༼ཟ༽༄༅། །འདུལ་བའི་མདོའི་འབེལ་གཏམ་རྣམ་པར་ངེས་པ་བཞུགས་སོ།།
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཞི་བའི་འབྲོག་དགོན་ཉམས་དགའ་བར། །ལུས་ངག་བཅས་པའི་ལྕགས་ཀྱུ་གྲིམས་པོ་ཡིས། །ཡིད་ཀྱི་གླང་ཆེན་དུལ་བར་སྦྱོང་མཁས་པ། །གདུལ་བྱའི་ཁ་ལོ་བསྒྱུར་ལ་ཕྱག་འཚལ་ལོ། །མདོ་ལུང་གངས་ཀྱི་རི་ལ་གནས་གྱུར་ཀྱང༌། །བརྒལ་ལན་བཟོད་པའི་ཤུགས་རྩལ་མ་རྫོགས་ན། །ཆོས་འདུལ་སེང་གེ་མཁས་པས་མི་བཀུར་བ། །དེ་ཕྱིར་འབེལ་བའི་གཏམ་གྱིས་རྣམ་ངེས་བྱ། །ཞེས་མཆོད་པར་བརྗོད་ནས། གངས་ཅན་གྱི་འདུལ་བ་འཛིན་པ་རྣམས་ལ་དྲི་བར་བྱ་བ་ནི། བསྟན་པ་འདི་ལ་སྡེ་པ་བཅོ་བརྒྱད་དུ་གྱེས་པ་དེ་ལས་བྱེ་བ་ཡིན་ནམ། འོན་ཏེ་མིན། དང་པོ་ལྟར་ན། བཅོ་བརྒྱད་པོ་ལས་འགའ་ཞིག་ཆོས་མ་ཡིན་པར་སྨྲ་བའི་ཕྱོགས་སུ་ཁས་ལེན་ནམ་མི་ལེན། དང་པོ་ལྟར་ན་བཀའ་བསྡུ་གསུམ་པས་བཅོ་བརྒྱད་པོ་ཐམས་ཅད་སངས་རྒྱས་ཀྱི་འདུལ་བ་ཉིད་དུ་བསྡུས་པར་བཤད་པ་དང་ཇི་ལྟར་མི་འགལ། གཉིས་པ་ལྟར་ན། ལས་བྱེ་བར་འཇོག་པ་ལ། མཚམས་ནང་གཅིག་ཏུ་ཆོས་མ་ཡིན་པ་སྨྲ་བ་ལས་ཐ་དད་དུ་བྱས་པ་ཁོ་ན་དགོས་པ་ཉིད་དུ་བཤད་པ་དང་ཇི་ལྟར་མི་འགལ། བཅོ་བརྒྱད་པོ་ལས་བྱེ་བ་མིན་ན་སྡེ་པ་གཅིག་གིས་ཁ་སྐོང་དུ་འོས་པའི་དགེ་སློང་རྣམ་དག་དེ་སྡེ་པ་གཞན་གྱིའང་ལས་ཀྱི་ཁ་སྐོང་དུ་འོས་པར་འགྱུར་ལ། དེ་ལྟ་ན་སྡེ་པ་གཅིག་ལ་ལྟོས་པའི་དགེ་སློང་བསླབ་པ་འཁྲུལ་བཅས་དེ་སྡེ་པ་གཞན་ལ་ལྟོས་ནས་ཀྱང་བསླབ་པ་འཁྲུལ་བཅས་སུ་འགྱུར་ལ། དེ་ལྟ་ན་སྡེ་པ་བཅོ་བརྒྱད་པོ་འདུལ་བ་མི་འདྲ་བའི་དབང་གིས་གནང་བཀག་མི་འདྲ་བར་འཆད་པ་དང་ཇི་ལྟར་མི་འགལ། ཡང་སྡེ་པ་བཅོ་བརྒྱད་པོ་ལས་བྱེ་བར་ཁས་མི་ལེན་ན། ཁ་སྐོང་གི་ཆོས་གཞན་རྣམས་ཚང་མར་ཡོད་པའི་ཕལ་ཆེན་སྡེ་པའི་དགེ་སློང་ཞིག་གིས་མཁན་པོ་བྱས་ནས་ཐམས་ཅད་ཡོད་པར་སྨྲ་བའི་དགེ་འདུན་གྱིས་བསྒྲུབ་བྱ་ཞིག་བསྙེན་པར་རྫོགས་ན་བསྙེན་རྫོགས་འཆགས་སམ། འོན་ཏེ་མི་ཆགས། དང་པོ་ལྟར་ན། ཇོ་བོ་རྗེས་བོད་དུ་བསྙེན་རྫོགས་ཀྱི་མཁན་པོ་མི་མཛད་པའི་རྒྱུ་མཚན་ཅི་ལ་ཐུག གཉིས་པ་ལྟར་ན་དེ་མི་ཆགས་པའི་རྒྱུ་མཚན་གང་ཞིག་ཡོད། ཡང་མཚམས་ནང་གཅིག་ཏུ་ཆོས་ཕྱོགས་པ་ཁོ་ནའི་དགེ་འདུན་སྡེ་ཚན་གཉིས་ཀྱི་འདུན་པ་ལ་སོགས་པས་མཐུན་པར་མ་བྱས་པར། ལས་བྱས་ན་ལས་དེ་འཆགས་སམ། མི་འཆགས། དང་པོ་ལྟར་ན། ཇི་སྐད་དུ། ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ། །ཞེས་གསུངས་པའི་དགོངས་པ་ཅི་ཡིན། གཞན་ཡང་དེ་འཆགས་ན་དེའི་ཚེ་ལས་བྱེ་བར་སོང་ངམ་མ་སོང༌། དང་པོ་ལྟར་ན། དེ་ལ་བྱེ་བའི་མཚན་ཉིད་མི་ལྡན་པ་ཅི། མ་སོང་ན་དེ་འདྲ་དེ་ལ་དགེ་འདུན་དབྱེན་གྱི་ཉེས་པ་སྦོམ་པོ་འབྱུང་བར་བཤད་པའི་རྒྱུ་མཚན་ཅི་ཡིན། གཉིས་པ་ལྟར་ན། དེར་དེ་མི་འཆགས་པའི་རྒྱུ་མཚན་ཅི་ཡིན། མ་འདུས་པའི་མི་མཐུན་པ་བསྐྱེད་པས་སོ་ཤེ་ན། འོ་ན་ལས་བྱེ་བའི་ཚེ་ན་ཡང༌། ཆོས་མ་ཡིན་པའི་ལས་མི་ཆགས་པར་འགྱུར་ཏེ། ཆོས་ཕྱོགས་པ་རྣམས་ལས་དེའི་ཁ་སྐོང་དུ་འོས་ཤིང་མཚམས་ནང་གཅིག་ན་འདུག་པས་དེས་དེ་ལ་མི་མཐུན་པ་བསྐྱེད་པས་སོ། །གལ་ཏེ། ཇི་སྐད་དུ། དེ་ལས་གཞན་པ་དག་དང༌། ཚོགས་ཏེ། ལས་བྱས་ན་ཡང་མི་ཆགས་ལ། ཕན་ཚུན་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་རོ། །ཞེས་གསུངས་པས་སོ། །མི་མཐུན་པ་མི་བསྐྱེད་དོ་སྙམ་ན། གཞུང་དེའི་དོན་ནི། ལས་བྱེ་ཟིན་པ་ལ་དགོངས་ལ། བྱེ་མ་ཟིན་པའི་གོང་གི་ནི། ཆོས་ཕྱོགས་པའི་དགེ་འདུན་རྣམ་དག་རྣམས་དགེ་འདུན་གྱི་ལས་ཇི་སྙེད་པའི་ཁ་སྐོང་དུ་འོས་ཏེ། ཁ་སྐོང་གི་ཆོས་ཇི་སྙེད་པ་ཚང་བའི་ཕྱིར་ཅིག་ཤོས་ནི་མི་འོས་ཏེ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་རྒྱུད་ལ་སྐྱེས་པའི་ཕྱིར། ཞེས་རྒོལ་ན་ཇི་ལྟར་འདེབས། མདོར་ན་འདུལ་བ་མཐུན་པའི་དགེ་འདུན་སྡེ་ཚན་གཉིས་ཀྱིས་ཕན་ཚུན་མི་མཐུན་པའི་སྒོ་ནས་ལས་ཐ་དད་དུ་བྱས་པ་མི་འཆགས་པར་ཁས་ལེན་ན་ནི། ལས་ཀྱི་དབྱེ་ན་ཆགས་པའི་དོན་མེད་ལ། དེ་ཆགས་ན་ནི་དེའི་ཚེའི་མ་འདུས་པའི་མི་མཐུན་པ་སྐྱེས་པ་ཇི་ལྟར་ཡིན། ཞེས་པའི་ལན་གང་ཡིན། གལ་ཏེ་དེ་འདྲ་དེའི་ཚེ། ལས་དེ་ཆགས་ལ་དགེ་འདུན་གྱི་དབྱེན་གྱི་ཉེས་པ་སྦོམ་པོ་བསྐྱེད་པར་བཤད་དོ་སྙམ་ན། དེ་འདྲའི་དབྱེན་དེ་ལས་ཀྱི་དབྱེན་ནམ། འཁོར་ལོའི་དབྱེན་ལས་གང་ཡིན། དང་པོ་ལྟར་ན། ལས་དབྱེན་མཚན་ཉིད་པ་དེ་ལ་ལྷག་མར་ནི་མ་བཤད་ལ། དེ་ཡང་སྦོམ་པོ་ལས་འོས་མེད་ལ། སྦོམ་པོ་དེ་དང་འདིའི་ཁྱད་པར་གང་གིས་འབྱེད། དེ་ལྟར་བརྟགས་པ་ན། མི་མཐུན་པ་གཉིས་པོ་གང་རུང་གིས་མི་མཐུན་པར་གྱུར་པའི་ལས་ཤིག་ཆགས་ལ། དགེ་འདུན་དབྱེན་གྱི་སྦོམ་པོར་གྱུར་པའི་ཉེས་པ་ཡོད་པ་ཞིག་ཁས་ལེན་དགོས་པ་འདྲ་བས། དེ་ལྟར་འདོད་དམ་མི་འདོད། འདོད་ན་ཚོགས་ལ་གནས་དབྱུང་ནན་ཏུར་བྱས་པས་འཆགས་པ་ཞིག་ཀྱང་ངེས་པར་ཁས་ལེན་དགོས་ལ། དེ་ཡང་ཁྱེད་ཀྱིས་འདོད་དམ་མི་འདོད། འདོད་ན་ནི་ཚོགས་ཀྱིས་ཚོགས་ལ་ལས་བྱས་པ་ཐམས་ཅད་འཆགས་པར་ཁས་ལེན་དགོས་ཏེ། ཆད་པའི་ལས་ལ་དེ་ཆགས་ནི་སྦྱིན་པའི་ལས་ལས་འོས་མེད་པས་སོ། །གལ་ཏེ་མི་འདོད་ན་ནི། དགེ་སློང་ཚོགས་ལོངས་ཀྱིས་སྡིག་ལྟ་མི་གཏོང་བ་ལ་ཆད་པས་མི་གཅོད་པའམ། གཅོད་ན་གནས་དབྱུང་ནན་ཐུར་ལས་གཞན་མ་བཤད་པས་གང་ཡིན། དང་པོ་ལྟར་ན་ནི་ཧ་ཅང་ཐལ་ལ། གཉིས་པ་ལྟར་ཁས་བླངས་ན་ནན་ཐུར་ཆགས་ཤིང༌། བྱེད་པ་པོ་ལ་དགེ་འདུན་དབྱེན་གྱི་སྦོམ་པོའོ་སྙམ་ན། དབྱེན་གྱི་ཉེས་པ་དེ་མི་འབྱུང་བའི་ཐབས་ཡོད་དམ་མེད། མེད་ན་ནི་སངས་རྒྱས་བཅས་པའི་མཚམས་ལ་མི་མཁས་པར་འགྱུར་ལ། ཡོད་ན་ཐབས་དེ་གང་ཡིན། འདི་ལ་གང་མང་གི་ཞི་བྱེད་ནི་མི་འཇུག་ལ། གཞན་གྱིས་མ་ཞི་བ་སྲིད་པས་ཇི་ལྟར་བྱ་ཞེས་དྲི་བར་བྱའོ། །གང་མང་གི་ཞི་བྱེད་འཇུག་ན་ནི། དགེ་འདུན་ཐམས་ཅད་སྡིག་པ་ཅན་གྱི་ལྟ་བ་འཛིན་དགོས་པ་གཅིག་སྲིད་པར་ཧ་ཅང་ཐལ་བ་མིན་ནམ། དེ་ཡང་དེ་ལྟ་ན་ནི། ཐམས་ཅད་རྐུ་ཐབས་སུ་གནས་པ་ཉིད་དུ་འགྱུར་སྲིད་པ་མིན་ནམ། བརྟག་པ་གཉིས་པ་ལས་དེ་འཆགས་ལ་དགེ་འདུན་དབྱེན་གྱི་སྦོམ་པོ་བྱུང་བ་ཞིག་ཁས་མི་ལེན་ན་ནི། ཇི་ལྟར་དུ། ཐ་དད་པ་ཉིད་དུ་འདོད་པས་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ། །ཞེས་གསུངས་པ་ཇི་ལྟར་དྲངས། ཡང་འོ་ན་རྩོད་པ་ཆོས་མ་ཡིན་པའི་ཕྱོགས་སུ་ཞི་བ་དེའི་ཚེ། རྒྱལ་བྱེད་ཚལ་པའི་དགེ་འདུན་ཐམས་ཅད་སྡིག་པ་ཅན་གྱི་ལྟ་བ་ལ་གནས་པར་གྱུར་པ་ན། མཉན་ཡོད་པའི་དགེ་འདུན་ལྟ་བུས་བཞམས་བསྒོ་ལ་སོགས་པས་ཟློག་ཚུལ་རྣམ་པ་ལྔས་བཟློག་པར་རིགས་སམ་མི་རིགས། རིགས་ན་ཇི་སྐད་དུ། ཆོས་མ་ཡིན་པས་ཉེ་བར་ཞི་བ་ལ་སྐྱོ་སྔོགས་མི་བྱ་བར་བཤད་པ་དང་འགལ། མི་རིགས་ན། དེ་ལ་ཇི་སྐད་དུ། དེ་དག་ལ་བཞམ་པ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ། །ཞེས་པ་དང་འགལ་ཞེས་རྒོལ་ན་གང་ཡིན། འོན་ཏེ་རྩོད་པ་ཆོས་མིན་པའི་ཕྱོགས་སུ་ཞི་བ་དེའི་ཚེ། ཆོས་ཕྱོགས་པ་དག་ཡང་དག་པའི་ལྟ་བ་ཅན་ཁོ་ན་ཡིན་ན་ནི་གཉིས་པོ་མཐུན་པའི་ཚེ་ཡང་ལས་མི་འཆགས་པར་འགྱུར་རོ། །ཞེས་རྒོལ་བ་དང༌། ཡང་དེ་དེར་ཞི་བའི་ཚེ་ཆོས་ཕྱོགས་པས་ཅིག་ཤོས་ལ་བཟོད་པ་དང་མཐུན་པ་གསོལ་དགོས་སམ་མི་དགོས། མི་དགོས་ན་དེ་གཉིས་ལ་མཐུན་པའི་གསོ་སྦྱོང་མི་འབྱུང་བས་གཉིས་པོ་དེའི་ཚེ་ཡང་མཐུན་པ་མིན་པར་འགྱུར། དང་པོ་ལྟར་ན། གནས་ཕྱུང་ལ་ཡང་བཟོད་པར་གསོལ་དགོས་པར་མཚུངས་སོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པའི་དགེ་སློང་ཞིག་ལས་ཀྱི་ཁ་སྐོང་དུ་རུང་བ་ཡོད་དམ་མེད། ཡོད་ན་ཁ་སྐོང་གི་ཆོས་བཅུ་གསུམ་དུ་བཤད་པ་དང་འགལ། མེད་ན་ཇི་སྐད་དུ། དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ། །ཞེས་པའི་དོན་དང་འགལ། ཡང་དགེ་འདུན་དབྱེན་གྱི་ལྷག་མ་དང༌། མཚམས་མེད་ཀྱི་གཞི་མཐུན་སྲིད་དམ་མི་སྲིད། མི་སྲིད་ན་དབྱེན་གྱི་ལྷག་མའི་གླེང་གཞི་དང་ཇི་ལྟར་མི་འགལ། སྲིད་ན་དེ་འདྲའི་ལྷག་མ་འཆབ་མེད་དེ་དག་བྱེད་སྲིད་དམ་མི་སྲིད། གཉིས་པ་ལྟར་ན་དགེ་འདུན་ལྷག་མ་མ་ཡིན་པར་འགྱུར་ལ། དང་པོ་ལྟར་ན། དག་བྱེད་དེས་དེ་འདྲའི་ལྷག་མ་དེ་དག་པའི་དགེ་སློང་དེ་ལས་ཀྱི་ཁ་སྐོང་དུ་རུང་ངམ་མི་རུང༌། དང་པོ་ལྟར་ན་མཚམས་མེད་ཀྱི་ལས་རྟེན་དེ་ལ་བྱས་པ་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན། བསྒོ་གྱུར་གྱི་ལྟུང་བ་རྣམས་ཕྱིར་བཅོས་བྱས་ནས་ལས་ཉམས་སུ་མྱོང་བས་ཆོག་པར་བཤད་པ་དང་ཇི་ལྟར་མི་འགལ། དེ་ལྟར་བརྟགས་པ་ན་ལྷག་མ་དང༌། མཚམས་མེད་ཀྱི་གཞི་མཐུན་མི་སྲིད་པར་འདྲ་བས། དགེ་འདུན་དབྱེན་གྱི་ལྷག་མའི་མཚན་གཞི་གང་ཡིན། ལས་བྱེ་བ་ལ་བཟོད་གསོལ་དང༌། མཐུན་པ་སྦྱིན་པ་དང༌། མཐུན་པའི་གསོ་སྦྱོང་བྱེད་པར་བཤད་ན། འཁོར་ལོ་བྱེ་བ་ལ་དེ་འདྲའི་བཟོད་གསོལ་སོགས་ཡོད་དམ་མེད། མེད་ན་ནི་འཁོར་ལོ་བྱེ་བ་ལ་མཆོག་ཟུང་གཅིག་གིས་བསྡུམས་བྱས་པ་དེ་གང་གི་སྒོ་ནས་བྱས་པ་ཡིན། དང་པོ་ལྟར་ན། མཚམས་མེད་བྱས་པའི་གང་ཟག་གསོ་སྦྱོང་གི་ལས་ལ་འཇུག་ཏུ་མི་རུང་བ་མ་ཡིན་ནམ། ཞེས་དེ་ལྟར་བརྟགས་པ་ན། མཚམས་མེད་ཅན་ལས་ཀྱི་ཁ་སྐོང་དུ་མི་རུང་ཀྱང་ལས་ལ་འཇུག་ཏུ་རུང་བ་ཞིག་ཡོད་པ་འདྲ་བས་དེ་ལྟར་ན། སྤང་ལོག་རྣམ་པ་ལྔས་ལས་ཐོས་སུ་མི་རུང་བར་བཤད་པ་དང་ཇི་ལྟར་མི་འགལ། གཞན་ཡང་དེའི་རིགས་པས་སྡིག་ལྟ་ཅན་དང༌། བསླབ་པ་འཁྲུལ་བཅས་སོགས་ལ་མཚུངས་པར་ཁས་ལེན་ནམ་མི་ལེན། ལེན་ན་དགེ་འདུན་གྱི་ལས་ལ་འདུ་བའི་སྔ་རོལ་དུ་ལས་དེ་འདུ་བའི་དགེ་འདུན་ཐམས་ཅད་ཀྱི་ལྟུང་བ་ཕྱིར་བཅོས་བྱེད་དགོས་སམ་མི་དགོས། དགོས་ན་དངོས་སུ་འགལ་ལ། མི་དགོས་ན་དེའི་ཚེ་ལྟུང་བ་ཐུན་མོང་བ་ཡོད་ན་ངེས་པར་བྱིན་གྱིས་རློབ་དགོས་པ་ཅི་ཡིན། མཚུངས་པར་ཁས་མི་ལེན་ན། ས་གཞན་ན་གནས་པ་རྣམས་ལ་དབྱར་གནས་དང༌། གསོ་སྦྱོང་དང་དགག་དབྱེ་སོགས་ཆོས་ཀྱི་ལོངས་སྤྱོད་མཐའ་དག་གིས་སྤངས་ཟིན་པས་གནས་ཕྱུང་དང་འདྲ་བ་མ་ཡིན་ནམ། ཡང་དགེ་སློང་སྡེ་སྣོད་འཛིན་པ་ལྟ་བུ། ཕྱོགས་དང་འཁོར་མང་པོ་པ་ཞིག་གིས་སྡིག་པ་ཅན་གྱི་ལྟ་བ་མ་བཏང༌། དེ་ལ་དགེ་འདུན་གྱིས་གནས་དབྱུང་ནན་ཏུར་བྱས། དེའི་འོག་ཏུ་དེ་དག་གིས་མཚམས་གཞན་དུ་གསོ་སྦྱོང་ལ་སོགས་པའི་ལས་བྱས་ན་འཆགས་སམ་མི་འཆགས། དང་པོ་ལྟར་ན་ཇི་སྐད་དུ། ཐ་དད་པར་གནས་པ་དག་ལས་གཞན་པ། ཁ་སྐོང་བར་འོས་པ་མ་ཡིན་པ་དག་གིས། ཚོགས་ཀྱི་གསོལ་བ་དང་བརྗོད་པ་དག་ནི་མ་ཡིན་ནོ། །ཞེས་པ་དང་ཇི་ལྟར་མི་འགལ། གཉིས་པ་ལྟར་ན། ཀཽ་ཤམྦིར་དགེ་སློང་གནས་ཕྱུང་གི་ཚོགས་ཀྱི་ལས་བྱས་པས་ལས་ཀྱི་དབྱེན་དུ་གྱུར་པ་ཞིག་ཡིན་པར་ལུང་དང༌། ལས་བརྒྱ་རྩ་ལས་བཤད་པ་དང་ཇི་ལྟར་མི་འགལ། ཡང་ཤེས་པ་རང་བཞིན་དུ་མི་གནས་པའི་དགེ་སློང་ལས་ཀྱི་ཁ་སྐོང་དུ་རུང་ངམ་མི་རུང༌། རུང་ན་ཁ་སྐོང་གི་ཆོས་བཅུ་གསུམ་ཇི་ལྟར་བརྩམས། མི་རུང་ན་མ་འདུས་པའི་མི་མཐུན་པ་ཁེགས་པའི་ཕྱིར་དུ་སྨྱོས་པའི་གནང་བ་སྟེར་བར་བཤད་པ་དང་འགལ། ཞེས་རྒོལ་ན་ལན་གང་ཡིན། ཡང་གནས་མ་བུའི་སྡེ་པའི་དགེ་སློང་གིས་ལས་བརྒྱ་རྩ་འཆགས་པ་སྲིད་དམ་མི་སྲིད། མི་སྲིད་ན་དེ་ལ་འདུལ་བའི་བསྟན་པ་རྣམ་དག་ཡོད་པར་འགལ་ལ། དང་པོ་ལྟར་ན། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་རྒྱུད་ལ་ལྡན་པའི་དགེ་སློང་གི་ཚོགས་ཀྱི་ལས་བྱས་ན། མི་ཆགས་པར་འཆད་པ་དང་ཇི་ལྟར་མི་འགལ། གལ་ཏེ་སྡིག་ལྟ་ཅན་ཁ་སྐོང་དུ་མི་རུང་བར་བཤད་པ་དེ་ཆོས་ཕྱོགས་པའི་ལས་ཁོ་ནའི་དབང་དུ་བྱས་པས་སོ་སྙམ་ན། འོ་ན་ལྟ་བ་དེ་སྐྱེས་ནས་བཞམ་སྒོ་མ་བྱས་པའི་གོང་རོལ་དུ་ཡང་དེ་དེར་མི་རུང་བར་འགྱུར་ལ། དེ་ལྟར་ན་མུ་སྟེགས་ཅན་ཞུགས་པ་འཆད་པའི་མདོའི་དོན་དང་འགལ་ལོ་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་ཚོགས་ཀྱིས་ཚོགས་ལ་ལས་སུ་ཆགས་སམ་མི་འཆགས། འཆགས་ན་ཇི་སྐད་དུ། དུ་མ་མཁན་པོ་གཅིག་པ་ཞེས་སོགས་དང་ཇི་ལྟར་མི་འགལ། མི་འཆགས་ན་ཆོས་མ་ཡིན་པའི་ཕྱོགས་པའི་དགེ་འདུན་ལ་མཐུན་པ་སྦྱིན་པར་གསུངས་པ་དེ་ཇི་ལྟར་ཡིན། གལ་ཏེ་དེ་ལ་དེ་འཆགས་ལ། ཉེས་པ་དང་བཅས་པའོ་ཞེ་ན་ཉེས་པ་ཅི་ཡོད། དགེ་འདུན་དབྱེན་གྱི་ཁོངས་སུ་གཏོགས་པའི་འོ་ཞེ་ན། འོ་ན་དེ་རྗེས་ཕྱོགས་ཀྱི་ཟློག་ཚུལ་རྣམ་པ་ལྔ་དང༌། རྩོད་པ་ཞི་བྱེད་ཀྱི་གཟུ་བོ་བསྐོ་བ་དང༌། ཐ་དད་དུ་གནས་པ་ལ་མཐུན་པ་སྦྱིན་པ་སོགས་ཀྱང་ཚོགས་ཀྱིས་ཚོགས་ལ་བྱས་པ་ཉིད་ཀྱི་ཕྱིར་ན་དབྱེན་གྱི་ཉེས་པ་འབྱུང་བར་འགྱུར་ལ། དེ་ལྟར་ན་དབྱེན་ཞི་བྱེད་ཀྱི་བཤད་པ་དང་ཇི་ལྟར་མི་འགལ་ཞེས་རྒོལ་ན་ལན་ཇི་ལྟར་དུ་འདེབས། ཡང་ལས་ཀྱི་དབྱེན་བྱས་པའི་དགེ་སློང་ལ་དབྱེན་དེ་བྱས་པའི་ཆ་ནས་ཁ་ན་མ་ཐོ་བ་ཅི་ཞིག་བྱུང༌། དགེ་འདུན་ཕྱོགས་གཉིས་ལ་ལྡན་པའི་དབྱེན་རང་གི་ངོ་བོ་ནི་མ་སྒྲིབ་ལུང་མ་བསྟན་དུ་བཤད། ཇི་སྐད་དུ། དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཞེས་བཤད་པ་དེ་འདྲ་དེ་ནི་འབྱེད་པ་པོ་ལོགས་པ་མེད་པས་འབྱུང་བ་མེད་ལ། ཆོས་དང་འདུལ་བ་ལ་ལོག་པར་སྨྲ་བའི་ཆ་ནས་ནི། ཆོས་མ་ཡིན་པ་སྨྲ་བའི་ཉེས་པར་སོང་གི དབྱེན་གྱི་ཉེས་པར་མ་སོང་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། གལ་ཏེ་འདི་ལ་དགེ་འདུན་དབྱེན་གྱི་སྦོམ་པོ་འབྱུང་ངོ་སྙམ་ན། ལས་བྱེ་བ་འདུམ་པའི་སྔ་རོལ་དུ་སྦོམ་པོའི་ཕྱིར་བཅོས་མ་བཤད་པ་ཇི་ལྟར་ཡིན། ཡང་དབྱེན་གྱི་མཚམས་མེད་འབྱུང་བ་ལ་བཟློག་ཚུལ་རྣམ་པ་ལྔ་སྔོན་དུ་འགྲོ་དགོས་སམ་མི་དགོས། མི་དགོས་ན་གླེང་གཞི་དང་འགལ། དགོས་ན་ཟློག་ཚུལ་ལྔ་པའི་མཐའ་ལ་མ་བཏང་ན། མཚམས་མེད་དངོས་གཞིར་འགྱུར་རམ་མི་འགྱུར། མི་འགྱུར་ན་བསྒོ་གྱུར་གྱི་ལྟུང་བ་གཞན་རྣམས་ལའང་ཇི་སྐད་དུ། དེའི་མཐའ་ལ་མི་གཏོང་ནའོ། །ཞེས་བཤད་པ་དེ་ལས་ལོགས་སུ་གྱུར་པའི་མཐར་ཐུག་གི་ས་མཚམས་གཞན་ཞིག་འཛིན་དགོས་པར་འགྱུར་ལ། དང་པོ་ལྟར་ན་བཟློག་ཚུལ་ལྔ་པའི་མཐའ་ལ་མ་བཏང་ཞིང༌། དགེ་འདུན་དབྱེ་བར་མ་ནུས་ན་ཡང་མཚམས་མེད་དུ་ཐལ་བར་འགྱུར་རོ་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་ཆོས་མ་ཡིན་པ་སྨྲ་བས་མཚམས་ནང་དུ་ལས་ཐ་དད་དུ་བྱས་ན་ལས་བྱེ་བར་འགྱུར་ལ། དེ་ལྟར་མ་བྱས་གོང་དུ་ཕྱོགས་གཉིས་པོ་ལས་ལྷན་ཅིག་ཏུ་བྱས་ན་འཆགས་སམ། མི་འཆགས། འཆགས་ན་ཕྱོགས་གཉིས་པོ་འདུས་ནས་ལས་བྱས་ན་མི་འཆགས་ཤིང༌། ཕན་ཚུན་མི་མཐུན་པ་ཡང་མི་བསྐྱེད་པར་བཤད་པའི་གཞུང་དང་འགལ། མི་འཆགས་ན་ལས་ཀྱི་དབྱེན་འབྱུང་བ་མི་རིགས་ཏེ། ལྷན་ཅིག་ཏུ་བྱས་ན་འཆགས་པའི་ལས་ཤིག་ཐ་དད་དུ་བྱས་པའི་དབང་གིས་ལས་ཀྱི་དབྱེན་དུ་འཇོག་དགོས་པས་སོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་ལྟུང་བ་གླེང་བའི་སྐབས་མི་འབྱེད་པ་ལ་གསོ་སྦྱོང་བཞག་པའི་ནན་ཐུར་གྱིས་མ་དུལ་ན། དགག་དབྱེ་བཞག་པའི་ནན་ཐུར་བྱ་བར་བཤད་པ་དེའི་ཚེ་དབྱར་གྱི་ནང་དུ་ལྟུང་བ་གླེང་བ་དང༌། ནན་ཐུར་བྱེད་པ་ཡོད་པར་ཁས་ལེན་ནམ། ཡང་དགག་དབྱེ་བརྗོད་པ་རྫོགས་ནས་ནི་དགག་དབྱེ་བཞག་པ་མི་འཆགས་པར་བཤད་པ་ལ། དགག་དབྱེ་བརྗོད་པ་མ་བྱུང་གོང་དུ་ནི་དགག་དབྱེ་བཞག་པ་འབྱུང་ཐབས་མེད་པས། དགག་དབྱེ་བཞག་པའི་ནན་ཐུར་དེ་དུས་ནམ་གྱི་ཚེ་བྱས་པ་ཡིན། ཡང་གླེང་བྱ་ཡུལ་དེ་ལྟུང་བ་གླེང་པའི་སྐབས་མི་འབྱེད་པ་ལ་གསོ་དགག་བཞག་པ་ཆད་ལས་སུ་ཇི་ལྟར་འགྱུར་ཏེ། ཡུལ་དེ་གླེང་བའི་སྐབས་མི་འབྱེད་པ་དང༌། དགེ་འདུན་གྱིས་མི་གླེང་བ་གཉིས་འདོད་པ་མཐུན་པས་སོ། །ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་འཐབ་དཀྲོལ་བྱེད་པའི་དབང་གིས་དགག་དབྱེ་དུས་ལས་ཡོལ་བར་འཇོག་པ་དང༌། དགག་དབྱེ་དུས་ཀྱི་སྔ་རོལ་དུ་བྱེད་དགོས་པ་བྱུང་བའི་ཚེ་གཞི་དང་གང་ཟག་འཇོག་པ་ཞེས་བྱ་བ་དང༌། བྱེད་པ་པོ་ནད་པས་འཇོག་པ་དང༌། ནད་པ་ལ་འཇོག་པ་དང༌། ཞེས་བྱ་བ་ལྟ་བུའི་དགག་དབྱེ་འཇོག་ལུགས་གཅིག་དང༌། དགེ་འདུན་གྱིས་ནན་ཏུར་གྱི་དོན་དུ་དགག་དབྱེ་བཞག་པ་གཅིག་སྟེ། འཇོག་ལུགས་མི་འདྲ་བ་གཉིས་བྱུང་ན། གཉིས་པོ་དེའི་དགག་བྱ་འགོག་ལུགས་དང༌། དགོས་པ་སྒྲུབ་ལུགས་ཀྱི་ཁྱད་པར་མི་འདྲ་བ་གང་ཡིན། མཚམས་ཀྱི་ཕྱི་རོལ་ན་གནས་པས་གསོ་དགག་གི་ལས་ལ་འདུན་པ་འབུལ་མི་དགོས་བཞིན་དུ་ཡོངས་སུ་དག་པ་འབུལ་དུ་རུང་ངམ་མི་རུང༌། མི་རུང་ན་དེའི་ཤེས་བྱེད་ཅི་ཡིན། རུང་ན་འདུན་པ་དང་ཡོངས་དག་འབུལ་ལེན་གྱི་སྐབས་ཀྱི་གཞུང་དོན་ལ་ཞིབ་ཆ་ཐོན་པ་བྱ་དགོས་པ་མ་ཡིན་ནམ། ཡང་དབྱར་གནས་ཁས་ལེན་གྱི་ཆོ་ག་དངོས་གཞི་དེ་བྱས་ནས་ཞག་མ་ལོན་པར་གཞན་དུ་འགྲོ་དགོས་པ་བྱུང་ན། ཚོགས་ཀྱི་དགག་དབྱེ་ལྟ་བུ་རུང་ངམ་མི་རུང༌། མི་རུང་ན་དེའི་ཤེས་བྱེད་ཀྱི་ལུང་གང་ཡིན། རུང་ན་ཞག་གཅིག་ཀྱང་མ་གནས་པ་ལ་སྲ་རྐྱང་འདིང་བ་སོགས་ཕན་ཡོན་གཞན་རྣམས་ཀྱང་ཐོབ་པར་ཐལ་ལོ། །ཞེས་ཟེར་ན་ལན་གང་ཡིན། ཡང་དབྱར་གནས་པར་ཁས་ལེན་པའི་གནས་དེར་ལས་མཚམས་བཅད་པ་ལ་ལྟོས་སམ་མི་ལྟོས། ལྟོས་ན་དེའི་ཤེས་བྱེད་གང་ཡིན། དེའི་ཚེ་དེའི་ལག་ལེན་མི་འབྱུང་བ་ཅི། མི་ལྟོས་ན་མཚམས་ཕྱི་ནང་གི་ཁྱད་པར་གང་གིས་འབྱེད། ཇི་སྐད་དུ། མཚམས་མ་བཅད་པའི་གནས་སུ་ལས་ལ་བརྩིགས་པ་མཚམས་ཡིན་པ་སོགས་ཀྱིས་འཇོག་ན་ནི། ཇི་སྐད་དུ། གསོ་སྦྱོང་ཅིག་པ་ཉིད་ཀྱི་གནས་གཉིས་སུ་ནི་དེ་འབྱུང་བ་མེད་དོ། །ཞེས་པའི་དོན་དང་ཇི་ལྟར་མི་འགལ། འོན་ཏེ་མཚམས་ཕྱི་ནང་གི་ཁྱད་པར་ཕྱོགས་ཕྱོགས་སུ་མཚན་མ་བརྟན་པོ་བཟུང་ནས་འདི་ཚུན་ཆད་དང་ཕན་ཆད་ཅེས་པ་ཙམ་གྱིས་འཛིན་ན་དེ་འདྲའི་མཚམས་ཀྱི་འཛིན་ལུགས་མདོ་ལུང་ནས་མི་འབྱུང་ངོ༌། །ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་གང་དུ་དབྱར་གནས་བྱས་པའི་ཡུལ་གྱི་དགེ་སློང་མ་ཡིན་པའི་དགེ་སློང་གཞན་ལ་དགག་དབྱེ་བྱས་ན་དགག་དབྱེ་བྱས་པར་འགྱུར་རམ་མི་འགྱུར། འགྱུར་ན་དགེ་སློང་འཐབ་ཀྲོལ་ཅན་འོང་བའི་ཚེ་དགག་དབྱེ་དུས་ཀྱི་སྔ་ཕྱིར་བྱེད་པ་དང་འགལ། གཉིས་པ་ལྟར་ན། རྒྱལ་བྱེད་ཚལ་དུ་དབྱར་གནས་པར་ཁས་བླངས་ན། མཉན་ཡོད་པའི་དགེ་འདུན་ལ་དགག་དབྱེ་བྱས་པས་དེའི་གོ་ཆོད་པར་བཤད་པ་དང་འགལ། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། དེ་ལྟར་བཤད་པ་མེད་དོ་སྙམ་ན། ཇི་སྐད་དུ། དེ་དག་དང་ལྷན་ཅིག་བྱས་ན་བྱས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་དོན་གང་ཡིན། གལ་ཏེ་སྤྱིར་དེ་བྱས་པའི་གོ་ཆོད་པར་སྟོན་པ་ཡིན་གྱི། རང་གི་གནས་སུ་བྱས་པའི་གོ་ཆོད་པ་མ་ཡིན་ནོ་སྙམ་ན། འོ་ན་རང་གནས་སུ་སླར་ཡང་བྱེད་དགོས་པར་འགྱུར་ཏེ། དེའི་གོ་མ་ཆོད་པ་གང་ཞིག རང་གནས་སུ་དེ་སླར་ཡང་བྱ་བའི་དུས་ཀྱི་ལོང་སྐབས་ཡོད་པའི་ཕྱིར། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་མཐའི་ཞག་དྲུག་ལ་དབྱར་གྱི་བྱིན་བརླབས་མི་ཆགས་པར་བཤད་པ་དེའི་ཚེ། དུས་དེར་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་ཞག་འདས་ན། དབྱར་རལ་བའི་ཉེས་དམིགས་བྱུང་བ་ཡིན་ནམ་མ་ཡིན། ཡིན་ན་དབྱར་ཕལ་ཆེར་གནས་ན་གནས་པའི་གོ་ཆོད་པར་བཤད་པ་དང་འགལ། གཉིས་པ་ལྟར་ན། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེས་གསུངས་པ་དང་འགལ་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་དབྱར་གནས་པར་ཁས་བླངས་ནས། ཞག་གསུམ་ཙམ་ལོན་པའི་ཚེ། ཞག་བཞི་བཅུའི་གནང་བ་ཐོབ་ནས་ཕྱི་རོལ་དུ་སོང༌། དེར་དགག་དབྱེ་དུས་ཀྱི་སྔ་རོལ་དུ་བྱེད་པ་དང་ཐུག་ནས། དེར་དགག་དབྱེ་བྱས། དེ་ལྟ་བུའི་ཚུལ་གྱིས་ཕྱི་རོལ་དུ་ཞག་ལྔ་བཅུ་ལ་སོགས་པ་ལོན་ནས་ནང་དུ་འཁོར་ན། སླར་དགག་དབྱེ་བྱེད་ནི་མི་དགོས་པར་བཤད་ལ། དེའི་ཚེ་དབྱར་རྙེད་གཞན་རྣམས་དབང་བ་ལ་སོགས་པའི་ཕན་ཡོན་འཐོབ་བམ་མི་འཐོབ། འཐོབ་ན་ཞག་བཞི་བཅུ་ལས་ལྷག་པ་ཕྱི་རོལ་དུ་མི་གནས་པར་བཤད་པ་དང་འགལ། མི་འཐོབ་ན་རྒྱུ་དབྱར་གནས་པར་ཁས་བླངས་ཤིང་མ་རལ་བར་དེའི་འབྲས་བུ་མི་འབྱུང་བར་འགལ་ལོ། །ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་གསོ་སྦྱོང་གི་གནས་ལ་བློ་མཐུན་དགོས་པར་བཤད་ནས་ལས་གཞན་གྱིས་གནས་ལ་དེ་དགོས་པར་མི་འཆད་པའི་ཁྱད་པར་གང་ཡིན། གལ་ཏེ་ཇི་སྐད་དུ། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་པས་ཐམས་ཅད་ལ་དེ་དགོས་པར་བསྟན་ནོ་སྙམ་ན་དེ་ནི་ཤེས་བྱེད་དུ་འགལ་བ་ཡིན་ཏེ། གསོ་སྦྱོང་གི་གནས་ལ་དེ་དགོས་ན་ལས་གཞན་གྱི་གནས་ལ་ཡང་དེ་དགོས་སམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་གཞུང་དེ་འབྱུང་བས་སོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་གསོ་སྦྱོང་ལ་འདུ་བའི་ཚེ། ལྟུང་བ་ཤེས་པ་ཐམས་ཅད་ཕྱིར་འཆོས་པར་བཤད་པ་དེ་བསླབ་པ་འཁྲུལ་བཅས་ཀྱི་ཉེས་པ་དགག་པའི་ཕྱིར་ཡིན་ནམ། དགོས་པ་གཞན་ཡོད། དང་པོ་ལྟར་ན། ལྷག་མ་ལ་སོགས་པའི་ལྟུང་བ་ཕྱིར་བཅོས་མ་བྱས་པར་གསོ་སྦྱོང་ལ་འཇུག་ཏུ་མི་རུང་བར་འགྱུར་ལ། དེ་ལྟ་ན། ཇི་སྐད་དུ། གསོ་སྦྱོང་དང་དགག་དབྱེ་ནི་མ་གཏོགས་སོ། །ཞེས་བཤད་པ་དང་འགལ། དེར་མ་ཟད་གསོ་སྦྱོང་གི་ལས་ལ་འཇུག་པའི་སྔ་རོལ་ཏུ་ལྟུང་བ་ཕྱིར་བཅོས་ཟིན་པ་ཞིག་དགོས་ན། མདོ་འདོན་པ་པོས། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པའི་ཚེ། འཐོལ་དགོས་པར་བཤད་པ་དང་འགལ་ལོ། །དེ་ཡང་འདི་ལྟར། རེག་པའི་དགེ་འདུན་ལྷག་མ་ལྟ་བུ་བྱུང་བའི་དགེ་སློང་གིས་གསོ་སྦྱོང་ལ་འདུ་བའི་ཚེ། བྱིན་གྱིས་རློབ་པ་ལྟ་བུའི་སྒོ་ནས་ཕྱིར་བཅོས་མ་བྱས་པ་ཡོངས་སུ་དག་གམ་ཞེས་དྲིས་པའི་ཚེ། འཐོལ་ན་གསོ་སྦྱོང་གི་ལས་རྣམ་དག་ཏུ་འགྱུར་བར་བཤད་པས་སོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་ལྷག་མ་དང་སྤང་ལྟུང་བྱུང་བའི་དགེ་སློང་གི་ལས་ལ་འཇུག་ཁ་མའི་ཚེ་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་ཞུགས་ནས་ཡོངས་སུ་དག་གམ་ཞེས་དྲིས་པའི་ཚེ། ཅང་མི་སྨྲ་བས་འདའ་བར་བྱེད་རུང་ཡིན་ནམ། ཡང་ན་དེ་བྱིན་གྱིས་མ་བརླབས་པར་ལས་དེ་ལ་ཞུགས་ནས་ཡོངས་སུ་དག་གམ་ཞེས་དྲིས་པའི་ཚེ། དགེ་འདུན་གྱི་ནང་དུ་འཐོལ་བར་བྱེད་རྒྱུ་ཡིན། ཞེས་དྲིས་ན་ལན་གང་འདེབས། ཡང་གསོ་སྦྱོང་གི་ཚེ། གླེང་གཞི་འདོན་པ་ཤེས་པ་དེ་གང་ལ་བྱེད། སྤྱིར་སོ་ཐར་གྱི་མདོ་ལ་གླེང་གཞི་མི་སྣང་བ་དང༌། ཁྱད་པར་གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་གཞུག་པ་སྔར་བྱས་ཟིན་པའི་འོག་ཏུ་ནི་ཕམ་པའི་སྡེ་ཚན་གྱི་གོང་ན། གླེང་གཞི་འདོན་རྒྱུ་ཅི་ཡང་མི་སྣང་བས་སོ། །ཞེས་རྒོལ་ན་ལན་ཇི་ལྟར་དུ་འདེབས། ཇི་སྐད་དུ། སངས་རྒྱས་འདུལ་བ་གངས་ཅན་མཚོ། །ཞེས་སོགས་གླེང་གཞི་ཡིན་པར་ཁས་ལེན་ན་ནི། དེ་ནི་མདོའི་བསྟོད་པ་ཡིན་གྱི། གླེང་གཞི་ཡིན་པའི་ཤེས་བྱེད་མེད་དོ། །ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་གསོ་སྦྱོང་གི་ལས་བྱེད་པ་པོ་དང༌། སོ་སོར་ཐར་པའི་མདོ་འདོན་པ་པོ་ངེས་པར་ཅིག་པ་གཅིག་དགོས་པ་ཡིན་ནམ། སོ་སོར་བྱས་ཀྱང་རུང་བ་ཞིག་ཡིན། དང་པོ་ལྟར་ན་སྟོན་པ་ཐུབ་པའི་དབང་པོ་དགེ་འདུན་གྱི་ལས་བྱེད་པ་པོ་ཉིད་དུ་རུང་བར་འགྱུར་ལ། དེ་ལྟ་ན་ལས་ཀྱི་ཁ་སྐོང་དུ་འོས་པར་འགྱུར་རོ། །གཉིས་པ་ལྟར་ན། གསོ་སྦྱོང་གི་ལས་ཀྱི་སྔགས་ཆོག་ལས། བདག་གིས་སོ་སོར་ཐར་པའི་མདོ་འདོན་པ་གདོན་ཏོ། །ཞེས་བཤད་པ་དང་འགལ་ལོ། །ཞེས་རྒོལ་ན་ལན་གང་འདེབས། ཡང་དགེ་ཚུལ་རྣམས་ལ་དགག་དབྱེ་ཡོད་པའི་ཕྱིར། གསོ་སྦྱོང་ཡོད་དོ་ཞེས་སློབ་དཔོན་ཤཱཀྱ་འོད་སོགས་འཆད་ན། དེ་ལ་དེ་ཡོད་པའི་མདོ་དང་ལུང་གི་སྒྲུབ་བྱེད་ཅི་ཡོད། སློབ་དཔོན་ཤཱཀྱ་འོད་ཀྱི་དགོངས་པ་ནི། དེའི་དགག་དབྱེ་དེ་ཉིད་དེའི་འོག་གསོ་སྦྱོང་ཡིན་ཞེས་པའི་དོན་དུ་སྣང་ལ། དེའི་གོ་བ་ཡང་དེ་ལ་ཡོད་པ་ན་དེ་ལ་ལྟུང་བ་ཕྱིར་བཅོས་ཡོད་པར་གྲུབ། དེ་ཙམ་གྱི་དེའི་དོན་གྲུབ་ཅེས་པའི་དོན་དུ་སྣང་ལ། དེ་ལས་གཞན་དུ་དགེ་སློང་གི་དགེ་འདུན་གསོ་སྦྱོང་བྱེད་པའི་དོན་དུ། དགེ་ཚུལ་རྣམས་ཀྱང་དེ་བྱེད་པའི་ལུང་གི་ཁུངས་གང་ཡིན། གལ་ཏེ་ཇི་སྐད་དུ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་ཞེས་སོགས་ཀྱི་སྔགས་ཚིག་ཅིག་ཡོད་པས་སོ་ཞེ་ན། དེ་འདྲ་དེ་ལུང་གི་ཚིག་ཡིན་ནམ། བསྟན་བཅོས་མཁན་པོའི་ཚིག་ཡིན། དང་པོ་ལྟར་ན་ལུང་གང་ནས་འབྱུང༌། གཉིས་པ་ལྟར་ན། ཇི་སྐད་དུ། ཚིག་འབྲུ་དེ་ཉིད་མ་ཡིན་པ་ལ་གུས་པར་མི་བྱ་ཞེས་གསུངས་པས་སྔགས་ཆོག་ཏུ་མི་རུང་ངོ༌། །ཞེས་རྒོལ་ན་ལན་གང་ཡིན། ཡང་མཚམས་ནང་དེར་བསླབ་པ་འཁྲུལ་བཅས་སུ་གྱུར་པ་དང༌། ས་གཞན་ན་གནས་པའི་དགེ་སློང་ཞིག་གསོ་སྦྱོང་གི་ལས་ལ་མ་འདུས་ན་མི་མཐུན་པ་བསྐྱེད་དམ་མི་སྐྱེད། གཉིས་པ་ལྟར་ན་ཇི་སྐད་དུ། འཕྲིགས་པས་མི་མཐུན་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ། །དང་པོ་ལྟར་ན། མ་འདུས་པའི་མི་མཐུན་པ་བསྐྱེད་པ་ལ་ལས་ཀྱི་ཁ་སྐོང་དུ་འོས་པ་ཞིག་དགོས་པར་བཤད་པ་དང་འགལ། ཞེས་རྒོལ་ན་ལན་གང་ཡིན། ཡང་ལོ་གཅིག་ལ་ཟླ་ཤོལ་བྱུང་བའི་ཚེ་གསོ་སྦྱོང་མི་ཐུབ་པ་དུ་ཞིག་འབྱུང༌། ཟླ་ཤོལ་གྱི་མར་ངོ་ལ་ཡང་མི་ཐུབ་པ་ཞིག་འབྱུང་སྲིད་པར་ཁས་ལེན་ན་ནི་ཟླ་བ་དེ་ལ་ཉིན་ཞག་ཉི་ཤུ་རྩ་དགུ་ལས་མེད་པར་འགྱུར་ལ། དེ་ལྟ་ན་ཟླ་ཤོལ་ཡིན་པ་ཉམས་སོ། །ཞེས་རྒོལ་ན་ལན་གང་འདེབས། ཡང་དགེ་སློང་རྣམ་དག་ལ་ཆོས་གོས་རྣམ་པ་གསུམ་ཀའམ། གང་ཡང་རུང་བ་ཅིག་གཞི་རྩ་བ་ནས་མེད་པ་ལོ་དང་ཟླ་གྲངས་དུ་མ་ལོན་ན་ཉེས་པ་ཅིར་འགྱུར། འབྲལ་བའི་སྤང་བ་སྐྱེད་པ་ལ་ནི། ཆོས་གོས་བྱིན་བརླབས་ཅན་ཡོད་པ་དང་བྲལ་བ་ཞིག་དགོས་པར་བཤད་པས་སོ། །ཡང་ཆོས་གོས་ཀྱི་བྱིན་བརླབས་ཕྱུང་ནས་ཁྱིམ་པའི་གོས་ལྟ་བུ་ལ་སྔགས་རྟེན་གྱི་བྱིན་བརླབས་བྱས་པའི་ཚེ། དེ་དང་མ་བྲལ་ན་འབྲལ་སྤང་ཁེགས་སམ་མ་ཁེགས། མི་ཁེགས་ན་སྔགས་རྟེན་བྱིན་གྱིས་བརླབས་པའི་དགོས་པ་གང་ཡིན། ཁེགས་ན་དེ་དང་བྲལ་བའི་ཚེ། འབྲལ་སྤང་སྐྱེད་དམ་མི་སྐྱེད། སྐྱེད་ན་དེ་སྐྱེད་པ་ལ་ཆོས་གོས་རུང་ཚད་ལྡན་བྱིན་བརླབས་དགོས་པར་འཆད་པ་དང་འགལ། མི་བསྐྱེད་ན་དེས་འབྲལ་བ་ཁེགས་པའི་རྒྱུ་མཚན་ཅི། ཞེས་འདྲིའོ། །ཡང་དང་པོ་ཆོས་གོས་གསུམ་པོའི་རྒྱུ་ལ་བྱིན་བརླབས་བྱས་ནས་མཁན་པོའི་གནང་བ་དེ་ཆོས་གོས་ཉིད་དུ་མ་གྲུབ་པར་ཟླ་བ་ལས་འདས་ནས་ཞག་སོ་གཅིག་པའི་སྐྱ་རེངས་ཤར་བ་དེའི་ཚེ། ཟླ་བར་འཇོག་པའི་སྤང་བ་སྐྱེད་དམ་མི་སྐྱེད། སྐྱེད་ན་དེའི་བཤད་པ་མི་འབྱུང་བ་ཅི། མི་སྐྱེད་ན་ཟླ་བར་འཇོག་ཏུ་རུང་བའི་གོས་ཀྱི་སོ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་ཡང་དེ་མི་སྐྱེད་པར་མཚུངས་ཏེ། གཉིས་ཀ་ལ་ཆོས་གོས་གསུམ་པོ་གང་རུང་གི་རྒྱུའི་བྱིན་བརླབས་བྱས་པར་མཚུངས་པའི་ཕྱིར། ཡིད་ཀྱིས་རྣམ་པར་བརྟགས་པའི་བྱིན་བརླབས་ཀྱིས་དེའི་གོ་མི་ཆོད་ན། ཇི་སྐད་དུ། བྱིན་གྱིས་རློབ་པ་ནི་ཉེ་བར་མི་གནས་ན། ཡིད་ཀྱི་རྣམ་པར་བརྟགས་པས་འཆགས་སོ། །ཞེས་བཤད་པ་ཇི་ལྟར་དྲང༌། ཡང་ཆོས་གོས་དང་མི་འབྲལ་བའི་གནང་བ་བྱས་པ་དེའི་ཚེ། མཚམས་ནང་དེ་ཉིད་དུ་འབྲལ་བ་བསྲུང་མི་དགོས་པ་ཡིན་ནམ། ཕྱི་རོལ་དུའང་ཡིན། དང་པོ་ལྟར་ན། མི་འབྲལ་བའི་གནང་བ་བྱས་མ་བྱས་འདྲ་བར་འགྱུར་ཏེ། དེ་མ་བྱས་ཀྱང་མཚམས་ནང་དུ་བྲལ་བ་ལ་འབྲལ་བའི་སྤང་བ་མི་བསྐྱེད་པའི་ཕྱིར། དེ་སྐད་དུ་ཡང༌། གཞན་ན་གནས་པ་ལ་སྐྱ་རེངས་ཤར་ནའོ། །མཚམས་བྱས་པ་ལ་ནི་མཚམས་གནས་ཀྱིས་མཐའོ། །ཞེས་གསུངས་སོ། །གཉིས་པ་ལྟར་ན། གནང་བ་དེ་འཆགས་པ་ལ་མཚམས་པོ་ཆེ་གཅོད་དགོས་པའི་རྒྱུ་མཚན་མེད་པར་འགྱུར་རོ། །ཞེས་པ་རིགས་པ་དང༌། དེར་གནང་བ་བྱས་ན་ཆོས་གོས་དག་དང་འབྲལ་བར་མི་འགྱུར་རོ། །ཞེས་པའི་ལུང་དང་འགལ་ལོ་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། གཞན་ཡང༌། འབྲལ་སྤང་གི་སྐབས་ནས་བཤད་པའི་མི་འབྲལ་བའི་གནང་བ་དེ་ལ་ནི། སྣམ་སྦྱར་དངོས་སུ་ཡོད་པ་དང༌། གནང་བ་དེ་བྱས་ཕྱིན་ཆད་ཕྱིར་འབྲལ་སྤང་ཁེགས་པ་གཅིག་ཡིན་པ་ལས། མཚམས་ཆེན་གྱི་ནང་དུ་མི་འབྲལ་བའི་གནང་བྱེད་པ་ལའང་དེ་དང་འདྲའམ་ཞེས་དྲིས་ན་ལན་གང་འདེབས། གཞན་ཡང་མཚམས་ཆེན་གྱི་ནང་དུ་ཆོས་གོས་དང་མི་འབྲལ་བའི་གནང་བ་འཇིག་པའི་རྒྱུ་གང་ཡིན། སྤྱིར་ཆོས་གོས་དངོས་དང་ཆོས་གོས་ཀྱི་རྒྱུ་གཉིས་ཀ་མ་འཛོམ་པའི་དགེ་སློང་དག་གིས་ཆོས་གོས་དག་དང་མི་ལྡན་པར་མི་འགྱུར་བའི་ཐབས་ཅི་ཞིག་ཡོད། སྲ་བརྐྱང་འདིང་པ་སོགས་སྙམ་ན། དེ་འདིངས་པའི་རྒྱུ་རྐྱེན་མ་ཚང་བ་དག་གིས་དེའི་ཐབས་གཞན་ཡོད་དམ་མེད་ཅེས་དྲི་བར་བྱའོ། །ཡང་སྲ་བརྐྱང་བཏིང་ཆགས་དང་ལྡན་པས། འཆང་འབྲལ་འཇོག་གསུམ་གྱི་ཉེས་པ་ཁེགས་མོད། སྲ་བརྐྱང་བྱིན་བརླབས་ཅན་དང་བྲལ་ན་འབྲལ་བའི་སྤང་བ་བསྐྱེད་དམ་མི་སྐྱེད། སྐྱེད་ན་དེས་འབྲལ་སྤང་ཁེགས་པར་བཤད་པ་དང་འགལ། མི་བསྐྱེད་ན་དེ་ལ་འབྲལ་སྤང་གི་མཚན་ཉིད་ཚང་བར་བྱར་ཡོད་པས་བསལ། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་སྲ་བརྐྱང་གི་བྱིན་བརླབས་རང་འཇུག་བྲལ་དུ་གྱུར་ཟིན་ནས་ཉིན་ཞག་ཕྱི་མའི་སྐྱ་རེངས་ཤར་བ་དེའི་ཚེ། ཆོས་གོས་དང་བྲལ་བའི་ཉེས་པ་སྐྱེད་དམ་མི་སྐྱེད། སྐྱེད་ན་དེའི་ཚེ་ཆོས་གོས་ཀྱི་བྱིན་བརླབས་རང་འཇུག་བྲལ་དུ་སོང་བར་འགལ་མི་སྐྱེད་ན་དེའི་རྒྱུ་མཚན་ཅི་ཡིན། དེའི་ཚེ་འཇུག་བྲལ་དུ་སོང་བས་སོ་ཞེ་ན། འོ་ན་སྤྱིར་ཡང་སྲ་བརྐྱང་གི་བྱིན་བརླབས་རང་འཇུག་བྲལ་དུ་འགྱུར་བའི་རྒྱུ་དེ་དང་དེས་སྲ་བརྐྱང་དུ་མ་བཏིང་བའི་ཆོས་གོས་གསུམ་པོ་རང་འཇུག་བྲལ་དུ་འགྱུར་བའི་རྒྱུ་བྱེད་དམ་མི་བྱེད་བྱེད་ན་དེ་ལྟར་དུ་གཞུང་ལས་མ་བཤད་པ་དང་འགལ། མི་བྱེད་ན་དེའི་རིགས་པ་མཚུངས་སོ་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཆོས་གོས་གསུམ་པོ་གང་རུང་ལ་ལྟོས་མེད་ཀྱི་བློ་སྐྱེས་པས་དེའི་བྱིན་བརླབས་མི་འཇོག་ན། དེའི་བྱིན་བརླབས་འཇིག་པའི་རྒྱུ་གང་ཡིན། དེས་དེ་འཇིག་ན་དེ་ལྟར་ཞིག་པའི་དགེ་སློང་དེས་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་ཤར་བ་དེའི་ཚེ་འབྲལ་བའི་སྤང་བ་མི་སྐྱེད་པར་འགྱུར་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་སྲ་བརྐྱང་འདིང་པ་མཚམས་ཆེན་བཅད་པ་ལ་ལྟོས་སམ་མི་ལྟོས། ལྟོས་ན་དེའི་བཤད་པ་ངེས་པར་མི་འབྱུང་བ་ཅི། མི་ལྟོས་ན་དེའི་བྱིན་བརླབས་དབྱུང་བའི་སྐབས་ཀྱི་བཤད་པ་རྣམས་དང་འགལ། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། དབྱར་གྱི་ནང་དུ་དགེ་འདུན་བྱེ་ན་ཆོས་མ་ཡིན་པར་སྨྲ་བ་ལ་སྲ་བརྐྱང་འདིངས་པ་འབྱུང་ངམ་མི་འབྱུང་འབྱུང་ན་ཆོས་སྨྲ་བ་དག་ཡོད་པས་དེ་འདིང་ངོ༌། །ཞེས་བཤད་པ་དང་ཇི་ལྟར་མི་འགལ། མི་འབྱུང་ན་གཞུང་དེའི་ཤུགས་ལ་བྱེ་བ་དེའི་ཚེ་ཆོས་སྨྲ་བ་ཚོགས་ལོང་པ་མེད་ན་ཅིག་ཤོས་ཀྱིས་འདིང་བར་བཤད་པ་དང་ཇི་ལྟར་མི་འགལ། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། གལ་ཏེ་ཆོས་སྨྲ་བ་དག་ཡོད་ན་ཞེས་སོགས་ཀྱི་དོན། ཆོས་སྨྲ་བ་ཚོགས་ལོང་བ་ཡོད་ན་ཞེས་བྱ་བའི་དོན་ཡིན་གྱི། དེ་མེད་ན་ཅིག་ཤོས་ཀྱིས་དེ་འདིངས་པ་ལས་འོས་མེད་དོ་སྙམ་ན། དགེ་འདུན་མ་བྱེ་བའི་དུས་ཀྱི་དབྱར་གྱི་རྙེད་པ་དེ་བྱེ་བའི་འོག་ཏུ་ཆོས་མི་སྨྲ་བ་དབང་ངམ་མི་དབང༌། དབང་ན་གནས་ཕྱུང་ཡང་དབང་བར་འགྱུར་ཏེ། ཇི་སྐད་དུ། བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི་དེ་ཉིད་ཀྱི་མི་འཐོབ་པ་དང་འདྲའོ། །ཞེས་བཤད་པ་དང་འགལ། གཉིས་པ་ལྟར་ན། དེ་མི་དབང་བ་ལ་སྲ་བརྐྱང་གདིང་བ་ཇི་ལྟར་འབྱུང་ཞེས་རྒོལ་ན་ལན་ཇི་ལྟར་འདེབས། བྱེ་བའི་འོག་ཏུ་ཆོས་ཕྱོགས་པས་སྲ་བརྐྱང་བཏིང་བ་ན། སྲ་བརྐྱང་གི་རྙེད་པ་ཆོས་མ་ཡིན་པའི་ཕྱོགས་པ་དབང་ངམ་མི་དབང༌། དབང་ན་དེ་གནས་ཕྱུང་དང་འདྲ་བར་བཤད་པའི་ལུང་དང་འགལ། ཡང་གཉིས་པ་ལྟར་ན། ཇི་སྐད་དུ། དེར་གཞན་དག་གིས་བྱས་ཀྱང་གནས་ཀྱི་རྙེད་པ་ནི་དེ་དག་ལ་འོས་པ་ཉིད་ཡིན་ནོ། །ཞེས་པའི་ལུང་དོན་དང་འགལ། ཡང་དགེ་ཚུལ་ལ་སྲ་བརྐྱང་བཏིང་བའི་ཕན་ཡོན་འབྱུང་ངམ་མི་འབྱུང༌། འབྱུང་ན་རྒྱུ་སྲ་བརྐྱང་བཏིང་བ་མེད་པར་ཕན་ཡོན་འབྱུང་བ་འགལ། གཉིས་པ་ལྟར་ན་ཇི་སྐད་དུ། དགེ་ཚུལ་ནི། རྙེད་པ་དབང་ཞེས་པ་དང་ཇི་ལྟར་མི་འགལ། སྲ་བརྐྱང་བཏིང་ཟིན་ནས་ས་གཞན་དུ་གནས་པར་སོང་བ་དེའི་ཚེ། དེ་དག་གི་སྲ་བརྐྱང་གིས་བྱིན་བརླབས་རང་འཇུག་བྲལ་དུ་སོང་ངམ་མ་སོང༌། སོང་ན་དེ་འགྲོ་བའི་བཤད་པ་མེད་པ་དང་འགལ། མ་སོང་ན་དེ་དག་ལ་སྲ་བརྐྱང་འདིང་བ་མི་འབྱུང་བར་བཤད་པ་དང་འགལ། ཞེས་རྒོལ་ན་ལན་གང་ཡིན། སྲ་བརྐྱང་འདིངས་པ་པོ་ཐམས་ཅད་གང་ན་འདུག་པའི་མཚམས་དེའི་ཕྱི་རོལ་དུ་སྲ་བརྐྱང་མི་གནས་ན་དེའི་བྱིན་རླབས་རང་འཇུག་བྲལ་དུ་སོང་ངམ་མ་སོང༌། མ་སོང་ན་ཇི་སྐད་དུ། རང་འཇུག་པ་དང་བྲལ་བ་ནི་སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང༌། ཞེས་པའི་གཞུང་དོན་དང་འགལ། དང་པོ་ལྟར་ན་ཇི་སྐད་དུ། བཏིང་ནས་མཚམས་ཐ་དད་པར་བྱས་ན་གང་ཡང་རུང་བ་དེ་ལས་དེའི་གནས་ཡིན་ནོ། །ཞེས་པའི་གཞུང་དོན་དང་འགལ། ཞེས་རྒོལ་ན་ལན་གང་འདེབས། ཡང་དཔྱིད་ཟླ་རྭ་བའི་ཉ་ལ་སྲ་བརྐྱང་བྱིན་བརླབས་མ་ཕྱུང་བར་བཞག་ན་དེའི་བྱིན་བརླབས་དེ་སྲིད་དུ་གནས་སམ་མི་གནས། གནས་ན་ཇི་སྐད་དུ། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་འདིང་བའི་དུས་སུ་གསུངས། །ཞེས་སྲ་བརྐྱང་གི་དུས་ངེས་པ་ཅན་དུ་བཤད་པ་དང་འགལ། མི་གནས་ན་དེའི་བྱིན་རླབས་འཇིག་པའི་རྒྱུ་གང་བྱུང་བ་ཡིན། དེའི་དུས་ལས་ཡོལ་བ་ཡིན་པས་སོ་ཞེ་ན། དུས་ལས་ཡོལ་བ་ཙམ་གྱིས་དེའི་བྱིན་བརླབས་རང་འཇུག་བྲལ་དུ་འགྱུར་བའི་བཤད་པ་མེད་དོ། །གལ་ཏེ་དེ་འདྲ་དེ་གང་གིས་འདིང་བ་མཚམས་གཞན་དུ་སོང་བ་ཡིན་གྱི། གང་གདིང་བ་དེར་སོང་བ་མ་ཡིན་ནོ་ཞེ་ན་འོ་ན་ཇི་སྐད་དུ། ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་དེ་དབྱུང་ངོ༌། །ཞེས་པའི་དོན་ལ་མཚམས་ཐ་དད་དུ་སྲ་བརྐྱང་གི་བྱིན་བརླབས་དབྱུང་དགོས་པར་བཤད་ན་གང་དུ་གདིང་བ་འཆགས་པའི་སྲ་བརྐྱང་དེ་ཆོས་ཅན། ཁྱོད་ཀྱི་བྱིན་བརླབས་མཚམས་གཞན་དུ་དབྱུང་དགོས་པར་མི་སྲིད་པར་ཐལ། ཁྱོད་རང་བཏིང་ཡོད་ཀྱི་མཚམས་ལས་མཚམས་གཞན་དུ་ཕྱིན་ཙམ་གྱི་ཚེ་ཁྱོད་ཀྱི་བྱིན་བརླབས་རང་འཇུག་བྲལ་དུ་སོང་ཟིན་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན་ཡང་སྲ་བརྐྱང་དུས་ལས་མ་ཡོལ་བར་བཏིང་ན་དེ་འདིངས་པ་འཆགས་སམ་མི་འཆགས་འཆགས་ན་ཚེས་བཅོ་ལྔ་ཁོ་ན་ལ་སྲ་བརྐྱང་འདིངས་དགོས་པར་བཤད་པ་དང་འགལ། གཉིས་པ་ལྟར་ན་དགག་དབྱེ་དུས་ལས་ཡོལ་བ་ལ་འཆགས་སམ་མི་འཆགས། འཆགས་ན་སྲ་བརྐྱང་ཡང་དེ་ལ་འཆགས་པར་འགྱུར་ཏེ། ཇི་སྐད་དུ། དགག་དབྱེ་ཇི་ལྟ་བ་བཞིན་དུ་འདིང་ངོ༌། །ཞེས་བཤད་པ་དང་འགལ། གཉིས་པ་ལྟར་ན། འཐབ་ཁྲོལ་ཅན་གྱི་དབང་གིས་དགག་དབྱེ་དུས་ཀྱི་འོག་རོལ་དུ་བྱེད་པར་བཤད་པ་དང་འགལ། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། དེ་ལྟར་བརྟགས་པ་ན་དགག་དབྱེ་དུས་ཀྱི་འོག་རོལ་དུ་བྱེད་པ་དང༌། སྲ་བརྐྱང་དུས་ཀྱི་འོག་རོལ་དུ་འདིངས་པ་གཉིས་ཀ་དགག་དབྱེའི་རང་དུས་ལས་ཟླ་བ་གཅིག་གིས་ཐལ་བའི་ཚེས་བཅོ་ལྔ་ཁོ་ན་ལ་བྱེད་དགོས་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་དབྱར་ཟླ་བ་བཞིར་ཁས་ལེན་པ་དང༌། སྲ་བརྐྱང་ཟླ་བ་བཞི་ལས་མི་འདིངས་པ་གཅིག་གྲུབ་པར་ཁས་བླངས་ན་ཅིས་འགོག དགག་དབྱེ་བྱས་ཟིན་ནས་གསོ་སྦྱོང་བྱེད་དགོས་པ་ཡོད་དམ་མེད། ཡོད་ན་ཇི་སྐད་དུ། དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མིན་ནོ། །ཞེས་པ་དང་འགལ། གཉིས་པ་ལྟར་ན། སྲ་བརྐྱང་འདིངས་པ་དེ་གསོ་སྦྱོང་བྱས་པའི་མཐའ་ཉིད་དུ་བྱེད་དགོས་པ་དང་འགལ། ཞེས་རྒོལ་ན་ལན་གང་འདེབས། གལ་ཏེ་དགག་དབྱེ་ལ་གསོ་སྦྱོང་གི་མིང་བཏགས་པ་ཡིན་ནོ་ཞེ་ན། དགག་དབྱེ་བྱས་པས་གསོ་སྦྱོང་བྱས་པའི་གོ་ཆོད་པ་ཡིན་མོད། དགག་དབྱེ་གསོ་སྦྱོང་མཚན་ཉིད་པ་ཡིན་པར་ཁས་ལེན་ནམ་མི་ལེན། མི་ལེན་ན་ཇི་སྐད་དུ། གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་བྱའོ། །ཞེས་པ་དང་འགལ་ཞིང༌། ཇི་སྐད་དུ། གདོན་པར་བྱ་བ་དང༌། དེའི་ཚད་དང༌། དུས་དང༌། གདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིར་ཆོས་མ་ཡིན་ནོ། །ཞེས་བཤད་པ་དང་འགལ། ཞེས་རྒོལ་ན་ལན་གང་ཡིན། ཡང་ཆོས་ཕྱོགས་པས། སྲ་བརྐྱང་བཏིང་ཟིན་པའི་ཉི་མ་དེ་ལ་ཆོས་མ་ཡིན་པའི་ཕྱོགས་པའམ། ཡང་ན་སྡེ་ཚན་མི་ཅིག་པའི་དགེ་འདུན་གཞན་གྱིས་གསོ་སྦྱོང་བྱས་ན་སྲ་བརྐྱང་གི་བྱིན་བརླབས་དེ་ཕྱུང་བ་ཡིན་ནམ་མིན། ཡིན་ན་ནི་གསོ་སྦྱོང་གཞན་གྱི་ཆོས་གོས་ཀྱི་བྱིན་བརླབས་གཞན་གྱི་དབྱུང་ནུས་པར་འགྱུར། གཉིས་པ་ལྟར་ན། ཇི་སྐད་དུ། ཡང་གསོ་སྦྱོང་བྱས་ན་ཕྱུང་བ་ཡིན་ནོ་ཞེས་པ་དང་འགལ། ཞེས་རྒོལ་ན་ལན་གང་འདེབས། ཡང་གསོ་སྦྱོང་བྱས་པས་དབྱུང་བར་བཤད་པ་འདི་རང་འཇུག་བྲལ་དང༌། བཅོས་མའི་དབྱུང་བ་གཉིས་ལས་གང་ཡིན། དང་པོ་ལྟར་ན། དེའི་དབྱེ་བར་མི་འཆད་པ་ཅི། གཉིས་པ་ལྟར་ན་ཇི་སྐད་དུ། ལས་ལས་གཞན་པའི་དབྱུང་བ་རྗེས་སུ་མི་སྒྲུབ་པར་བཤད་པ་དང་འགལ། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། སྲ་བརྐྱང་བཏིང་བ་ལས་བྱུང་བའི་རྙེད་པ་ཡིན་ན་གོས་ཀྱི་རྙེད་པ་ཡིན་པས་ཁྱབ་བམ་མ་ཁྱབ་ཅེས་དྲིའོ། །ཁྱབ་ན་ཇི་སྐད་དུ། དེར་གཞན་དག་གི་གདིང་བ་བྱས་ཀྱང་གནས་ཀྱི་རྙེད་པ་ནི། ཞེས་སོགས་སྲ་བརྐྱང་བཏིང་བ་ལས་བྱུང་བའི་གནས་ཀྱི་རྙེད་པ་བཤད་པ་དང་འགལ། མ་ཁྱབ་ན་སྲ་བརྐྱང་བཏིང་བའི་ཕན་ཡོན་དུ་མ་ཡོད་པ་ལས། རྙེད་པ་འབྱུང་བའི་ཆ་ནས་ནི། གོས་ཀྱི་ཕྱིར་དུ་གདིངས་པར་ལུང་ལས་བཤད་པ་དང་འགལ། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་དབྱར་གནས་པར་ཁས་བླངས་པའི་དགེ་སློང་ཞིག་སྲ་བརྐྱང་འདིངས་ཁར་ས་གཞན་དུ་སོང་བ་དེ་ལ་སྲ་བརྐྱང་འདིངས་པ་ནི་མི་འབྱུང་བས་དེའི་དབྱར་རྙེད་ནི་སྲ་བརྐྱང་དུ་འདིངས་དགོས་པས། དེ་ལ་དབྱར་རྙེད་ཀྱི་སྐལ་བ་སྟེར་ལུགས་ཇི་ལྟར་བྱ། དབྱར་ཕྱི་མར་གནས་པར་ཁས་བླངས་པ་ལ་སྲ་བརྐྱང་འདིངས་པ་འབྱུང་ན། ཚིག་ལེ་ལས། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་འདིངས་པའི་དུས་སུ་བཤད། །ཅེས་པ་དང་ཇི་ལྟར་མི་འགལ། དེ་དགེ་འདུན་ཐམས་ཅད་ཀྱི་དབྱར་སྔ་མ་ཁས་བླངས་པའི་དབང་དུ་བྱེད་པ་ཡིན་ནོ་སྙམ་ན། འོ་ན་ཐམས་ཅད་ཀྱིས་དབྱར་ཕྱི་མ་ཁས་བླངས་པའི་ཚེ་སྲ་བརྐྱང་ཟླ་བ་བཞི་འདིངས་པར་འགྱུར་ཏེ། དེའི་བྱིན་བརླབས་དབྱུང་བའི་དུས་ནི་དཔྱིད་ཟླ་རྭ་བའི་ཉ་ལས་གཞན་མ་བཤད་པས་སོ། །ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་ཚེས་བཅོ་ལྔའི་ཉིན་རང་རང་གི་ཆོས་གོས་ཀྱི་བྱིན་བརླབས་ཕྱུང་ནས་སང་ཉིན་སྲ་བརྐྱང་འདིངས་པ་ཡིན་ནམ། དབྱུང་བ་དང་འདིངས་པ་ཉི་མ་གཅིག་ལ་བྱེད་པ་ཡིན། དང་པོ་ལྟར་ན་ནི། དེ་འདྲ་དེའི་ཚེ་ཆོས་གོས་བྱིན་བརླབས་ཅན་མེད་པར་ཞག་ཏུ་གནས་པ་ལ་ཉེས་པ་མི་འབྱུང་བར་སོང་བས། དེའི་ཤེས་བྱེད་གང་ཡིན། གཉིས་པ་ལྟར་ན་ཇི་སྐད་དུ། བདག་སང་སྲ་བརྐྱང་འདིངས་པར་འགྱུར་གྱི། ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ། །ཞེས་བརྗོད་དགོས་པར་བཤད་པ་དང་འགལ། ཞེས་པ་ལ་ལན་གང་ཡིན། ཡང་སྲ་བརྐྱང་འདིངས་པ་པོའི་དགེ་འདུན་གང་ན་ཡོད་པའི་མཚམས་དེ་ལས་མཚམས་གཞན་དུ་སྲ་བརྐྱང་བཞག་ན་སྲ་བརྐྱང་གི་བྱིན་བརླབས་རང་འཇུག་བྲལ་དུ་སོང་བས་ཁྱབ་བམ་མ་ཁྱབ། མ་ཁྱབ་ན་ཇི་སྐད་དུ། རང་འཇུག་པ་དང་བྲལ་བ་ནི། སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང༌། ཞེས་བཤད་པ་དང་འགལ། དང་པོ་ལྟར་ན་ཇི་སྐད་དུ། བཏིང་ནས་མཚམས་ཐ་དད་པར་བྱས་ན། གང་ཡང་རུང་བ་དེ་ལས་དེའི་གནས་ཡིན་ནོ། །ཞེས་བཤད་པ་དང་འགལ། གལ་ཏེ་དེ་འདྲ་དེ་གང་གིས་གདིང་བ་མཚམས་གཞན་དུ་སོང་བ་ཡིན་གྱིས། གང་གདིང་བ་དེར་སོང་བ་མ་ཡིན་ནོ་ཞེ་ན། འོ་ན་ཇི་སྐད་དུ། ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་དབྱུང་ངོ༌། །ཞེས་པའི་དོན་ལ། མཚམས་ཐ་དད་དུ་སྲ་བརྐྱང་གི་བྱིན་བརླབས་དབྱུང་དགོས་པར་བཤད་ན། གང་དུ་གདིང་བ་ཆགས་པའི་སྲ་བརྐྱང་དེ་ཆོས་ཅན་ཁྱོད་ཀྱི་བྱིན་བརླབས་མཚམས་ནང་དུ་དབྱུང་དགོས་པ་མི་སྲིད་པར་ཐལ། ཁྱོད་རང་བཏིང་ཡོད་ཀྱི་མཚམས་ལས་མཚམས་གཞན་དུ་ཕྱིན་ཙམ་གྱི་ཚེ་ན་ཁྱེད་ཀྱི་བྱིན་བརླབས་རང་འཇུག་བྲལ་དུ་སོང་ཟིན་པའི་ཕྱིར། ཞེས་རྒོལ་ན་ལན་གང་འདེབས། ཡང་མཚམས་ཐ་དད་པ་དང་བྱེ་བའི་ཚེ། དེའི་བྱིན་བརླབས་གནས་སོ་སོ་དང་ཕྱོགས་སོ་སོར་དབྱུང་དགོས་པར་བཤད་པ་དེའི་དོན་ལ་བརྟགས་པ་ན། ས་བརྐྱང་དེའི་བྱིན་བརླབས་ལ་མི་གཏོགས་པའི་དགེ་འདུན་གྱིས་དེའི་བྱིན་བརླབས་དབྱུང་བའི་ཆོ་ག་བྱས་པས་དེའི་བྱིན་བརླབས་དབྱུང་བར་མི་འགྱུར་བ་ཉིད་དུ་ཁས་ལེན་དགོས་ལ། དེ་ཡང་དེ་ལྟ་ན་ཇི་སྐད་དུ། མ་བཏིང་པ་ཉིད་ཀྱིས་ཕྱུང་བ་ནི་མ་ཕྱུང་བ་མ་ཡིན་ནོ། །ཞེས་པ་དང་འགལ། ཡང་བཏིང་ནས་མཚམས་ཐ་དད་དུ་བྱས་པའི་ཚེ། མཚམས་ཐ་དད་དུ་དབྱུང་དགོས་པར་བཤད་པ་ལ། འདི་སྐད་དུ། དེ་ལྟར་དབྱེ་དགོས་པ་མ་ཡིན་ཏེ། སྲ་བརྐྱང་བཏིང་ཡོད་ཀྱི་མཚམས་ནང་དེར་མཚམས་གཞན་ན་ཡོད་པ་རྣམས་ཀྱང་འདུས་ནས། དེའི་བྱིན་བརླབས་མཐའ་དག་ཕྱུང་བས་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར། ཞེས་རྒོལ་ན་ལན་ཇི་ལྟར་འདེབས། ཡང་ཆོས་གོས་ཀྱི་བྱིན་བརླབས་ལ་དངོས་ཀྱི་བྱིན་བརླབས་ཀྱང་མ་ཡིན། རྒྱུའི་བྱིན་བརླབས་ཀྱང་མ་ཡིན་པའི་བྱིན་བརླབས་གསུམ་པ་ཞིག་ངེས་པར་ཁས་ལེན་ནམ་མི་ལེན། མི་ལེན་ན་ཁྱིམ་དུ་རུང་བའི་རྣམ་པ་ལ་ཡང་ངོ༌། །ཞེས་དང༌། གནས་སུ་ཕྱིན་པར་མི་འགྱུར་ན། ཆོས་གོས་ཀྱི་ཕྱུང་སྟེ་ཞེས་པའི་གཞུང་གིས་ཆོས་གོས་ཀྱི་བྱིན་བརླབས་ཅིག་བཤད་པ་དེ་གཉིས་པོ་གང་དུ་བསྡུ། དང་པོ་ལྟར་ན། དེ་འདྲའི་དུས་ཀྱི་སྔགས་ཚིག་དེ་ལུང་ལས་འབྱུང་བ་ཡིན་ནམ། བསྟན་བཅོས་མཁན་པོས་སྦྱར་བ་ཡིན། དང་པོ་ལྟར་ན་ལུང་གང་ལས་འབྱུང༌། གཉིས་པ་ལྟར་ན་དེས་མི་ཆོག་སྟེ། ཇི་སྐད་དུ། ཚིག་འབྲུ་དེ་མ་ཡིན་པ་ལ་གུས་པར་མི་བྱའོ། །ཞེས་པ་དང་འགལ་བས་སོ། །ཞེས་རྒོལ་ན་གང་ཡིན། སྤྱིར་ཆོས་གོས་གསུམ་དང་ལྷུང་བཟེད་མ་ཚང་བ་ད་ལྟར་ཆོ་གས་བསྙེན་པར་རྫོགས་པ་འཆགས་སམ་མི་འཆགས། འཆགས་ན་དེའི་ཤེས་བྱེད་ཀྱི་ལུང་གང་ཡིན། གཉིས་པ་ལྟར་ན། དེའི་རྒྱུའི་བྱིན་བརླབས་དང༌། སྔགས་རྟེན་གྱི་བྱིན་བརླབས་ཙམ་གྱིས་དེ་དང་པོར་བྱིན་གྱིས་རློབ་པའི་གོ་ཆོད་དམ་མི་ཆོད། ཆོད་ན་ཆོད་པ་དེ་ལ་ལུང་མེད་ཅིང་གནོད་བྱེད་ཡོད་དོ། །མི་ཆོད་ན་ཇི་སྐད་དུ། གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབས་པར་འཆགས་སོ། །ཞེས་པའི་དོན་གང་ཡིན། ཇི་སྐད་དུ། བརྙན་པོ་ཡང་ཡོད་ཅིང་བདེག་ནའོ། །ཞེས་པའི་དོན་བསྙེན་རྫོགས་ཀྱི་ཆོ་ག་བྱེད་པའི་དུས་ཉི་ཚེ་བརྙན་པོ་ཡོད་ཅིང༌། ཞག་མ་ལོན་པར་གཞན་ལ་གཏད་དགོས་པ་ཡིན་ན། དེས་བརྙན་པོ་ཡོད་པའི་གོ་ཆོད་དམ་མི་ཆོད། ཆོད་ན་ཆོས་གོས་ཞག་གཅིག་ཀྱང་དབང་བྱར་མེད་ན། གནས་སྐབས་དབང་བྱར་ཡོད་པར་འགལ་ཏེ། ཆོས་གོས་དང་བྲལ་མ་བྲལ་གྱིས་མཚམས་ནི། ཞག་ལོན་པ་ལ་ལྟོས་པའི་ཕྱིར། གཉིས་པ་ལྟར་ན། དེའི་ཚེ་དེ་འདྲ་དེ་ལ་ཆོས་གོས་ཀྱི་བྱིན་བརླབས་འཆགས་སམ་མི་འཆགས། མི་འཆགས་ན་ལུང་དུ་མ་དང་འགལ། འཆགས་ན་དེ་ཙམ་གྱིས་གནས་སྐབས་དབང་བྱར་ཡོད་པའི་གོ་ཆོད་པར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། ཡང་ཇི་སྐད་དུ་ཁ་ཅིག་ན་རེ། མ་གྱུར་ན་དེ་ཡིན་གྱི། གྱུར་ན་གང་ཚུན་ཆད་དེ་ཡིན་པའོ། །ཞེས་སོགས་ཀྱི་གཞུང་འདིས་བསྟན་པའི་ཕྱོགས་སྔ་ཕྱི་གཉིས་ཀྱི་རྩོད་གཞི་གང་ཡིན། ཐུན་ཚོད་དུ་རུང་བའི་བཏུང་བ་རང་དུས་ཀྱི་རང་གི་མཐའ་གང་ཡིན་པ་དེའི་རོ་དང་སླ་བར་གྱུར་ཟིན་དེའི་བྱིན་བརླབས་དང་ལོངས་སྤྱོད་ཀྱི་མཐའ་ལ་རྩོད་པ་ཡིན་ནམ། འགྱུར་རུང་གི་བྱིན་བརླབས་དང༌། ལོངས་སྤྱོད་གང་རུང་གི་མཐའ་ལ་རྩོད་པ་ཡིན། དང་པོ་ལྟར་ན། ཕྱོགས་ཕྱི་མས་དགག་མི་ནུས། གཉིས་པ་ལྟར་ན་ཕྱོགས་ཕྱི་མས་ཀྱང་ཁས་མི་ལེན་པའི་ཉེས་པ་ཡོད་དོ། །དགག་མི་ནུས་པ་ནི། དེ་གྱུར་ཟིན་ནས་བྱིན་བརླབས་ཞིག་ཅིང༌། ལོངས་སྤྱད་དུ་མི་རུང་བ་ཉིད་དུ་ཕྱོགས་ཕྱི་མས་ཀྱང་ཞལ་གྱིས་བཞེས་དགོས་པའི་ཕྱིར། གཉིས་པ་ཁས་མི་ལེན་པའི་ཤེས་བྱེད་ནི། ཕྱོགས་སྔ་མས་དེ་འདྲ་དེ་དང་པོར་བྱིན་གྱིས་རློབ་པའི་ཚེ། སྨན་ཕྱི་མ་གསུམ་པོ་གང་རུང་དུ་བྱིན་གྱིས་རློབ་པར་ཁས་མི་ལེན་ན། ཆོས་འདི་ལ་བློ་ཁ་མ་ཕྱོགས་པས་སློབ་དཔོན་འདིའི་ཕྱོགས་སྔ་མར་མི་རུང་ལ། ཁས་ལེན་ན་རྩོད་པ་མི་འདུག་པའི་ཕྱིར། རྩོད་ལན་དོན་མེད་དོ། །གལ་ཏེ་དེ་འདྲ་དེ་བྱིན་གྱིས་རློབ་པའི་ཚུལ་ལ་རྩོད་པ་མེད་ཀྱང་མཐའ་གཉིས་པོ་གང་རུང་ལ་རྩོད་དོ། །ཞེ་ན། དེ་ལའང་རྩོད་པ་འབྱུང་བའི་དོན་མི་འདུག་སྟེ། བྱིན་བརླབས་ཇི་སྲིད་གནས་པ་དེའི་ཕྱི་མཐའ་ཟེར་བ་ཡིན་ན་ནི། དེ་ཇི་སྲིད་མ་བྱུང་གི་བར་དུ་བཏུང་བ་དེ་ལོངས་སྤྱད་དུ་རུང་ལ། དེ་ནམ་བྱུང་བའི་ཚེ་བཏུང་བ་དེ་ལོངས་སྤྱད་དུ་མི་རུང་བ་ཉིད་དུ་སོང་བ་ལ་མི་མཐུན་པ་འབྱུང་བ་ལ་གོ་སྐབས་མེད་པའི་ཕྱིར། དེ་ལྟ་ན་ལོངས་སྤྱོད་ཀྱི་མཐའ་དང་བྱིན་རླབས་ཀྱི་མཐའ་མི་མཚུངས་པར་འདོད་པའི་ཕྱོགས་སྔ་མ་ཁས་ལེན་མཁན་ཀྱང་འོང་བའི་དོན་མེད་དེ། རོ་དང་སླ་བ་འགྱུར་རུང་གི་བཏུང་བ་དེ་བྱིན་བརླབས་ཀྱི་མཐའ་མ་ཟད་པར་ལོངས་སྤྱོད་ཀྱི་མཐའ་ཟད་དོ་ཞེས་ཁས་ལེན་པ་ནི། སྨན་བྱིན་གྱིས་བརླབས་པའི་དགོས་པ་ཤེས་པའི་དགེ་སློང་ལ་འབྱུང་བའི་གོ་སྐབས་མི་སྲིད་པའི་ཕྱིར། དེས་ན་རྒལ་ལན་གྱི་གཞུང་འདི་ལ་ནུས་པ་ཅི་ཡང་མི་སྣང་ངོ༌། །ཞེས་རྒོལ་བ་བྱུང་ན། དཔྱོད་ལྡན་མགུ་བའི་ལན་གང་ཡིན། ཡང་དེ་བཞིན་དུ་རྩོད་གཞིའི་སྐབས་ཀྱི་རྒལ་ལན་ལ་ཡང་ནུས་པ་ཇི་ལྟར་ཡོད་བརྟག་དགོས་ཏེ། ཕྱོགས་སྔ་མའི་དམ་འཆའི་སྒྲུབ་བྱེད་ལ་སུན་འབྱིན་དུ་བཤད་པ་རྣམས་ལ་ཞུགས་པའི་ཕྱིར། ཇི་ལྟར་ཞེ་ན། མདོ་སྡེ་དང་འགལ་བའི་ཕྱིར། ཞེས་པའི་དོན་ཆད་ལས་ལ་གསོལ་བ་འདེབས་པ་མི་སྲིད་པའི་ཕྱིར། ཞེས་པར་སྣང་ལ། དེ་ལ་ནི་མ་གྲུབ་པ་དང༌། མ་ངེས་པའི་ལན་གཉིས་ཀ་ཐེབས་པའི་ཕྱིར། མ་གྲུབ་པའི་ཚུལ་ནི། ཆད་ལས་ལ་གསོལ་བ་འདེབས་པ་སྲིད་དེ། ཆད་པའི་རྒྱུ་ཁས་བླངས་ནས་ཆད་ལས་དོན་དུ་གཉེར་བ་སྲིད་པའི་ཕྱིར་དང༌། དགག་དབྱེ་གཞག་པའི་ནན་ཐུར་བྱེད་པ་སྐབས་སུ་བབ་པའི་ཡུལ་དེས་དགག་དབྱེ་འཇོག་པ་དོན་དུ་གཉེར་བ་བཞིན་ནོ། །མ་ངེས་པའི་ཚུལ་ནི། འོ་ན་འདི་སྦྱིན་ལས་སུ་འཆད་པ་ཡང་མི་རིགས་པར་ཐལ། སྦྱིན་པའི་ལས་ལ་བཟོད་པ་གསོལ་མི་དགོས་པའི་ཕྱིར་དང༌། མི་འདོད་བཞིན་དུ་སྟེར་བ་ལ་བསྒྲུབ་བྱ་ཡུལ་གྱི་ཕྱིར་བཟློག་འཆགས་པའི་ཕྱིར། ཡང་ཇི་སྐད་དུ། ཡོད་བཞིན་དུ་མ་མཐོང་བ་ཉིད་ཀྱི་ཤེས་པ་སྐྱེ་བ་ཞེས་སོགས་ཀྱི་རིགས་པ་འདི་ལ་ཁྱབ་པ་མ་ངེས་ཏེ། མ་མཐོང་གནས་ཕྱུང་གི་རྒྱུ་དང་ལྡན་པ་ལ་སྤྱིར་ནན་ཐུར་བྱེད་རིགས་ཤིང༌། ནན་ཐུར་དེ་ཉིད་བྱེད་པའི་ངེས་པ་མེད་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། ཡང་གསོ་དགག་གཞག་པའི་ནན་ཐུར་བྱས་པའི་དགེ་སློང་དེ་ལས་ཀྱི་ཁ་སྐོང་དུ་རུང་ངམ་མི་རུང༌། མི་རུང་ན། དེ་མི་རུང་བར་སྟོན་བྱེད་ཀྱི་ལུང་གང་ཡིན། དེ་རུང་ན་དེས་ལས་དེ་གཉིས་ལ་མ་འདུས་ན་མི་མཐུན་པ་སྐྱེད་པ་སྲིད་དམ་མི་སྲིད། མི་སྲིད་ན་ཁ་སྐོང་དུ་འོས་པར་འགལ། སྲིད་ན་དེ་ལ་དེ་བཞག་པར་འགལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། གཞན་ཡང་དེ་གཉིས་ས་གཞན་ན་གནས་པ་ཡིན་ནམ་མིན། ཡིན་ན་དེ་ཡིན་པར་སྟོན་བྱེད་ཀྱི་ལུང་གང་ཡིན། མ་ཡིན་ན་ཁ་སྐོང་དུ་མི་རུང་བའི་ཆོས་བཅུ་གསུམ་པོ་གང་ཡང་མ་ཚང་བས། དེར་རུང་བ་ཁོ་ནར་འགྱུར་བ་དང༌། ཉེས་པ་གཞན་ཡང༌། དགེ་འདུན་གྱི་གསོ་དགག་བཞག་པ་ན། ཆོས་ཀྱི་ལོངས་སྤྱོད་མཐའ་དག་གིས་སྤངས་པ་སོང་ལ། དེ་སོང་བ་ན་གནས་ཕྱུང་དང་མཚུངས་པར་སོང་བས། ས་གཞན་ན་གནས་པའི་དོན་ཚང་བ་མིན་ནམ། ཞེས་རྒོལ་ན་ལན་གང་འདེབས། གཞན་ཡང་གསོ་སྦྱོང་བཞག་པས་མ་དུལ་ན་དགག་དབྱེ་བཞག་པའི་ནན་ཏུར་བྱེད་པ་དེ་ལྟ་ན་དབྱར་གྱི་ནང་དུ་གསོ་སྦྱོང་བཞག་པའི་ནན་ཏུར་བྱེད་དགོས་པར་འགྱུར་ལ། དེ་ཡང་དེ་ལྟ་ན། ཡང་དབྱར་གྱི་ཁྲིམས་སུ་བཅའ་བ་དང་འགལ་བར་འགྱུར་རོ། །ཞེས་རྒོལ་བ་བྱུང་ན་ལན་གང་འདེབས། ཡང་བསྒྲུབ་བྱ་ཡུལ་གྱི་ཕྱིར་བཟློག་འཆགས་པ་ཅིག་སྲིད་པར་བཤད་པ་དེའི་ཚེ། དེ་འདྲ་དེས་མི་མཐུན་པ་གཉིས་ཀྱི་གོ་ཆོད་དམ་མི་ཆོད། མི་ཆོད་ན་དེ་འདྲ་དེ་འདུས་པ་ཕྱིར་ལོག་གི་ནང་མཚན་དུ་བཤད་པ་ཅི། གོ་ཆོད་ན་དེ་འདྲ་དེ་བྱེད་པ་པོ་དགེ་འདུན་གྱི་མི་མཐུན་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། སྤྱིར་འདུས་པ་ཕྱིར་ལོག་འཆགས་པ་ལ་ལས་གྲལ་ལ་འདུ་དགོས་སམ་མི་དགོས། མི་དགོས་ན་མ་འདུས་པའི་མི་མཐུན་པ་དང་ཁྱད་པར་ཅི་ཡོད། དགོས་ན་ཁ་སྐོང་གི་ཡན་ལག་དང་ལྡན་པ་ཡིན་པ་ཞིག་དགོས་སམ་མི་དགོས། མི་དགོས་ན་དེས་ཕྱིར་ལོག་བྱས་ཀྱང་ལས་དེ་འཆགས་པར་འགྱུར་ཏེ། དེ་ལ་ཁ་སྐོང་གི་ཡན་ལག་དང་མི་ལྡན། ལྷག་མ་རྣམས་ལ་ཁ་སྐོང་གི་གྲངས་ཚང་བའི་ཕྱིར། དང་པོ་ལྟར་ན། གཞུང་ལས་ཁ་སྐོང་བར་འོས་པ་ཞེས་གསུངས་པ་དེ་མི་མཐུན་པ་གཉིས་པའི་ཡན་ལག་ཏུ་ཕལ་ཆེ་བས་མི་སྦྱོར་བ་ཅི། ཞེས་རྒོལ་ན་ལན་གང་ཡིན། ཡང་དེ་ལ་ཁ་སྐོང་དུ་འོས་པ་དགོས་ན་དེ་འདྲ་དེ་ལས་གྲལ་ལ་བསྡད་བཞིན་དུ་ཕྱིར་ལོག་བྱས་པ་ཞིག་ངེས་པར་དགོས་སམ། ཐོག་མར་འདུས་ནས་ཕྱིར་ལངས་པས་ཀྱང་ཆོག གཉིས་པ་ལྟར་ན། ཕྱིར་ལོག་གི་མི་མཐུན་པ་བྱུང་ཡང་ལས་དེ་འཆགས་པར་འགྱུར་ཏེ། ལྷག་མ་མ་ལངས་པ་རྣམས་ལ་ཁ་སྐོང་གི་གྲངས་ཚང་བ་སྲིད་པའི་ཕྱིར། དང་པོ་ལྟར་ན། དེ་འདྲ་དེ་གྲངས་ཚང་གི་ཡན་ལག་ཡིན་པ་ཞིག་ངེས་པར་དགོས་སམ་མི་དགོས། མི་དགོས་ན་སྔ་མ་དེ་ཉིད་འཇུག་སྟེ། ཇི་སྐད་དུ། ལུས་པ་ཉིད་ན་མི་འགྱུར་རོ། །ཞེས་བཤད་པ་ལྟར་རོ། །དང་པོ་ལྟར་ན། དེས་ཕྱིར་ལོག་བྱས་ཀྱང༌། ཁ་སྐོང་གི་དགེ་སློང་གཞན་དང༌། བསྒྲུབ་བྱས་དེར་མ་གོ་ན་ཕྱིར་ལོག་འཆགས་སམ་མི་འཆགས། འཆགས་ན་ལས་བྱས་པ་ལ་དགེ་འདུན་གྱི་འདུ་ཤེས་གཙོ་བོར་བཤད་པ་དང་འགལ་བ་དང༌། ནང་ཞེ་འཁོན་དང་བཅས་པའི་དགེ་སློང་གྲངས་ཚང་བ་ཡན་ལག་ཏུ་ཡོད་པ་དེའི་ཚེ། དེས་ཕྱིར་ལོག་འཆགས་སམ་མི་འཆགས། འཆགས་ན་གཞུང་དང་འགལ། མི་འཆགས་ན་དེས་ཕྱིར་ལོག་བྱས་པའི་ལས་དེ་འཆགས་པར་སོང་བས། དགེ་འདུན་གྱི་གྲངས་གང་དགོས་པ་དེ་མ་ཚང་བར་ཡང་ལས་དེ་འཆགས་པར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། ཡང་འདུན་པ་ངེས་པར་འབུལ་དགོས་པའི་ལས་དེ་ལ་མ་འདུས་ན་མི་མཐུན་པ་སྐྱེད་དམ་མི་བསྐྱེད། མི་བསྐྱེད་ན་འདུན་པ་ཕུལ་བའི་དགོས་པ་གང་ཡིན། དང་པོ་ལྟར་ན། གསོ་སྦྱོང་གི་ཚེ་དགེ་སློང་མ་རྣམས་ཀྱིས་འདུན་པ་འབུལ་བར་བཤད་པ་དེ་ཙམ། ཁ་ཅིག་ན་རེ། དགེ་སློང་མས་དགེ་སློང་གི་གསོ་སྦྱོང་ལ་འདུན་པ་འབུལ་བ་ཡིན་ཞེས་ཟེར། དེས་དེ་ལ་དེ་ཕུལ་བ་ལ་དགོས་པ་ཅི་ཞིག་ཡོད། མཚམས་གཅིག་ཏུ་ལས་ཐ་དད་པར་བྱས་པའི་ཉེས་པ་འགོག་པ་ཡིན་ནོ་སྙམ་ན། འོ་ན་དགེ་སློང་གི་ལས་གཞན་ལ་ཡང་དེས་འདུན་པ་འབུལ་དགོས་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། གཞན་ཡང་དགེ་སློང་མས། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱེད་དགོས་པར་བཤད་པ། དེའི་དོན་དགག་དབྱེའི་ལས་ཀྱི་གསོལ་བ་འབའ་ཞིག་པ་དེ་གཉིས་ཀའི་དགེ་འདུན་ཚོགས་ནས་བྱེད་དགོས་པ་ཡིན་ནམ། དགག་དབྱེ་བྱེད་པ་པོ་བསྐོ་བ་དེ་དགེ་འདུན་གཉིས་ཀ་ཚོགས་ནས་བསྐོ་དགོས་པ་ཡིན་ནམ། དགེ་འདུན་གཉིས་ཀྱིས་སོ་སོར་བསྐོས་པའི་དགེ་སློང་དང༌། དགེ་སློང་མ་དགག་དབྱེ་བྱེད་པ་པོ་མཚན་ཐ་དད་པ་གཉིས་ཀྱི་དྲུང་དུ་དགེ་སློང་མ་རྣམས་ཀྱི་དགག་དབྱེ་བྱེད་དགོས་པའི་དོན་ཡིན། བརྟག་པ་ཕྱི་མ་ལྟར་ན། ཇི་སྐད་དུ། བུད་མེད་ལ་ནི་མ་ཡིན་ནོ། །གྱུར་པ་ལ་ཡང་ངོ༌། །ཞེས་བཤད་པ་དང་ཇི་ལྟར་མི་འགལ་བརྟག་པ་དང་པོ་གཉིས་གང་ལྟར་ཡང་མཚན་མི་མཐུན་པའི་དགེ་འདུན་གཉིས་ཕན་ཚུན་ཁ་སྐོང་དུ་བྱས་ནས་འཆགས་པའི་ལས་ཤིག་ཡོད་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་དགེ་སློང་མའི་གསོ་སྦྱོང་དེ་ཡང་དགག་དབྱེ་དང་འདྲ་བར་གཉིས་ཀའི་དགེ་འདུན་ལ་བྱེད་དགོས་སམ་མི་དགོས། དགོས་ན་ཇི་སྐད་དུ། དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ཡང་ངོ༌། །གསོ་སྦྱོང་ནི་དེ་དང་མཐུན་པ་གྲུབ་པ་རྣམས་ཀྱིས་སོ། །ཞེས་དགར་བའི་ཚིག་འབྱུང་བ་དང་འགལ། མི་དགོས་ན་དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ལྕི་བའི་ཆོས་སུ་བཤད་པ་དང་འགལ། ཞེས་རྒོལ་ན་ལན་གང་ཡིན། ཡང་དེས་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བྱེད་དགོས་ན། དགེ་སློང་ཕའི་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གིས་དེ་ལ་ལྟུང་བ་ངེས་པར་གླེང་དགོས་སམ་མི་དགོས། མི་དགོས་ན་དེ་ལ་དགག་དབྱེ་བྱེད་པར་འགལ། དགོས་ན་དེ་ལྟར་གླེང་བའི་ཚེ། སྐབས་མི་འབྱེད་པ་དང༌། མ་མཐོང་ངོ་ཞེས་སོགས་ནན་ཏུར་གྱི་རྒྱུ་ལ་གནས་པ་བྱུང་ན། དེ་ལ་དགེ་སློང་གི་དགེ་འདུན་གྱིས་ནན་ཏུར་བྱེད་དམ་མི་བྱེད། མི་བྱེད་ན་དེས་དེ་ལ་དགག་དབྱེ་བྱས་པ་ལ་དགོས་ནུས་མེད་པར་འགྱུར་ཏེ། དེས་དེ་ཕྱིར་བཅོས་པ་བསྐུལ་བ་ན་ཕྱིར་བཅོས་མི་བྱེད་པ་ལ་ཆད་པས་གཅོད་མི་ནུས་པའི་ཕྱིར། དང་པོ་ལྟར་ན། ཇི་སྐད་དུ། དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་པ་ཉིད་དོ། །ཞེས་བཤད་པ་དང་འགལ། ཡང་མཐའ་འཁོབ་ཏུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་ཁ་སྐོང་གི་དགེ་སློང་ལྔ་གྲངས་ཚང་བ་ཞིག་དགོས་སམ་མི་དགོས། མི་དགོས་ན་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ་ཞེས་བཤད་པ་དེ་གྲངས་ཚང་གི་མཚན་ཉིད་སྟོན་བྱེད་མ་ཡིན་པར་འགྱུར། དགོས་ན་དེའི་ཤེས་བྱེད་ཅི་ཡིན་གསང་སྟོན་བསྐོ་དགོས་པས་སོ་ཞེ་ན། དེ་བསྐོ་བ་ལ་ལྔ་མི་དགོས་ཏེ། བཞིས་གཅིག་བསྐོ་བའི་ཕྱིར། དེ་བཞིན་དུ་དངོས་གཞིའི་ལས་ལ་ཡང་ལྔ་མི་དགོས། ཁ་སྐོང་གི་མཚན་ཉིད་དང་ལྡན་པའི་དགེ་སློང་བཞི་ཁོ་ནས་བསྙེན་རྫོགས་དངོས་གཞིའི་ལས་འཆགས་པའི་ཕྱིར་རོ། །འདིར་སྨྲས་པ། འདི་ན་འདུལ་བ་འཛིན་པ་ཉུང༌། །འཛིན་པ་དེ་དག་ཤེས་པ་ཉུང༌། །ཤེས་པ་དེ་དག་འཆད་པ་ཉུང༌། །འཆད་པ་དེ་ལ་ཉན་པ་ཉུང༌། །འཆད་ཉན་བྱེད་པོ་རྒལ་ལན་གྱིས། །རྣམ་པར་གཏན་ལ་འབེབས་པ་ཉུང༌། །མདོ་དོན་སྨྲ་བ་རྒལ་ལན་གྱིས། །གཏན་ལ་འབེབས་པ་རྒྱལ་བའི་བཀའ། །འཆད་ཐབས་ཀུན་གྱི་མཆོག་ཡིན་ཞེས། །ཀུན་མཁྱེན་གཉིས་པས་གསུངས་དེའི་ཕྱིར། །མཐའ་གཉིས་སེལ་བའི་དྲི་བ་ཡིས། །དབུ་མའི་ལམ་དེ་རྟོགས་བྱའི་ཕྱིར། །དཔྱོད་ལྡན་མགུ་བའི་ལུང་རིགས་ཀྱིས། །འབེལ་གཏམ་དགའ་སྟོན་འདི་ལོངས་ཤིག འདི་བྱས་པ་ལ་དགེ་སློང་རྣམས། །ལེ་ལོ་སྤོངས་དང་ཁྲོ་མེད་པ། །འགྲུས་ཤིང་དཔྱོད་པས་ཡིད་བདེ་བར། །མདོ་དང་ལུང་ལ་གདེངས་ཐོབ་ནས། །བསྟན་པའི་ཉི་མ་འབར་བར་ཤོག །ཅེས་བྱ་བ་འདི་ནི་གངས་ཅན་གྱི་འདུལ་བ་འཛིན་པ་རྣམས་ཀྱི་ཐ་མ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གངས་ཅན་གྱི་འདུལ་བ་འཛིན་པའི་བཤེས་གཉེན་རྣམ་དཔྱོད་དང་ལྡན་པ་དག་མདོ་ལུང་ལ་ངེས་པ་འདྲེན་པའི་ཡན་ལག་ཏུ་སྦྱར་ནས་ཕུལ་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།། །།མངྒ་ལཾ་བྷ་ཝནྟུ།། །། ༄། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདུལ་བ་འཛིན་པའི་བཤེས་གཉེན་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ། སྟོན་པ་ཐུབ་པའི་དབང་པོ་ལ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐུགས་རྒྱུད་ལས་འཁྲུངས་པ་དེ་དུས་ནམ་གྱི་ཚེ་ཡིན། ཁྱིམ་ནས་བྱུང་བའི་ཚེའམ། རབ་ཏུ་བྱུང་བའི་ཚེའམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྩི་བརྙེས་པའི་ཚེའམ། གསུམ་པ་ལྟར་ན་བདེན་པ་མཐོང་བའི་ཚེའམ། མངོན་པར་བྱང་ཆུབ་པའི་ཚེ་ཡིན། དང་པོ་ལྟར་ན་ཡེ་ཤེས་ཁོང་དུ་ཆུད་པའི་བསྙེན་རྫོགས་དང་ཁྱད་པར་ཅི་ཡོད། གཉིས་པ་ལྟར་ན་རང་སངས་རྒྱས་ཀྱང་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་འགྱུར་ཏེ། དེ་དང་སྟོན་པ་གཉིས་ཀྱི་བསྙེན་རྫོགས་ཀྱི་ཐོབ་རྒྱུ་ཁྱབ་མེད་དུ་བཤད་པས་སོ། །ཞེས་འདྲི་ན་ལན་གང་ཡིན། ལུང་མ་མོ་དང༌། མངོན་པའི་མཛོད་དུ། སྡོམ་པའི་ཐོབ་རྒྱུ་བཤད་ནས་གསོལ་བཞིའི་ལས་ཀྱི་སྔོན་ཆོག་མི་འཛིན་པའི་རྒྱུ་མཚན་ཅི་ཡིན། སྔོན་ཆོག་དང་ད་ལྟར་གྱི་ཆོ་ག་གང་རུང་དུ་དགེ་སློང་གི་སྡོམ་པའི་ཐོབ་རྒྱུ་ཇི་སྙེད་པ་འདུས་སམ་མ་འདུས། འདུས་ན་ཚུར་ཤོག་སོགས་ཐོབ་རྒྱུ་གཞན་རྣམས་སྔོན་ཆོག་ཏུ་བཤད་པ་གང་ན་ཡོད། མ་འདུས་ན་བསྙེན་རྫོགས་ཀྱི་ཆོ་ག་ཇི་སྙེད་པ་སྔོན་དང་ད་ལྟར་གྱི་ཆོ་ག་གཉིས་སུ་བསྡུས་ནས་མདོ་དང་ལས་བརྒྱར་བཤད་པ་དེ་ཅི་ཞེ་ན། ད་ལྟར་ཆོ་གའི་བཅས་པ་མཛད་ཕྱིན་ཆད་སྔོན་ཆོག་གིས་བསྙེན་པར་རྫོགས་པ་རུང་ངམ་མི་རུང༌། མི་རུང་ན་ཚུར་ཤོག་དང༌། ཕྲིན་ལ་སོགས་པ་སྔོན་ཆོག་ཏུ་འཆད་པ་ཅི། རུང་ན་མཁན་སློབ་མེད་པའི་བསྙེན་རྫོགས་བཀག་པའི་རྗེས་སུ་གནང་བ་ཅིག་ཡོད་པར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། སྟོན་པ་ཐུབ་པའི་དབང་པོས་བསྒྲུབ་བྱ་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་མཁན་པོ་མཛད་པ་ཡོད་དམ་མེད། ཡོད་ན་དེའི་མཚན་གཞི་གང་ཡིན། མེད་ན་དེའི་མཁན་པོར་མི་རུང་བ་ཡིན་ནམ། རུང་ཀྱང་མི་མཛད་པ་ཡིན། དང་པོ་ལྟར་ན། དེའི་རྒྱུ་མཚན་གང་ཡིན། དཀོན་མཆོག་གཞན་ཡིན་པས་སོ་སྙམ་ན། འོ་ན་མཁན་པོའི་རྒྱུད་པ་སྟོན་པ་ལ་མི་སྙེག་པར་འགྱུར་རོ། །གཉིས་པ་ལྟར་ན་རུང་བ་དེའི་ཚེ། ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པར་འགྱུར། མི་མཛད་པ་དེའི་ཚེ་བསྟན་པའི་བདག་པོ་མིན་པར་འགྱུར་ཏེ། རུང་བཞིན་དུ་མི་མཛད་པའི་ཕྱིར་རོ། །ཞེས་འདྲི་ན་ལན་གང་ཡིན། ཡང་སྟོན་པས་འདུས་པ་ཕྱིར་ལོག་འཆགས་སམ་མི་འཆགས། འཆགས་ན་སྟོན་པ་ལས་གྲལ་དུ་འདུ་རིགས་པར་འགྱུར་ལ། དེ་ལྟ་ན་ལས་བྱེད་པ་པོར་འོས་སམ་ཁ་སྐོང་དུ་འོས་ཞེས་བརྟགས་ན་འཇིག་ལ། མཁན་པོར་འོས་པའི་རྒྱུ་མཚན་གྱིས་ཕྱིར་ལོག་འཆགས་པ་ཡིན་ན། སྤྱིར་མཁན་པོས་འདུས་པའི་ཕྱིར་ལོག་བྱེད་པ་དེ་མཁན་པོར་གསོལ་བས་ཁས་མ་བླངས་པའི་གོང་དུ་འོང་དོན་མེད་ལ། ཁས་བླངས་པའི་འོག་ཏུ་ཡིན་ན་མཁན་པོ་དེ་ལས་བྱེད་པ་པོའམ། ཁ་སྐོང་དུ་འོས་པ་གང་རུང་ཡིན་དགོས་ཏེ། དེར་མི་འོས་པ་ལས་གྲལ་དུ་འདུ་བའི་དོན་མེད་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ། སྟོན་པ་མཁན་པོར་འོས་ཀྱང༌། འདུས་པ་ཕྱིར་ལོག་འཆགས་པའི་དོན་མེད་དོ་ཞེས་དྲི་ན་ལན་གང་ཡིན། ཡང་སྔོན་ཆོག་གི་གསོལ་བཞི་ལས་རབ་བྱུང་དང་བསྙེན་རྫོགས་ཅིག་ཆར་དུ་སྒྲུབ་པ་དེའི་ཚེ། རབ་བྱུང་གི་དངོས་པོ་དེ་དགེ་འདུན་ལས་ཐོབ་པ་ཡིན་ནམ། གང་ཟག་ལས་ཐོབ་པ་ཡིན། དང་པོ་ལྟར་ན། ཡུལ་དགེ་འདུན་ལས་ཆོ་ག་གསོལ་བཞིའི་སྟོབས་ཀྱིས་ཐོབ་པའི་སོ་ཐར་གྱི་ཚུལ་ཁྲིམས་ཡིན་ན་བསྙེན་པར་རྫོགས་པ་ཡིན་པས་ཁྱབ་པ་ཞེས་རྒོལ་ན་ལན་གང་ཡིན། གཞན་ཡང་རབ་བྱུང་འདི་ལ་སྐྱབས་འགྲོ་རྩོམ་བྱེད་དུ་མེད་པས་ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་ཁྱད་པར་ཅི་ཡོད། ཡང་སྐབས་འདིར། རབ་བྱུང་དང་བསྙེན་རྫོགས་ཅིག་ཆར་དུ་སྐྱེས་ན་དེར་དགེ་ཚུལ་ལ་ཡང་སྐྱེས་པར་ཁས་བླངས་ན་ཅི་འགོག གཉིས་པ་ལྟར་ན་དེའི་ཚེ་མཁན་པོའི་ཐ་སྙད་མེད་ཀྱང་དོན་གྲུབ་པར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། ཡང་ཕྲིན་གྱི་ཆོ་གའི་བྱེད་ལུགས་དེ་ད་ལྟར་གྱི་ཆོ་ག་ལ་རུང་ངམ་མི་རུང༌། ཚིགས་སྔ་མ་ལ་ཕྲིན་ཆོག་བཤད་དམ་མ་བཤད། སྡོམ་པ་མ་སྐྱེས་པ་བསྒྲུབ་བྱས་ཕྲིན་ཐོས་པ་ལ་ལྟོས་སམ་མི་ལྟོས། ཞེས་དྲིའོ། །སྐྱེས་དགུའི་བདག་མོ་ལྕི་བའི་ཆོས་ཁས་བླངས་པས་བསྙེན་རྫོགས་སུ་བཤད་ན། དེའི་ཚེ་ལྕི་ཆོས་ཀྱི་བཅས་པ་མཛད་དམ་མ་མཛད། མཛད་ན་བུད་མེད་བསྟན་པ་ལ་མ་ཞུགས་པའི་གོང་དུ། ལྕི་ཆོས་ཀྱི་བཅས་པ་མཛད་པར་འགྱུར། མ་མཛད་ན་དེ་ལྟར་ཁས་ལེན་པ་ལས་སྡོམ་པ་ཐོབ་པའི་དོན་མེད་དོ། །ཞེས་རྒོལ་ན་ལན་གང་འདེབས། ཡང་ལྔ་སྡེ་ཡེ་ཤེས་ཁོང་དུ་ཆུད་པས་བསྙེན་པར་རྫོགས་པ་མ་ཡིན་ན་དེ་དང་འདྲ་བ་གཞན་ལའང་ཡེ་ཤེས་ཁོང་དུ་ཆུད་པས་བསྙེན་པར་རྫོགས་པ་འཐོབ་བམ་མ་ཐོབ། མི་འཐོབ་ན་དེ་དང་རིགས་པ་མཚུངས་པས་ཤེས་བྱེད་གང་ཡོད། འཐོབ་ན་མཐོང་ལམ་ཐོབ་ཕྱིན་ཆད་དགེ་སློང་ཡིན་པའི་ཁྱབ་པ་ཁས་ལེན་ནམ་མི་ལེན། ལེན་ན་སྒོམ་ལམ་པ་ལའང་དེས་ཁྱབ་པ་མཚུངས་ལ། དེ་ལྟ་ན་ཁམས་གོང་མའི་རྟེན་ལ་དགེ་སློང་སྲིད་པར་ཐལ་བ་དང༌། ཁྱིམ་པའི་རྟེན་ཅན་གྱི་དགེ་སློང་སྲིད་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། གཞན་ཡང་སྟོན་པས་ངུར་སྨྲིག་གི་རྒྱལ་མཚན་ཐོག་མར་གསོལ་བ་དེའི་ཚེ། ཆོས་གོས་སྣམ་སྦྱར་སྐུ་ལ་ཐོགས་སམ་མ་ཐོགས། ཐོགས་ན་དེའི་ཚེ་བསྙེན་རྫོགས་སུ་འགྱུར། མ་ཐོགས་ན་དེས་དེ་ནམ་གྱི་ཚེ་ཐོབ་པ་ཡིན་ཞེས་དྲིའོ། །ཡང་བདེན་པ་མཐོང་བའི་ཡེ་ཤེས་དང༌། བླ་ན་མེད་པའི་ཡེ་ཤེས་དེ་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུར་འགྱུར་ན་དེས་དེ་ལ་རྒྱུ་དྲུག་པོ་གང་དང་གང་བྱེད། ཡང་ཡེ་ཤེས་ཁོང་དུ་ཆུད་པས་ཐོབ་པའི་དགེ་སློང་གི་སྡོམ་པ་དེ་ཚེ་འཕོས་པས་གཏོང་ངམ་མི་གཏོང༌། མི་གཏོང་ན་སོ་སོར་ཐར་པའི་སྡོམ་པ་མ་ཡིན་པར་འགྱུར། གཏོང་ན་བརྡ་ལས་བྱུང་བའི་སྡོམ་པར་འགྱུར། ཞེས་དྲི་ན་ལན་གང་ཡིན། ཡང་འདོད་པའི་རྟེན་ལ་མཐོང་ལམ་སྡོམ་པའི་ཐོབ་རྒྱུར་གྱུར་པ་ཡོད་ན་སྒོམ་ལམ་དེར་འགྱུར་བ་ཡོད་དམ་མེད། ཡང་ཉན་རང་དགྲ་བཅོམ་པ་ཡིན་ན་དགེ་སློང་ཡིན་པས་ཁྱབ་བམ་མ་ཁྱབ་ཅེས་དྲིའོ། །མ་ཁྱབ་ན་དོན་དམ་པའི་དགེ་སློང་ལ་དགེ་སློང་གིས་མ་ཁྱབ་པར་འགྱུར་རོ། །ཁྱབ་ན་ཁམས་གོང་མའི་རྟེན་ལ་དགེ་སློང་ཡོད་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་ན་དགེ་སློང་ཡིན་ན་དགེ་སློང་གི་སྡོམ་པ་རྒྱུད་ལ་ལྡན་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་ཁམས་གོང་གི་དགྲ་བཅོམ་པར་མ་ངེས། གཉིས་པ་ལྟར་ན། དེའི་མཚན་གཞི་གང་ཡིན། ཡང་ཇི་སྐད་དུ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར། ཞེས་སོགས་གསུངས་པ་ལས་མཁན་པོ་མེད་པར་རབ་བྱུང་མི་སྐྱེ་བར་གྲུབ་མོད། བསྙེན་པར་རྫོགས་པ་ལ་མཁན་པོ་དགོས་སམ་མི་དགོས། དགོས་ན་ཇི་སྐད་དུ། ཞུ་བ་ལས་དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་བཤད་པ་དང་འགལ། གཉིས་པ་ལྟར་ན། བསྙེན་རྫོགས་ཀྱི་སྡོམ་པ་མཁན་པོ་དེ་ལས་སམ། དགེ་འདུན་ལས་གང་ཡིན། དང་པོ་ལྟར་ན་དེ་གང་ཟག་ལས་སྐྱེ་བར་འགྱུར་ལ། གཉིས་པ་ལྟར་ན། མཁན་པོ་དེ་ཁ་སྐོང་དུ་ངེས་པར་དགོས་སམ་མི་དགོས། དང་པོ་ལྟར་ན། མདོ་དང་ལུང་ན་དེ་དེར་དགོས་པའི་བཤད་པ་མེད་ཅིང༌། མཁན་པོའི་བྱ་བ་ཟིན་ཞིང་གསོལ་བ་བརྗོད་པ་མ་ཟིན་པའི་བར་དེར་མཁན་པོ་དུས་བྱས་པའམ། ཁྱིམ་པ་ལ་སོགས་པར་སོང་ན་ཡང་དེ་སྐྱེ་མི་སྲིད་པར་འགྱུར་རོ། །གཉིས་པ་ལྟར་ན། གསོལ་བ་བརྗོད་པའི་ནང་དུ་མཁན་པོ་དང་བསྒྲུབ་བྱ་དང་དགེ་འདུན་གསུམ་ཀའི་མིང་བརྗོད་དགོས་པ་བཤད་པ་དང་འགལ་ལོ། །ཁ་ཅིག་ན་རེ། མཁན་པོ་མེད་པ་ལ་སྐྱེ་བར་བཤད་པའི་དོན་བསྒྲུབ་བྱའི་བློ་ངོ་ན་མཁན་པོ་ཡོད་ཀྱང༌། མཁན་པོའི་མཚན་ཉིད་དོན་གནས་ཚོད་ལ་མི་ལྡན་པའི་དབང་དུ་བྱས་པ་ཡིན་ལ། བསྒྲུབ་བྱ་དང་དགེ་འདུན་གྱི་བློ་ངོར་ནི། མཁན་པོ་མེད་ན་སྡམ་པ་མི་སྐྱེ་བའི་དབང་དུ་བྱས་ནས། མཁན་པོའི་མིང་མ་བརྗོད་པ་ལ་མི་སྐྱེ་བར་བཤད་དོ། །ཞེས་གསུང་ངོ༌། །དེ་ནི་འགྲེལ་པ་དང་མི་མཐུན་པས་ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བའི་ཚུལ་ཡང༌། དོན་ལ་མཁན་པོ་མེད་པ་དེ་དབང་བཙན་ནམ། བསྒྲུབ་བྱ་དང་དགེ་འདུན་གྱི་བློ་ངོར་ཡོད་པ་དེ་དབང་བཙན། དང་པོ་ལྟར་ན། མཁན་པོ་མེད་པར་བསྙེན་རྫོགས་སྐྱེ་མི་སྲིད་པར་ཐལ། དོན་ལ་མེད་པ་དབང་བཙན་པ་གང་ཞིག་མཚན་ཉིད་དང་མི་ལྡན་ཞིང༌། བློ་ངོར་ཡོད་པ་དེའི་ཚེ་དོན་ལ་མཁན་པོ་མེད་པ་ཉིད་དུ་སོང་བའི་ཕྱིར། གལ་ཏེ་གཉིས་པ་ལྟར་ཁས་ལེན་དགོས་ཏེ། དཔྱད་པ་ཐ་སྙད་པ་དབང་བཙན་པའི་ཕྱིར་ཞེ་ན། འོ་ན་དེའི་ཚེ། ཆོས་ཅན། མཁན་པོ་གཏན་མེད་མིན་པར་ཐལ། དཔྱད་པ་ཐ་སྙད་པ་ལ་མཁན་པོ་ཡོད་པ་གང་ཞིག་དེ་དབང་བཙན་པའི་ཕྱིར། ཞེས་རྒོལ་ན་ལན་གང་འདེབས། ཡང་གསང་སྟོན་མེད་པར་བསྙེན་པར་རྫོགས་པ་སྐྱེའམ་མི་སྐྱེ། སྐྱེ་ན་སྐྱེས་པ་བསྙེན་པར་རྫོགས་པའི་གྲངས་ཚང་ལས་མི་ཉུང་བར་བཤད་པ་དང་འགལ། མི་སྐྱེ་ན་གསང་སྟོན་ཁ་སྐོང་དུ་ངེས་པར་དགོས་སམ་མི་དགོས། མི་དགོས་ན་དེ་མེད་པར་མི་སྐྱེ་བ་དང་འགལ། དགོས་ན། སྒྲུབ་བྱེད་མེད་ཅིང༌། གནོད་བྱེད་ཀྱི་རིགས་པ་མཁན་པོའི་བརྟག་པ་དང་མཚུངས་སོ། །ཡང་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་པ་ལ་བར་མ་རབ་བྱུང་སྐྱེའམ་མི་སྐྱེ། སྐྱེ་ན་ཅི་སྐད་དུ། བཀོལ་བ་ཆད་པ་ཡན་ཆད་དོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་འདྲའོ་ཞེས་བཤད་པ་དང་འགལ། མི་སྐྱེ་ན་དེ་སྡོམ་པ་ཡིན་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་སྐྱབས་འགྲོ་རྩོམ་བྱེད་དུ་མ་བྱས་པར། དགེ་བསྙེན་སོགས་སྐྱེ་བ་ཡོད་དམ་མེད། ཡོད་ན་དེ་དང་དེའི་སྡོམ་པ་འབོགས་པའི་སྔགས་ཆོག་དང་འགལ། མེད་ན་དགེ་བསྙེན་སོགས་ལ་ངེས་འབྱུང་གི་སྡོམ་པས་ཁྱབ་པར་འགྱུར་ཏེ། ཆོས་ལ་སྐྱབས་སུ་སོང་བ་དང༌། ངེས་འབྱུང་གི་བསམ་པ་དོན་གཅིག་ལ་འདུ་བའི་ཕྱིར། དེ་ཡང་དེ་ལྟ་ན་འཇིགས་སྐྱོབས་དང་ལེགས་སྨོན་ལ་སོགས་པའི་དགེ་བསྙེན་དང༌། དགེ་ཚུལ་སོགས་ཀྱི་ཁྱད་པར་གང་ཡིན། རྒྱུའི་ཀུན་སློང་གི་ཁྱད་པར་ལས་ཤེ་ན། འོ་ན་སྐྱབས་འགྲོ་རྩོམ་བྱེད་ཀྱང་རྒྱུའི་ཀུན་སློང་ལས་མ་འདས་ཏེ། དེའི་སྔོན་དུ་ངེས་པར་འགྲོ་དགོས་པས་ཁྱབ་པའི་ཕྱིར། རབ་ཏུ་འཇུག་བྱེད་སྐྱབས་འགྲོ་མེད་པར་དགེ་བསྙེན་སོགས་མི་འབྱུང་བའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། ཡང་རབ་བྱུང་གི་གཏོང་རྒྱུ་གང་ཡིན་པ་དེས། དགེ་ཚུལ་དང་དགེ་སློང་གཏོང་ངམ་མི་གཏོང༌། གཏོང་ན་ཚིགས་སྔ་མའི་གཏོང་རྒྱུ་དེ་ཚིགས་ཕྱི་མ་ཕྱི་མའི་གཏོང་རྒྱུར་ཐལ་བ་དང༌། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྟགས་འཆང་བ་དང༌། མཁན་པོར་གསོལ་བ་བཏབ་པ་ཉམས་པ་ཡང་དགེ་སློང་གི་སྡོམ་པའི་གཏོང་རྒྱུར་ཐལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། མི་གཏོང་ན་རབ་བྱུང་བར་མ་རྒྱུད་ལ་མི་ལྡན་པའི་དགེ་ཚུལ་དང༌། དགེ་སློང་ཡོད་པར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། ཡང་རབ་བྱུང་བར་མ་མ་བླངས་པར་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པ་བླངས་ན་སྐྱེའམ་མི་སྐྱེ། མི་སྐྱེ་ན་དེའི་ཤེས་བྱེད་གང་ཡིན། སྐྱེ་ན་དེ་ལྟར་སྐྱེ་བ་དེས་ཕྱིས་རབ་བྱུང་བླངས་ན་སྐྱེའམ་མི་སྐྱེ། མི་སྐྱེ་ན་དེའི་ཤེས་བྱེད་གང་ཡིན། སྐྱེ་ན་ཆོས་འདི་པའི་རབ་ཏུ་བྱུང་བ་མ་ཡིན་པའི་དགེ་སློང་ཞིག་ཡོད་པར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། ཡང་སྡོམ་པ་གསུམ་ལྡན་གྱི་དགེ་སློང་དེས་དགེ་བསྙེན་དང་དགེ་ཚུལ་བསླབ་པ་ཕུལ་བ་ན་དགེ་སློང་གི་བསླབ་པ་གཏོང་ངམ་མི་གཏོང༌། གཏོང་ན་དེའི་རྒྱུད་ཀྱི་སྡོམ་པ་གསུམ་འབྱུང་བ་བཞི་མཚན་རྫས་ཐ་དད་པ་སོ་སོ་ལ་བརྟེན་པའི་འབྲས་གཟུགས་མ་ཡིན་པར་འགྱུར། མི་གཏོང་ན་དགེ་ཚུལ་གྱི་བསླབ་པ་ཕུལ་བའི་དགེ་སློང་གི་སྡོམ་པ་ལྡན་བཞིན་དུ་དགེ་ཚུལ་བླངས་ན་སྐྱེའམ་མི་སྐྱེ། མི་སྐྱེ་ན་འགལ་རྐྱེན་གྱིས་གེགས་བྱས་པའམ། མཐུན་རྐྱེན་མ་ཚང་བས་མི་སྐྱེ་བ་གང་ཡིན་བརྟགས། སྐྱེ་ན་དགེ་ཚུལ་དུ་ཁས་ལེན་པ་དེ་དགེ་སློང་གི་སྡོམ་པའི་གཏོང་རྒྱུར་བཤད་པ་དང་འགལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་བར་མ་རབ་བྱུང་རྒྱུད་ལྡན་གྱི་དགེ་སློང་དེ་ལ་ཕམ་པ་འཆབ་བཅས་བྱུང་བའི་ཚེ་རབ་བྱུང་རྣམ་དག་ཡིན་པ་སྲིད་དམ་མི་སྲིད། སྲིད་ན་དེ་དགེ་འདུན་གྱི་གཙུག་ལག་ཁང་ནས་བསྐྲོད་པར་བཤད་པ་དང་འགལ། མི་སྲིད་ན་དེའི་ཤེས་བྱེད་གང་ཡིན། ཕམ་པས་རབ་ཏུ་བྱུང་བ་ཉམས་པར་འདོད་ན་ནི་བར་མ་དེ་སྡོམ་པ་ཡིན་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་རབ་བྱུང་བར་མ་རྒྱུད་ལྡན་ཡང་ཡིན། ཁྱིམ་པའི་རྟགས་ཅན་ཡིན་པའི་གཞི་མཐུན་ཅིག་སྲིད་དམ་མི་སྲིད། མི་སྲིད་ན་ཇི་སྐད་དུ། གསོལ་བའི་འོག་ཏུ་ཡང་རུང་ངོ༌། །ཞེས་པའི་ལུང་དོན་དང་འགལ། སྲིད་ན་ཁྱིམ་པའི་རྟགས་འཆང་བ་དེ་བར་མའི་གཏོང་རྒྱུར་འཆད་པ་དང་འགལ་ལོ། །ཡང་ལྷུང་བཟེད་མེད་པར་རབ་ཏུ་བྱུང་དུ་མི་རུང་བར་བཤད་ན་ཆོས་གོས་མེད་པ་དེ་རུང་ངམ་མི་རུང༌། མི་རུང་ན་དེའི་ཤེས་བྱེད་གང་ཡིན་པ་དང༌། རབ་བྱུང་ལ་ཆོས་གོས་བྱིན་གྱིས་རློབ་དགོས་པར་ཡང་འགྱུར་རོ། །རུང་ན་མཁན་པོས་གོས་ངུར་སྨྲིག་དག་སྦྱིན་པ་དང༌། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་བཤད་པ་དང་འགལ། ཡང་བར་མ་རབ་བྱུང་གི་མཁན་པོས་བསྒྲུབ་བྱ་ལ་དགེ་ཚུལ་གྱི་སྡོམ་པ་སྟེར་བར་བྱེད་ན་སྐྱེའམ་མི་སྐྱེ། མི་སྐྱེ་ན་དགེ་བསྙེན་གྱི་སློབ་དཔོན་གྱིས་བསྒྲུབ་བྱ་དེ་ཉིད་ལ་བར་མ་རབ་བྱུང་སྦྱིན་ན་ཡང་མི་སྐྱེ་བར་འགྱུར་བ་དང༌། རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོས། བསྒྲུབ་བྱ་དེ་ཉིད་བསྙེན་པར་རྫོགས་པའི་གསོལ་བཞིའི་ལས་བྱེད་པོར་མི་རུང་བར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། ཡང༌། ད་ལྟར་ཆོ་གས་བསྙེན་པར་རྫོགས་པ་ལ་མངོན་དུ་གྱུར་པ་བཅུ་ཀ་ཚང་དགོས་པར་བཤད་པའི་དོན་ལ་བརྟགས་པ་ན། སངས་རྒྱས་མངོན་དུ་གྱུར་པའི་དོན་སངས་རྒྱས་བཞུགས་པའི་ཚེ། དེ་བཞུགས་པ་ཙམ་ཆོག་པ་ཡིན་ནམ། ངེས་པར་ལས་གྲལ་དུ་དགོས་པ་ཡིན། དང་པོ་ལྟར་ན། སངས་རྒྱས་མཉན་ཡོད་ན་བཞུགས་པའི་ཚེ་རྒྱལ་བྱེད་ཚལ་དུ་བསྙེན་པར་རྫོགས་པའི་བསྒྲུབ་བྱ་སྔོན་སངས་རྒྱས་མཐོང་མ་མྱོང་བ་དེ་ལ་ལས་གྲལ་དེར་སངས་རྒྱས་མངོན་དུ་འགྱུར་བ་སྲིད་པར་འགྱུར་ལ། དེ་ལྟ་ན་དེའི་ཚེ། དེ་ལྐོག་ཏུ་གྱུར་པ་མ་ཡིན་པར་འགྱུར་རོ། །གཉིས་པ་ལྟར་ན། གྲོ་ཞུན་སྐྱེས་རྣ་བ་བྱེ་བ་རི་བ་ལྟ་བུ་མཐའ་འཁོབ་ཏུ་བསྙེན་རྫོགས་པ་ལ་སངས་རྒྱས་མངོན་དུ་གྱུར་པ་མ་ཚང་ངོ༌། །ཞེས་རྒོལ་ན་ལན་གང་ཡིན། ཡང་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ། སངས་རྒྱས་མངོན་དུ་གྱུར་པའི་དོན་གང་ལ་བྱེད། སྟོན་པའི་སྐུ་ལ་སྟོན་པ་དངོས་ཀྱི་འདུ་ཤེས་བྱེད་པའོ་སྙམ་ན། འོ་ན་དེ་ལ་དེའི་འདུ་ཤེས་མ་སྐྱེས་པ་དེའི་ཚེ། མངོན་གྱུར་མ་ཚང་བར་འགྱུར་ལ། དེ་ལྟ་ན། དེ་ལ་དེའི་འདུ་ཤེས་མི་སྐྱེ་བ་ཤས་ཆེ་བས་དེའི་ཚེ། དགེ་སློང་གི་དངོས་པོ་མི་སྐྱེ་བར་འགྱུར་རོ། །ཞེས་རྒལ་ན་ལན་གང་ཡིན། ཡང་ཁ་སྐོང་དུ་མི་འོས་པའི་དགེ་སློང་ལས་གྲལ་དུ་ངེས་པར་འདུ་དགོས་པ་ཡོད་དམ་མེད། ཡོད་ན་ཁ་སྐོང་དུ་མི་འོས་པར་འགལ་ལོ། །མེད་ན་སྟོན་པ་ཞལ་བཞུགས་པའི་ཚེ། སྟོན་པ་མངོན་གྱུར་ཚང་དགོས་པར་བཤད་པ་དང་འགལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་སྟོན་པ་མངོན་གྱུར་གྱི་དོན་སྟོན་པས་ཕྱིར་ལོག་མ་བྱས་པ་ཙམ་མོ་སྙམ་ན། འོ་ན་སྟོན་པས་ཕྱིར་ལོག་མཛད་ན། ཕྱིར་ལོག་འཆགས་པར་འགྱུར་ལ། དེ་ཡང་དེ་ལྟ་ན་ཆོས་ཅན། ལས་ཀྱི་ཁ་སྐོང་དུ་རུང་བ་ཐལ། འདུས་པ་ཕྱིར་ལོ་འཆགས་པའི་དགེ་སློང་ཡིན་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། ཆོས་མངོན་དུ་གྱུར་པའི་དོན་སྤྱིར་བསྟན་པ་གནས་པ་ཙམ་ལ་བྱེད་ན་གཞན་རྣམས་དང་ཟློས་ལ། ལས་གྲལ་དེར་འདུལ་བའི་གླེགས་བམ་གནས་པ་ལ་བྱེད་ན། འདུལ་བ་ཡི་གེར་མི་བྲི་བར་གསུངས་པའི་སྤྱིར་བཏང་དང་འགལ། ལས་བརྒྱ་རྩ་གནས་པ་ལ་བྱེད་ན་དེའི་གླེགས་བམ་གནས་པ་ལ་བྱེད་དམ། དེ་ཆོ་ག་ལག་ལེན་དུ་བྱེད་མཁན་ཡོད་པ་ལ་བྱེད། དང་པོ་ལྟར་ན་སྔ་མ་དང་འདྲ་ལ། གཉིས་པ་ལྟར་ན། དིང་སང་གི་དུས་སུ་ཆོས་མངོན་གྱུར་མ་ཚང་བར་འགྱུར། གལ་ཏེ་བསྙེན་རྫོགས་ཀྱི་གསོལ་བཞིའི་ཆོ་ག་བློ་ལ་གནས་པ་ལ་བྱེད་ན་གསོལ་བཞིའི་ལས་མངོན་དུ་གྱུར་པ་དང་ཟློས་སོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་དཀོན་མཆོག་གསུམ་མངོན་དུ་གྱུར་པའི་དུས་ཀྱི་དཀོན་མཆོག་གསུམ་པོ་དེ། དཀོན་མཆོག་གསུམ་གྱི་གོ་ཆོད་པ་ཞིག་དགོས་སམ་མི་དགོས། དགོས་ན་མངོན་གྱུར་བཅུ་རྙེད་པར་དཀའ་ལ། མི་དགོས་ན་དེའི་ཚེ་དཀོན་མཆོག་གསུམ་མངོན་གྱུར་བ་མིན་པར་འགྱུར་ཏེ། སོ་སོའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་མཁན་སློབ་མངོན་དུ་གྱུར་པའི་དོན། གཉིས་པོ་ལས་གྲལ་དེར་འདུ་དགོས་པ་ཡིན་ནམ། སྤྱིར་བསྒྲུབ་བྱ་དེ་ལ་བསྙེན་རྫོགས་སུ་བྱེད་པའི་མཁན་སློབ་གཉིས་ཡོད་པ་ཙམ་གྱིས་ཆོག དང་པོ་ལྟར་ན། མཁན་པོ་དང་གསང་སྟོན་ལས་གྲལ་དུ་ངེས་པར་འདུ་དགོས་པའི་བཤད་པ་མེད་ཅིང༌། དེ་མེད་པར་ཆོ་གའི་ཚིག་ཟུར་ལས་ཀྱང་གསལ་ལོ། །གཉིས་པ་ལྟར་ན། མཁན་པོ་གཏན་མེད་ལ་ད་ལྟར་ཆོ་གའི་བསྙེན་རྫོགས་མི་སྲིད་པར་འགྱུར་བའམ། དེ་ལ་མངོན་གྱུར་བཅུ་ཚང་བ་གང་རུང་དུ་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་ལས་བྱེད་པའི་སློབ་དཔོན་མངོན་དུ་གྱུར་པ་ཞིག་ངེས་པར་དགོས་ན་དགེ་སློང་མ་ཡིན་པས་ལས་བྱས་པ་དེའི་ཚེ་བསྙེན་པར་རྫོགས་པའི་ལས་ཆགས་པ་ཅིག་མི་སྲིད་པར་འགྱུར་ལ། དེ་ལྟ་ན་ལུང་ཞུ་བ་དང་འགལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་ཀྱི་ཆོས་རྣམས་མ་དྲིས་བཞིན་དུ། བསྒྲུབ་བྱ་དེས་མེད་པར་ཁས་ལེན་པའི་ཚེ། དེས་དེ་ནང་དུ་འོངས་པར་ཞུས་པ་ན། དགེ་སློང་དེ་དེའི་གསང་སྟེ་སྟོན་པར་སོང་ངམ་མ་སོང༌། སོང་ན་དེས་དེ་ལ་ལྐོག་ཏུ་བར་ཆད་ཀྱི་ཆོས་རྣམས་རྗེས་སུ་བསྟན་པར་འགྱུར། ཞེས་རྒོལ་ན་ལན་གང་ཡིན། ཡང་གསང་སྟོན་གྱིས་འདྲི་བ་དང༌། ལས་བྱེད་པས་འདྲི་བ་གཉིས་ཀྱི་ཚུལ་ལ་ཁྱད་པར་ཅི་ཡོད། ཁྱད་པར་མེད་ན་ཟློས་པར་འགྱུར་ལ། དགེ་འདུན་ཐུགས་ཆེས་པའི་དགོངས་པ་ཡོད་པས་དེར་མི་འགྱུར་ན་ནི་གསང་སྟོན་གྱིས་དག་པ་བརྗོད་ནས་དགེ་འདུན་གྱི་ནང་དུ་འོང་བ་ཞུས་པས་ཐུགས་ཆེས་པར་མི་ནུས་ན་ཐུག་པ་མེད་པར་འགྱུར་རོ། །གལ་ཏེ་ལྐོག་ཏུ་ཞིབ་མོར་ཕྱེ་ནས་སྟོན་པས་ཁྱད་པར་ཡོད་དོ་ཞེ་ན། འོ་ན་དིང་སང་ལག་ལེན་དུ་བྱེད་པའི་རིམ་པ་ལ་དེ་ལྟ་མི་འབྱུང་བ་ཅི། ཞེས་དྲིའོ། །ཡང་ད་ལྟར་ཆོ་ག་ལ་བརྟེན་ནས་མཁན་སོགས་གསུམ་བྱར་རུང་བ་ལ་བརྟེན་པའི་ཡན་ལག་ཏུ་ལོ་བཅུ་བར་མ་ཆད་དུ་ལོན་པ་ངེས་པར་དགོས་སམ་མི་དགོས། དགོས་ན་སྟོན་པ་སངས་རྒྱས་ནས་ལོ་དྲུག་པ་ལ་འཆར་ཀ་ད་ལྟར་ཆོ་གས་བསྙེན་པར་རྫོགས་པ་དང་འགལ། དེ་དམིགས་བསལ་ལོ་སྙམ་ན། སྤྱིར་བཏང་གི་བཅས་པ་མ་མཛད་པའི་གོང་དུ། དམིགས་བསལ་འབྱུང་བ་འགལ། གཉིས་པ་ལྟར་ཁས་བླངས་ནས་ལོ་ལྔ་ལོན་ཞིང༌། ལྟུང་ཤེས་ཀྱི་སྔ་མ་དང་ལྡན་པས་དེ་གསུམ་རུང་བར་བཤད་དོ་སྙམ་ན། དེ་འདྲ་དེ་གནས་མ་བཅས་པ་ལྗོངས་རྒྱུ་བའི་དམིགས་བསལ་ཏུ་བཤད་པ་ཡིན་གྱི། མཁན་པོ་དང་གནས་ཀྱི་བླ་མ་རུང་བ་ལ་དེ་ལྟ་བུའི་དམིགས་བསལ་བཤད་པ་མེད་དོ་ཞེས་རྒོལ་ན་ལན་གང་ཡིན། ཡང་ལྔ་ཕྲུགས་ཉེར་གཅིག་པོ་གང་རུང་དང་ལྡན་ན་སྡེ་སྣོད་འཛིན་པ་ཡིན་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་གནས་ཀྱི་བླ་མ་ལ་ནན་ཏུར་བྱེད་པ་ཡོད་པ་དང༌། སྡེ་སྣོད་འཛིན་པ་ལ་དེ་བྱེད་དུ་མི་རུང་བར་བཤད་པ་དང་འགལ། མ་ཁྱབ་ན་འདུལ་བའི་སྡེ་སྣོད་མི་ཤེས་ན་འདིར་བསྟན་གྱི་མཁས་པའི་ཡོན་ཏན་དང་ལྡན་པར་འགལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་བརྟན་མཁས་གཉིས་ཀའི་ཡོན་ཏན་དང་ལྡན་ལ་མཁན་སོགས་གསུམ་བྱར་རུང་གི་ཁྱབ་པ་ཁས་ལེན་ནམ་མི་ལེན། མི་ལེན་ན། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར། ཞེས་སོགས་ཀྱི་གཞུང་གི་ཤུགས་བསྟན་དང་འགལ། ལེན་ན་དེ་དང་ལྡན་ཞིང་འཁོར་འཇོག་པའི་གནང་བ་མ་ཐོབ་པའི་དགེ་སློང་མས་མ་ངེས་སོ། །ཡང་གནས་སྐབས་འདི་ནས་བསྟན་པའི་བརྟན་མཁས་ཀྱི་མཚན་ཉིད་དེས། འདུལ་བར་གཏོགས་པའི་སྐབས་མཐའ་དག་ཏུ་བརྟན་མཁས་ཀྱི་གོ་ཆོད་དམ་མི་ཆོད། མི་ཆོད་ན་དེའི་ཤེས་བྱེད་གང་ཡིན། ཆོད་ན་བུད་མེད་བསྙེན་པར་རྫོགས་པའི་མཁན་པོ་ལ་བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང༌། དགེ་སློང་མའི་སྟོན་པར་འཇོག་པ་ལ་བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པ་ཞིག་དགོས་པར་བཤད་པ་དང་འགལ་ཞིང༌། དེའི་མཁན་མོ་དང༌། སྟོན་པ་ལ་དགེ་སློང་མའི་འདུལ་བ་ཤེས་པ་ཞིག་དགོས་པར་བཤད་པ་དང་འགལ། ཞེས་བརྗོད་ན་ལན་གང་ཡིན། ཡང་འདུལ་བའི་སྡེ་སྣོད་འཛིན་པའི་ཡོན་ཏན་གྱིས་འདུལ་བ་ཤེས་པའི་ཡོན་ཏན་གྱི་གོ་ཆོད་དམ་མི་ཆོད། མི་ཆོད་ན་དེ་འཛིན་པ་མཁས་པའི་ཡན་ལག་ཏུ་བཤད་པ་དང་འགལ། ཆོད་ན་ལས་བརྒྱ་པ་འཛིན་ཞིང༌། བྱུང་བཅས་སོགས་མི་ཤེས་པའི་དགེ་སློང་གིས་མ་ངེས་སོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིག་གཅིག་གིས་བསྙེན་པར་རྫོགས་པ་བྱར་རུང་ན། དེ་ཡན་ཆད་དེས་དེར་མི་རུང་བའི་རྒྱུ་མཚན་ཅི་ཡིན། ཚོགས་ཀྱིས་ཚོགས་ལ་ལས་མི་ཆགས་པས་སོ་ཞེ་ན། དེ་མི་ཆགས་པའི་བཤད་པ་གང་ན་ཡོད། ཇི་སྐད་དུ། ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །ཞེས་བཤད་པས་སོ་ཤེ་ན། དེར་བཤད་པའི་ཆོ་ག་དེ་ནི། སྒྲུབ་བྱེད་ཀྱི་དབང་དུ་བྱས་པ་ཡིན་གྱི། བསྒྲུབ་བྱའི་དབང་དུ་བྱས་པ་མིན་ཏེ། ཇི་སྐད་དུ། འདིར་ཆོ་ག་ནི་ཞེས་སོགས་གསུངས་པའི་ཕྱིར། ཡང་གལ་ཏེ་གསུམ་མན་ཆད་ཅེས་བཅད་པ་དེ་མཚམས་ནང་གཅིག་གི་དབང་དུ་བྱས་པ་ཡིན་གྱི། མཚམས་ཐ་དད་ཀྱི་དབང་དུ་བྱས་ན་གསུམ་ཚན་གསུམ་ལ་སོགས་པ་ཅིག་ཆར་དུ་དུས་མཚུངས་པར་རྫོགས་སུ་རུང་ངོ་ཞེ་ན་འོ་ན་ལས་བྱེད་པས་མཚམས་ཐམས་ཅད་ནོན་པར་བྱས་པ་དེའི་ཚེ་བྱེད་པ་པོ་དགེ་འདུན་རྣམས་བསྒྲུབ་བྱ་གང་ན་འདུག་པའི་གནས་དེ་དང་མཚམས་ཅིག་གམ་མི་ཅིག ཅིག་ན་མཚམས་ནང་གཅིག་ཏུ་ཚོགས་ཀྱིས་ཚོགས་ལ་ལས་ཆགས་པར་འགྱུར་ལ། མི་ཅིག་ན་དེའི་དུས་ཀྱི་ལས་དེ་མི་ཆགས་པར་འགྱུར། མཚམས་གཞན་ན་གནས་པ་ནི་གང་གི་ཡང་ཡན་ལག་ཉིད་མིན་པར་བཤད་པས་སོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་གསུམ་མན་ཆད་ཅིག་ཆར་དུ་རྫོགས་པ་དེའི་ཚེ། མཁན་པོ་ཅིག་པ་ཁོ་ན་དགོས་པའི་ཤེས་བྱེད་གང་ཡིན། མཁན་པོ་མི་ཅིག་པ་ཉིད་ཀྱི་བསྒྲུབ་བྱ་གཉིས་ཚིག་གཅིག་གིས་བསྙེན་པར་རྫོགས་ན་ཅིར་འགྱུར། ཞེས་དྲིས་ན་ལན་གང་ཡིན། ཡང་སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ། ཉམས་ན་མི་སྐྱེའི་ཞེས་པའི་དོན། སྐྱེ་བཞིན་པ་ཞེས་པ་སྡོམ་པ་སྐྱེ་བ་ལ་སྐད་ཅིག་མ་དུ་མས་བར་དུ་ཆོད་པ་ལ་འཆད་པ་འདི་ལུང་གང་ནས་འབྱུང༌། ལུང་རིགས་ཀྱི་གཞུང་དུ་མ་དང་མི་མཐུན་སྟེ། སྐྱེ་བཞིན་པ་ཞེས་པ་ནི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱི་མིང་གི་རྣམ་གྲངས་སུ་རིགས་པ་མཁྱེན་པའི་གཞུང་ལས་བཤད་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། ཡང་བསླབ་པ་ཕུལ་ཉམས་གཉིས་སུ་ཕྱེ་བའི་ཉམས་པ་དེ་ཡིན་ན། ཕུལ་བས་ཁྱབ་བམ་མ་ཁྱབ། ཁྱབ་ན་དེ་གཉིས་ལ་མུ་བཞི་བརྩི་བ་འགལ། མ་ཁྱབ་ན་སྡོམ་པའི་གཏོང་རྒྱུ་འཆད་པའི་སྐབས་སུ་བསླབ་པ་ཕུལ་བ་ལས་ལོགས་སུ་ཉམས་པ་མི་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིའོ། །ཡང་བསམ་པ་ཐག་པས་དཀོན་མཆོག་གསུམ་ཕུལ་ན། དེས་སྡོམ་པ་གཏོང་ངམ་མི་གཏོང༌། མི་གཏོང་ན་འབུལ་ཆོག་གི་གཞུང་དང་འགལ། གཏོང་ན་དེ་དེ་ལྟར་གཏོང་བ་ལ་ལྡོག་ཚུལ་ལྔ་བྱེད་ཅིང༌། ལྔ་པའི་མཐའ་ལ་མ་བཏང་ན་ལྟུང་བྱེད་དུ་བཤད་པ་དང་འགལ་ཡང་དགེ་འདུན་དབྱེན་གྱི་མཚམས་མེད་བྱས་པས་སྔར་ཡོད་ཀྱི་སྡོམ་པ་གཏོང་ངམ་མི་གཏོང༌། མི་གཏོང་ན་མཚམས་མེད་ཅན་དེར་བཟུང་དུ་གསོལ། ཞེས་བརྗོད་པ་དེ་བསླབ་པ་འབུལ་ཆོག་ཏུ་བཤད་པ་དང་འགལ། ཞེས་དྲི་ན་ལན་གང་ཡིན། གཏོང་ན་དགེ་འདུན་ལྷག་མས་སྡོམ་པ་གཏོང་བར་འགྱུར། ཡང་ལོ་ཉི་ཤུ་མ་ལོན་པ་དེ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་བར་ཆད་ཡིན་ནམ་མིན། མིན་ན་དེ་མ་ལོན་པ་ལ་བསྙེན་པར་རྫོགས་པ་ཤེས་ན་དེ་ཞིག་པར་བཤད་པ་དང་འགལ། དེ་དེའི་བར་ཆད་ཡིན་ན་ཡང་དེ་ཉིད་དང་འགལ་ཞིང༌། གཞོན་ནུ་བཅུ་བདུན་སྡེ་དགེ་སློང་དུ་བཤད་པ་དང་འགལ། གལ་ཏེ་དེ་འདྲ་དེས་སྐྱེ་བའི་བར་ཆད་མིན་ཡང༌། དེ་ལ་དེར་ཤེས་ཀྱི་དེ་བསྙེན་པར་རྫོགས་པ་བྱས་ན་མཁན་པོ་ལ་ལྟུང་བྱེད་དུ་འགྱུར་བའི་རྒྱུ་མཚན་གྱིས་དེ་དེའི་བར་ཆད་དུ་བཤད་པ་ཡིན་ནོ་ཞེ་ན། འོ་ན་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པར་འདུ་ཤེས་པ་དེ་དགེ་སློང་སྡོམ་པའི་གཏོང་རྒྱུར་བཤད་པའི་རིགས་པས་བསྙེན་རྫོགས་སྐྱེ་བ་ལ་གནས་ཚོད་ལོ་ཉི་ཤུ་མ་ལོན་ཀྱང༌། འདུ་ཤེས་ཀྱི་ཆ་ནས་དེ་ལོན་པར་ཤེས་པ་ཅིག་དགོས་པར་གྲུབ་ལ། དེ་ལྟ་ནའང་བཅུ་བདུན་སྡེ་ལ་བསྙེན་རྫོགས་སྐྱེས་པར་བཤད་པ་དང༌། ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པའི་འཇོག་མཚམས་དང་འགལ་ལོ། །ཡང་ཕམ་པ་འཆབ་བཅས་ཀྱིས་སྡོམ་པ་མི་གཏོང་བ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པ་དེའི་ཚེ་ཕམ་པ་དེ་སྡོམ་པའི་རིག་བྱེད་མ་ཡིན་པའི་གཟུགས་དེ་ཞིག་གམ་མ་ཞིག ཞིག་ན་དེ་བཏང་བར་འགྱུར་ལ། མ་ཞིག་ན་དེ་འདྲ་དེ་དགོས་པ་སྒྲུབ་ནུས་སུ་ཡོད་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། གལ་ཏེ་དེ་མ་ཞིག་ཀྱང༌། ཉམས་པ་ཡིན་ཏེ། དཔེར་ན་ས་བོན་མེས་ཚིག་པ་བཞིན་ནོ། །ཞེ་ན། འོ་ན་རིག་བྱེད་མ་ཡིན་པའི་གཟུགས་ཉམས་པ་དེ་སྡོམ་པའི་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་གོ་ཆོད་དམ་མི་ཆོད། ཆོད་ན་ནི་ཅིག་ཤོས་དེས་ས་བོན་གྱི་གོ་ཆོད་པར་མཚུངས་ལ། མི་ཆོད་ན་དེའི་རྒྱུད་ལ་སྡོམ་པ་མེད་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་ཕམ་པ་འཆབ་མེད་དག་བྱེད་དུ་བསླབ་པ་སྤྱོད་བཞིན་པའི་དགེ་སློང་དེ་ལ་ཕམ་པ་འཆབ་མེད་རིགས་འདྲ་གཉིས་པ་བྱུང་ན་བསླབ་པ་དེ་བསྐྱར་ནས་སྟེར་དགོས་སམ་མི་དགོས། མི་དགོས་ན་སྤོ་མགུ་ལའང་མཚུངས་སོ། །དགོས་ན་དེའི་བཤད་པ་མི་འབྱུང་བ་ཅི། གལ་ཏེ་དགེ་སློང་དེ་ཕམ་པ་འཆབ་མེད་གྲངས་མང་ཉུང་ཅི་ཙམ་སྤྱད་ཀྱང་ཆད་ལས་ནི་ཇི་སྲིད་འཚོའི་བར་དུ་བསླབ་པ་སྤྱད་པ་ལས་གཞན་མེད་པས་སོ་སྙམ་ན། འོ་ན་བསླབ་པ་སྤྱོད་བཞིན་པའི་དགེ་སློང་དེ་ལ་ལྷག་མ་འཆབ་བཅས་བྱུང་ན་དག་བྱེད་དུ་སྤོ་མགུ་བྱིན་ནས་སྤྱོད་དགོས་སམ་མི་དགོས། མི་དགོས་ན་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་པ་དང་འགལ། དགོས་ན་དེས་བསླབ་པ་སྤྱོད་པ་ལས་མ་གཏོགས་པའི་ཆད་ལས་གང་ཞིག་ཉམས་སུ་ལེན། གཞན་ཡང་དེ་འདྲ་དེ་ལ་དབྱུང་བ་སྟེར་རམ་མི་སྟེར། མི་སྟེར་ན་དེ་ལ་སྤོ་མགུ་སྟེར་བར་འགལ་ལ། སྟེར་ན་དེས་དགྲ་བཅོམ་པ་མ་ཐོབ་པ་ཡང་རང་བཞིན་དུ་གནས་པར་ཐོབ་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་བསླབ་པ་སྤྱོད་པ་དེ་ལ་སྡིགས་སྨད་དང་གསོ་སྦྱོང་བཞག་པ་ལ་སོགས་པའི་ནན་ཏུར་བྱེད་པ་ཡོད་དམ་མེད། མེད་ན་དེའི་ཤེས་བྱེད་ཅི་ཡིན། ཡོད་ན་དེ་འདྲ་དེ་ལ་སྤོ་མགུ་སྟེར་བར་འགྱུར་ཏེ། དེ་ལ་སྨད་པ་ནན་ཏུར་བྱེད་པ་ཡོད་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། གཞན་ཡང་དེ་འདྲ་དེས་དགེ་འདུན་ལ་བཟོད་གསོལ་བྱས་པའི་ཚེ། ས་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་ཏེ། ནན་ཏུར་དེ་དག་བྱེད་པ་སྲིད་ན། དེའི་བཟོད་གསོལ་ཡང་སྲིད་དགོས་པའི་ཕྱིར་དང༌། བཟོད་གསོལ་བྱས་ཀྱང༌། རང་བཞིན་དུ་གནས་པ་མི་ཐོབ་ན། དེའི་དགོས་པ་སྟོར་བའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། ཡང་ཕམ་པ་འཆབ་བཅས་ཅན་གྱི་དགེ་སློང་མཚན་གྱུར་པ་དེའི་ཚེ་ན་འཆབ་ཉེས་དག་གམ་མ་དག མ་དག་ན་ཇི་སྐད་དུ། ཉེས་པ་བཅབས་པ་མ་ཡིན་པ་མ་ཡིན་ནོ། །དག་ན་དེས་དགེ་སློང་མའི་རྟེན་ལ་བསླབ་པ་སྤྱོད་དགོས་སམ་མི་དགོས། མི་དགོས་ན་ཕམ་པ་འཆབ་མེད་ཅན་གྱི་དགེ་སློང་མར་འགལ། དགོས་ན་དེ་འདྲ་དེས་རྟེན་དེ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྲིད་པར་འགྱུར་བ་དང༌། ཚུལ་ཁྲིམས་འཆལ་པ་དགེ་སློང་གི་དགེ་འདུན་གྱི་གནས་ནས་བསྐྲད་པ་དེ་དགེ་སློང་མའི་དགེ་འདུན་གྱི་ནང་དུ་འཇུག་ཏུ་རུང་བར་འགྱུར་བ་སྲིད་པར་ཐལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་ན་ཕམ་པ་ཐུན་མོང་བ་འཆབ་བཅས་བྱུང་བའི་དགེ་སློང་མ་སྐྱེས་པར་མཚན་གྱུར་པ་དེའི་ཚེ། འཆབ་ཉེས་དག་ན་དེ་འདྲ་དེས་བསླབ་པ་ཕུལ་ནས་བསྙེན་པར་རྫོགས་ན། བསྙེན་པར་རྫོགས་པ་སྐྱེའམ་མི་སྐྱེ། སྐྱེ་ན་ཇི་སྐད་དུ། ཕམ་པར་འགྱུར་པ་ཐུན་མོང་མིན་པ་ལྷག་པར་སྤྱད་པ་ཅན་ཡང་ངོ༌། །ཞེས་པའི་གཞུང་གི་ཤུགས་བསྟན་དང་འགལ། མི་སྐྱེ་ན་ཕམ་པ་འཆབ་མེད་ཅན་གྱི་དགེ་སློང་ཡིན་པར་འགལ་ལོ། །ཞེས་རྒོལ་ན་ལན་གང་ཡིན། དེ་བཞིན་དུ་ཕམ་འདྲའི་ཉེས་བྱས་འཆབ་བཅས་ཅན་གྱི་དགེ་ཚུལ་མ་མཚན་གྱུར་པའི་དགེ་ཚུལ་དེ་བསྙེན་པར་རྫོགས་སུ་རུང་བར་འགྱུར་ལ། དེ་ལྟར་ན་ཕམ་པ་འཆབ་བཅས་བྱུང་བ་སྡོམ་པ་སྐྱེ་བའི་བར་ཆད་དུ་བཤད་པ་དང་འགལ། ཞེས་རྒོལ་ན་ལན་གང་ཡིན། ཡང་སངས་རྒྱས་ཀྱི་ཕམ་པ་དང་པོའི་བཅས་པ་མཛད་པ་དུས་ནམ་གྱི་ཚེ་ཡིན། སངས་རྒྱས་ནས་ལོ་བཅུ་གཉིས་པའི་ཚེའོ་ཞེ་ན། འོ་ན་སངས་རྒྱས་ནས་དེའི་བར་དུ་གསོ་སྦྱོང་གི་ཚེ་སོ་སོར་ཐར་པའི་མདོ་འདོན་པ་ཡོད་དམ་མེད། མེད་ན་དེའི་རྒྱུ་མཚན་ཅི་ཡིན། ཡོད་ན་དེའི་ཚེ་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་ཡོད་པར་འགྱུར་ལ། དེ་ལྟ་ན་ལྟུང་བ་སྡེ་ལྔའི་བཅས་པ་མཛད་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། ཡང་བཅས་པ་མ་མཛད་གོང་དུ་ལྟུང་བ་མི་འགྱུར་མོད། དེ་ལྟ་ནའང་མི་བསད་པ་ལྟ་བུ་ལས་བྱུང་བའི་ལོག་ཕྱོགས་ཀྱི་ཉེས་པ་དེ་འབྱུང་ངམ་མི་འབྱུང༌། མི་འབྱུང་ན་དེའི་ཉེས་པ་དེ་རང་བཞིན་གྱི་ཁ་ན་མ་ཐོ་བར་བཤད་པ་དང་འགལ། འབྱུང་ན་དེ་འདྲའི་རང་བཞིན་གྱིས་ཁ་ན་མ་ཐོ་བ་འཆབ་བཅས་དེས་རང་རྒྱུད་ཀྱི་སྡོམ་པ་སོར་མི་རུང་དུ་བྱེད་དམ་མི་བྱེད། མི་བྱེད་ན་ཕམ་པ་འཆབ་བཅས་ཀྱིས་ཀྱང་མི་བྱེད་པར་མཚུངས་ཏེ། དེ་གཉིས་ལ་ཉེས་པ་ཆེ་ཆུང་གི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་བཅས་འགལ་གྱི་ཉེས་པ་དེས་སྡོམ་པ་ཉམས་པར་བྱེད་པ་ཡིན་ནོ་ཞེ་ན། འོ་ན་བཅས་ལྟུང་དེ་མི་དགེ་བ་ཡིན་ནམ། ལུང་མ་བསྟན་ཡིན། དང་པོ་ལྟར་ན་རང་བཞིན་གྱི་ཁ་ན་མ་ཐོ་བར་འགྱུར་ལ། གཉིས་པ་ལྟར་ན་དེས་སྡོམ་པ་ཉམས་པར་བྱེད་མི་ནུས་ཏེ། མ་སྒྲིབ་ལུང་མ་བསྟན་གྱིས་དགེ་བའི་ཐོབ་པ་གཅོད་མི་ནུས་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། ཡང་ཕམ་པའི་སྟེང་གི་བཅས་རང་གཉིས་ལ་ཁྱད་པར་ཅི་ཡོད། རྟེན་གྱི་གང་ཟག་དགེ་སློང་ཁོ་ནས་སྤྱད་ན་ལྟུང་བར་འགྱུར་བ་དང༌། རྟེན་གྱི་གང་ཟག་ཁྱིམ་པ་ཁོ་ནས་སྤྱད་ན་ཉེས་པར་འགྱུར་བའི་ཁྱད་པར་ཡོད་དོ་ཞེ་ན། འོ་ན་དེ་འདྲའི་བཅས་ལྟུང་དེ་ཉོན་མོངས་པ་ཅན་དང་མ་བསྒྲིབས་པ་གཉིས་ལས་གང་ཡིན། དང་པོ་ཡིན་ན་རྟེན་གྱི་གང་ཟག་ཁྱིམ་པས་མི་བསད་པའི་རྣམ་སྨིན་ལས། དགེ་སློང་གི་མི་བསད་པའི་རྣམ་སྨིན་ཆེ་བའི་ཁྱབ་པ་ཡོད་པར་འགྱུར་ཏེ། ཁྱིམ་པས་མི་བསད་པ་ལ་མི་འབྱུང་བའི་སྡིག་པ་ཞིག་དགེ་སློང་གི་རྟེན་ལ་མི་འབྱུང་བའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། ཕམ་པ་མིན་པར་ཐལ། མ་བསྒྲིགས་ལུང་མ་བསྟན་ཡིན་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། ཡང་ལུས་ངག་གི་བཅས་ལྟུང་ཇི་སྙེད་པ་གཟུགས་ཅན་འདོད་དམ་མི་འདོད། མི་འདོད་ན་དེའི་ཚུལ་ཁྲིམས་རྙེད་པ་དང་གཟུགས་ཅན་དུ་འདོད་པ་དང་འགལ། འདོད་ན་རེག་པའི་ལྷག་མ་ཁྱད་དུ་བསོད་པའི་ལྟུང་བྱེད་ལྟ་བུ་ལ་རིག་བྱེད་ཀྱི་གཟུགས་དང༌། རིག་བྱེད་མ་ཡིན་པའི་གཟུགས་གཉིས་སུ་འབྱེད་དམ་མི་འབྱེད། མི་འབྱེད་ན། ཇི་སྐད་དུ། མི་དགེ་དྲུག་ནི་རྣམ་རིག་མིན། །དེ་དག་ཀྱང་བྱེད་ནའོ། །ཞེས་པའི་ལུང་དང་འགལ། འབྱེད་ན་ལྟུང་བ་དེ་གཉིས་ཀྱི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་དེ་ཆོས་ཅན། སྡོམ་མིན་དུ་ཐལ། རིག་མིན་གྱི་གཟུགས་གང་ཞིག་སྡོམ་པ་དང་བར་མ་གང་རུང་མ་ཡིན་པའི་ཕྱིར། ཞེས་རྒོལ་ན་ལན་གང་ཡིན། དེ་ལྟར་རྒོལ་བ་ན། བཅས་ལྟུང་ཡིན་ན་རིག་བྱེད་ཀྱི་གཟུགས་ཡིན་པས་ཁྱབ་པར་འདོད་དོ་ཞེ་ན། འོ་ན་དགེ་སློང་གིས་གཞན་བྱེད་དུ་བཅུག་པའི་བཅས་ལྟུང་མི་སྲིད་པར་འགྱུར་རོ། །ཞེས་རྒོལ་ན་ལན་གང་ཡིན། བཀའ་བསྡུ་རིམ་པ་གསུམ་དུ་འཆད་པ་འདི་སྡེ་སྣོད་གསུམ་ཀའི་དབང་དུ་བྱེད་དམ། འདུལ་བ་རྐྱང་པའི་དབང་དུ་བྱེད། དང་པོ་ལྟར་ན། སྡེ་སྣོད་གསུམ་ཀའི་བཀའ་བསྡུ་རིམ་པ་གསུམ་པ་གང་ནས་བཤད། གཉིས་པ་ལྟར་ན། དགྲ་བཅོམ་པ་བདུན་བརྒྱས་རུང་བ་མིན་པའི་བཞི་བཅུ་བསལ་བ་དེ་འདུལ་བ་རྐྱང་པའི་བཀའ་བསྡུ་གཉིས་པར་འདོད་དགོས་ལ། དེའི་ཚེ་དེ་འདྲ་དེ་འདུལ་བ་མ་ལུས་པའི་བཀའ་བསྡུ་ཡིན་ནམ། ཆ་ཤས་ཉི་ཚེ་བའི་བཀའ་བསྡུ་ཡིན། དང་པོ་ལྟར་ན། དེར་བཤད་པ་མེད་པ་དང་འགལ། གཉིས་པ་ལྟར་ན། སྡིག་ལྟ་མི་གཏོང་བ་ལ་བཞམ་བསྒོ་བྱེད་པ་དང༌། འདུལ་བར་གཏོགས་པའི་ཆོས་རྣམ་པར་གཏན་ལ་འབེབས་པའི་རྩོད་པ་ཞི་བྱེད་ཀྱིས་ཆོས་རྣམས་ཇི་སྙེད་པ་ཡང་འདུལ་བའི་བཀའ་བསྡུ་བ་ཉིད་དུ་ཐལ་བར་འགྱུར་རོ། །འདིར་སྨྲས་པ། དིང་སང་འདི་ན་བློ་གསལ་ཞིང༌། །ཆོས་དོན་གཉེར་བ་མང་གྱུར་ཀྱང༌། །འདུལ་བའི་མིང་དང་སྡོམ་བཟུང་གི །ལག་ལེན་ཙམ་ཞིག་ལྷག་མར་ལུས། །འགའ་ཞིག་གཞུང་དང་ཚིག་དོན་ཙམ། །བྲག་ཆ་བཞིན་དུ་ཀློག་པ་ཡི། །རྣམ་པར་ངལ་བ་སིམ་གྱུར་ནས། །མདོ་ལུང་གནས་ལ་གདེངས་མ་ཐོབ། །དེ་ཕྱིར་མཐའ་གཉིས་མ་བརྟགས་པའི། །འབེལ་བའི་གཏམ་འདི་བསམ་བྱས་པས། །ཆོས་འདོད་སློབ་མས་ཆོས་འདུལ་བ། །རྒྱ་མཚོའི་ཕ་རོལ་མཐོང་བར་ཤོག །དྲི་བ་གཅིག་གི་ལན་དོན་དུ། །མདོ་ལུང་འགྲེལ་པ་ལ་བརྟགས་པས། །རྙེད་དཀའི་དོན་བརྒྱ་ངང་གིས་འཆར། །དེ་ཕྱིར་འདི་བྱས་འབྲས་མེད་མིན། །ཆོས་འདུལ་གངས་རི་ལ་འཁོད་ནས། །གཞན་སྡེའི་སྤོབས་པ་ཟ་འདོད་ཅིང༌། །རང་སྡེའི་འཁོར་ཚོགས་སྐྱོང་བཞེད་པའི། །སེང་གེའི་དབྱངས་ཀྱི་ང་རོ་འདིས། །གཞན་སྡེ་གླང་ཆེན་ཁྱུར་ལོངས་པའི། །ཉེས་བྱས་མ་ལུས་གནོན་པ་དང༌། །རང་སྡེ་འདུལ་བའི་སྤོབས་པ་ནི། །མི་ཟད་གོང་ནས་གོང་འཕེལ་ཤོག། །།མངྒ་ལཾ་བྷ་ཝནྟུ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply