིན་གྱིས་མ་བརླབས་པ་དེ་ཐུན་ཚོད་ལས་འདས་པའི་ཚེ་ན་སོག་འཇོག་ཏུ་འགྱུར་བ་ཡིན་ཏེ། ཇི་སྐད་དུ། སྔ་དྲོ་པའི་བྱིན་ལེན་བྱས་པ་ཕྱི་དྲོ་པའི་ཟས་སུ་དང་དེ་ཐུན་ཚོད་ལས་འདས་པ་ལྟ་བུ་ནི་སོག་འཇོག་བྱས་པ་ཡིན་ནོ་ཞེས་དང༌། འགྲེལ་པར་དེ་ཞེས་བྱ་བ་ནི་ཕྱི་དྲོ་པའི་ཟས་དེ་ཐུན་ཚོད་དུ་རུང་བའི་ཟས་སོ། །དེ་ཡང་སྦྱིན་ལེན་བྱས་ནས་བྱིན་ལེན་དེ་ཉིད་མ་བཤིག་པར་ཐུན་ཚོད་ལས་འདས་པའི་དུས་སུ་ཐལ་ན་སོག་འཇོག་བྱས་པ་ཡིན་ཏེ། ཞེས་བཤད་པའི་ཕྱིར་རོ། །དུས་རུང་གི་སྨན་ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ལས་འདས་ཀྱང་སོག་མི་འཇོག་ཏུ་མི་འགྱུར་རོ། །མདོར་ན་སྨན་ཕྱི་མ་གང་ཡིན་ཀྱང་བྱིན་གྱིས་མ་བརླབས་པ་སྦྱིན་ལེན་བྱས་ཤིང་མ་བཤིག་པར་གུང་ཚིགས་ལས་འདས་ན་སོག་འཇོག་ཏུ་འགྱུར་བས། རྒྱུ་དུས་རུང་ལས་སྦྱར་བའི་ཐུན་ཚོད་དུ་རུང་བའི་བཏུང་བ་བྱིན་གྱིས་རློབ་དགོས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་བྱིན་གྱིས་བརླབས་པ་ལ་དགོས་པ་མེད་པར་འགྱུར་ཏེ། བྱིན་གྱིས་མ་བརླབས་ཀྱང་ཐུན་ཚོད་མ་འདས་ཀྱི་བར་དུ་སོག་འཇོག་ཏུ་མི་འགྱུར་ལ། བྱིན་གྱིས་བརླབས་ཀྱང་ཐུན་ཚོད་ཀྱི་མཐའ་ལ་སོག་འཇོག་ཏུ་འགྱུར་བའི་ཕྱིར་རོ། །འོ་ན་སྨན་ཕྱི་མ་གསུམ་བྱིན་གྱིས་བརླབ་པ་ལ། རང་དུས་ལས་མ་འདས་ཀྱི་བར་དུ་སོག་འཇོག་མི་འབྱུང་བས་ཁྱབ་བམ་ཞེ་ན། རང་ལས་མ་འདས་པར་ཡང་སོག་འཇོག་ཏུ་འགྱུར་བ་ཡོད་དེ། ཇི་སྐད་དུ། རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་སོག་འཇོག་བྱས་པ་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །འདི་ཡང་སོག་འཇོག་གི་སྤང་བ་ནི་མ་ཡིན་ཏེ། སྤང་བར་འགྱུར་བའི་ཡན་ལག་རྣམས་མ་ཚང་བའི་ཕྱིར་རོ། །དེ་ལྟ་ན་ཡང་རོ་སླར་གྱུར་པ་དེ་བཟའ་བའི་ཕྱིར་འཆང་ན་སོག་འཇོག་གི་ཉེས་བྱས་སུ་འགྱུར་བ་ཡིན་ཏེ། ཇི་སྐད་དུ་རྒྱ་ཆེར་འགྲེལ་པར། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། འཚོ་བའི་བར་དུ་བཅང་བ་མི་རུང་བ་ཉིད་དུ་གྱུར་པ་དག་བཟའ་བའི་ཕྱིར་འཆང་བ་ལ་ཡང་འདིར་གཏོགས་པའི་ཁ་ན་མ་ཐོ་བ་འབྱུང་བ་ལ་བྱེ་བྲག་འགའ་ཡང་མེད་དེ་ཞེས་བཤད་པས་སོ། །སྤང་བར་ནི་མི་འགྱུར་ཏེ། བྱིན་ལེན་ཅན་བཟའ་བའི་ཆེད་དུ་བཅང་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འཚོ་བཅང་གི་སྨན་བྱིན་གྱིས་བརླབས་པ་ལ་རང་དུས་ལས་འདས་པའི་སོག་འཇོག་གི་ཁ་ན་མ་ཐོ་བ་འབྱུང་མི་སྲིད་དོ། །འོ་ན་ཐུན་ཚོད་དུ་རུང་བའི་སྨན་བྱིན་བརླབས་མ་ཞིག་པ་ཐུན་ཚོད་ལས་འདས་ན་ཡང་སོག་འཇོག་གི་སྤང་བ་མི་འབྱུང་བར་འགྱུར་ཏེ། གཞུང་དུ་སོག་འཇོག་གི་སྤང་བ་ཞག་བདུན་པ་ཁོ་ན་ལ་བཤད་པའི་ཕྱིར་རོ་སྙམ་ན། དེ་ཉིད་མཚོན་པ་ཙམ་ཡིན་ཏེ། ཐུན་ཚོད་དུ་རུང་སྨན་བྱིན་ལེན་མ་ཞིག་པ་རང་དུས་ལ་འདས་པ་དེ་ཟོས་ན་ལྟུང་བྱེད་དུ་འགྱུར་བའི་ཕྱིར། གང་ཞིག་ཟོས་ན་སོག་འཇོག་གི་ལྟུང་བྱེད་དུ་འགྱུར་བའི་སྨན་དེ་བཟའ་བའི་ཕྱིར་བཅངས་ན་སོག་འཇོག་གི་སྤང་བར་ཡང་འགྱུར་བ་ཡང་ཡིན་ཏེ། ཇི་སྐད་དུ། བཟའ་བར་བྱ་བ་ལྟུང་བ་མ་ཡིན་པ་ཉིན་མཚན་འདས་པ་ནི་འདིར་ཟོས་པ་དང་འདྲ་བར་རྣམ་པར་བཞག་གོ །ཞེས་བཤད་པས་སོ། །སྐབས་འདི་དག་ཏུ་སོག་འཇོག་གི་སྤང་བ་བསྐྱེད་པ་ལ་བཟའ་བའི་ཕྱིར་བཅངས་པ་ཅིག་དགོས་ཏེ། བཟའ་བའི་ཕྱིར་མིན་ན་རང་དུས་འདས་པ་ཙམ་ལ་སོག་འཇོག་གི་ཉེས་བྱས་ལས་མི་བསྐྱེད་པའི་ཕྱིར། དེའི་ཕྱིར་བྱིན་བརླབས་ཅན་རོས་སླར་གྱུར་པ་དེ། བཟའ་བའི་འཆང་བ་དང་ཟ་བ་གཉིས་ཀ་ལ་ཉེས་བྱས་སོ། །འདི་ན་མཁས་པ་མ་ཡིན་པ་གང་དག ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་མ་བརླབས་པ་ལ་འཆང་སྤང་གི་ཉེས་པ་དང༌། ཤན་འབྱུང་བའི་རིགས་པས་སྨན་བྱིན་གྱིས་མ་བརླབས་པ་ལ་ཤན་བརྡེག་བྱེད་དུ་འཇོག་པ་དང༌། བྱིན་གྱིས་བརླབས་པས་ཤན་གྱི་ཉེས་པ་ཁེགས་པར་འདོད་པ་སོགས་སྣང་ཡང་མ་བརླབས་པའི་བབ་ཅོལ་ཡིན་པས་རྣ་བ་གཏད་པར་མི་བྱའོ། །གཉིས་པ་བྱིན་གྱིས་བརླབས་ནས་བཅང་བའི་ཚུལ་ལ། སྔགས་ཀྱི་ཆོ་ག་དང་དེ་རྣམ་པར་བཤད་པའོ། །དང་པོ་ནི། རྟེན་གྱི་དགེ་སློང་ནད་པས་བྱིན་གྱིས་བརླབ་པར་བྱ་བའི་སྨན་ལག་ཏུ་བཟུང་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཐུན་ཚོད་དུ་རུང་བ་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བཟླས། ཐབས་ལེགས་བྱའོ། །གཉིས་པ་ལ་དགོས་པའི་དོན་ནི་སོག་འཇོག་གི་ཉེས་པ་མི་འབྱུང་བར་བྱ་བའི་ཕྱིར་ཡིན་ཏེ། ཇི་སྐད་དུ། བྱིན་གྱིས་བརླབ་པ་ལ་སོག་འཇོག་མི་འབྱུང་ངོ༌། །ཞེས་གསུངས་པས་སོ། །བསྡུས་པའི་དོན་ནི། གང་ཟག་གི་ལས་ཀྱི་རྐང་གྲངས་སུ་བཤད་པ་དེ་ཡིན་ནོ། །གསུམ་པ་ཚིག་གི་དོན་ནི། སྨན་ངོ་བོ་དང་ཆོ་གའི་སྒོ་ནས་རུང་བ་བྱིན་ལེན་བྱས་ལ་མ་ཞིག་པ་དུས་ཀྱི་ཁྱད་པར་སྔ་དྲོ་བྱིན་གྱིས་བརླབ་དགོས་པ་ཡིན་ཏེ། བྱིན་ལེན་ཅན་ཕྱི་དྲོ་བྱིན་གྱིས་བརླབས་ནས་སོག་འཇོག་ཏུ་གྱུར་ཟིན་པའི་ཕྱིར་དང༌། ཇི་སྐད་དུ། ཟས་སྔ་མའི་ཚེའོ་བྱིན་ལེན་བྱས་ཏེའོ། །ལག་ཉར་བླངས་པ་དང་སོག་འཇོག་བྱས་པ་དང༌། བྱིན་ལེན་མ་བྱས་པ་དང༌། ནང་དུ་ཞག་ལོན་པ་དང༌། ནང་དུ་བཙོས་པ་དང༌། དགེ་སློང་གིས་བཙོས་པ་དག་ལ་བྱིན་གྱིས་བརླབས་པ་མི་འཆགས་སོ་ཞེས་གསུངས་པས་སོ། །དུས་ཀྱི་ཁྱད་པར་ནི། སྤྱིར་བཏང་དུ་རང་དུས་ཀྱི་མཐའི་བར་དུ་བྱིན་གྱིས་རློབ་ཅིང༌། ལོངས་སྤྱོད་པ་ཡིན་ལ། ཤན་བརྡེག་བྱེད་ཡོད་པ་དང༌། རོ་སླར་གྱུར་ན་ངེས་པ་མ་ཡིན་ཏེ། འགྲེལ་པར་ལུང་དྲངས་པ་ལས། དགེ་སློང་གི་ཚེས་གཅིག་ལ་སྨན་ཞིག་རྙེད་ཅིང་དེས་ཚེས་གཉིས་ལ་ཡང༌། སྨན་གཞན་ཞིག་རྙེད་ན་དགེ་སློང་དེས་ཉི་མ་བདུན་པོ་དེ་ཉིད་ཀྱི་ནང་དུ། སྨན་སྔ་མ་ཤོས་ཡོངས་སུ་ལོངས་སྤྱད་པར་བྱ་ཞིང་ཕྱི་མ་ཤོས་བཏང་བར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ། །ཡོངས་སུ་ལོངས་སྤྱོད་པར་མི་བྱེད་དམ་གཏོང་བར་མི་བྱེད་ན་ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ནས་སྤངས་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །འདི་ན་མཁས་པ་མ་ཡིན་པ་གང་དག ཞག་བདུན་པ་མ་ཡིན་པའི་ཐུན་ཚོད་དུ་རུང་བ་དང༌། འཚོ་བར་དུ་བཅང་བ་ལ་ཤན་འབྱུང་ཚུལ་གྱི་རྣམ་གཞག་ཁས་ལེན་པ་ནི་བཞད་གད་ཀྱི་གནས་སོ། །འོ་ན་ཐུན་ཚོད་དུ་རུང་བའི་བྱིན་བརླབས་དང་ལོངས་སྤྱོད་ཀྱི་མཐའ་ཡང་ཞག་གཅིག་གི་ཐུན་ཚོད་ཀྱི་མཐའ་ཁོ་ནར་ངེས་སམ་ཞེ་ན། རྒྱུ་དུས་རུང་ལས་སྦྱར་བའི་བཏུང་བ་ཡིན་ན་དེར་ངེས་ལ། རྒྱུ་ཞག་བདུན་པ་དང་འཚོ་བཅངས་ལས་སྦྱར་ན་རྒྱུ་དེ་ཉིད་དང་བྱིན་བརླབས་དང༌། ལོངས་སྤྱོད་ཀྱི་མཐའ་མཚུངས་པ་ཡིན་ཏེ། ཇི་སྐད་དུ། དེ་དུས་སུ་རུང་བ་ཉིད་ཡིན་ན་ཐུན་ཚོད་ཀྱི་མཐའི་མཐའ་ཡིན་ནོ། །གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ་ཞེས་གསུངས་པས་སོ། །དེ་ལྟར་ཡང་ཐུན་ཚོད་དུ་རུང་བ་མ་ཡིན་པར་ཐལ་བའི་ཉེས་པ་མེད་དེ། ཇི་སྐད་དུ་འགྲེལ་པ་ལས། དུས་སུ་རུང་བ་མ་ཡིན་པའི་རྫས་ལས་བྱས་པའི་བཏུང་བ་དེ་བཏུང་བ་ཉིད་ཀྱི་ཕྱིར་ནི་དུས་ཐམས་ཅད་པ་ཡིན་པར་ཤེས་པར་བྱ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཡིན་པར་ཤེས་པར་བྱའོ། །ཞེས་བཤད་པས་སོ། །འོན་ཀྱང་བྱིན་གྱིས་བརླབ་པའི་སྔགས་ཆོག་ཏུ་དུས་ཀྱི་ཁྱད་པར་བརྗོད་མི་དགོས་ཏེ། གཞན་དུ་ན་ཞག་བདུན་པ་དང་འཚོ་བཅང་དུ་བྱིན་གྱིས་བརླབ་པར་ཐལ་བའི་ཕྱིར་དང༌། སྔགས་ཆོག་ལས་ཀྱང་མ་བཤད་པའི་ཕྱིར། དེ་ལྟར་བྱས་ན་བཏུང་བ་ཉིད་ཀྱི་ཕྱིར་ནི་ཞེས་སོགས་ཀྱི་འགྲེལ་པའི་དགོངས་པས་རྒྱུ་ཞག་བདུན་པ་ལས་སྦྱར་བའི་བཏུང་བ་དེ་ཞག་བདུན་པར་བྱིན་གྱིས་རློབ་པ་མ་ཡིན་ཏེ། བྱིན་གྱིས་བརླབ་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཉིད་ཡིན་པའི་ཕྱིར། དེ་ལྟ་ན་ཡང་ཐུན་ཚོད་ལས་འདས་ནས་ལོངས་སྤྱད་དུ་མི་རུང་བ་མ་ཡིན་ཏེ། བཏུང་བ་ཉིད་ཀྱི་ཕྱིར་ནི་དུས་ཐམས་ཅད་པ་ཡིན་པའི་ཕྱིར། འོ་ན་ཁ་ཅིག་ན་རེ་མ་གྱུར་ན་དེ་ཡིན་ཞེས་སོགས་ཀྱི་རྩོད་ལན་དང་འགལ་བར་འགྱུར་རོ་ཞེ་ན། རྩོད་ལན་དེའི་དོན་ཡང་འགྲེལ་པ་ལྟར་ན་འདི་ཡིན་ཏེ། རྒྱུ་ཞག་བདུན་པ་ལས་སྦྱར་བའི་བཏུང་བ་ཞག་བདུན་གྱི་གོང་དུ་རོ་སླ་འགྱུར་རུང་དེ་ཐུན་ཚོད་ཀྱི་མཐའ་ལས་ལྷག་པ་ཉིད་དུ་བྱིན་གྱིས་མི་རློབ་ཅིང་ལོངས་སྤྱོད་པར་ཁས་བླངས་པ་ལ། འདུལ་བ་འཛིན་པ་ཁ་ཅིག་ན་རེ། བཏུང་བ་དེའི་ལོངས་སྤྱོད་མཐའ་གང་ཡིན་པ་དེ་བྱིན་བརླབས་ཀྱི་མཐའ་ཡང་ཡིན་ནོ་ཞེས་ཟེར་རོ། །འོ་ན་དེ་ལྟ་བུའི་བཏུང་བ་དེ་བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་པར་འགྱུར་ཏེ། ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་ཡང་བྱིན་གྱིས་མི་རློབ། དེ་ལས་ལྷག་པར་ཡང་བྱིན་གྱིས་མི་རློབ་པའི་ཕྱིར། རྟགས་སྔ་མ་ཁས་བླངས། ཕྱི་མ་མ་གྲུབ་ན། ཞག་བདུན་པར་བྱིན་གྱིས་རློབ་བམ། གང་རོ་དང་སླ་བ་ཉིད་འགྱུར་བའི་སྐད་ཅིག་མ་དེ་ཚུན་ཆད་དུ་བྱིན་གྱིས་རློབ། དང་པོ་མི་འཐད་དེ། བཏུང་བ་དེའི་ལོངས་སྤྱོད་ཀྱི་མཐའ་ལས་དུས་ལྷག་པ་ལ་བྱིན་བརླབས་མི་འཆགས་པའི་ཕྱིར། གཉིས་པ་ལྟར་ཁས་ལེན་ན་ཡང་མི་འཐད་དེ། དེ་འདྲའི་དུས་དེ་སྐྱེས་བུ་ཕལ་པ་མངོན་ཤེས་མེད་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར། ཞེས་པའི་དོན་ཡིན་ནོ། །འོ་ན་ཉེས་པ་རང་ལ་མཚུངས་པ་མིན་ནམ་ཞེ་ན། མི་མཚུངས་ཏེ། ཐུན་ཚོད་དུ་རུང་བ་མི་མཚུངས་པ་ནི་བཤད་མ་ཐག་པ་དེས་གྲུབ་ལ། སྨན་ཕྱི་མ་གཉིས་ལ་མི་མཚུངས་པ་ནི་སྨན་གཉིས་པོ་གང་རུང་ཡིན་ན་བཏུང་བ་མ་ཡིན་དགོས། བཏུང་བ་མ་ཡིན་པ་ལ་རོ་དང་སླ་བ་ཉིད་འགྱུར་བའི་རྣམ་གཞག་ཁས་མ་བླངས་པའི་ཕྱིར་རོ། །སྤྱིར་ཞག་བདུན་པ་ལས་སྦྱར་བའི་ལྟུང་བ་ཞག་བདུན་པར་བྱིན་གྱིས་རློབ་པ་ནི། ལུང་གི་དགོངས་པ་མ་ཡིན་ཏེ། གཞན་དུ་ན་དེ་ཆོས་ཅན། ཞག་བདུན་པར་ཐལ། ཞག་བདུན་པར་བྱིན་གྱིས་རློབ་རུང་གི་སྨན་ཡིན་པ་གང་ཞིག འཚོ་བཅང་གི་སྨན་དང་འདྲེས་པའི་སྨན་ནི་མ་ཡིན་པའི་ཕྱིར། དེའི་ཕྱིར་ཊཱི་ཀ་བྱེད་པ་དག་གིས་དེར་བྱིན་གྱིས་རློབ་པའི་ལུང་དྲངས་པ་ནི་ལོག་པར་འཆད་པའོ། །འོ་ན་སྨན་ཕྱི་མ་གཉིས་རང་དུས་ཀྱི་སྔ་རོལ་དུ་སོག་འཇོག་ཅན་དུ་འགྱུར་བ་ཅིག་བཤད་པ་མ་ཡིན་ནམ་ཞེ་ན། ཡིན་མོད་དེ་ནི་སྨན་གཞན་དང་འདྲེས་པ་དང༌། བྱིན་ལེན་ཞིག་པ་སོགས་བཟའ་བའི་ཕྱིར་བཅངས་ན་སོག་འཇོག་གི་ཉེས་བྱས་འབྱུང་བ་ལ་དགོངས་པ་ཡིན་ནོ། །རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་སོག་འཇོག་བྱས་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ཡང་ཐུན་ཚོད་དུ་རུང་བ་ཁོ་ནའི་དབང་དུ་བྱས་པར་འགྲེལ་པས་བཤད་ཅིང༌། རོ་གྱུར་པའི་ཁྱད་པར་ཡང་སྐྱུར་པ་ཙམ་དུ་གྱུར་པ་ཙམ་ལ་མི་བྱའི་རོ་མྱོས་པར་མི་འགྱུར་བ་སྨྱོས་པར་འགྱུར་བ་ཉིད་དུ་སོང་བ་ལ་བཤད་ཅིང༌། མར་གྱི་ཁུ་བ་ཞུན་མར་དུ་སོང་བ་ལྟ་བུ་ནི་སླ་བ་ཡོངས་སུ་གྱུར་པའི་གོ་མི་ཆོད་དེ། དངོས་པོ་གཞན་དུ་མ་གྱུར་པས་བྱིན་ལེན་མ་ཞིག་པའི་ཕྱིར་རོ། །དོན་འདི་དག་བོད་ཀྱི་ཊཱི་ཀ་བྱེད་པ་དག་གིས་ལེགས་པར་མ་བཤད་པས་སླར་ཡང་འགྲེལ་པའི་དགོངས་པ་ལ་ཡང་དང་ཡང་དུ་བརྟག་པར་བྱའོ། །དེ་ལྟར་བརྟགས་པ་ལས་དོན་འདི་བྱུང་སྟེ། རྒྱུ་ཞག་བདུན་པ་དང༌། འཚོ་བཅངས་ལས་སྦྱར་བའི་བཏུང་བ་དེ། ཐུན་ཚོད་དུ་རུང་བ་ཁོ་ནར་བྱིན་གྱིས་རློབས་པ་ཡིན་ཀྱང༌། དེའི་བྱིན་བརླབས་དེ་ཐུན་ཚོད་ཀྱི་མཐའ་འདས་པ་ཙམ་གྱིས་མི་འཇིག་པར། གོ་རིམ་བཞིན་དུ་ཞག་བདུན་དང༌། ཇི་སྲིད་འཚོའི་བར་དུ་གནས་པར་ཁས་བླངས་པ་ལ། ཁ་ཅིག་ན་རེ། མ་གྱུར་ན་དེ་ཡིན་གྱི་གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་རོ། །འོ་ན་སྨན་གྱི་མ་གསུམ་པོ་རང་རང་གི་ལོངས་སྤྱོད་ཀྱི་མཐའ་ལས་དུས་ལྷག་པ་ལ། རང་རང་གི་བྱིན་ལེན་དང༌། བྱིན་བརླབས་བརྟེན་ན་མི་འཆགས་པར་འགྱུར་ཏེ། ཞག་བདུན་གྱི་སྔ་རོལ་དུ་རོ་དང་སླ་འགྱུར་ངེས་ཏེ། དང་པོ་བྱིན་གྱིས་བརླབས་པའི་ཚེ། བྱིན་བརླབས་ཞག་བདུན་དུ་མི་འཆགས་པའི་ཕྱིར། རྟགས་ཁས་བླངས། འདོད་ན། སྨན་ཕྱི་མ་གསུམ་པོ་རེ་རེ་ནས། རང་དུས་ཀྱི་སྔ་རོལ་དུ་ལོངས་སྤྱོད་མ་ཡིན་པར་འགྱུར་རུང་དེ་ཆོས་ཅན། ཁྱོད་བྱིན་གྱིས་མི་རློབ་པར་ཐལ། ཁྱོད་དེར་རློབ་ན་གསུམ་པོ་གང་རུང་དུ་རློབ་དགོས་པ་ལས། དེར་མི་རློབ་པའི་ཕྱིར་ཏེ། དེ་གསུམ་གང་རུང་གི་བྱིན་བརླབས་མི་འཆགས་པའི་ཕྱིར། གལ་ཏེ་གང་ལོངས་སྤྱད་བྱ་མ་ཡིན་པར་འགྱུར་རུང་གི་སྐད་ཅིག་དེ་ཚུན་ཆད་དུ་རློབ་བོ་ཞེ་ན། མ་ཡིན་ཏེ། དེ་མི་རྟོགས་པའི་ཕྱིར་ཞེས་པའོ། །སྤྱིར་སྨན་བཞི་པོ་བྱིན་ལེན་ནམ། བྱིན་བརླབས་ཅན་རང་དུས་འདས་ཙམ་གྱི། བྱིན་ལེན་དང་བྱིན་བརླབས་འཇིག་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། སོག་འཇོག་མི་འབྱུང་བར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཐུན་ཚོད་པར་བྱིན་གྱིས་བརླབས་ཀྱང༌། བྱིན་ལེན་དང་བྱིན་བརླབས་ནི། རང་གི་འཇོག་རྒྱུ་མ་བྱུང་གི་བར་དུ་གནས་པ་ཡིན་ནོ། །ལོངས་སྤྱོད་པ་ནི་རང་དུས་འདས་པ་ཙམ་གྱིས་མི་རུང་བར་འགྱུར་བ་ཡིན་ནོ། །ཞེས་བྱ་བ་འདི་ནི་ལེགས་པར་བཤད་པའི་གཏམ་དུ་བྱ་བ་གཉིས་པ་ཡིན་ནོ། །གཉིས་པ་སྨན་གྱི་རྒྱུ་བརྟེན་པའི་ཚུལ་ལ། སྨན་གྱི་ངོ་བོར་གྲུབ་པ་དང་མ་གྲུབ་པ་གཉིས། དང་པོ་བརྟེན་ཚུལ་ནི། དཔེར་ན་མཐུན་ཚོད་དུ་རུང་བའི་སྨན་དང་ཞག་བདུན་པའི་སྨན་ཟླ་བ་དང་ལོའི་བར་དུ་བརྟེན་དགོས་པའི་དགེ་སློང་གི་སྨན་གཉིས་པོ་རྒྱུ་རྒུན་འབྲུམ་དང་མར་ལྟ་བུ་རྣམས་ལ་བརྟགས་ཀྱི་ཆོ་ག་བྱས་པའི་སྒོ་ནས་བཟའ་བཏུང་ཕྱིར་གྱི་བརྟེན་དགོས་པ་ཡིན་ཏེ། དེ་ལྟ་བུའི་རྒྱུ་བཅང་ནི་དགོས་ལ་བྱིན་ལེན་བྱས་ན་སོག་འཇོག་ཏུ་འགྱུར་ཞིང༌། རྣམ་བརྟགས་ཀྱི་ཆོ་ག་མ་བྱས་ན་བཟའ་བཏུང་གི་ཕྱིར་བཅངས་པ་ཡིན་པས་སོག་འཇོག་གི་ཉེས་བྱས་བསྐྱེད་པའི་ཕྱིར། དཔེར་ན་གསེར་ལ་སོགས་པའི་རིན་པོ་ཆེ་ཟས་གོས་ཀྱི་ཆེད་དུ་རུང་བ་བྱས་ནས་བཅང་དགོས་པ་བཞིན། དེ་སྐད་དུ་ཡང་འགྲེལ་ཆེན་ལས། བྱིན་གྱིས་བརླབས་པ་ནི་ཞག་བདུན་ལས་འདས་པར་འཆང་དུ་ཟིན་ཀྱང་ཉེས་པ་མེད་དེ་རུང་བའི་ཕྱིར་གསེར་ལ་སོགས་པ་དང་འདྲའོ་ཞེས་བཤད་པས་སོ། །རུང་བའི་ཕྱིར་ཞེས་པ་རུང་བ་བྱས་པ་ལ་དགོངས་སོ། །དེ་ལྟར་བྱས་ན་སྨན་གྱི་སྐབས་འདིར་འདི་ལྟར་བཤད་ན་གོ་བདེ་བར་འགྱུར་ཏེ། འཚོ་བའི་ཡོ་བྱད་དང་རྗེས་སུ་མཐུན་པའི་སྨན། ལྷག་པའི་ཡོ་བྱད་དང་རྗེས་སུ་མཐུན་པའི་སྨན་མཁོ་བའི་ཡོ་བྱད་དང་རྗེས་སུ་མཐུན་པའི་སྨན་ནོ། །དང་པོ་ནི། སྨན་བཞི་པོ་གང་རུང་གི་ངོ་བོ་གྲུབ་ཟིན་པ། རྒྱུ་ཚད་ལྡན་རང་མིང་གིས་བྱིན་གྱིས་རློབ་པར་འོས་པ་རྣམས་སོ། །གཉིས་པ་ནི། སྨན་དེ་དང་འདྲ་བ་ལྷག་པོ་རིགས་མཐུན་པ་གཉིས་པ་རྣམས་ཏེ་རང་མིང་གིས་བྱིན་གྱིས་བརླབས་ན་ཤན་སྟོངས་ཀྱིས་སོག་འཇོག་གི་རྒྱུར་འགྱུར་བ་དང༌། ཤན་གྱི་རྒྱུ་མ་ཡིན་ཡང་རང་གིས་བྱིན་གྱིས་བརླབས་ན་མྱུར་དུ་སོག་འཇོག་ཅན་དུ་འགྱུར་བས་མཁན་པོ་ལ་སོགས་པ་གཞན་ལ་ཡིད་གཏད་དེ་བཅང་དགོས་པ་ཡིན་ནོ། །འདི་ཡང་གཙོ་བོར་ཞག་བདུན་པ་དང་ཐུན་ཚོད་དུ་རུང་བ་ལ་རྩི་ལ། འཚོ་བཅང་ལ་ཡང་མི་སྲིད་པ་མིན་ཏེ། འཚོ་བཅང་གི་སྨན་བྱིན་གྱིས་བརླབས་ན་བྱིན་གྱིས་བརླབས་ནས་ཤི་བའི་དགེ་སློང་དེའི་སྨན་དེ་དགེ་སློང་གཞན་ལ་རུང་བ་མ་ཡིན་པའི་ཕྱིར། དེས་ན་འཚོ་བཅང་གི་སྨན་ཡང་ཚོད་ཟིན་པར་བྱིན་གྱིས་བརླབས་དགོས་པ་ཡིན་ནོ། །གསུམ་པ་ནི་རྒུན་འབྲུམ་དང་བུ་རམ་དང༌། ཨ་རུ་ར་ལ་སོགས་པ་རང་རང་གི་ངོ་བོ་གྲུབ་ཟིན་པ་སྨན་བཞི་པོ་གང་གི་རྒྱུར་འགྲོ་མ་ངེས་པ། གང་ལ་གང་མཁོའི་ཡོ་བྱད་ཀྱི་བྱིན་བརླབས་མ་བྱས་པར་བཟའ་ཕྱིར་དུ་བཅངས་ན་སོག་འཇོག་གི་ཉེས་པར་འགྱུར་བའི་ཕྱིར། དེ་སྐད་དུ་ཡང་འགྲེལ་ཆེན་ལས། འདི་ལྟར་བྱིན་ལེན་མ་བྱས་པ་དང༌། རུང་བ་མ་ཡིན་པ་མི་ཤ་ལ་སོགས་པ་དང༌། རུང་བ་མ་ཡིན་པ་དང་འདྲེས་པ་དང༌། བརྟག་པ་གཞན་དང་འདྲེས་པ་འཆང་བ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ་ཞེས་བྱིན་ལེན་མ་བྱས་པའི་སྨན་རུང་བ་མ་བྱས་པར་བཟའ་ཕྱིར་དུ་འཆང་བ་ལ་སོག་འཇོག་གི་ཉེས་པ་འབྱུང་བར་བཤད་པའི་ཕྱིར། འོ་ན་དུས་རུང་གི་ཟས་ལ་ཧ་ཅང་ཐལ་བར་མི་འགྱུར་རམ་ཞེ་ན། དུས་རུང་གི་ཟས་ཡོངས་སུ་གྲུབ་ཟིན་པ་རྣམས་ལ་ནི་དེ་ལྟར་ཐལ་བ་འདོད་ལ། ཡོངས་སུ་མ་གྲུབ་པ་རྣམས་ནི་བྱིན་གྱིས་བརླབ་མི་དགོས་ཏེ། འབྲས་དང་ནས་ལ་སོགས་པ་དང་འདྲའོ། །གཉིས་པ་སྨན་གྱི་རྒྱུ་སྨན་ཡིན་པ་ལ་གཉིས་ཏེ། རིན་པོ་ཆེ་ཆར་གཏོགས་དང་བཅས་པ་ཡིན་པ་དང༌། དེ་མ་ཡིན་པ་གཉིས་སོ། །དང་པོ་ནི། སྔར་བཤད་པའི་རུང་བ་གསུམ་པོ་གང་རུང་གིས་རུང་བར་བྱས་ཏེ་བཅངས་དགོས་ལ། དེ་མ་ཡིན་པ་ཞིང་དང་ཁང་པ་དང༌། རྟ་དང་གླང་པོ་དང༌། གོ་མཚོན་དང༌། གྲོ་ནས་དང་འབྲས་ལ་སོགས་པ་ལ་རུང་བ་དགོས་པའི་བཤད་པ་མེད་ཅིང༌། གོས་དར་དང་རས་ལ་སོགས་པ་རྣམས་ལ་རུང་བ་ཇི་ལྟར་དགོས་པའི་ཚུལ་ནི་སྔར་བཤད་ཟིན་ཏོ། །གསུམ་པ་བདེ་བར་གནས་པའི་རྐྱེན་གནས་མལ་བརྟེན་ཚུལ་ལ། གནས་ཁང་བརྟེན་པའི་ཚུལ་དང༌། སྟན་བརྟེན་པའི་ཚུལ་ལོ། །དང་པོ་ལ་གནས་བྱས་ཟིན་རྙེད་པ་བརྟེན་པའི་ཚུལ་དང༌། གསར་དུ་བསྒྲུབས་ནས་བརྟེན་པའི་ཚུལ་ལོ། །དང་པོ་ལ་རུང་ཁང་བྱ་བའི་ཚུལ་དང༌། དེར་བྱིན་གྱིས་མ་བརླབས་ན་མི་རུང་བའི་གནས་ཁང་དུ་འགྱུར་བའི་ཚུལ་ལོ། །དང་པོ་ལ་དོན་གྱི་ཁོག་ཕུབ་པ་དང༌། སྔགས་ཀྱི་ཆོ་ག་བཤད་པའོ། །དང་པོ་ལ་ཁྱིམ་པའི་གནས་ཁང་དང༌། གཙུག་ལག་ཁང་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་དུ་གྱུར་པའི་གནས་སུ་རུང་ཁང་བྱིན་གྱིས་རློབ་མི་དགོས་ཏེ། གནས་དེ་དག་ཏུ་ཞག་ལོན་པ་དང༌། བཙོས་པ་སོགས་ཀྱི་རུང་བ་མ་ཡིན་པའི་ནང་དུ་བཙོས་པ་དང་ཞག་ལོན་པ་མི་འགྱུར་བའི་ཕྱིར། དེ་ལྟར་ན་གཙུག་ལག་ཁང་ཉེ་འཁོར་དང་བཅས་པའི་ནང་ངམ། ཁྱིམ་པའི་གནས་ཡིན་ཀྱང་དེར་ཁམ་པ་ཞག་ཏུ་མི་གནས་པར་དགེ་སློང་ཁོ་ན་འཇུག་ལྡོག་ལ་དབང་ཆེ་བའི་ཁང་པ་དེར་རུང་ཁང་བྱིན་གྱིས་རློབ་དགོས་པ་ཡིན་ཏེ། བྱིན་གྱིས་མ་བརླབས་པར་གནས་དེར་སྨན་བཞི་པོ་གང་རུང་གིས་ཞག་ལོན་པ་དང་སྨན་འཚོད་པ་དང༌། ཁ་ཟས་གཡོ་བ་ལ་སོགས་པ་བྱས་ན་རུང་བ་མ་ཡིན་པའི་སྨན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། སྔགས་ཀྱི་ཆོ་ག་དང་དེ་རྣམ་པར་བཤད་པའོ། །དང་པོ་ནི། དགེ་སློང་བཞི་ཡན་ཆད་ཚོགས་པའི་དབུས་སུ་ལས་བྱེད་པའི་དགེ་སློང་གི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པ་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པ་འམ། ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམས་གང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་བཅས་པ་ཕྱི་རོལ་ཉེ་འཁོར་འདོམས་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པ་བགྱི་ན་ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་འདོམས་གང་བཅས་པ་ནི། དགེ་འདུན་གྱི་རུང་བའི་ཁང་པར་བགྱི་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ་ལགས་པ་ནང་མཚམས་ཕྱི་རོལ་ཉེ་འཁོར་འདོམས་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། མཚམས་བཙོས་དང་ཞག་ལོན་གྱི་ཉེས་པ་ཁེགས་པའི་དོན་དུའོ། །བསྡུས་པའི་དོན་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱི་རྐང་གྲངས་སུ་བཤད་པ་ཡིན་ནོ། །གསུམ་པ་ཚིག་གི་དོན་ལ། སྤྱིར་རུང་ཁང་བྱིན་གྱིས་རློབ་པའི་ཚུལ་ལ་རྣམ་པ་བཞི་སྟེ། དང་པོ་སོ་ཕག་འདྲེན་པའི་དུས་སུ་རྡོ་བཏེག་པའི་མཐའ་ལས་བྱུང་བའི་བྱིན་གྱིས་བརླབ་པ་དང༌། ཕྱིས་ལས་གསར་བ་དང་བཅས་པའི་དུས་སུ་སེམས་བསྡུས་པའི་མཐའ་ལས་བྱུང་བའི་བྱིན་བརླབས་དང༌། དགེ་སློང་གནས་པ་ཉིད་དང་མ་བྲལ་བའི་ཚེ། གསོལ་བ་དང་གཉིས་ཀྱི་ལས་བྱིན་གྱིས་བརླབ་པ་དང༌། གཙུག་ལག་ཁང་སྟོང་པར་དགེ་སློང་དག་ཕྱིན་པའི་ཚེ་ཕྲལ་ལས་བྱུང་བའི་བྱིན་གྱིས་བརླབ་པའོ། །དང་པོ་གཉིས་ནི། གང་ཟག་གིས་བྱིན་གྱིས་བརླབ་པ་དང༌། གསུམ་པ་ནི་དགེ་འདུན་ཁོ་ནས་བྱིན་གྱིས་བརླབ་པ་དང༌། བཞི་པ་ནི། དགེ་འདུན་ནམ་གང་ཟག་གང་ཡང་རུང་བས་བྱིན་གྱིས་བརླབ་པའོ། །སྔགས་ཀྱི་ཆོ་ག་བཤད་མ་ཐག་པ་འདི་ནི། གསུམ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །གཞན་གསུམ་པོ་ལ་ཡང་གསོལ་གཉིས་ཀྱི་ལས་ཀྱིས་བྱས་ཀྱང་འགལ་བ་མེད་མོད། དེས་ངེས་པར་བྱིན་གྱིས་བརླབ་དགོས་པའི་ཁྱབ་པ་མེད་དོ། །འདུལ་བ་འཛིན་པ་གང་དག ལས་འདི་བྱེད་པའི་སྔོན་རོལ་དུ་གནས་ལ་བློ་མཐུན་དགོས་པར་འདོད་པ་ནི། རྣམ་པར་མ་བརྟགས་པ་ཡིན་ཏེ། བློ་མཐུན་བྱ་བའི་གནས་དེ་རུང་ཁང་གི་གནས་དེ་ཉིད་ཡིན་ནམ། དེ་ལས་གཞན་ཡིན། དང་པོ་མི་འཐད་དེ་རུང་ཁང་གི་གནས་ཡིན་ན་དགེ་འདུན་གྱི་དབང་པའི་གནས་སུ་འགལ་བའི་ཕྱིར། གཉིས་པ་ཡང་མི་འཐད་དེ། རུང་ཁང་དུ་མི་འགྱུར་བའི་ས་ཕྱོགས་སུ་རུང་ཁང་བྱིན་གྱིས་རློབ་པ་འགལ་བའི་ཕྱིར། གཉིས་པ་དེས་རུང་བ་མ་ཡིན་པའི་ས་གཞི་མཚོན་པར་བསྟན་པ་ནི། དགེ་སློང་འཇུག་ལྡོག་ལ་དབང་བའི་གནས་གང་ཞིག་རུང་ཁང་དུ་བྱིན་གྱིས་མ་བརླབས་པ་དེ་ཐམས་ཅད་རུང་བ་མ་ཡིན་པའི་ས་ཕྱོགས་སུ་ཤེས་པར་བྱ་ཞིང༌། རུང་ཁང་དེར་དགེ་སློང་ཞག་ཏུ་གནས་ཀྱང༌། རུང་བའི་ཁང་པ་མི་ཉམས་ལ། དེར་དགེ་སློང་མི་གནས་ཀྱང་རུང་ཁང་དུ་བྱིན་གྱིས་བརླབས་པ་མི་འཇིག་ཅིང་རུང་ཁང་བྱིན་གྱིས་བརླབ་པ་དང་འབྲེལ་བའི་གཙུག་ལག་ཁང་དེར་དགེ་སློང་གཅིག་ཀྱང་མི་གནས་པ་ཞག་དུ་མ་འདས་ན་རུང་ཁང་དུ་བྱིན་གྱིས་བརླབ་པ་ཞིག་པས་སླར་ཡང་བྱིན་གྱིས་བརླབ་དགོས་སོ། །དེའི་རྒྱུ་མཚན་ཡང་གནས་དེར་དགེ་སློང་གཅིག་ཀྱང་མེད་པའི་ཚེ། གནས་དེ་ཐང་སྟོང་པ་བཞིན་དུ་རུང་བའི་ས་གཞིར་སོང་ནས། རུང་ཁང་ཡིན་མིན་གྱི་དབྱེ་བ་མེད། དེར་དགེ་སློང་དག་ལྷགས་པའི་ཚེ། ཐམས་ཅད་མི་རུང་བའི་སར་སོང་བས་འཕྲལ་ལས་བྱུང་བའི་རུང་ཁང་བྱིན་གྱིས་རློབ་པའི་ཆོ་ག་བྱ་དགོས་པའི་ཕྱིར་རོ། །གཉིས་པ་གསར་དུ་བསྒྲུབས་པ་བརྟེན་པའི་ཚུལ་ལ། སྤྱིར་ཁང་པ་གསར་དུ་སྒྲུབ་པའི་ཚུལ་དང༌། བྱེ་བྲག་རུང་ཁང་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། སྔར་ཁང་པ་དང་ཁང་ཆེན་གྱི་སྐབས་སུ་རྒྱས་པར་བསྟན་ཟིན་པ་དེ་ཡིན་ནོ། །གཉིས་པ་ལ། དང་པོ་སོ་ཕག་འདྲེན་པའི་དུས་སུ། བྱིན་གྱིས་བརླབ་པ་ནི། དགེ་སློང་ལག་གི་བླས་ཁང་པ་དེའི་འགྲམ་རྡོ་གཏོང་པ་ན་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང༌། ཚིག་ཏུ་ཡང་བརྗོད་པར་བྱ་བའོ། །གཉིས་པ་ལས་གསར་པ་དང་བཅས་པའི་ཚེ་སེམས་བསྡུས་པར་བྱིན་གྱིས་བརླབ་པ་ནི། ཁང་པ་དེ་རྩིག་པའི་མགོ་བརྩམས་ནས་འཇུག་ཡོངས་སུ་མ་རྫོགས་ཀྱི་བར་གང་ཡང་རུང་བ་ཞིག་ཏུ་ཚེ་དང་ལྡན་པ་དག་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་བསྡུས་ཤིང༌། ཞེས་ལན་གཅིག་ལག་གི་བླས་བརྗོད་པའོ། །གསུམ་པ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའི་ཚེ་ལས་ཀྱི་བྱིན་གྱིས་བརླབས་པ་ནི། རུང་ཁང་དུ་འོས་པའི་ཁང་པ་དེ་གྲུབ་ཟིན་ནས་གནས་དེར་དགེ་སློང་འཇུག་ལྡོག་ལ་དབང་བྱེད་མྱོང་ཞིང༌། སླར་ཡང་མི་བྱེད་ན་རུང་ཁང་དུ་བྱིན་གྱིས་རློབ་མི་དགོས་ཏེ་སྔ་མ་དེ་ཉིད་ཀྱི་རུང་ཁང་དུ་གྲུབ་ཟིན་པའི་ཕྱིར། དེའི་ཕྱིར་གནས་དེར་དགེ་སློང་གནས་པ་ཉིད་མ་བྲལ་བའི་ཚེ་སྔར་བཤད་པའི་གསོ་དགག་གཉིས་ཀྱི་རུང་ཁང་བྱིན་གྱིས་རློབ་པ་ཡིན་ནོ། །བཞི་པ་འཕྲལ་ལས་བྱུང་བའི་རུང་ཁང་བྱིན་གྱིས་བརླབ་པ་ནི། སྔར་རུང་ཁང་དུ་བྱིན་གྱིས་བརླབ་པའམ་མ་བརླབ་པའི་ཁང་པ་སྟོང་པར་དགེ་སློང་དག་ཕྱིན་པ་དང༌། དགེ་སློང་གསུམ་ལ་སོགས་པ་ཇི་སྙེད་ཕྱིན་པ་ཐམས་ཅད་ཀྱི་ཚིག་མཐུན་པར་ཚེ་དང་ལྡན་པ་དག་འདི་ནི་དགེ་འདུན་གྱིས་རུང་བའི་ཁང་པར་འགྱུར་རོ། །ཞེས་ཅིག་ཅར་བརྗོད་པའོ། །རུང་ཁང་གི་བྱིན་བརླབས་ཕྱི་མ་འདི་གཉིས་ནི། རུང་ཁང་གསར་དུ་བཅོས་པ་དང༌། ཁང་པ་བྱས་ཟིན་རུང་ཁང་དུ་སྒྲུབ་པ་གཉིས་ཀ་ལ་འཇུག་གོ །ལུང་ལས་བ་ལང་གི་གནས་ལྟ་བུའི་རུང་ཁང་ཞེས་གསུངས་པ་ནི། མཚམས་ནང་གཅིག་ཏུ་རུང་ཁང་གཅིག་གིས་གཙུག་ལག་ཁང་དུ་མའི་རུང་ཁང་གི་བྱ་བ་བྱེད་པའོ། །འདིར་འདུལ་བ་འཛིན་པ་འབྲི་ཁུང་པ་གཞན་དག་གིས་བྲིས་པའི་གཞུང་ལས། མཚམས་དེའི་ནང་གི་གནས་ཁང་རྣམས་རྩིག་པ་ལ་སོགས་པས་འབྲེལ་ཞིང་བར་དུ་མཚམས་གཞན་མ་ཞུགས་པ་ཡིན་ན། དང་པོར་བློས་ཡོངས་སུ་དཔྱད་ནས་ཅིག་རུང་ཁང་དུ་བསྒྲུབ་པས་ཐམས་ཅད་རུང་ཁང་དུ་འགྱུར་རོ། །ཁང་པ་ཐོག་དུ་མ་རྩེགས་པ་ལ་ནི་ཡང་ཐོག་སྟེང་མའི་བར་མཐོངས་ཀ་ལ་སོགས་པའི་བུ་ག་ནམ་མཁའ་མངོན་སུམ་དུ་འཇུག་པ་ལ་ནི། གནས་ཅིག་རུང་ཁང་དུ་བསྒྲུབས་པས་གཞན་རྣམས་ཀྱང་རུང་ཁང་དུ་འགྱུར་ལ། འོག་ཁང་དུ་དགེ་སློང་ད་ལྟ་གནས་པར་གྱུར་ན་འོག་ཁང་ཉིད་དུ་སྒྲུབ་པའི་ཆོ་ག་བྱའོ་ཞེས་བཤད་དོ། །འདི་ནི་རིགས་པ་མ་ཡིན་ཏེ། གང་རུང་ཁང་དུ་བློས་བཅད་ནས་བྱིན་གྱིས་བརླབས་པ་དེ་ཉིད་རུང་ཁང་དུ་འགྱུར་གྱི། བྱིན་གྱིས་མ་བརླབས་པ་དག་རུང་ཁང་དུ་མི་འགྱུར་བའི་ཕྱིར་དང༌། རུང་ཁང་དུ་བྱིན་གྱིས་བརླབས་པ་དེ་དང་གནས་གཅིག་ཏུ་འབྲེལ་བའི་གཙུག་ལག་ཁང་གི་བང་རིམ་དང༌། སྒོ་ཁང་དང༌། ཁྱམས་དང༌། བསྲོ་ཁང་དང༌། དཔོངས་སའི་རྭ་བ་དག་ཀྱང་རུང་ཁང་དུ་འགྱུར་བ་ཧ་ཅང་ཐལ་བའི་ཕྱིར་དང༌། གསོ་སྦྱོང་གི་གནས་ལ་བློ་མཐུན་བྱས་པའི་གནས་ལ་ཡང་དེ་དང་རིགས་པ་མཚུངས་པ་ཧ་ཅང་ཐལ་བའི་ཕྱིར་དང༌། དེ་ཡང་འདོད་ན། རུང་ཁང་དུ་བྱིན་གྱིས་བརླབས་པ་དེ་ཡང༌། གསོ་སྦྱོང་གི་གནས་སུ་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་གནས་མ་ལ་བརྟེན་པའི་ཚུལ་ལ། ལོངས་སྤྱོད་པའི་ཚུལ་དང༌། གསར་པ་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། ཁྲི་སྟན་ཆེ་མཐོ་གཉིས་མ་གཏོགས་པ་མལ་སྟན་བྱས་ཟིན་རྙེད་པ་ལ་ཅི་འདོད་དུ་ལོངས་སྤྱོད་པར་བྱ་ཞིང༌། དང་དུ་བླང་བར་བྱ་ལ། སྟན་ནང་ཚངས་ཅན་དང༌། རྔས་ནང་ཚངས་ཅན་དང༌། བརླིངས་པའི་སྟན་གོར་བུ་ལ་སོགས་པ་སྟན་དུ་བློས་ཡོངས་སུ་བཟུང་བ་རྣམས་ལ་བྱིན་གྱིས་མ་བརླབས་ཀྱང་གོས་འཆང་བའི་སྤང་བ་ལ་སོགས་པ་ལྟུང་བའི་རྒྱུར་འགྱུར་བ་མ་གསུངས་ལ། དྲེའུ་རྔོག་དང༌། སྟན་འབྱམས་དང༌། གདིང་གཡོགས་དང༌། མལ་སྟན་གྱི་གཡོགས་པ་སོགས་ནི་བྱིན་གྱིས་མ་བརླབས་ན་སྤང་བའི་རྒྱུར་གསུངས་སོ། །གཉིས་པ་སྒྲུབ་པའི་ཚུལ་ལ། རྒྱུའི་ཁྱད་པར་སྲིན་བལ་དང་ལུག་བལ་ནག་པོ་འབའ་ཞིག་དང༌། ཆ་གཉིས་བསྲེ་བ་ལྷག་པ་དང༌། དེས་མཚོན་པ་དེ་དང་འདྲ་བ་དང༌། དེ་བས་བཟང་བའི་མལ་སྟན་གསར་དུ་སྒྲུབ་པ་ཡང་བཀག་ལ། དུས་ཀྱི་ཁྱད་པར་ལོ་དྲུག་གི་ནང་དུ་ངོ་བོ་དང་ཆོ་གའི་སྒོ་ནས་རུང་བའི་སྟན་གཅིག་ཁོ་ན་བྱེད་པར་གནང༌། སྟན་གཉིས་པ་ཅན་གསར་དུ་བྱས་ན་སྤང་བར་གསུངས་སོ། །ཁྲི་དང་ཁྲིའུ་སོགས་ལ་ནི་ཆེ་མཐོ་གཉིས་བཀག་པ་མ་གཏོགས་གཉིས་པ་སོགས་བཀག་པ་མེད་དོ། །ལོ་དྲུག་གི་ནང་དུ་སྟན་གཞན་གཉིས་པ་བྱེད་པའི་གནང་བ་གསོལ་བ་དང་སྦྱིན་པའི་ཆོ་ག་ནི་གོང་དུ་བཤད་ཟིན་ནོ། །ཐོབ་པ་མི་ཉམས་པར་བསྲུང་བའི་སྐབས་ཀྱི་ལག་ལེན་གྱི་ཆོ་ག་གལ་ཆེ་བ་རྣམས་ཀྱི་མཚམས་སྦྱོར་གོ་དོན་དང་བཅས་པ་བཤད་ཟིན་ཏོ། །གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ལ་གཉིས་ཏེ། གླེང་དྲན་ལ་མི་ལྟོས་པའི་ཕྱིར་བཅོས་པའི་ཚུལ་དང༌། གླེང་དྲན་ལ་ལྟོས་ནས་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ལ་ནུས་པ་ཕྱིར་བཅོས་པའི་ཚུལ། མི་ནུས་པ་བྱིན་གྱིས་བརླབ་པའི་ཚུལ་ལོ། །དང་པོ་ལ་འཆབ་ཉེས་ཕྱིར་བཅོས་པའི་ཚུལ་དང༌། ལྟུང་བ་རང་གི་ངོ་བོ་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ལ་འཆབ་ཉེས་མི་འབྱུང་བ་ལ་བསླབ་པ་དང༌། བྱུང་ཟིན་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་འཆབ་ཉེས་མི་འབྱུང་བར་བྱ་བའི་ཕྱིར་དུ་མཐོལ་བ་དངོས་ཀྱི་བྱ་ཚུལ་དང༌། མཐོལ་ཡུལ་མཚན་ཉིད་དང་ལྡན་པ་མེད་པའི་ཚེ་གོ་ཞིང་རིག་པ་ཙམ་བྱ་བའི་ཚུལ་ལོ། །དང་པོ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། མ་མཐོལ་ཞིང་མ་བཤགས་ན་བདག་བདེ་བ་ལ་རེག་པ་ལ་གནས་པར་མི་འགྱུར་རོ། །ལན་གསུམ་བཟླས། མཐོང་སྡོམ་དྲི་ཞིང་ཐབས་ལེགས་བརྗོད་དོ། །འདི་ནི་ཕམ་པ་ནས་ཉེས་བྱས་ཀྱི་བར་ཐམས་ཅད་ལ་ཁྱད་པར་མེད་དོ། །གཉིས་པ་ནི་ཐ་ན་ལྟུང་བ་དེའི་མིང་ཙམ་གོ་བར་བྱ་ཞིང་ཡུལ་གྱི་ཁྱད་པར་ལྟ་བ་དང་མཚན་མཐུན་རང་བཞིན་དུ་གནས་པ་ལ་རིག་པར་བྱ་ཞིང༌། ཡུལ་གྱིས་འཕོངས་པའི་ཚེ་ཆོས་འདི་པའི་ཁྱིམ་པ་དང་དགེ་ཚུལ་སོགས་ལ་རིག་པར་བྱས་ན་ཡང༌། བཅབས་པའི་ཉེས་པ་ཁེགས་ཤིང་ཕམ་ལྷག་གཉིས་ལ་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དུ་འགྱུར་བའི་སྐབས་སྲིད་དོ། །འོ་ན་དགེ་སློང་རེ་རེའི་མདུན་དུ་བརྗོད་པ་ཙམ་གྱིས་འཆབ་ཉེས་ཁེགས་སམ་ཞེ་ན། དེའི་ངེས་པ་མེད་དེ། ཇི་སྐད་དུ། བསྒོ་བ་ལས་བྱུང་བ་རྣམས་དགེ་འདུན་ཐམས་ཅད་ལའོ། །སོ་སོར་བཤགས་པར་བྱ་བ་ནི་གནས་དེར་ཚོགས་པ་ལའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ། །འདི་ནི་སྔགས་དང་འདྲ་བ་མ་ཡིན་ནོ་ཞེས་གསུངས་པས་སོ། །འོ་ན་ལྟུང་བའི་མིང་གོ་བར་བྱ་བ་འདི་དང༌། མཐོལ་ཚུལ་དངོས་བཤད་མ་ཐག་པ་དེ་གཉིས་འཆབ་ཉེས་ཁེགས་པ་ཙམ་གྱི་བྱེད་ལས་ཅན་དུ་མཚུངས་ན། ཁྱད་པར་ཅན་ཅི་ཞིག་ཡོད་ཅེ་ན། བཤད་པར་བྱ་སྟེ་མིང་གོ་བར་བྱས་པ་ཙམ་གྱིས་ནི་འཆབ་ཉེས་ཁེགས་ཀྱང་ལྟུང་བ་རང་གི་ངོ་བོ་འདག་མི་སྲིད་ལ། སྔ་མས་ནི་ལྟུང་བྱེད་འབའ་ཞིག་པ་མན་ཆད་ཀྱི་འཆབ་ཉེས་དང་ལྟུང་བ་རང་གི་ངོ་བོ་གཉིས་ཀ་འདག་པར་ནུས་པའི་ཁྱད་པར་ཡོད་དོ། །འོ་ན། ཉིན་མཚན་ཐ་མ་མིན་པ་ལ་འཆབ་པ་མི་འབྱུང་ངོ་ཞེས་གསུངས་པས། འཆབ་ཉེས་འབྱུང་བ་ལ་མཚན་མོའི་མཐའ་འདས་དགོས་སམ་ཞེ་ན། ལུང་དེ་ནི་སྤོ་བ་སྤྱོད་དགོས་ཀྱི་འཆབ་ཉེས་ཀྱི་དབང་དུ་བྱས་པ་ཡིན་ཏེ། སྤོ་བ་སྤྱོད་པ་ལ་ལྷག་མ་ཞག་ཏུ་བཅབས་པ་དགོས་པའི་ཕྱིར། སྤྱིར་འཆབ་ཉེས་ཙམ་གྱི་དབང་དུ་བྱས་པ་མིན་ཏེ། འཆབ་སེམས་སྐད་ཅིག་མ་ཅིག་སྐྱེས་ན་ལྟུང་བ་དེ་འཆབ་བཅས་སུ་འཇོག་པའི་ཕྱིར། དེ་ལྟ་བུའི་དགེ་འདུན་ལྷག་མ་འཆབ་བཅས་དང༌། སྤང་ལྟུང་འཆབ་བཅས་ཀྱི་འཆབ་ཉེས་ཀྱང་བཤད་མ་ཐག་གི་མཐོལ་ཚུལ་དངོས་དེས་འདག་པ་ཡིན་ནོ། །གཉིས་པ་ལ་ལྟུང་བ་འཆབ་བཅས་ནི་གཉིས་ཏེ། ལྷག་མ་མེད་པའི་ལྟུང་བ་འཆབ་བཅས་དང༌། ལྷག་མ་དང་བཅས་པའི་ལྟུང་བ་འཆབ་བཅས་སོ། །དང་པོ་ནི། ཕམ་པ་འཆབ་བཅས་ཡིན་ལ། དེ་ལ་ནི་ཕྱིར་བཅོས་པའི་ཐབས་མེད་དེ་འཆབ་སེམས་སྐད་ཅིག་མ་ཅིག་སྐྱེས་པ་ཙམ་གྱིས་རྒྱུད་གསོར་མི་རུང་དུ་བྱས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དགེ་འདུན་ལྷག་མའི་འཆབ་བཅས་དང༌། དེ་ལས་གཞན་པའི་ལྟུང་བ་འཆབ་བཅས་སོ། །དང་པོ་ཕྱིར་བཅོས་ཚུལ་ལ། གང་ཟག་ཁྱད་པར་ཅན་གྱི་ཕྱིར་བཅོས་ཚུལ་དང༌། ཁྱད་པར་ཅན་མ་ཡིན་པའི་ཕྱིར་བཅོས་ཚུལ་ལོ། །དང་པོ་ནི། མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཅིག་གི་དྲུང་དུ་བཤད་མ་ཐག་པའི་ཆོ་ག་དེ་ཙམ་གྱིས་ཆོག་པ་ཡིན་ཏེ། ཇི་སྐད་དུ། ངོ་ཚ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་འདག་གོ །ཞེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། ཞག་དང་མ་འབྲེལ་བའི་འཆབ་ཉེས་དང༌། ཞག་ཏུ་ལོངས་པའི་འཆབ་ཉེས་སོ། །དང་པོ་ཕྱིར་བཅོས་པའི་ཚུལ་ནི། བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་ཡིན་ན། མཚམས་ནང་དེ་ན་ཡོད་པའི་དགེ་སློང་ཐམས་ཅད་དང༌། མ་ཡིན་ན་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་གཅིག་གི་དྲུང་དུ། སྔར་བཤད་པའི་ཆོ་ག་དེས་མཐོལ་བར་བྱའོ། །དེས་འཆབ་ཉེས་ཁེགས་ནས་ལྷག་མ་དངོས་ཀྱི་དག་བྱེད་དུ་དབྱུང་བ་དང༌། དབྱུང་བ་ཆགས་པའི་དོན་དུ་མགུ་བ་ནོད་ནས་སྤྱད་པ་ཙམ་གྱིས་ཆོག་པ་ཡིན་ནོ། །དེས་མཚོན་ནས་སྤང་ལྟུང་མན་ཆད་ལ་འཆབ་ཉེས་དང་ཉེས་པ་རང་གི་ངོ་བོ་ཕྱིར་བཅོས་པའི་སྔགས་ཆོག་ཐུན་མོང་དུ་བརྗོད་པས་ཆོག་པ་ཡིན་ཏེ། མཐོལ་ལོ་ཞེས་ལན་གསུམ་གྱི་འཆབ་ཉེས་དང༌། འཆགས་སོ་ཞེས་ལན་གསུམ་གྱིས་ལྟུང་བ་རང་གི་ངོ་བོ་འདག་པའི་ཕྱིར་རོ། །གཉིས་པ་ཞག་ཏུ་ལོངས་པའི་འཆབ་ཉེས་ཀྱི་ཕྱིར་བཅོས་ཚུལ་ནི། སྤོ་བ་གནོས་ནས་ཞག་གྲངས་དང་མཉམ་པར་བཅོས་དགོས་པས། དེ་བྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་ཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་སྤོ་བ་གསོལ་ཏེ། འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་འདྲེས་རྐང་སྦྱར་བར་བྱའོ། །སྤོ་བ་སྤྱོད་བཞིན་པའི་ཚེ་ལྷག་མ་རིགས་འདྲ། གཉིས་པ་བྱུང་ན་གཞི་ནས་བརྩམས་པའི་སྤོ་བ་ནོས་ནས་སྤྱོད་དགོས་པས། དེ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་སྤོ་བ་གསོལ་ནས་དགེ་འདུན་གྱིས་སྤོ་བ་སྩལ་ཏེ། སྤོ་བ་བགྱི་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ཡང་བྱུང་བ་དེའི་སླད་དུ། དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་དགེ་འདུན་གྱི་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་སྤོ་བ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་སོགས་འདྲེས་སྦྱར་བར་བྱའོ། །གཞི་སྤོ་སྤྱོད་བཞིན་པ་ལ་ལྷག་མ་རིགས་འདྲ་གསུམ་པ་བྱུང་ན། ཡང་སྤོ་བ་ནོད་ནས་སྤྱོད་དགོས་པས་དེ་བྱིན་པའི་སྔགས་ནི། གཞན་སྔ་མ་དང་འདྲ་བ་ལ། ཡང་གཞི་ནས་བླངས་པའི་སྤོ་བ་གསོལ་ན་ཞེས་སྦྱར་རོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། དགེ་འདུན་ལྷག་མའི་འཆབ་ཉེས་ཞག་ཏུ་ལོན་པ་རྣམས་འདག་པའི་དོན་ཡིན་ནོ། །བསྡུས་པའི་དོན་ནི། གསོལ་བ་དང་བཞིའི་ལས་ཀྱི་རྐང་གྲངས་སུ་བཤད་པ་དེ་ཡིན་ནོ། །ཚིག་གི་དོན་ནི། སྤྱིར་སྤོ་བ་ཞེས་བྱ་ཞེ་ན། ཁྱད་པར་ཅན་གྱི་གནས་ནས་དམན་པའི་གནས་སུ་སྤོ་བའི་ཕྱིར་སྤོ་བ་ཞེས་བྱ། སྤོ་བ་རང་གི་ངོ་བོ་ནི་དམན་པའི་སྤྱོད་པ་ལྔ་དང་དུ་ལེན་ཅིང་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སློབ་པའོ། །དགེ་འདུན་ལྷག་མའི་ལྟུང་བ་རིགས་འདྲ་བཞི་བསྟུད་དུ་བྱེད་པ་ལ། སྤོ་བ་བཞི་པ་ནི་སྦྱིན་པར་གསུངས་པ་མེད་དེ་དེ་ལྟ་བུ་དེ་ལ་བསྡིགས་པ་ནན་ཏུར་བྱ་བ་གསུངས་པའི་ཕྱིར། འཆབ་ཉེས་དང་བྲལ་བའི་ལྟུང་བ་རང་གི་ངོ་བོ་ཕྱིར་བཅོས་པའི་ཚུལ་ལ། ཕམ་པ་ཆར་གཏོགས་དང་བཅས་པའི་ཕྱིར་བཅོས་ཚུལ་དང༌། དགེ་འདུན་ལྷག་མ་ཆར་གཏོགས་དང་བཅས་པའི་ལྟུང་བ་ཕྱིར་བཅོས་ཚུལ་དང༌། སྤང་ལྟུང་ཕྱིར་བཅོས་ཚུལ་དང༌། ལྟུང་བྱེད་འབའ་ཞིག་པ་སོགས་གསུམ་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ལ། ཕམ་པ་འཆབ་མེད་དངོས་གཞི་ཕྱིར་བཅོས་པའི་ཚུལ་དང༌། ཕམ་པར་གཏོགས་པའི་ཉེས་པ་སྦོམ་པོ་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ནི། དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་མནོས་ཏེ། སྤྱོད་པ་དེ་ཡིན་པས་དེ་བྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དགའ་བྱེད་ཀྱིས་བསླབ་པ་མ་ཕུལ་བར་མི་ཚངས་པ་སྤྱོད་པ་ལས་བྱུང་བའི་ཆོས་བསྟེན་ཀྱང༌། བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབས་པར་མ་བགྱིས་ཏེ། དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་དུ་གསོལ། ཞེས་ལན་གསུམ་བཟླས། དེ་ནི་གསོལ་བ་གདབ་པའི་སྔགས་སོ། །བྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་ལས་བྱུང་བའི་ཆོས་བསྟེན་ཀྱང༌། བཅབས་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མ་བགྱིས་ཏེ། དགེ་སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པའི་འདྲེས་སྦྱར་བར་བྱའོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། འཆབ་ཉེས་དང་བྲལ་བའི་ཕམ་པ་རང་གི་ངོ་བོ་དག་པའི་དོན་དུའོ། །བསྡུས་པའི་དོན་ནི། གསོལ་དང་བཞིའི་ལས་ཀྱི་རྐང་གྲངས་སུ་བཤད་པ་དེ་ཡིན་ནོ། །ཚིག་གི་དོན་ལ། ཅིའི་ཕྱིར་བསླབ་པ་ཞེས་བྱ་ན། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་ཅིང༌། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སློབ་པས་ན་དེ་སྐད་ཅེས་བྱའོ། །བསླབ་པ་རང་གི་ངོ་བོ་ཡང་དེ་ཉིད་ཡིན་ནོ། །ཇི་ལྟར་སློབ་པའི་ཚུལ་ནི། ཇི་སྐད་དུ། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས། དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང༌། ཕྱག་དང་མངོན་པར་ལྡང་བ་དང༌། ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་པ་ནས་དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་པའི་བར་ས་གཞན་ན་གནས་པ་སྤྱོད་པའི་གཞི་ལས་ཇི་སྐད་དུ་གསུངས་པ་རྣམས་སོ། །དུས་ནི་ཇི་སྲིད་འཚོའི་བར་དུ་ཡིན་ལ། གང་ཚེ་དགྲ་བཅོམ་པ་ཉིད་ཐོབ་པ་དེའི་ཚེ་བསླབ་པ་ཞེས་མི་བྱ་སྟེ། འཁྲུལ་པའི་རྒྱུ་འདོད་ཆགས་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །གཉིས་པ་སྦོམ་པོ་ཕྱིར་བཅོས་ཚུལ་ལ། །ལྕི་བ་ཕྱིར་བཅོས་ཚུལ་དང༌། ཡང་བ་ཕྱིར་བཅོས་ཚུལ་གཉིས། དང་པོ་ནི། འཚམས་ནང་དེ་ན་ཡོད་པའི་དགེ་སློང་དྲུག་ཡན་ཆད་ལོགས་སུ་མ་བཅད་པར་ཐམས་ཅད་ལ་བཤགས་དགོས་པ་ཡིན་ཏེ། དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཕམ་པར་གཏོགས་པའི་སྦོམ་པ་ལྕི་བ་མིང་འདི་ཞེས་བགྱི་བ་བྱུང་བ་སྟེ། དེ་དགེ་སློང་གི་དགེ་འདུན་གྱི་མདུན་དུ་མཐོལ་ལོ། །ཞེས་སོགས་ལན་གསུམ་བཟླས་ལ་མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱའོ། །གཉིས་པ་སྤང་བ་ཕྱིར་བཅོས་ཚུལ་ནི། མཚམས་དེར་གཏོགས་པའི་དགེ་སློང་བཞི་ལ་སོགས་པ་ཐམས་ཅད་ལ་བཤགས་པར་བྱ་ལ། དེ་ཡང་མཚམས་ནང་དེ་ན་དགེ་སློང་གསུམ་ལས་མེད་ན། གནས་གཞན་ནས་གཅིག་བོས་ཏེ་བཞིའི་ཚོགས་སུ་ཚང་བར་བྱས་ལ། སྔ་མ་ལ་ཡང་མཚམས་ནང་དེ་ན་དགེ་སློང་ལྔ་ལས་མེད་ན་གཅིག་གནས་གཞན་ནས་བོས་ཏེ་དྲུག་ཚང་བར་བྱའོ། །གཉིས་པ་དགེ་འདུན་ལྷག་མ་ཆར་གཏོགས་དང་བཅས་པ་ཕྱིར་བཅོས་ཚུལ་ལ། དངོས་གཞི་ཕྱིར་བཅོས་ཚུལ་དང༌། ཉེས་པ་སྦོམ་པོ་ཕྱིར་བཅོས་ཚུལ་ལོ། །དང་པོ་ལ། འཆབ་ཉེས་དང་བྲལ་བའི་དགེ་འདུན་ལྷག་མའི་དག་བྱེད་དངོས་ནི་དབྱུང་བ་ཡིན་ལ། དེ་འཆགས་པའི་དོན་དུ་དགེ་སློང་གིས་མགུ་བ་ཞག་དྲུག་ནོད་ནས་སྤྱོད་དགོས་པས། དེ་བྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་ལ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེ་སླད་དུ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱི་བར་གསོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་འདྲེས་སྦྱར་བར་བྱ་བ་ཡིན་ནོ། །མགུ་བ་བྱིན་པ་ལ་གཉིས་ཏེ། སྤོ་བ་བྱས་རྗེས་ཀྱི་མགུ་བ་བྱིན་པ་དང༌། སྤོ་བ་སྤྱོད་མི་དགོས་པར་དང་པོ་ནས་མགུ་བ་བྱིན་པའོ། །བཤད་མ་ཐག་པའི་སྔགས་ཆོག་འདི་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། སྔ་མ་ནི་འདི་དང་ཅུང་ཟད་མི་འདྲ་བར་འབྱུང་ངོ༌། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། དབྱུང་བ་ཆགས་པའི་དོན་དུ་ཡིན་ནོ། །ཅིའི་ཕྱིར་མགུ་བ་ཞེས་བྱ་ཞེ་ན། དགེ་འདུན་ཐུགས་མགུ་བར་བྱེད་པའི་ཐབས་ཡིན་པས་དེ་སྐད་ཅེས་བྱའོ། །རང་གི་ངོ་བོ་ནི། དམན་པའི་སྤྱོད་པ་ལྔ་དང་དུ་ལེན། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སློབ་པའོ། །དུས་ཀྱི་ཁྱད་པར་ནི་ཞག་དྲུག་གོ །བསྡུས་པའི་དོན་ནི། གསོལ་བ་དང་བཞིའི་ལས་ཀྱི་རྐང་གྲངས་སུ་བཤད་པ་དེ་ཡིན་ནོ། །གཉིས་པ་དབྱུང་བ་བྱིན་པ་ལ། སྔགས་ཀྱི་ཆོ་ག་དང་དེ་རྣམ་པར་བཤད་པའོ། །དང་པོ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། དགེ་འདུན་ལས་ཞག་དྲུག་མགུར་བར་གསོལ་ནས། དགེ་འདུན་གྱི་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བར་བགྱི་བར་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བ་བགྱིས་ལགས་ཏེ། དགེ་འདུན་ལས་བྱུང་བ་གསོལ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བར་བགྱི་བ་བྱུང་བར་བགྱིའོ། །འདི་ནི་ཞེས་སོགས་འདྲེས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །དབྱུང་བ་བྱིན་པའི་ཚུལ་ལ་གཉིས་ཏེ། མགུ་བ་ཉི་ཚེ་བ་བྱས་པའི་རྗེས་ཀྱི་དབྱུང་བ་དང༌། སྤོ་བའི་རྗེས་ཀྱི་དབྱུང་བའོ། །དེ་གཉིས་ལ་སྔགས་ཀྱི་ཆོ་ག་ཅུང་ཟད་མི་འདྲ་བ་འབྱུང་ངོ༌། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། ས་གཞན་ན་གནས་པ་དེ་ལས་བྱུང་བའི་དོན་དུའོ། །བསྡུས་པའི་དོན་ནི་གསོལ་བ་དང་བཞིའི་ལས་ཀྱི་རྐང་གྲངས་སུ་བཤད་པ་དེ་ཡིན་ནོ། །ཚིག་གི་དོན་ལ་ཅིའི་ཕྱིར་དབྱུང་བ་ཞེས་བྱ་ཞེ་ན། དམན་པའི་གནས་ནས་ཁྱད་པར་ཅན་གྱི་གནས་སུ་དབྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །འདི་ལ་བྱེད་པ་པོ་དགེ་འདུན་གྱི་ཁྱད་པར་ནི། དགེ་སློང་ཉི་ཤུ་ཡན་ཚོགས་པའོ། །ངོ་བོ་ནི་དབྱུང་བ་བྱས་མ་ཐག་ཏུ་དགེ་སློང་དེ་སྔར་གྱི་གནས་སུ་འཕོས་ཏེ། ཁྱབ་པར་ཅན་གྱི་སྤྱོད་པ་ལྔ་དང་དུ་ལེན་པའོ། །གཉིས་པ་སྦོམ་པོའི་ཕྱིར་བཅོས་ལ། ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་ནི་དགེ་སློང་ལྔ་ཡན་ཆད་རིས་སུ་བཅད་པའམ་མ་བཅད་པ་གང་ཡིན་ཀྱང་རུང་དེའི་དྲུང་དུ་བཤགས་པར་བྱས་ལ། སྦོམ་པོ་ཡངས་བ་ནི་གང་ཟག་གཅིག་གི་དྲུང་དུ་བཤགས་པས་འདག་པ་ཡིན་ནོ། །དེའི་རིགས་པས་ཕམ་ལྷག་ཏུ་གཏོགས་པའི་ཉེས་པ་གཞན་རྣམས་ཀྱང་དགེ་སློང་གཅིག་གི་དྲུང་དུ་བཤགས་པས་འདག་པར་གསལ་ལོ། །དེ་ཡང་འཆབ་བཅས་ཡིན་ན་མཐོལ་ཞེས་བརྗོད་ལ། འཆབ་མེད་ཡིན་ན་བཤགས་སོ་ཞེས་བརྗོད་པ་ཙམ་གྱིས་ཆོག་པ་ཡིན་ནོ། །འདིར་ལུང་ལས་འདི་སྐད་དུ་འབྱུང་སྟེ། ཉེ་བ་འཁོར་དེ་ལ་ཕམ་པར་འགྱུར་པས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི། མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱའོ། །ཡངས་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །དེ་ལ་དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་ལྔའི་མདུན་དུ་བཤགས་པར་བྱའོ། །ཡངས་བ་གང་མ་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་དགེ་སློང་གཅིག་གི་མདུན་དུ་བཤགས་པར་བྱའོ་ཞེས་གསུངས་པའི་དོན་རྣམ་པར་ངེས་པར་བྱའོ། །གསུམ་པ་སྤང་ལྟུང་ཕྱིར་བཅོས་པའི་ཚུལ་ལ། སྔགས་ཀྱི་ཆོ་ག་དང་དེ་རྣམ་པར་བཤད་པའོ། །དང་པོ་ནི། བཤགས་ཡུལ་མཚན་ཉིད་དང་ལྡན་པའི་དྲུང་དུ་སོང་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་སྤང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། གོས་ཞག་བཅུ་འཆང་བའི་སྤང་བ་བྱུང་སྟེ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ་མི་འཆབ་བོ་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པ་ལ་གནས་པར་འགྱུར་གྱི། ཞེས་སོགས་ལན་གསུམ་བརྗོད། མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱའོ། །གཉིས་པ་ལ་དགོས་པའི་དོན་ནི། སྤང་ལྟུང་གི་ཉེས་པ་འདག་པའི་དོན་དུའོ། །བསྡུས་པའི་དོན་ནི། དགེ་འདུན་དང་འབྲེལ་བའི་གང་ཟག་གི་ལས་ཀྱི་རྐང་གྲངས་སུ་བཤད་པ་ཡིན་ནོ། །ཚིག་གི་དོན་ནི། ལྟུང་བ་འདི་བཤགས་པའི་ཞག་གཅིག་གི་གོང་རོལ་དུ་གང་ལ་བརྟེན་ནས་ལྟུང་བ་བྱུང་བའི་རྫས་ཆོས་གོས་ལྟ་བུ་དེ་སྤང་དགོས་པ་ཡིན་ཏེ། ཇི་སྐད་དུ། སྤང་བ་ལ་ནི་སྤངས་པ་དང་བྲལ་བ་སྔོན་དུ་བཏང་བ་ལས་སོ་ཞེས་གསུངས་པས་སོ། །རྫས་སྤང་བ་དང་བཤགས་པ་མཉམ་དུ་བྱས་པས་མི་ཆོག་སྟེ། རྒྱ་ཆེར་འགྲེལ་པ་ལས། རྫས་དེ་སྤངས་པ་དང་སྤང་བ་དེ་དག་ཞག་གཉིས་བྲལ་བར་བྱས་པ་དེ་གཉིས་སྔོན་དུ་བཏང་སྟེ་བཤགས་པ་ལྡང་བར་འགྱུར་རོ་ཞེས་བཤད་པས་སོ། །ཆོས་གོས་སྤང་བའི་ཞག་གཅིག་པོ་དེ་ལ་ཆོས་གོས་དང་བྲལ་བའི་ཉེས་པ་མི་འབྱུང་ཞིང༌། དུས་དེར་ཆོས་གོས་གཞན་བྱིན་གྱིས་བརླབས་ན་སྤང་བྲལ་སྔོན་དུ་མ་བཏང་བར་སོང་བས། བཤགས་པ་མི་ཆགས་པ་ཡིན་ཏེ། འགྲེལ་པར། ཞག་དེ་ལ་ཆོས་གོས་གཞན་བྱིན་གྱིས་མ་བརླབས་པར་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་མེད་པར་གནས་པར་བྱའོ། །ཆོས་གོས་གཞན་བྱིན་གྱིས་བརླབས་ན་ནི་བྱིན་གྱིས་བརླབ་ཏུ་རུང་བ་དང་བྲལ་བར་མི་འགྱུར་རོ་ཞེས་བཤད་པས་སོ། །སྤང་ལྟུང་དུ་གཏོགས་པའི་ཉེས་བྱས་ཕྱིར་བཅོས་པ་ལ་ནི་དངོས་པོ་སྤང་མི་དགོས་སོ་ཞེས་བོད་སྔ་མ་རྣམས་གསུང་ངོ༌། །བཞི་པ་ལྟུང་བྱེད་འབའ་ཞིག་པ་སོགས་ཀྱི་ཕྱིར་བཅོས་ནི། བཤགས་ཡུལ་མཚན་ཉིད་དང་ལྡན་པ་གཅིག་གི་དྲུང་དུ་ལྟུང་བའི་མིང་དང་སྡེ་ཚན་སྨོས་ནས་བཤགས་པ་བྱེད་པའི་སྔགས་ཆོག་ལན་གསུམ་བརྗོད་པ་ཙམ་གྱིས་འདག་པ་ཡིན་ཏེ། ཇི་སྐད་དུ། དེའི་ཚེ་ལེན་པར་བྱེད་པ་ཡོད་ན་ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་དང༌། སོ་སོར་བཤགས་པར་བྱ་བ་དང༌། བཤགས་པར་བྱ་བའི་ཉེས་བྱས་རྣམས་ནི་ནུས་པ་ཉིད་ཡིན་ཏེ། བཤགས་པ་ཙམ་ཡིན་པའི་ཕྱིར། ཞེས་གསུངས་པས་སོ། །དེ་དག་གིས་ནི་ལྟུང་བ་ཕྱིར་བཅོས་པའི་ཚུལ་དངོས་བཤད་ཟིན་ཏོ། །དུས་དེ་ཉིད་དུ་ཕྱིར་བཅོས་མི་ནུས་པ་བྱིན་གྱིས་རློབ་པའི་ཚུལ་ལ་གཉིས་ཏེ། ལས་གྲལ་དུ་མ་འདུས་གོང་དུ་བྱིན་གྱིས་རློབ་པ་དང༌། འདུས་ནས་བྱིན་གྱིས་བརླབ་པ་གཉིས། དང་པོ་ལ་ཕམ་པ་དངོས་གཞི་བྱིན་གྱིས་རློབ་པ་མ་གསུངས་ལ་ཕམ་པར་གཏོགས་པའི་སྦོམ་པོ་དང་དགེ་འདུན་ལྷག་མ་མན་ཆད་ཀྱི་ལྟུང་བ་རྣམས་ལ། ཆད་ལས་སྔོན་དུ་མ་སོང་བ་དང༌། བཤགས་ཡུལ་མེད་པ་དང༌། མ་ཚང་བ་དང༌། ཡིད་གཉིས་ཟ་བ་དང༌། ངེས་པ་ཉིད་མ་ཡིན་པ་དང༌། ལྟུང་བའི་ཕྱིར་རྩོད་པ་ན་བྱིན་གྱིས་བརླབ་དགོས་པས་དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བའི་སྡེ་ཚན་དེ་ལས་ལྟུང་བ་དེ་བྱུང་སྟེ། ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ། དགེ་འདུན་གྱི་གསོ་སྦྱོང་ངམ། བསྙེན་པར་རྫོགས་པའི་ཕྲིན་ལས་མཛད་ལ། སླད་ཀྱི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བརྗོད་དོ། །འདི་ལ་དགོས་པའི་དོན་ནི། དགེ་འདུན་གྱིས་ལས་ལ་མི་སྒྲིབ་པ་དང༌། འཆབ་ཉེས་མི་འབྱུང་བ་དང༌། གསོ་སྦྱོང་གི་ཚེ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པའི་ཚེ་ཤེས་བཞིན་བརྫུན་དུ་སྨྲ་བའི་ཉེས་པ་མི་འབྱུང་བ་ལ་སོགས་པའི་དོན་ཡིན་ནོ། །ཚིག་གི་དོན་ནི། དུས་དེ་ཉིད་དུ་བཤགས་པར་མི་ནུས་པའི་ཉེས་པ་བྱིན་གྱིས་བརླབས་རུང་རྣམས་བྱིན་གྱིས་བརླབས་པ་ཙམ་གྱིས་དག་པར་འཇོག་པ་ཡིན་ཏེ། ཇི་སྐད་དུ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་གསུངས་པས་སོ། །ལྟུང་བྱེད་འབའ་ཞིག་པ་སོགས་གསུམ་གསུམ་ལ་ནི། གང་ཟག་གི་དྲུང་དུ་བྱིན་གྱིས་རློབ་པ་མ་བཤད་དེ། བྱིན་གྱིས་རློབ་པར་འོས་པའི་ཡུལ་མཚན་ཉིད་པ་ཡོད་ན་དེའི་དྲུང་དུ་བཤགས་པས་ཆོག་པའི་ཕྱིར། ཇི་སྐད་དུ། ནུས་པ་ཉིད་ཡིན་ན་མི་འགྱུར་རོ། །ཞེས་གསུངས་པས་སོ། །གཉིས་པ་ལས་གྲལ་དུ་འདུས་ནས་བྱིན་གྱིས་རློབ་པ་ལ། ཐུན་མོང་མ་ཡིན་པ་བྱིན་གྱིས་རློབ་པ་དང༌། ཐུན་མོང་བ་བྱིན་གྱིས་རློབ་པ་གཉིས། དང་པོ་ནི། ལས་གྲལ་དུ་འདུས་ནས་ལྟུང་བྱེད་འབའ་ཞིག་པ་སོགས་གང་དྲན་པར་ཡང་བྱིན་གྱིས་རླབ་དགོས་ཏེ། ལས་གྲལ་དུ་འདུས་ནས་བཤགས་པ་བྱ་བ་མི་རུང་བའི་ཕྱིར། གཉིས་པ་ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པའི་སྔགས་དང་ཆོ་ག་ནི་གྲགས་ཆེ་བས་མ་བྲིས་སོ། །ཡིད་ཀྱི་བསྡམ་བྱའི་ཉེས་བྱས་རྣམས་ལ་ནི་གཞན་གྱི་དྲུང་དུ་བཤགས་པ་དང་བྱིན་གྱིས་རློབ་པ་གཉིས་ཀ་མི་དགོས་ཏེ། ཡིད་ཀྱི་བསྡམས་པ་ཙམ་གྱིས་འདག་པའི་ཕྱིར་རོ། །ལྟུང་བ་བཤགས་པ་དང་བྱིན་གྱིས་བརླབས་པ་གཉིས་ཀ་ལ་ཡང་ཐུན་མོང་དུ་བསམ་པའི་ཁྱད་པར་སྔར་བྱས་ལ་འགྱོད་སེམས་དང༌། ཕྱིན་ཆད་ལ་སྡོམ་སེམས་དྲག་པོ་དགོས་པ་ཡིན་ཏེ། ཇི་སྐད་དུ་བསམ་པས་ལྟུང་བ་ལས་ལྡང་གི ཆད་པའི་ལས་ཀྱི་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་ཀ་ལ་ཡང་ངག་ཏུ་བརྗོད་པའི་ཁྱད་པར་མིང་དང་རིགས་བརྗོད་དགོས་ཏེ། ཇི་སྐད་དུ། མིང་དང་རིགས་དང་ལྡན་པར་བརྗོད་པ་ལས་སོ་ཞེས་གསུངས་པས་སོ། །དིང་སང་འདུལ་བ་འཛིན་པ་གང་དག ལྟུང་བའི་མིང་རིགས་མི་བརྗོད་པ་སྤྱི་བཤགས་སུ་མིང་བཏགས་པ་ཙམ་ཞིག་བྱས་ནས་ལྟུང་བ་དག་པར་ཁས་ལེན་པ་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བྱུང་བའི་མ་ཡིན་ནོ། །དེ་དག་གིས་ནི་དགེ་སློང་གི་ལྟུང་བ་ཕྱིར་བཅོས་པའི་ཚུལ་བཤད་ཟིན་ཏོ། །གཉིས་པ་དགེ་ཚུལ་གྱི་ལྟུང་བ་ཕྱིར་བཅོས་པའི་ཚུལ་ལ། གང་ལ་ཕྱིར་བཅོས་པ་ཡུལ་གྱི་ཁྱད་པར་དང༌། ཇི་ལྟར་བཅོས་པའི་ཆོ་གའི་ཁྱད་པར་རོ། །དང་པོ་ལ། དགེ་ཚུལ་གྱི་ལྟུང་བ་ཕྱིར་བཅོས་པའི་ཡུལ་ནི་དགེ་སློང་ཁོ་ན་ཡིན་ཏེ། བསྙེན་པར་མ་རྫོགས་པའི་དྲུང་དུ་དགེ་ཚུལ་གྱི་བཤགས་པ་མི་ཆགས་པའི་ཕྱིར། ཇི་སྐད་དུ། རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དག་ནི། བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ། །ཞེས་པ་དང༌། དགེ་ཚུལ་གྱི་དགག་དབྱེ་བྱ་བའི་སྔགས་ཆོག་ལས་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བྱ་བར་གསུངས་ཀྱི། བསྙེན་པར་མ་རྫོགས་པའི་དགེ་འདུན་ལ་དགག་དབྱེ་བྱ་བར་མ་གསུངས་པའི་ཕྱིར། མདོར་ན་དགེ་ཚུལ་གྱིས་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བྱ་བར་གསུངས་པ་ན་དགེ་སློང་གིས་དགེ་ཚུལ་ལ་ལྟུང་བ་གླེང་དྲན་བྱ་བ་དང་ཕྱིར་བཅོས་ལ་བསྐུལ་བ་ཡོད་པར་གྲུབ། དེ་གྲུབ་པ་ན་དགེ་ཚུལ་གསོ་སྦྱོང་གི་དོན་ཡོད་པར་གྲུབ་སྟེ། ལྟུང་བ་ཕྱིར་བཅོས་པ་ནི་གསོ་སྦྱོང་གི་དོན་གྱི་གཙོ་བོ་ཡིན་པའི་ཕྱིར། དེ་ལྟར་ན་དགེ་ཚུལ་གྱིས་དགེ་སློང་ཞིག་གི་དྲུང་དུ་ལྟུང་བ་གང་བྱུང་བ་དེ་ཕྱིར་བཅོས་ཟིན་པར་བྱས་ནས། དགེ་སློང་གི་དགེ་འདུན་གྱི་གསོ་སྦྱོང་ནམ་བྱུང་བ་དེའི་ཚེ། དགེ་སློང་གང་ཡང་རུང་བ་གཅིག་གི་དྲུང་དུ་སོང་སྟེ། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་བཙུན་པས་བཟུང་དུ་གསོལ། ཞེས་ལན་གསུམ་གྱི་བརྗོད་ནས་མཇུག་ཐབས་ལེགས་བྱ་བ་འདི་ཙམ་ལ་དགེ་ཚུལ་གྱི་གསོ་སྦྱོང་གི་ཐ་སྙད་བྱ་བར་སློབ་དཔོན་ཤཱཀྱ་འོད་བཞེད་པ་ཡིན་ཏེ། ཇི་སྐད་དུ། གསུམ་བརྒྱ་པར། དགག་དབྱེ་གསུངས་ཕྱིར་གསོ་སྦྱོང་འདི་ན་ཡོད། ཞེས་གསུངས་པ་དང༌། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་སྔགས་ཆོག་དེ་ཉིད་ལུང་གི་ཚིག་ཡིན་པར་བཤད་དོ། །ཡང་ལྟུང་བ་གླེང་བ་ན། མ་མཐོང་ངོ་ཞེས་ཟེར་བ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་སོགས་ལ་དགེ་སློང་གི་དགེ་འདུན་གྱིས་ནན་ཏུར་གྱི་ལས་བྱ་བ་ཡིན་ཏེ། ཇི་སྐད་དུ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །འདི་དག་ནི་ཞར་ལས་བྱུང་བ་སྟེ་གང་ལ་ཕྱིར་བཅོས་པ་ཡུལ་གྱི་ཁྱད་པར་བཤད་པ་ཡིན་ནོ། །གཉིས་པ་ཇི་ལྟར་ཕྱིར་བཅོས་པ་ཆོ་གའི་ཁྱད་པར་ལ། ནུས་པ་ཕྱིར་བཅོས་པའི་ཚུལ་དང༌། མི་ནུས་པ་བྱིན་གྱིས་རློབ་པའི་ཚུལ་ལོ། །དང་པོ་ལ་རྩ་བ་ཕྱིར་བཅོས་ཚུལ་དང་ཡན་ལག་ཕྱིར་བཅོས་ཚུལ་ལོ། །དང་པོ་ལ་རྩ་བ་འཆབ་བཅས་ལ་ནི་ཕྱིར་བཅོས་མེད་ལ། འཆབ་མེད་ལ་དགེ་སློང་གི་དགེ་འདུན་ལས་བསླབ་པ་མནོས་ནས་སྤྱོད་དགོས་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་ཆེན་ལས། དགེ་ཚུལ་ལ་བསླབ་པ་བྱིན་པ་ཡོད་དམ་ཞེ་ན་ཡོད་དེ། ལུང་ལས་བསམ་གཏན་པ་དགའ་བྱེད་ནི་མཚོན་པ་ཡིན་ནོ་ཞེས་གསུངས་པས་སོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་ཡན་ལག་གི་ཕྱིར་བཅོས་ཚུལ་ལ། འཆབ་བཅས་ཕྱིར་བཅོས་ཚུལ་དང༌། འཆབ་མེད་ཕྱིར་བཅོས་ཚུལ་ལོ། །དང་པོ་ནི། དགེ་ཚུལ་ལ་འཆབ་ཉེས་དག་བྱེད་དུ་སྤོ་མགུ་སྤྱོད་པ་སོགས་མི་སྲིད་དེ། དུས་དང་དུས་མིན་པ་བསྡུས་པ་འབྱུང་བའི་གཞི་ལས། བསྙེན་པར་མ་རྫོགས་པ་ཉིད་དང༌། གནས་ནས་ཕྱུང་བ་གཉིས་ལ་འཆབ་པ་མི་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །གཞུང་དེས་སྤྱིར་བསྙེན་པར་མ་རྫོགས་པ་ལ་འཆབ་ཉེས་མི་འབྱུང་བར་སྟོན་པ་ནི་མིན་ཏེ། བསྙེན་པར་མ་རྫོགས་པས་ཀྱང་འཆབ་ཉེས་མི་འབྱུང་བའི་ཕྱིར་དུ། ལྟུང་བའི་མིང་དགེ་སློང་གཞན་ལ་གོ་ཞིང་རིག་པར་བྱ་དགོས་པར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ཉིད་ལ་འདི་དང་འོག་མ་དང་བཅས་ཏེའོ་ཞེས་དང༌། དེའི་འགྲེལ་པར། དགེ་ཚུལ་ལ་སོགས་པ་ལྟུང་བ་རིག་པར་བྱ་ལ་འདི་ཉིད་ལྟུང་བ་བཤགས་པར་བྱ་བ་འོག་ནས་འབྱུང་བ་དང་བཅས་ཏེ་བྱའོ་ཞེས་གསུངས་པས་སོ། །དེའི་ཕྱིར་མཐོལ་བཤགས་ལྷན་ཅིག་ཏུ་བྱས་པས་འཆབ་ཉེས་ཀྱང་དག་པར་འགྱུར་བ་ཡིན་པས། དེའི་སྔགས་ཀྱི་ཆོ་ག་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་བཤགས་པར་བྱ་བའི་ཉེས་བྱས་ལས། མྱོས་པར་འགྱུར་བ་འཐུང་བའི་ཁ་ན་ཐོ་བ་འདི་བྱུང་སྟེ། ཁ་ན་མ་ཐོ་བ་དེ་བཙུན་པའི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་ཞེས་སོགས་ལན་གསུམ་བརྗོད་ལ་མཐོང་སྡོམ་དྲི་ཞིང༌། ཐབས་ལེགས་བྱའོ། །གཉིས་པ་ལ་བཤགས་བྱའི་ཉེས་བྱས་དང༌། ཡིད་ཀྱི་བསྡམ་བྱའི་ཉེས་བྱས་གཉིས་ལས། དང་པོ་ནི། རྩ་བ་མ་ཡིན་པའི་བླངས་པ་དངོས་ལས་འདས་པའི་ཉེས་པ་གང་བྱུང་བ་དེའི་མིང་རིགས་ནས་བརྗོད་དེ། འཆགས་སོ་ཞེས་སོགས་ལན་གསུམ་བརྗོད་པས་ཆོག་པ་ཡིན་གྱི། མཐོལ་ལོ་ཞེས་བརྗོད་མི་དགོས་པ་ཡིན་ནོ། །གཉིས་པ་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་ནི། བླངས་པ་དངོས་རྣམས་ཀྱང་མིན། གནང་བ་ཉེས་མེད་དུ་བཤད་པ་རྣམས་ཀྱང་མིན་པའི་དགེ་སློང་ཕ་མའི་བཅས་པ་ལྷག་མ་རྣམས་ལས་འདས་པའི་ཉེས་པ་རྣམས་ཡིན་ལ། དེ་ནི་བཤགས་ཡུལ་ལ་མི་ལྟོས་པས་ཡིད་ཀྱིས་བསྡམས་པ་ཙམ་གྱིས་འདག་པ་ཡིན་ནོ། །གཉིས་པ་བཤགས་མི་ནུས་པ་བྱིན་གྱིས་རློབ་པ་ནི། བཤགས་ཡུལ་གྱི་དགེ་སློང་མ་རྙེད་ཅིང་གསོ་སྦྱོང་གི་དུས་ལ་བབ་ཅིང་དེའི་ཚེ། ལྟུང་བ་དྲན་ནམ་ཡིད་གཉིས་ཟ་བ་དང་རང་གཅིག་པུས་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་ཡང་རང་གཅིག་པུས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་གྱི་ཉེས་པ་གང་ཟག་གཞན་ལ་བྱིན་གྱིས་རློབ་པ་ནི་ཡོད་པ་མིན་ཏེ། བྱིན་གྱིས་རློབ་པའི་ཡུལ་དུ་འོས་པའི་དགེ་སློང་དེ་བཤགས་པ་བྱ་བའི་ཡུལ་དུ་ཡང་འོས་ལ། བྱིན་གྱིས་རློབ་པར་ནི་ནུས་ཤིང་བཤགས་མི་ནུས་པའི་ཁྱད་པར་ཡང་བཤགས་ཡུལ་མ་རྙེད་པ་ཁོ་ནའི་དབང་གིས་བཞག་པ་ཡིན་ནོ། །གཉིས་པ་གླེང་དྲན་ལ་ལྟོས་པ་ཕྱིར་བཅོས་ནི། རྩོད་པ་ཕྱིར་བཅོས་པའི་ཚུལ་ཡིན་ལ། འདི་ལ་གསུམ་སྟེ། ལྟུང་བ་གླེང་དྲན་ཇི་ལྟར་བྱ་བའི་གནས་སྐབས་ཀྱི་དབྱེ་བ། དེ་ལ་བརྟེན་ནས་མི་བསྡམས་པའི་ཕྱིར་གྱི་རྩོད་པ་དང༌། ལྟུང་ཕྱིར་གྱི་རྩོད་པ་འབྱུང་བའི་ཚུལ། དང་པོ་ལ། ལྟུང་བ་གླེང་བ་ལ་གཉིས་ཏེ། སྐབས་འབྱེད་དུ་མ་བཅུག་པར་གླེང་བ་དང༌། བཅུག་ནས་གླེང་བ་གཉིས། གཉིས་པ་ལ་ཡང་གཞི་མེད་པར་གླེང་བ་དང༌། གཞི་ཡོད་པར་གླེང་བ་གཉིས། གཉིས་པ་ལ་ཡང་སྐབས་འབྱེད་དུ་བཅུག་ཀྱང་སྐབས་མི་འབྱེད་པ་དང༌། ཅུང་ཟད་མ་འབྱེད་པ་གཉིས། གཉིས་པ་ལ་བསྙེན་པར་མ་འབྱེད་པ་དང༌། ལྟུང་བ་གླེང་བའི་སྐབས་བསྙེན་པར་འབྱེད་པ་གཉིས། གཉིས་པ་ལ་ཡང་གླེང་བྱེད་ཡོན་ཏན་གསུམ་དང་ལྡན་པ་དང་མི་ལྡན་པ་གཉིས། ཡོན་ཏན་གསུམ་ནི་ལུས་ངག་བསྡམས་པ་ཉིད་དང༌། སྡེ་སྣོད་མངོན་པར་ཤེས་པ་ཉིད་དང༌། ཆོས་དང་འདུལ་བ་ལོག་པར་མི་སྟོན་པའོ། །ཡོན་ཏན་དང་ལྡན་པ་ལ་ཡང་བརྒལ་ཞིང་བརྟགས་པ་ན་གནས་གཞན་དུ་འཕོ་ཞིང་རྙོག་པ་ཅན་དུ་འགྱུར་བ་དང་མི་འགྱུར་བ་གཉིས། ཕྱི་མ་འདིས་ལྟུང་བ་གླེང་ན་ཡང་ཆགས་ལ་གླེང་དྲན་བྱས་པ་བཞིན་ལྟུང་བ་ཁས་བླངས་ན། འདི་ལ་ཉེས་པ་རང་གི་ངོ་བོ་ཤེས་པ་ཞེས་བྱ་ཞིང༌། ངོ་ཤེས་པ་དེ་བརྗེད་དུ་མི་འཇུག་པར་སྔར་བཤད་པའི་ཕྱིར་བཅོས་ཚུལ་རྣམས་གང་རུང་གི་སྒོ་ནས་ཕྱིར་བཅོས་ན་ལྟུང་ཕྱིར་གྱི་རྩོད་པ་མི་འབྱུང་ཞིང༌། བྱུང་བ་ཡང་ཉེ་བར་ཞི་བར་འགྱུར་རོ། །ཉེས་པ་ལན་ཅིག་ཁས་བླངས་ཀྱང་བར་སྐབས་སུ་བརྗེད་དུ་བཅུག་པའི་སྒོ་ནས་ཁྱད་དུ་གསོད་ཅིང༌། ལྟུང་བ་མེད་པར་ཁས་བླངས་ན་ལྟུང་ཕྱིར་གྱི་རྩོད་པ་བྱུང་བས། དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པ་བྱའོ། །གཉིས་པ་ནི། སྐབས་འབྱེད་དུ་མ་བཅུག་པར་གླེང་ན་རྩོད་པ་འབྱུང་འབྱེད་དུ་བཅུག་ཀྱང་མི་འབྱེད་ན་དེ་ལ་བརྗོད་བྱས་ནན་ཏུར་བྱ། དེས་དུལ་བར་མི་འགྱུར་ན། མི་བསྡམས་པ་ཉིད་དུ་བྱ། དེས་མ་དུལ་ན་གསོ་སྦྱོང་དང་དགག་དབྱེ་བཞག་པའི་ནན་ཏུར་བྱ། སྐབས་འབྱེད་ཀྱང་མཉེན་པར་མི་འབྱེད་ན་ཕུར་པ་དང་བཅས་པ་ཉིད་བྱ། རྩོད་པ་བར་པ་གཉིས་རྒྱུད་གཅིག་པར་སྣང་བས། སྐབས་འདི་དག་ཏུ་གདམས་ངག་བཞག་པ་སོགས་ཀྱི་རྒྱུ་ལ་བརྟེན་ནས། མི་བསྡམས་པའི་ཕྱིར་གྱི་རྩོད་པ་འབྱུང༌། འདི་ལ་ཡང་རྒྱུ་དང་བཅས་པ་དང་རྒྱུ་མེད་པའི་བྱེ་བྲག་གི་གཉིས་སོ། །གཉིས་པ་ལའང༌། སྐབས་འབྱེད་ཀྱང་གཞི་མེད་པ་དང༌། གཞི་གཞན་རྗེས་སུ་སྒྲུབ་པའི་དབང་གིས་དང༌། ཕྱིར་བཅོས་ལ་མི་ལྟོས་པའི་ཕྱིར་དང༌། སྨྱོན་པས་བྱས་པ་རྣམས་གླེང་ན་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པའི་དབང་གིས་རྒྱུ་དེ་ལ་བརྟེན་ནས་མི་བསྡམས་པའི་ཕྱིར་གྱི་རྩོད་པ་འབྱུང༌། ལྟུང་ཕྱིར་གྱི་རྩོད་པ་ལ་གཉིས་ཏེ་ཉེས་པ་རང་གི་ངོ་བོ་ཤེས་པ་དང་མི་ཤེས་པའོ། །གཉིས་པ་ལ་གསུམ་སྟེ། རྒོལ་ཕྱིར་རྒོལ་གཉིས་ལས་གཞན་དུ་འཕྲོས་པ་མེད་པ་དང༌། འཕྲོས་པ་ལ་ཡང༌། དགེ་སློང་ཉི་ཚེ་བ་དང་འབྲེལ་བ་དང༌། དགེ་འདུན་མཐའ་དག་དང་འབྲེལ་བའོ། །གསུམ་པ་ཞི་བྱེད་ཀྱི་ཆོས་བསྟན་པ་ལ། ལྟུང་ཕྱིར་གྱི་རྩོད་པ་དང་པོའི་ཞི་བྱེད་ལ། ངོ་བོ་ཉིད་ཚོལ་བ་སྦྱིན། ཕྱིར་འཕྲོས་པ་མེད་པའི་ལྟུང་བྱེད་ཀྱི་རྩོད་པ་ནི་སྔར་བཤད་པ་ལྟར་ཁས་བླངས་པའི་བྱ་བས་ཕྱིར་བཅོས་པ་ན་ཞི་བར་འགྱུར་རོ། །གཉིས་པ་ནི་མངོན་སུམ་གྱི་འདུལ་བས་རྩོད་པ་ཞི་བར་འགྱུར་རོ། །གསུམ་པ་ནི་རྩྭ་བཀྲམ་པ་ལྟ་བུས་ཞི་བར་འགྱུར་རོ། །དེའི་སྔགས་ཀྱི་ཆོ་ག་ནི། ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། འཐབ་པར་འགྱུར་བ་ནི་ལེགས་པ་རྙེད་པ་མིན་ནོ། །ཚེ་དང་ལྡན་པ་དག་གཞི་འདི་ལས་ཁྱེད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང༌། ཁོ་བོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང་མི་འཆབ་པ་ཁོ་བོ་སྤྲོའོ། །ཞེས་སོགས་བརྗོད་པ་ཡིན་ནོ། །དངོས་པོའི་དེ་བཞིན་ལ་ལོག་པར་བསྒྲུབས་པ་ལས་བྱུང་བ། འགྱེད་ཕྱིར་གྱི་རྩོད་པ་དང་མི་བསྡམས་པའི་ཕྱིར་གྱི་རྩོད་པ་གཞི་ཡོད་པ་ནི་རྒྱུད་གཅིག་ཏུ་བྱས་པས་ཞི་བར་འགྱུར་རོ། །གཞི་མེད་པ་ལ་སོགས་བཞི་ལ་ནི་དག་པ་བྱིན་པས་ཞི་བར་འགྱུར་རོ། །དག་པ་བྱིན་པ་ལ་ཡང་གཉིས་ཏེ། དང་པོ་ལ་དྲན་པས་འདུལ་བ་བྱིན་པ་དང༌། ཐ་མ་ལ་མ་མྱོས་པས་འདུལ་བ་བྱིན་པའོ། །རྒྱུད་གཅིག་ཏུ་བྱས་པས་ཞི་བ་ནི། མངོན་སུམ་བརྒྱད་ཀྱི་ཞི་བྱེད་དང༌། གང་ཟག་གི་ཞི་བྱེད་ཅེས་གསུངས་པ་དེ་ཉིད་ཡིན་ནོ། །ལས་ལ་མཐུན་པ་མི་བྱིན་པའི་རྩོད་པའམ་ལས་བྱེ་བ་ནི་གནས་སྐབས་ཀྱི་བྱེ་བྲག་ལས་ཞི་བྱེད་ཀྱི་ཆོས་བརྒྱད་ཀ་འཇུག་པར་ཞུ་བ་ལས་གསུངས་ཤིང༌། ལས་ལ་མཐུན་པ་སྦྱིན་པ་ཉིད་ཀྱིས་ཉེ་བར་ཞི་བར་འགྱུར་རོ། །མཐུན་པ་བྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀོའུ་ཤམ་བི་བའི་དགེ་སློང་འདི་ལ་དགེ་འདུན་གྱི་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས། འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། བཟོད་པ་གསོལ་ནས་དགེ་འདུན་གྱི་འདི་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི། དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩལ་ལགས་པས། ཀོའུ་ཤམ་བི་བའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་འདི་ལ། མཐུན་པའི་གསོ་སྦྱོང་སྩོལ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ཀོའུ་ཤམ་བི་བའི་དགེ་སློང་འཁོར་དང་བཅས་པ། མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་སྩོལ་ཏོ། །འདི་ནི་གསོལ་བའོ། །ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱ་བ་ཡིན་ནོ། །མཐུན་པའི་གསོ་སྦྱོང་བྱིན་པ་དེའི་སྔོན་རོལ་དུ་མཐུན་པ་བྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ནས། བཟོད་པ་མཛད་ལགས་ཏེ་ནས་འཁོར་དང་བཅས་པ་མཐུན་པ་གསོལ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ཀོའུ་ཤམ་བི་བའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་ལ་མཐུན་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་མཛངས་ཤིང་རིགས་པའི་ལས་ཀྱི་ཆོ་ག་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལྟ་བུ་རྒྱ་ཆེར་གསུངས་པ་ཡིན་ནོ། །འདི་ལ་དགོས་པའི་དོན་ནི། དགེ་འདུན་མཐའ་དག་ཐུགས་རྩེ་གཅིག་ཏུ་བསྡུས་ཏེ་འདུས་པ་རྒྱ་མཚོ་ལྟ་བུ་རིམ་གྱིས་འཕེལ་བར་འགྱུར་ལ། དེ་ལས་མཚོ་ཆེན་པོ་ངང་པའི་ཚོགས་ཀྱིས་གང་བ་བཞིན་དུ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཁང་བཟང་མཐོ་ལ་ཡངས་པ་དག་ངུར་སྨྲིག་འཛིན་པའི་རྒྱལ་མཚན་གྱི་ཕྲེང་བ་ཚར་དུ་དངར་བ་དག་གིས་ཤིན་ཏུ་མདངས་གསལ་ཞིང་རབ་ཏུ་བརྗིད་ཆགས་པར་འཆར་བ་ཡིན་ནོ། །འདུལ་བའི་ལག་ལེན་གྱི་ཆོ་ག་ཉེར་མཁོ་བསྡུས་པ་ལས་ལག་ལེན་གཞུང་ཇི་ལྟ་བ་བཞིན་དུ་བརྗོད་ནས། མཐའ་དཔྱོད་ཀྱི་རིགས་པ་བཤད་པ་སྟེ་ལེའུ་གཉིས་པའོ། །གཉིས་པ་དེ་ལྟར་བསྟན་པའི་ཕན་ཡོན་ལུང་དང་སྦྱར་བས་མཇུག་བསྡུ་བ་ནི། འདིར་ཚིགས་སུ་བཅད་ནས་བརྗོད་པར་བྱ་སྟེ། སྟོན་པ་འཇིགས་མེད་དཔའ་བོ་དེ། །མཆོག་ཚོགས་འདུས་པའི་ནགས་ཁྲོད་དུ། །ཆོས་འདུལ་སེང་གེའི་སྐུར་སྟོན་པ། །ལས་ཀྱི་ཆོ་ག་འདི་ཡིན་ནོ། །སངས་རྒྱས་འཇིག་རྟེན་བྱོན་པ་བདེ། །ཆོས་བསྟན་པ་ནི་དེ་བས་བདེ། དགེ་འདུན་མཐུན་པ་མཆོག་ཏུ་བདེ། །འདི་ནི་དགེ་འདུན་མཐུན་པའི་རྒྱུ། །དགེ་འདུན་མཐུན་པར་དམ་པའི་ཆོས། །རིང་དུ་གནས་པའི་རྒྱུ་ཡིན་ནོ། །དམ་ཆོས་གནས་པ་འཇིག་རྟེན་དུ། །རྫོགས་སངས་རྒྱས་རྣམས་འབྱུང་བའི་རྒྱུ། །གང་ཡང་འདི་ན་ཕན་པ་དང༌། །བདེ་བའི་འབྱུང་གནས་བསྟན་པ་ཡིན། །བསྟན་པ་བསྡུད་དང་འཛིན་པ་ཡི། །རྩ་བ་དགེ་སློང་ཉིད་ཡིན་ནོ། །དགེ་སློང་དག་གི་དགེ་འདུན་གྱི། །འདུས་པའི་རྒྱ་མཚོ་གང་བ་ན། །དེ་ན་ཐུབ་པའི་བསྟན་པ་དང༌། །སྟོན་པ་ཉིད་ཀྱང་དེ་ན་བཞུགས། །གང་ཞིག་ལས་ཀྱི་ཆོ་ག་ལ། །ནན་ཏན་བགྱིད་པ་ཡོད་མིན་ན། །ཚུལ་ཁྲིམས་རྣམ་པར་དག་མི་འགྱུར། །དེ་མེད་དགེ་སློང་ཡོད་མིན་པ། །དེ་ཕྱིར་ལས་ཀྱི་ཆོ་ག་ནི། །དགེ་སློང་ཚོགས་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པས། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །སྡེ་སྣོད་གཞན་ནི་བསྟན་པ་ཙམ། །ཉིད་ཡིན་འདི་ནི་སྟོན་པ་ཡང༌། །ཡིན་ཕྱིར་སྡེ་སྣོད་མ་ལུས་པ། །ཀུན་ལས་ཁྱད་པར་འཕགས་པའོ། །འདུལ་བར་གཏོགས་པའི་ལས་ཀྱི་གཞིར། །ནན་ཏན་བྱེད་པ་ཡོད་དེ་སྲིད། །ལུང་དང་རྟོགས་པའི་བདག་ཉིད་ཀྱི། །བསྟན་པ་བཞུགས་པར་བརྗོད་པ་ཡིན། །དེ་མེད་དམ་ཆོས་གཞན་ཡོད་ཀྱང༌། །བསྟན་པ་གནས་པར་བཞག་མི་ནུས། །སྡེ་སྣོད་མང་པོའི་དོན་བསྒྲུབས་ཀྱང༌། །འདུལ་བའི་བསླབ་པ་མི་སྦྱོང་ན། །དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡང༌། །ཐོབ་པར་རུང་བ་མ་ཡིན་ནོ། །བླ་མེད་ཐེག་པར་རབ་ཞུགས་ཀྱང༌། །ཆོས་འདིའི་ཚུལ་དང་མི་ལྡན་ན། །ཐར་པའི་གྲོང་ལས་རྒྱང་རིང་ཕྱིར། །བསྟན་པ་འཛིན་པའི་གྲངས་མི་འགྲོ། །རྒྱལ་བའི་ཆོས་ཚུལ་ཇི་སྙེད་པ། །འདུལ་བའི་ཚུལ་དང་ལྡན་དེའི་ཕྱིར། །ཆོས་ཀུན་གྱི་ནི་འདྲེན་པ་དང༌། །ཆོས་ཀྱི་ཉིང་ཁུའང་འདི་ཡིན་ནོ། །ཚུལ་ཁྲིམས་ལྡན་པ་ཡོན་ཏན་ཀུན། །སྐྱེ་བའི་གཞིར་གསུངས་དེ་ཡི་ཕྱིར། །འདུལ་བ་འདི་ནི་ཡོན་ཏན་ཀུན། །སྐྱེ་བའི་ས་གཞི་བཟང་པོ་ཡིན། །མ་ཐོབ་ཆོས་རྣམས་འཐོབ་པ་དང༌། །ཐོབ་ཟིན་མི་ཉམས་པ་ཡི་རྒྱུ། །ཚུལ་ཁྲིམས་བསྲུང་བ་ཡིན་དེའི་ཕྱིར། །ཡོན་ཏན་རྣམས་ཀྱི་རྟེན་ཡིན་ནོ། །མཆོག་ཏུ་དགའ་བ་མང་བ་དང༌། །འགྱོད་པ་མེད་ཅིང་གྲགས་པར་ལྡན། །ལྷ་རྣམས་ཀུན་གྱིས་བསྲུང་བྱེད་པ། །དེ་ཕྱིར་ཕུན་ཚོགས་ཀུན་གྱི་གཞི། །མང་ཐོས་རིག་པའི་གནས་ཤེས་ཀྱང༌། །འདུལ་བར་གཏོགས་པའི་ཆོ་ག་ཡི། །སྲབ་འདི་མེད་པར་འཕྱན་བྱེད་ན། །ཉམ་ངའི་གནས་སུ་འཁྱམས་པར་འགྱུར། །ལང་ཚོའི་ཆང་གི་རབ་མྱོས་པའི། །འདོད་ལྡན་གླང་ཆེན་སྨྱོན་པའི་ཚོགས། །མ་ལུས་འདུལ་ཞིང་སྦྱོང་བ་ཡང༌། །ཆོས་ཚུལ་ལྕགས་ཀྱུ་འདི་ཁོ་ན། །ལྷག་པའི་ཚུལ་ཁྲིམས་མི་ལྡན་ན། །ལྷག་པའི་སེམས་དང་ཤེས་རབ་ཀྱང༌། །མི་འབྱུང་དེ་ཕྱིར་རྟོགས་པ་ཡི། །བསྟན་པའི་རྩ་བའང་འདི་ཡིན་ནོ། །ཆོས་འདི་དགེ་འདུན་བསྡུ་བ་དང༌། །འདུས་པའི་མཚོ་ཆེན་གང་བ་དང༌། །ཁྲིམས་ལྡན་དགེ་སློང་ངང་པའི་ཚོགས། །བདེ་བར་གནས་པའི་རྒྱུ་ཡིན་ནོ། །གནོང་མི་འཁུར་བ་ཚར་གཅོད་ཅིང༌། །ནད་པ་དབུགས་ཀྱང་དབྱུང་བ་དང༌། །འཇིག་རྟེན་སྐྱོང་བ་བཞི་པོ་ཡང༌། །ངང་གིས་འདུ་བ་འདི་ཡིན་ནོ། །བསྟན་པའི་རྒྱ་མཚོར་ལེགས་ཞུགས་པའི། །རབ་བྱུང་ཚོང་པའི་ཚོགས་རྣམས་ཀྱི། །བསོད་ནམས་སྒོས་སྐལ་གྱིས་ཐོབ་པའི། །ཟོང་ཆེན་རིན་ཆེན་འདི་ཁོ་ན། །ཆོས་འདུལ་ཉེས་སྤྱོད་ཀུན་སྡོམ་པའི། །གྲུ་ཆེན་འདི་དང་མི་ལྡན་ན། །ཟབ་དོན་སྐྱ་བ་འཛིན་མཁས་ཀྱང༌། །འཁོར་བའི་རྒྱ་མཚོ་རྒལ་མི་ནུས། །ཏིང་ངེ་འཛིན་དང་ཤེས་རབ་ཀྱི། །རྐང་པར་ལྡན་ཡང་ཉེས་སྤྱོད་ཀྱིས། །ཆུ་ལོན་ཟམ་པ་འདི་མེད་ན། །མངོན་མཐོའི་ཁང་བཟང་དེར་མི་བགྲོད། །ཉེས་སྤྱོད་ཟློག་པའི་གོ་ཆ་ཡིས། །རང་སེམས་དཔའ་བོ་མ་བསྲུང་ན། །ཤེས་རབ་ཏིང་འཛིན་མཚོན་རྣོ་ཡང༌། །ཉོན་མོངས་གཡུལ་ངོ་བཟློག་མི་ནུས། །སྔགས་དང་ཕ་རོལ་ཕྱིན་གཞུང་གི །ཆོས་ཚུལ་ཀུན་ལ་རབ་མཁས་ཀྱང༌། །འདུལ་བའི་ཚུལ་དང་མི་ལྡན་ན། །བསྟན་པའི་བདག་པོར་འོས་མ་ཡིན། །བཤེས་གཉེན་བསྟེན་དང་ཉེས་པ་ལས། །བཟློག་ཅིང་བསླབ་པ་སྦྱོང་བ་དང༌། །བདེ་བར་གནས་པའི་རྐྱེན་བརྟེན་པ། །ཆོས་འདིར་སློབ་པའི་ཚུལ་ཡིན་ནོ། །མ་ཐོབ་ཐོབ་པར་བྱེད་པ་དང༌། །ཚུལ་ཁྲིམས་འཆལ་པའི་ནད་སེལ་ཞིང༌། །བག་ཡོད་པ་དང་དྲན་བསྟེན་པ། །ཆོས་འདིར་སློབ་པའི་ཚུལ་ཡིན་ནོ། །མང་དུ་ཐོས་པའི་ནགས་ཁྲོད་ན། །ཚུལ་ཁྲིམས་དྲི་ཞིམ་དང་ལྡན་པའི། །ལང་ཚོ་ཡོལ་བའི་དགེ་སློང་དེ། །བསྟན་པ་འཛིན་པའི་བདག་པོར་འོས། །ཆོས་འདུལ་རིན་ཆེན་ཁྲིར་འཁོད་པ། །གང་དེ་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཕྱིར། །ཆོས་ཀྱི་རྒྱལ་པོའི་སྡོམ་བརྩོན་དེ། །གནས་མལ་འཁོར་ཡུག་ཡངས་པའི་དབུས། །ཅི་འདོད་སྨན་གྱི་ཆུ་གཏེར་ཅན། །ཆོས་གོས་རླབས་ཕྲེང་ཉེར་འཁྲུག་པའི། །མཐའ་གཉིས་སྤངས་པའི་བདུད་རྩིའི་འཚོ། །འདུལ་བའི་ལག་ལེན་གྱི་ཆོ་ག་ཉེར་མཁོ་བསྡུས་པ་ལས། ལས་ཀྱི་ཆོ་ག་ལ་ལུང་བཞིན་དུ་བསྟོད་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ། །རྣམ་དཔྱོད་ལྷ་བརྒྱའི་གཙུག་གི་ཆོས་ཀྱི་ཁྲིར། །དོན་བཟང་བཙོ་མའི་གསེར་གྱི་མདངས་གསལ་ཞིང༌། །རབ་སྙན་ཚིག་གི་མཚན་དཔེའི་འོད་ཕྲེང་ཅན། །སྲོལ་འབྱེད་གསར་པའི་ཐུབ་དབང་གདོང་ལྔ་པ། །མཐོང་བའི་མོད་ལ་གསེར་གྱི་མངལ་ལྡན་ཡང༌། །དྲེགས་པའི་གཙུག་རྒྱན་ས་ལ་འཕོ་འགྱུར་ཞིང༌། །མཆོད་སྦྱིན་བརྒྱ་པའི་རལ་པའི་གངས་ཁྲོད་ན། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་དབྱངས་ལེན། །མདོ་ལུང་ཉི་ཟླ་ནུབ་པའི་སྔོ་སངས་མ། །རང་བཟོའི་གོས་དམར་གྱོན་པའི་ཐུན་མཚམས་འདིར། །འདི་ཙམ་ཁོ་ནར་ཤེས་པའི་དགེ་སློང་དེ། །མཁས་པའི་གྲགས་དཀར་ཐོབ་པར་གདོན་མི་ཟ། །འཆད་རྩོད་གྲོགས་ཀྱི་གདོང་པ་ལྟ་འདོད་པའི། །རྣམ་དཔྱོད་སྒེག་འགྲོས་ཤེས་པའི་ཟུར་མིག་ལས། །སྡེབ་སྦྱོར་ཤར་གྱི་རི་བོའི་འཁྱམས་ཆེན་དུ། །གཞུང་བརྩོམ་ལང་ཚོ་ལྡན་པའི་མགྲོན་པོ་བོས། །རང་བཟོའི་འཛུམ་དཀར་གཡོ་བའི་སྒེག་ལྡན་མ། །ཉེས་པའི་ཆ་ཤས་བསགས་པའི་གནོང་ཁུར་ནས། །ནུབ་རིའི་མལ་སྟན་འཛིན་པའི་ཟོལ་གྱིས་ནི། །མི་མངོན་དབྱིངས་ཀྱི་རྒྱ་མཚོར་ཅི་མི་འཇུག །རྣམ་དཔྱོད་ཤར་གྱི་རི་བོའི་བ་གམ་ལ། །མགྱོགས་པར་འཛེགས་པའི་རྣམ་བཤད་འོད་བརྒྱ་པ། །འཇིག་རྟེན་མེས་པོའི་ཐོད་ལ་ངལ་གསོ་ཞེས། །ཀུན་ཁྱབ་གྲགས་པའི་རྔ་ཆེན་འདི་བརྡུངས་པས། །དྲེགས་ལྡན་སྐར་མས་ཁེངས་པའི་ཟས་སྐྱུགས་ནས། །མངོན་པར་རློམ་པའི་མདངས་ཀྱང་མ་ཤོར་རམ། །ལེགས་བཤད་སྦྲང་རྩི་འཛིན་པའི་འདོད་ལྡན་ཀུན། །དེ་རིང་ཆོས་ཀྱི་སྐྱེད་ཚལ་འདིར་སྤྱོན་དང༌། །དམ་ཆོས་འདུལ་བའི་འཛུམ་དཀར་ཕྲེང་ལྡན་དེར། །རྩེད་འཇོའི་ཟོལ་གྱིས་འགྲོགས་པ་ལྷུར་ལེན་ཏོ། །མནའ་དུས་འདུལ་འཛིན་ཉིན་མོའི་མགོན་དེ་ཀུན། །ནུབ་རིའི་ཁྲི་ལ་བཞུགས་ནས་རིང་ཞིག་ལོན། །དེ་དུས་མདོ་ལུང་འོད་དཀར་གཡོ་ལྡན་པའི། །བློ་བཟང་ཟླ་བ་ཉག་ཅིག་འདི་ན་ཤར། །མང་ཐོས་གཉིས་འཐུང་རིག་པའི་མཆེ་བ་ཅན། །གསུང་རབ་ཤེས་པའི་ཆང་གིས་རབ་མྱོས་ནས། །ཟབ་དོན་བདེ་བའི་མལ་དུ་གཉིད་ལོག་ཚེ། །རེ་འདོད་ལྕག་གིས་རིངས་པར་བསྐུལ་བ་ན། །ལུང་མངས་གསེར་གྱི་དྲྭ་བས་གདོང་གཡོགས་ཤིང༌། །ཡང་དག་རིགས་པའི་མཚོན་གྱི་འཁོར་ལོ་ཅན། །ཡོངས་རྫོགས་བསྟན་པ་འདེགས་པའི་ཁུར་ཁྱེར་བའི། །བློ་བཟང་གླང་ཆེན་བསྟན་པའི་ཚལ་ན་རྒྱུ། །མཐའ་གཅོད་རིགས་པའི་སྒེག་འགྲོས་ཤེས་པ་དང༌། །ལག་ལེན་ལུང་གི་ཐིག་ཕྲེང་འཛིན་པ་དང༌། །བསྟོད་པའི་རྫ་རྔ་མགྲིན་པར་བརྡུང་བ་དང༌། །ལེགས་བཤད་འོ་མའི་རྒྱ་མཚོར་རྩེ་འདོད་ན། །མང་དུ་ཐོས་པའི་ཆུ་གཏེར་འགྲམ་ངོགས་སུ། །ལེགས་བཤད་མགྲིན་པའི་རྔ་སྒྲ་མ་ཉམས་ཤིང༌། །བསྟན་ལ་བསམ་པའི་ཐིག་ཕྲེང་མང་པོ་ཅན། །བློ་བཟང་ངང་པ་དེ་དང་ཕྲད་པར་གྱིས། །གཞན་ཟེར་གྱ་གྱུའི་འཁར་བ་ལ་རྟེན་འགའ། །རང་བློའི་གོམས་སྟབས་འདོར་བའི་མཐུ་མེད་པས། །མུན་ནག་ཅོང་རོང་སྦུབས་ན་ལྷུང་བཞིན་དུ། །བླུན་པོས་བཅོས་པའི་སྨྱོ་ཆུའི་ཁུ་འཐུངས་པས། །རང་བཟོར་བརྩོམ་པའི་སྤྲིན་གྱི་ནགས་ཁྲོད་དེར། །ཕྲག་དོག་གླེང་ཕྲེང་རལ་པའི་ཁུར་ཁྱེར་བའི། །དམ་པ་སྨོད་པའི་དབྱངས་ཀྱི་ང་རོ་ཅན། །སྨྲ་བའི་སེང་གེ་དེ་དག་ངལ་གསོ་ཅིག །ཐུབ་རྣམས་དགྱེས་པའི་ལེགས་བཤད་མགྲིན་པའི་དབྱངས། །བསྟན་འཛིན་གྲོགས་པོའི་རྣ་བའི་ཆུ་གཏེར་དུ། །རྩེ་དགའི་ཨུད་པལ་བཞད་པའི་ངོ་མཚར་འདིས། །ལེགས་བཤད་སྦྲང་རྩི་སྐྱུགས་པའི་འདོད་ལྡན་མ། །ཆོས་འདོད་དབྱིངས་ཀྱི་མཛའ་བོ་དང་འགྲོགས་པའི། །ནོར་བུའི་བསིལ་ཡབ་འབབ་པའི་ལྡིང་ཁང་ན། །མགྲིན་པའི་དྲིལ་དབྱངས་འཁྲོལ་བ་ཨེ་མ་མཚར། །ཐོས་པའི་ཆུ་གཏེར་བསགས་པའི་འགྲམ་ཞིག་ན། །ཚུལ་ཁྲིམས་དག་པའི་གྲུ་ཆེན་ཉམས་དགའ་བར། །ལུང་དང་རིགས་པའི་རྔ་སྒྲས་ལེགས་འཁྱུད་པའི། །ལག་ལེན་བ་དན་དཀར་པོ་མཚར་དུ་མངར། །ཡོངས་ཀྱི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ། །འདུལ་མངོན་རྒྱ་མཚོའི་ཡིད་བཞིན་རིན་ཆེན་ཞབས། །བསོད་ནམས་ཆུ་གཏེར་ཚུལ་ཁྲིམས་རླབས་ཕྲེང་ཅན། །དེ་སྲས་ཐུ་བོ་དོན་ཡོད་མཁྱེན་པའི་དཔལ། །ཡོངས་འཛིན་རྣམ་བཞིའི་ཞབས་སེན་རི་བོང་གཟུགས། །གཙུག་རྒྱན་ཟླ་བའི་དཔུང་པར་གར་མཛད་པའི། །བློ་བཟང་བློ་མཚོའི་ཤེལ་དཀར་ཕོ་བྲང་ནས། །ཁྲིམས་ལྡན་བདེ་འབྱུང་མང་པོའི་གཙུག་རྒྱན་དུ། །ལག་ལེན་བདུད་རྩི་སྤྲོ་བྱེད་འདི་འཆར་གྱི། །བསྟན་པའི་རྒྱ་མཚོ་གང་ཞིང་འཕེལ་བར་ཤོག །ཅེས་པ་འདི་ནི་དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་འདུལ་བ་འཛིན་པ། ཐུབ་པའི་བརྟུལ་ཞུགས་མཆོག་ལ་ལེགས་པར་གནས་པའི་དགེ་སློང༌། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རབ་ཏུ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོ་ས་གས་ཉ་བའི་ཡར་ཚེས་འགྲུབ་སྦྱོར་བཟང་པོ་ལ། གཙང་གཡས་རུ་ཤངས་ཀྱི་སའི་ཐིག་ལེ་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་འཕྲིན་ལས་བསྐྱངས་པའི་གནས་སུ་ལེགས་པར་གྲུབ་པ་ཡིན་ནོ། །མངྒ་ལཾ་བྷ་ཝནྟུ།། །།དགེའོ།། །།ཤུ་བྷཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།