༼འ༽༄༅། །སྔགས་ལམ་གྱི་རྟེན་ངོས་འཛིན་པ་དང་སྦྱང་གཞི་ཕྲ་རགས་རྣམ་པར་བཤད་པ་བཞུགས་སོ།།
སྭསྟི། ཁྱབ་བདག་འཁོར་ལོས་བསྒྱུར་བ་ལ། །ཕྱག་འཚལ་ནས་ནི་གསང་སྔགས་ཀྱི། །ལམ་གྱི་རྟེན་གང་ཡིན་པ་དང༌། །སྦྱང་གཞི་ཕྲ་རགས་རྣམ་གསུམ་བཤད། །གསང་སྔགས་བླ་ན་མེད་པ་ཡི། །ལམ་གྱི་དངོས་རྟེན་སེམས་ཅན་ཁམས། །གོང་མ་གཉིས་ལ་མ་བཤད་ཕྱིར། །འདོད་པའི་ཁམས་པ་ཁོ་ན་ལས། །རྒོད་དང་བལྟས་དང་ལག་བཅངས་ཀྱི། །བདེ་བས་ཚིམ་པའི་ལྷ་དག་ནི། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་པོའི། །ལམ་གྱི་རྟེན་དུ་མཚུངས་པར་བཤད། །ཁམས་དྲུག་ཅན་གྱི་མི་དག་ནི། །ཁོ་ན་བླ་མེད་ཐེག་པ་ཡིས། །རྡོ་རྗེ་སེམས་དཔའ་ཚེ་གཅིག་ལ། །བསྒྲུབ་པའི་ལམ་རྟེན་མཚུངས་པར་བཤད། །དམྱལ་བ་པ་དག་མ་གཏོགས་པ། །འདོད་པའི་འགྲོ་བ་རིགས་ལྔ་པོ། །མཐའ་དག་དཀྱིལ་འཁོར་འཁོར་ལོ་དང༌། །དུར་ཁྲོད་བརྒྱད་ཀྱི་ལྷག་བཀོད་པ། །མང་ཕྱིར་དེ་དག་ཅི་རིགས་ནས། །གསང་སྔགས་ལམ་གྱི་རྟེན་དུ་རུང༌། །ཁྱད་པར་སྐྱེད་རིམ་བསྒྲུབ་པའི་རྟེན། །མི་ཡི་འགྲོ་བ་པ་དག་དང༌། །རྫོགས་རིམ་རྟེན་ནི་ཁམས་དྲུག་པོ། །འདུས་པའི་མི་ལུས་ཁྱད་པར་ཅན། །ཡིན་གྱི་ཟ་མ་མ་ནིང་དང༌། །མཛེ་ཅན་སྨྱོ་འབོག་ལ་སོགས་པ། །ནད་ཀྱི་གཟིར་དང་བྱང་གི་ནི། །སྒྲ་མི་སྙན་པ་རྣམས་ཀྱང་མིན། །རྟེན་གྱི་གང་ཟག་ཅེས་བྱ་བ། །ཀུན་རྫོབ་དོན་དམ་དབྱེ་བས་གཉིས། །དང་པོ་ལྷན་སྐྱེས་མ་རིག་པའི། །ཟག་བཅས་ཕུང་པོ་ལྔ་དག་ལ། །ཡོང་མ་མྱོང་བའི་གང་ཟག་ཞིག །འཁྲུལ་ནས་བཏགས་པ་གང་དེའོ། །འདི་ཉིད་ལས་འབྲས་རྟེན་ཡིན་ཕྱིར། །གསང་སྔགས་ལམ་གྱི་སྒྲུབ་པོའང་དེ། །འཁོར་དང་རྫོགས་སངས་རྒྱས་པའང་དེ། །ཡིན་ཞེས་ཕྱི་རབས་པ་རྣམས་འདོད། །འདི་འདྲ་མུ་སྟེགས་ཀྱིས་བཏགས་པའི། །བདག་དེ་འཁོར་བ་པོ་དང་ནི། །གྲོལ་བ་པོར་ཡང་འདོད་པ་དང༌། །མཚུངས་ཕྱིར་མཁས་པས་སྤང་བར་བྱ། །དེ་ཕྱིར་དོན་དམ་སྐྱེས་བུ་ནི། །སྐྱེད་རིམ་རྟེན་དུ་འདིར་བཤད་པ། །དང་པོ་སྟོང་པ་ཉིད་བསམ་ནས། །ཡེ་ཤེས་རྡོ་རྗེ་ང་ཡིན་ཞེས། །ང་མེད་པ་ལ་ངར་བཏགས་པའི། །དོན་དམ་ང་དེ་གསལ་བཏབ་ནས། །དེ་ཉིད་འཁོར་ལོ་བདེ་མཆོག་ཏུ། །ལམ་གྱི་དུས་སུ་གསལ་བཏབ་ནས། །འབྲས་བུའི་དུས་སུའང་དེ་ཁོ་ན། །རྫོགས་སངས་རྒྱས་བར་བཞེད་པ་ཡིན། །འོ་ན་སེམས་ཅན་ཐམས་ཅད་ཀྱི། །གཉིས་མེད་ཡེ་ཤེས་རྡོ་རྗེ་དེ། །དོན་དམ་པ་ཡི་གང་ཟག་ཏུ། །བྱེ་བྲག་མེད་པ་མ་ཡིན་ནམ། །སེམས་ཅན་ཐམས་ཅད་བླ་མེད་ཀྱི། །སྐྱེད་རིམ་རྟེན་དུ་ཐལ་ཞེ་ན། །ལུས་སེམས་ཁྱད་པར་ཅན་མེད་པ། །རྫོགས་རིམ་རྟེན་དུ་མི་འཐད་ཕྱིར། །རྫོགས་རིམ་རྟེན་དུ་མི་ལྡན་པའི། །གང་ཟག་སྐྱེད་རིམ་རྟེན་དུ་མིན། །མུ་སྟེགས་བྱེད་ཀྱིས་བཏགས་པའི་བདག །ཐ་སྙད་དུ་ཡང་ཡོད་མིན་མོད། །ལྷན་སྐྱེས་མ་རིག་གིས་བཏགས་བདག །འཇིག་རྟེན་དོན་དམ་བདེན་ཞེ་ན། །དེ་ཡི་དོན་དམ་ཐེག་ཆེན་པོར། །ཞུགས་ཚེ་ཀུན་རྫོབ་བདེན་ཡིན་ཕྱིར། །ཡོད་མ་ཡིན་ནོ་གང་མེད་པ། །ལམ་གྱི་རྟེན་དུ་འཆད་མི་ནུས། །འོ་ན་ཁམས་དྲུག་ལྡན་པའི་ལུས། །རྫོགས་རིམ་རྟེན་ལའང་མཚུངས་ཤེ་ན། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི །ལུས་ལ་རྟེན་འབྲེལ་འགྲིག་ཙམ་གྱིས། །སེམས་ལ་རྟོགས་པ་འཆར་ནུས་པ། །ཉིད་ཕྱིར་དེ་ལ་དེར་བཏགས་སོ། །ཞིབ་མོར་ཕྱེ་ན་རྫོགས་རིམ་གྱི། །རྟེན་ཡང་དོན་དམ་ལུས་ཉིད་དེ། །མཁའ་གསང་མི་དམིགས་པར་བྱས་ནས། །བདེ་ཆེན་མངོན་དུ་བྱེད་ཕྱིར་རོ། །རིམ་པ་གཉིས་པོའི་རྟེན་དུ་ནི། །ཀུན་རྫོབ་ཡོད་མེད་མཚུངས་ཤེ་ན། །མཚུངས་མིན་སྐྱེད་རིམ་རྟེན་དེ་ཉིད། །སྐྱེད་རིམ་ཉིད་དུ་སྒྲུབ་བྱེད་ཀྱི། །རྫོགས་རིམ་རྟེན་ནི་རྫོགས་རིམ་གྱི། །ཡེ་ཤེས་ཉིད་དུ་སྒྲུབ་མི་བྱེད། །སྐྱེད་རིམ་རྟེན་གྱི་ང་ཉིད་ནི། །སྐྱེད་པའི་རིམ་པའི་ཉེར་ལེན་རྒྱུ། །རྫོགས་རིམ་རྟེན་ནི་བདེ་ཆེན་གྱི། །ལྷན་ཅིག་བྱེད་པའི་རྐྱེན་དུ་བཤད། །ཁམས་དྲུག་ལྡན་པའི་ལུས་ཁོ་ན། །འདིར་བསྟན་དགོས་པའི་ཤེས་བྱེད་ནི། །སོ་སོ་སྐྱེ་བོས་ཚེ་གཅིག་ལ། །རྫོགས་སངས་རྒྱ་བ་ཉེ་རྒྱུ་ཡིས། །མཚམས་སྦྱོར་བ་ལ་རག་ལས་ཕྱིར། །དེ་མེད་པ་ལ་དེ་མི་འབྱུང༌། །ཉེ་རྒྱུ་ལས་བྱུང་ཡེ་ཤེས་ནི། །བདེ་སྟོང་ཟུང་དུ་འཇུག་པ་སྟེ། །མཐོང་ལམ་ནས་ཙམ་རྒྱུན་མཐའི་བར། །སྐད་ཅིག་ཅིག་གིས་རྫོགས་སངས་རྒྱ། །སྐྱེད་པའི་རིམ་པས་མ་སྦྱངས་པར། །ཉེ་རྒྱུས་མཚམས་སྦྱོར་འཁོར་བའི་ལམ། །སྦྱངས་པས་དྲོད་གསུམ་གང་རུང་སྟེ། །ཐོབ་ནས་སྤྱོད་པ་གསུམ་སྤྱོད་པ། །བསོད་ནམས་ཚོགས་ཆེན་རྫོགས་པ་དང༌། །བདག་ཏུ་རྨོངས་པ་སེལ་བྱེད་པའོ། །རིམ་གཉིས་ཡེ་ཤེས་གོ་རིམ་བཞིན། །ཚོགས་གཉིས་པོ་དང་སྒྲིབ་པ་གཉིས། །རྫོགས་དང་སྤོང་བའི་གཉེན་པོར་ནི། །བཤད་ཕྱིར་གཉིས་པོའི་ལག་རྗེས་ཀྱང༌། །རང་སྣང་ཆོས་ཀྱི་སྐུ་དང་ནི། །གཞན་སྣང་གཟུགས་ཀྱི་སྐུ་བཤད་བྱ། །དེ་ནས་སྦྱང་གཞི་སྦྱོང་སྦྱངས་དང༌། །སྤང་བྱ་སྤོང་སྤངས་ཤེས་བྱ་བའི། །ཁྱད་པར་དབྱེ་བས་གནས་གྱུར་དང༌། །གནས་མི་འདོད་པའི་ཚུལ་བཤད་བྱ། །སྦྱང་གཞི་ཞེས་བྱ་གནས་ཡིན་ཏེ། །ངོས་འཛིན་ཕྲ་རག་བར་མ་གསུམ། །ཕྲ་བ་དྲི་བཅས་ཆོས་དབྱིངས་ཏེ། །རགས་པ་མ་དག་ཕུང་སོགས་དང༌། །བར་མ་ཀུན་གཞིའི་རྣམ་ཤེས་སོ། །གང་དུ་སྦྱོང་བའི་གནས་དང་ནི། །གང་ཞིག་སྦྱོང་བའི་དྲི་མ་དག །མཉམ་དུ་ཚོགས་པའི་འབྲལ་རུང་ལ། །སྦྱང་གཞི་ཞེས་བྱར་ཐ་སྙད་བཏགས། །གཞི་ནི་སྤང་བྱར་མི་འཇོག་སྟེ། །དེ་དེར་བཞག་ན་གནས་གྱུར་པ། །ཞེས་བྱའི་རྣམ་གཞག་མི་འཐད་དང༌། །རྫོགས་སངས་རྒྱས་ཚེ་ཡེ་ཤེས་ཀྱང༌། །ཆད་པ་ཉིད་དུ་ཐལ་བ་དང༌། །མྱ་ངན་འདས་ཚེ་བདག་ཆད་པའི། །སོམ་ཉི་དོན་དང་ལྡན་པར་འགྱུར། །རང་རང་ངོ་བོས་མི་སྟོང་པའི། །ཆོས་དབྱིངས་ཡོད་པར་མི་བཞེད་ན། །གནས་གྱུར་པ་དང་ལྷག་མེད་ཚེ། །ཡེ་ཤེས་ཁས་ལེན་ནུས་མ་ཡིན། །སྦྱང་གཞི་སྦྱོང་དང་གནས་གྱུར་གྱི། །རྣམ་གཞག་ཆོས་འཁོར་གསུམ་པ་ཡི། །མདོ་དང་གསང་སྔགས་གཉིས་ཀའི་ལུགས། །བསྐྱེད་པའི་རིམ་པས་མ་དག་པའི། །སྣོད་བཅུད་སྡུག་བསྔལ་བདེན་པ་དང༌། །དེ་རྒྱུ་ལས་དང་ཉོན་མོངས་པ། །མཉམ་དུ་སྤོང་ཕྱིར་ཕར་ཕྱིན་པའི། །འཁོར་བ་སྤོང་ཚུལ་ལས་འདི་འཕགས། །དབང་བསྐུར་བ་ཡི་བྱིན་བརླབས་ཀྱིས། །གཉིས་མེད་རང་རིག་རང་གསལ་བ། །མངོན་དུ་གྱུར་པའི་སྒྲུབ་པ་པོས། །ཡེ་ཤེས་དེ་ཉིད་ལས་བསྒྲུབ་པའི། །འབྱུང་བ་རིམ་བརྩེགས་ནས་བཟུང་སྟེ། །སྣོད་བཅུད་མ་ལུས་གསལ་ཐེབས་ནས། །གསལ་བ་རབ་ཀྱི་མཐར་ཕྱིན་པ། །དེ་གོམས་བྱེད་པོའི་རྣམ་འབྱོར་པས། །རང་རང་ལས་ཀྱི་རྣམ་སྨིན་དང༌། །བདག་པོའི་འབྲས་བུ་ཀུན་སྦྱངས་ནས། །དེ་དང་དེ་ཡི་གཟུང་འཛིན་གྱི། །རྟོག་པའི་དྲི་མ་དང་བྲལ་ཚེ། །རང་རང་སྡུག་བསྔལ་ཀུན་འབྱུང་སོགས། །བསྐྱེད་པའི་རིམ་པས་སྦྱངས་ཤེས་བྱ། །དེ་ཡང་གཉིས་མེད་ཡེ་ཤེས་ནི། །བདག་དང་ཆོས་སུ་རྨོངས་པ་ཡི། །འགལ་བ་མི་མཐུན་ཕྱོགས་གོམས་པའི། །ངང་ལས་གཡོ་བ་མེད་བཞིན་དུ། །རྟེན་དང་བརྟེན་པར་བཅས་གོམས་པ། །རང་རང་སྡུག་བསྔལ་བདེན་པ་ཡི། །འགལ་བ་མི་མཐུན་ཕྱོགས་གོམས་པའོ། །རིམ་པ་དང་པོའི་ལྟ་བ་ཡིས། །ཀུན་འབྱུང་ས་བོན་སྤོང་ནུས་མོད། །རྣམ་སྨིན་སྡུག་བསྔལ་བག་ཆགས་ལ། །གནོད་པར་བྱེད་ཀྱང་དངོས་སུ་ནི། །ཟད་པར་བྱེད་པ་རྫོགས་རིམ་གྱི། །ཡེ་ཤེས་ལས་གཞན་ཡོད་མ་ཡིན། །རྫོགས་རིམ་བདེ་སྟོང་ཟུང་འཇུག་བློས། །རྣམ་སྨིན་སྡུག་བསྔལ་ཕུང་པོ་དང༌། །སྒྲིབ་ཀུན་ས་བོན་སེལ་ནུས་མོད། །ཉོན་མོངས་བག་ཆགས་ཆེད་དུ་ནི། །མི་སྤོང་ཕྱིར་ན་ཤེས་སྒྲིབ་ཀྱི། །གཉེན་པོ་ཉིད་དུ་གཙོ་ཆེར་བཞག །རིམ་པ་དང་པོའི་སྤང་བྱ་ཡི། །ཉོན་མོངས་འཁོར་བར་འཆིང་བྱེད་ཉིད། །ཡིན་ཕྱིར་དེ་ཡིས་དེ་སྦྱོང་བའི། །རྣམ་གཞག་རྒྱས་པར་བཤད་ཉིད་དོ། །ཉོན་མོངས་དེ་ཡི་ལུས་ངག་ཡིད། །ཡོན་ཏན་འཕྲིན་ལས་དང་བཅས་པ། །ལྔ་ཚན་གཅིག་ཏུ་གྲངས་ངེས་ཕྱིར། སྐྱེད་རིམ་སྐབས་སུ་དེ་སྦྱོང་བའི། །གཉེན་པོ་ལྷ་ལྔ་ལས་མི་ཉུང༌། །ཞེས་པ་ལས་དང་པོ་ལ་སྟེ། །བརྟེན་པར་གྱུར་ནས་ཉོན་མོངས་པ། །ཀུན་ཀྱང་མ་རིག་པར་འདུས་བཞིན། །རིགས་ལྔ་པོ་ཡང་ཀུན་བསྡུས་ན། །རྡོ་རྗེ་སེམས་དཔར་མ་འདུས་མེད། །སྦྱང་གཞི་རྣམ་གཞག་རིམ་པ་ལས། །བསྐལ་པ་དང་པོའི་འཇིག་རྟེན་ཁམས། །བཅུད་དང་བཅས་ཏེ་སྟོང་པ་དང༌། །རིམ་གྱིས་འགྲུབ་དང་གནས་པའི་ཚུལ། །རྒྱས་པར་བཤད་ནས་དེ་སྦྱོང་བའི། །སྐྱེད་རིམ་རྣམ་གཞག་གསུངས་པ་ལ། །ཕྱིས་བྱོན་གཞན་དག་ཆ་མཐུན་གྱི། །བསྒོམ་ཚུལ་ཡིན་གྱི་སྤང་བྱ་ཡི། །གཉེན་པོ་མ་ཡིན་ཞིག་ཟིན་པའི། །སྤོང་གཉེན་ཆོས་ཀྱི་གྲགས་པས་བཀག །ཞེས་ཟེར་བ་ན་དེ་ཉིད་ཀྱི། །གྲུབ་མཐའ་འཇོག་ཉེས་པ་ལས་བྱུང༌། །ཅི་ཕྱིར་ཞེ་ན་ཐོགས་མེད་ཀྱི། །འཁོར་བའི་བག་ཆགས་མ་ལུས་པ། །རང་རང་ཀུན་གཞིའི་རྣམ་ཤེས་ལ། །བཞག་པ་སྦྱང་བར་མ་བྱས་ན། །མ་འོང་དུས་སུ་སྣོད་དང་ནི། །བཅུད་ཀྱི་ངོ་བོར་སྨིན་འགྱུར་ཕྱིར། །སྐྱེ་འགྱུར་སྡུག་བསྔལ་ཕུང་པོ་ཡི། །ས་བོན་བག་ཆགས་ད་ལྟ་བ། །གཉེན་པོས་ཕྲད་ནས་འཇོམས་པ་ནི། །ཤིང་རྟའི་སྲོལ་ཆེན་དག་ལས་འབྱུང༌། །ཞིག་པའི་གཉེན་པོར་མི་འདོད་ནི། །ཆོས་མཐུན་བསྒོམ་ནས་ཅི་ཞིག་བྱ། །སྦྱང་གཞི་སྦྱོང་བར་ཁས་བླངས་ནས། །གནས་འགྱུར་མི་འདོད་པ་ཡང་འགལ། །རང་རང་དྲི་བཅས་ཆོས་ཀྱི་དབྱིངས། །ཡོངས་རྫོགས་བསྐྱེད་པའི་རིམ་པ་དང༌། །དབྱེར་མེད་ཉིད་དུ་འདྲེས་པའི་ཚེ། །མ་དག་སྐྱེད་རིམ་དབྱིངས་སུ་ཡལ། །འོ་ན་ཀུན་གཞིའི་རྣམ་ཤེས་ཀྱང༌། །རྫོགས་སངས་རྒྱས་ཚེ་གནས་འདོད་དམ། །ཞེ་ན་དེ་ཡི་གསལ་ཆའམ། །ཟག་པ་མེད་པའི་སེམས་རྒྱུད་ཙམ། །གནས་ནས་དྲི་མ་གཞན་གྱུར་ཚེ། །གནས་འགྱུར་པ་ཞེས་ཐ་སྙད་བཏགས། །གཟུགས་ཅན་ཕུང་སོགས་མི་འདོར་ཚེ། །སྦྱང་གཞི་ཇི་ལྟར་གནས་ཤེ་ན། །གཟུགས་ཅན་ཕུང་ཁམས་སྐྱེ་མཆེད་དུ། །སྣང་བའི་རྣམ་རིག་ལས་གཞན་པའི། །གཟུགས་སོགས་ཡོད་པར་མི་འདོད་མོད། །རྣམ་རིག་དེ་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པའི་ཚོགས་དོན་ཏེ། །ཡོངས་གྲུབ་གནས་ཤིང་དྲི་མའི་ཆ། །གཞན་གྱུར་ཚེ་ན་གནས་གྱུར་པའོ། །མདོར་ན་སྦྱང་གཞི་གསལ་རིག་ཉིད། །ཡིན་ཕྱིར་སྤང་བྱར་དེ་མི་འདོད། །གཞན་དབང་དྲི་མའི་ཆ་སྤངས་པ། །དེ་ཚེ་གནས་གྱུར་ཞེས་བྱའོ། །རྫོགས་པའི་རིམ་པས་མི་སྤོང་བའི། །སྤང་བྱ་ཡོད་པ་མ་ཡིན་ཞིང༌། །བདེ་བ་ཆེན་པོས་མི་རྫོགས་པའི། །ཡོན་ཏན་ཡོད་པ་མ་ཡིན་ན། །སྐྱེད་རིམ་དགོས་པ་ཅི་ཞེ་ན། །ལྷར་བསྐྱེད་པ་དང་སྔགས་བཟླ་དང༌། །སྦྱིན་བསྲེག་གཏོར་མའི་ཆོ་ག་སོགས། །བསོད་ནམས་ཚོགས་ཆེན་རྫོགས་པ་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །སྒྲིབ་ཀུན་སེལ་དང་ཡོན་ཏན་ཀུན། །ལྷུར་ལེན་བྱེད་པ་གོ་རིམ་བཞིན། །མ་ཚངས་མེད་པ་སྤེལ་བ་ལས། །སྒྲིབ་ཀུན་སྤངས་དང་ཡོན་ཏན་ཀུན། །རྫོགས་པའི་ཆོས་ཀྱི་སྐུ་དང་ནི། །ལྷུན་གྲུབ་རྒྱུན་མི་ཆད་པ་ཡི། །གཞན་སྣང་གཟུགས་སྐུ་ཉི་མ་བཞིན། །ཞེས་བྱ་བ་འདི་གྲུབ་པའོ།། །།ཤུ་བྷཾ།། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply