འཁྲུལ་སྤོང་གི་བརྒལ་ལན་རྣམ་པར་ངེས་པའི་རབ་གསལ། ཀ ༽

༼འ༽༄༅། །འཁྲུལ་སྤོང་གི་བརྒལ་ལན་རྣམ་པར་ངེས་པའི་དམ་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ།།

ན་མོ་བཛྲ་དྷ་རཱ་ཡ། རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེས་སྟོང་པ་ཉིད། །བདག་གིར་བྱས་པའི་བདེ་ཆེན་པོ། །དམ་ཚིག་རྡོ་རྗེའི་སྐུར་བསྟན་པ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་བདེ་བ་མཆོག་དེའི་འཆི་མེད་ལམ་ཆེན་པོར། །འོད་གསལ་མཚམས་སྤྲིན་ལི་ཁྲིའི་མདངས་ཀྱིས་ཉེར་འཁྱུད་པའི། །གཉིས་མེད་ཟུང་འཇུག་ཉམས་དགུའི་རྣམ་རོལ་གྱིས་ཕྱུག་པ། །ཡིད་འོང་སྒྱུ་མའི་གར་མཛད་དེ་ལ་ཕྱག་འཚལ་ལོ། །འཕོ་མེད་ཟླ་གཞོན་གང་བའི་ཐུགས་རྡོ་རྗེ། །ཆགས་ཁྲོའི་ཟེར་གྱིས་མི་གཞོམ་རྡོ་རྗེའི་སྐུ། །གསུང་གི་རྡོ་རྗེར་གྲགས་པའི་ཕྱག་ཟུང་གིས། །བསྟན་པའི་རྒྱལ་མཚན་འཛིན་ཁྱོད་རིགས་བརྒྱའི་མགོན། །ཁྱོད་གཞུང་ཐུབ་པའི་བཀའ་བཞིན་དུ། །མང་པོའི་བསྟེན་བྱར་རྣམ་བརྟགས་པ། །ལ་ལའི་སྙིང་ལ་ལྟོས་འགྲོ་ཡི། །མགྲིན་པར་འོ་མ་ཇི་བཞིན་ནོ། །གཞན་འཕྲུལ་དབང་བྱེད་བདག་པོའི་མེ་ཏོག་མདའ། །དྲང་པོར་སྲོང་བའི་རྟོག་དཔྱོད་མཁན་འགའ་ཡིས། །ཕྲག་དོག་གཞུ་ཆེན་ལན་བརྒྱར་སློང་བྱེད་མོད། །ཚངས་པའི་གཞུང་ལུགས་འཇིག་པར་ག་ལ་ནུས། །ཞེས་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། རྩ་བའི་ལྟུང་བ་ལ་འཁྲུལ་པ་སྤོང་བ་ཞེས་བྱ་བའི་བསྟན་བཅོས་ལས་བརྩམས་པའི་བརྒལ་ལན་རྣམ་པར་ངེས་པ་འདི་འཆད་པ་ལ། དོན་གསུམ་སྟེ། གཞུང་དོན་དངོས་ཀྱི་བརྒལ་ལན་དང༌། ཕྱིར་བཅོས་ཀྱི་བརྒལ་ལན་དང༌། སྡོམ་པ་ཐོབ་དུས་ལ་སོགས་པའི་བརྒལ་ལན་ནོ། །དང་པོ་ལ་གཉིས་ཏེ། མཚན་དོན་གྱི་བརྒལ་ལན་དང༌། ལྟུང་བ་སོ་སོའི་བརྒལ་ལན་ནོ། །དང་པོ་ལ་གསུམ་སྟེ། ཕྱོགས་སྔ་མས་ཁས་བླངས་པ་དང༌། ཕྱིར་རྒོལ་བས་རྩད་པ་དང༌། ཚེར་མ་འབྱིན་བྱེད་ཀྱི་ལན་ནོ། །དང་པོ་ནི་ཇི་སྐད་དུ། དེ་ལ་རྩ་བ་ཞེས་བྱ་བ། བསྲུངས་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། མ་བསྲུངས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ན། རྩ་བའི་ལྟུང་བ་ཞེས་སྨོས་ཏེ། བཅུ་བཞི་པོ་དག་གི་ནང་ནས་གང་ཡང་རུང་བ་གཅིག་ཉམས་ཀྱང་དམ་ཚིག་ཐམས་ཅད་མཐའ་གཏུགས་ནས་འབྲས་བུ་འགྲུབ་པའི་སྐལ་བ་མེད་པ་སྟེ། དཔེར་ན་ཤིང་སྡོང་པོ་ཆེན་པོའི་ལོ་མ་དང་ཡལ་ག་ལ་སོགས་པ་ཕྲ་མོ་གང་བཅད་ཀྱང་རྩ་བ་ནས་སྐམ་པར་མི་ནུས་ལ་རྩ་བ་བཅད་ན་མ་ལུས་པ་སྐམ་པ་བཞིན་དུ། ཡན་ལག་གི་ལྟུང་བ་ཕྲ་མོ་དག་ཀུན་དུ་བཅད་ཀྱང་འབྲས་བུ་ཐམས་ཅད་མི་འགྲུབ་པ་མ་ཡིན་ཞིང༌། རྩ་བའི་ལྟུང་བ་ཀུན་དུ་བཅད་ན་འབྲས་བུ་ཐམས་ཅད་མི་འགྲུབ་པ་ཡིན་ནོ། །དེ་ཡང་གང་གི་རྩ་བའི་ལྟུང་བ་ཡིན་ཞེ་ན། རྡོ་རྗེ་ཐེག་པའི་རྩ་བའི་དཀྱིལ་འཁོར་དུ་དབང་ཐོབ་པ་དག་གི་རྩ་བའི་ལྟུང་བ་ཡིན་ཏེ། གཞན་གྱི་ནི་སྐབས་མ་ཡིན་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་རྒོལ་བ་གཉིས་ལས་དང་པོ་ནི། རྩ་ལྟུང་གི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་མཛད་པ་པོ་ན་རེ། ལུགས་དེ་མི་འཐད་དེ། དངོས་གྲུབ་ཀྱི་རྩ་བར་སོང་བས་ལྟུང་བའི་རྩ་བར་འགྲོ་མི་དགོས་པའི་ཕྱིར་དང༌། འདིར་ནི་ལྟུང་བའི་རྩ་བ་ངོས་འཛིན་དགོས་པ་ཡིན་ཏེ། རྣམ་སྣང་མངོན་བྱང་དང༌། ནམ་སྙིང་གི་མདོར། ལྟུང་བའི་རྩ་བ་ཞེས་བྱ་བར་བསྒྱུར་བས་སོ། །ཞེས་དགག་པ་བརྗོད་ནས། དེ་རང་གི་ལུགས་ནི། ལྟུང་བའི་མཐར་ཐུག་ཤོས་ཡིན་པས་དེ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་རྒོལ་བ་གཉིས་པ་ནི། སྔགས་ཀྱི་འདུལ་བ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ན་རེ། ལྟུང་བའི་རྩ་བའི་འབྲུ་གནོན་པ་ན། བསྲུངས་ན་དངོས་གྲུབ་ཀྱི་རྩ་བ་ཞེས་པའི་ཚིག་ནི་དོན་མེད་པ་སྟེ། བསྒྲུབ་བྱ་དང་མ་འབྲེལ་བའི་ཕྱིར། མ་བསྲུང་ན་ཉེས་པའི་རྩ་བ་ཡིན་ཞེས་པ་ཡང་རྩ་ལྟུང་མ་བསྲུངས་པ་ཉིད་ལྟུང་བའི་རྩ་བ་ཡིན་ཞེས་པར་སོང་བས་ལྟུང་བའི་རྩ་བ་ཞེས་པའི་དོན་ལ་གོ་བ་བསྐྱེད་མ་ནུས་སོ། །ཞེས་རྒོལ་བར་བྱེད་དོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་བཏབ་པ་དང༌། རྒོལ་བ་གཉིས་པའི་ལན་འདེབས་པའོ། །དང་པོ་ལ་གསུམ་སྟེ། ཕྱོགས་སྔ་མའི་དོན་མ་ཤེས་པ་དང༌། དེས་ན་རྒོལ་བ་མི་འཇུག་པ་དང༌། རྩ་ལྟུང་གི་སྒྲ་དོན་མ་ནོར་བར་བཤད་པའོ། །དང་པོ་ནི། དངོས་གྲུབ་ཀྱི་རྩ་བ་ཡིན་པས། ལྟུང་བའི་རྩ་བ་ཡིན་ཞེས་པ་ནི། ནན་གྱིས་ཁྱོད་འདི་འདོད་ཅེས་པ། །ཞེས་འབྱུང་བ་ལྟར་ཁས་བླངས་མེད་པའི་རྒོལ་བ་ཡིན་པས་ཅིར་ཡང་མི་རུང་སྟེ། བསྲུངས་ན་དངོས་གྲུབ་ཀྱི་རྩ་བར་འགྱུར་བ་དེ། མ་བསྲུངས་ན་ཉེས་པའི་རྩ་བ་ཡིན་ཞེས་ངེས་བཟུང་ཅན་གྱི་ཚིག་གཉིས་སོ་སོར་སྨོས་པ་ལ་རྣམ་བཅད་སོ་སོར་མཐོང་བའི་ཕྱིར། ཁྱེད་རང་ཡང་རྩ་ལྟུང་དང་པོ་བསྲུངས་ན་དངོས་གྲུབ་ཀྱི་རྩ་བ་དང༌། མ་བསྲུངས་ན་ཉེས་པའི་རྩ་བར་མི་འདོད་དམ། འདོད་ན་ནི་དངོས་གྲུབ་ཀྱི་རྩ་བ་ཉེས་པའི་རྩ་བར་ཁས་བླངས་པ་མ་ཡིན་ནམ། གཉིས་པ་ནི་དངོས་གྲུབ་ཀྱི་རྩ་བ་ཉེས་པའི་རྩ་བར་ཐལ། དངོས་གྲུབ་ཀྱི་རྩ་བ་ཡིན་པའི་རྒྱུ་མཚན་གྱིས་མ་བསྲུངས་ན་ཉེས་པའི་རྩ་བར་འགྱུར་བའི་ཕྱིར། ཞེས་པ་ནི་འགལ་བའི་གཏན་ཚིགས་ཏེ། ཕྱོགས་ཆོས་གྲུབ་ཅིང༌། ཁྱབ་པ་ཕྱིན་ཅི་ལོག་ཏུ་ཁྱེད་རང་གི་ཚད་མས་ངེས་པའི་ཕྱིར། ཡང་ཕྱོགས་སྔ་མ་མི་འཐད་དེ། བསྲུངས་པ་དངོས་གྲུབ་ཀྱི་རྩ་བར་སོང་བས་ལྟུང་བའི་རྩ་བར་འགྲོ་མི་དགོས་པའི་ཕྱིར། ཞེས་པའི་ཚུལ་གྱིས་འཕེན་ན་ནི། ཕྱོགས་སྔ་མ་ལྟར་ན་ཁྱབ་པ་འགལ་བ་དང༌། ཕྱི་མ་ལྟར་ན་མ་ངེས་པ་ཡིན་ཏེ། འདི་ལྟར་རྩ་ལྟུང་དང་པོ་ཆོས་ཅན། བསྲུངས་ན་དངོས་གྲུབ་ཀྱི་རྩ་བ་ཡིན་ལ། མ་བསྲུངས་ན་ཉེས་པའི་རྩ་བ་ཡིན་པས་ལྟུང་བའི་རྩ་བར་འཇོག་པ་མི་འཐད་པར་ཐལ། །བསྲུངས་པ་དངོས་གྲུབ་ཀྱི་རྩ་བར་སོང་བས་ལྟུང་བའི་རྩ་བར་འགྲོ་མི་དགོས་པའི་ཕྱིར། །འདོད་ནུས་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ན་ལྟུང་བའི་རྩ་བ་མ་ཡིན་པར་འགལ་བས་སོ། །ཁྱེད་ཉིད་ལ་ནང་འགལ་བ་འདི་ལྟར། རྩ་ལྟུང་གི་སྒྲ་བཤད་བྱེད་པ་ན། ལྟུང་བའི་རྩ་བ་ངོས་འཛིན་རྒྱུ་ཡིན་པར་འཆད་པ་དང༌། ལྟུང་བའི་མཐར་ཐུག་ཤོས་ཡིན་པས། རྩ་ལྟུང་ངོ་ཞེས་འཆད་པ་ཡང་ནང་འགལ་བ་ཡིན་ཏེ། ཁྱེད་རང་ལྟར་ན། ལྟུང་བའི་མཐར་ཐུག་ཤོས་དེའི་ཡང་རྩ་བར་གྱུར་པས་ན། རྩ་བའི་ལྟུང་བ་ཞེས་འཆད་དགོས་པའི་ཕྱིར་དང༌། ཡན་ལག་གི་ལྟུང་བ་དང༌། སྦོམ་པོ་སོགས་ཀྱི་རྩ་བ་ཡིན་པས། ལྟུང་བའི་རྩ་བ་ཡིན་ཞེས་འཆད་ན་ནི་དེ་ལ་ལྟུང་བའི་མཐར་ཐུག་པར་གྱུར་པ་མི་དགོས་པའི་ཕྱིར་དང༌། རྩ་ལྟུང་གི་ཡན་ལག་ཡིན་པས་ཡན་ལག་གི་ལྟུང་བ་ཞེས་འཆད་དགོས་པར་མཚུངས་པས་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི་འདིར་ལྟུང་བའི་རྩ་བ་ངོས་བཟུང་ནས་རྩ་ལྟུང་གི་སྒྲ་བཤད་བྱེད་པ་མིན་ཏེ། ཡིན་ན་དེའི་རྩ་བ་ནི་བདག་ཏུ་རྨོངས་པའི་མ་རིག་པ་ཉིད་ཡིན་པས་དེ་ངོས་བཟུང་བའི་སྒོ་ནས་རྩ་ལྟུང་གི་སྒྲ་འཆད་དགོས་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྡོ་རྗེ་ཐེག་པའི་རྩ་བ་འཇོམས་པའི་ལྟུང་བ་ཡིན་པས་ན། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ཞེས་བྱ་སྟེ། དགེ་སློང་གི་དངོས་པོ་འཇོམས་པའི་ལྟུང་བ་ལ་དགེ་སློང་གི་ལྟུང་བ་ཞེས་བརྗོད་པ་བཞིན་ནོ། །རྡོ་རྗེ་ཐེག་པའི་རྩ་བ་གང་ཞེ་ན། དེའི་སྡོམ་པ་གང་ཡིན་པ་དེའོ། །དེ་མ་བསྲུངས་ན་རྩ་བའི་ལྟུང་བར་འཇོག་པ་ཡིན་ཏེ། དེ་མ་བསྲུངས་པའི་ཡིད་ཀྱི་ལས་དེ་དེ་བསྲུངས་པའི་སེམས་པའི་ལས་དེའི་དངོས་ཀྱི་འགལ་ཟླ་གང་ཞིག དེ་བསྲུང་བའི་སེམས་པ་དེའི་དངོས་གྲུབ་ཀྱི་རྩ་བ་ཡིན་པའི་ཕྱིར། རྒོལ་བ་གཉིས་པའི་ལན་ལ། ཚིག་སྔ་མ་ལ་དོན་ཡོད་པའི་ཤེས་བྱེད་དུ་རྩ་ལྟུང་མ་བསྲུངས་པ་རྩ་བའི་ངོས་འཛིན་དུ་མི་བཞེད་པ། ཕྱོགས་ཕྱི་མ་ཉིད་ཀྱི་རྩ་ལྟུང་གི་སྒྲ་བཤད་མི་འཐད་པའོ། །དང་པོ་ནི་བསྲུངས་པ་དངོས་གྲུབ་ཀྱི་རྩ་བ་ཡིན་པའི་རྒྱུ་མཚན་གྱིས། རྩ་བ་དེ་གཅོད་བྱེད་ཀྱི་ཉེས་པ་ལ་རྩ་བའི་ལྟུང་བ་ཞེས་འཆད་པ་ནི་ཤིན་ཏུ་འབྲེལ་ཏེ། ལྗོན་ཤིང་གི་རྩ་བ་ངོས་བཟུང་ནས། དེ་གཅོད་བྱེད་ལ་ལྗོན་ཤིང་གི་རྩ་བའི་དགྲ་ཞེས་བརྗོད་ན་འབྲེལ་པ་བཞིན་ནོ། །གཉིས་པ་ནི་ཕྱོགས་སྔ་མས་རྩ་ལྟུང་མ་བསྲུངས་པ་ལ་རྩ་བའི་ངོས་འཛིན་དུ་འཆད་པ་མ་ཡིན་ཏེ། མ་བསྲུངས་པ་དེའི་དངོས་ཀྱི་འགལ་བ་མི་མཐུན་ཕྱོགས་ལ་རྩ་བར་བཤད་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་ཕྱོགས་ཕྱི་མས། རྩ་བ་ཡང་ཡིན། སྨན་ཡང་ཡིན་པས་རྩ་བའི་སྨན་དུ་འཇོག་པ་བཞིན་རྩ་བ་ཡང་ཡིན། ལྟུང་བ་ཡང་ཡིན་པས། རྩ་བའི་ལྟུང་བའོ། །ཞེས་ཟེར་བ་ནི། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པ་ཡིན་ཏེ། ད་དུང་སུའི་རྩ་བ་ཡིན་ཞེས་འདྲི་དགོས་པའི་ཕྱིར། དེ་ལ་འདི་སྐད་དུ། ཕྱི་མོ་ལ་རྩ་བར་བྱས་པ་སྟེ། མ་མོ་དང་ཆ་ལག་ཏུ་གཏོགས་པའི་ཁྱད་པར་རམ། ལུས་དང་ཡན་ལག་གི་ཁྱད་པར་རོ། །ཞེས་ཀྱང་སྨྲས་ཟིན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡན་ལག་གི་རྩ་བའི་ལྟུང་བ་ཡིན་པས། རྩ་བའི་ལྟུང་བ་ཞེས་པར་སོང་ལ། དེ་ལ་ནི་ཁྱེད་ཉིད་ཀྱིས་རྟོགས་པ་ཕན་ཚུན་བརྟེན་པའི་ཉེས་པ་བརྗོད་ཟིན་པའི་ཕྱིར་དང༌། ཡན་ལག་གི་ལྟུང་བ་གང་ཡིན་རང་རྒྱུ་རྩ་བའི་ལྟུང་བ་ལས་བྱུང་བར་མ་ངེས་པས་ཕྱི་མོར་མི་འཐད་དོ། །དེས་ན་ཁོ་བོ་ཅག་ནི་དངོས་གྲུབ་ཀྱི་རྩ་བ་ཉམས་པར་བྱེད་པ་ལ་རྩ་བའི་ལྟུང་བ་འཇོག་པ་དེ་བཞིན་དུ། དངོས་གྲུབ་ཀྱི་ཡན་ལག་ཉམས་པར་བྱེད་པ་ལ་ཡན་ལག་གི་ལྟུང་བ་ཞེས་སྒྲ་འཆད་པ་ཡིན་གྱི། རྩ་ལྟུང་གི་ཡན་ལག་ཡིན་པས། ཡན་ལག་གི་ལྟུང་བ་ཞེས་ཤེས་བྱེད་མང་པོ་དང་བཅས་ཏེ་འཆད་པ་ནི་དོན་མེད་པའི་ཚིག་གི་སྤྲོས་པ་མང་པོ་ལྷུར་བྱས་པ་ཙམ་དུ་ཟད་དོ། །གཉིས་པ་ལ་གཉིས་ཏེ། རྩ་ལྟུང་གི་བརྒལ་ལན་དང༌། ཡན་ལག་གི་ལྟུང་བའི་བརྒལ་ལན་ནོ། །དང་པོ་ལ་སོ་སོའི་དང༌། ཐུན་མོང་གི་བརྒལ་ལན་ནོ། །དང་པོ་ལ་བཅུ་བཞི་ལས། དང་པོ་ལ་གསུམ་སྟེ། ཕྱོགས་སྔ་མ་དང༌། རྒོལ་བ་དང་ལན་ནོ། །དང་པོ་ནི་འཁྲུལ་སྤོང་ལས། རྩ་ལྟུང་དང་པོའི་ཡུལ་འཆད་པ་ན། རྒྱུད་རྒྱས་པའི་ལུང༌། དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བར་དྲངས་པ་ལས། དམ་ཚིག་ཀློག་པ་སྦྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་དང༌། །དེ་རྣམས་སློབ་དཔོན་ཞེས་བཤད་དོ། །དེ་ལ་དང་པོ་ནི་བསླབ་བྱ་སྟོན་པ། གཉིས་པ་ནི་བཟླས་པའི་ལུང་འབོགས་པ། གསུམ་པ་ནི་གཞུང་འཆད་པ། བཞི་པ་ནི་མན་ངག་སྟོན་པ། ལྔ་པ་ནི་དབང་བསྐུར་བ། དྲུག་པ་ནི་རབ་གནས་སོགས་བྱེད་པ་དང༌། དབང་གི་ལས་ཀྱི་སློབ་དཔོན་ཀྱང་བཟུང་ངོ༌། །ཞེས་གསུངས་སོ། །གཉིས་པ་ནི་རྒོལ་བ་དེ་དག་གི་རྗེས་སུ་འབྲང་བ་དག་ན་རེ། ལུང་དེས་རྩ་ལྟུང་གི་ཡུལ་ལ་སློབ་དཔོན་དྲུག་ཏུ་བསྟན་པ་མ་ཡིན་ཏེ། དགྲ་ནག་གི་བཀའ་འགྲེལ་རིན་ཆེན་སྒྲོན་མ་ལས། ཅི་དབང་བསྐུར་བ་འབའ་ཞིག་སློབ་དཔོན་ཡིན་ནམ་ཞེ་ན། སློབ་དཔོན་ཡང་གང་གིས་དབང་བསྐུར་བ་དང༌། རྒྱུད་བསྟན་པ་དང༌། གང་གི་ཐད་ནས་ལས་ཀྱི་མན་ངག་ནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདི་དག་ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ཏེ། ཞེས་བཤད་པ་བཟུང་ངོ༌། །དེ་བས་ན། གང་ཞིག་དམ་ཆོས་ཀློག་པ་དང༌། །འཆད་དང་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་དང༌། །སློབ་དཔོན་ཞེས་ནི་བྱ་བ་ཡིན། །ཞེས་སློབ་དཔོན་གསུམ་དུ་འཆད་ཀྱི། དྲུག་གི་དབྱེ་བ་མི་གསལ་བའི་ཕྱིར་དང༌། སློབ་དཔོན་གསུམ་གྱི་དབྱེ་བ་སྟོན་པའི་ཁུངས་ཀྱང་ཀོ་ས་ལའི་རྒྱན་ན་ཡོད་པ་ཡིན་པའི་ཕྱིར། ཞེས་ཟེར་རོ། །གསུམ་པ་ལན་ལ་གཉིས་ཏེ། སྤྱིར་སློབ་དཔོན་དྲུག་གི་དབྱེ་བ་མི་འགལ་བ་དང༌། རྩ་ལྟུང་གི་ཡུལ་གྱི་སློབ་དཔོན་ནི་གསུམ་དུ་བསྡུ་བར་རྗེ་བཙུན་གྱིས་ཀྱང་བཞེད་པའོ། །དང་པོ་ནི། སློབ་དཔོན་ལྔ་ནི་ཁྱེད་རང་གིས་དྲངས་པའི་ལུང་དེ་ཉིད་དུ་ཡང་གསལ་བ་དང༌། བཟླས་པའི་ལུང་སྦྱིན་པའམ། རྗེ་གནང་སྟེར་བའི་སློབ་དཔོན་ནི་ངེས་པར་ཁས་ལེན་དགོས་པའི་ཕྱིར་དང༌། སློབ་དཔོན་ཡེ་ཤེས་རྡོ་རྗེས་ཀྱང༌། སློབ་དཔོན་ནི་དབང་བསྐུར་བ་དང༌། ཆོས་སྟོན་པ་དང༌། ལས་ཀྱི་དང༌། རྡོ་རྗེ་སློབ་དཔོན་དང༌། གསང་བ་ལ་སོགས་པ་ལྔའོ། །ཞེས་ཀྱང་གསུངས་པ་ལྟར་རོ། །གཉིས་པ་ནི་འཁྲུལ་སྤོང་ལས། དེ་དག་ཀྱང་མདོར་བསྡུ་ན། རྒྱུ་ལུས་ངག་གི་བླ་མ་རྡོ་རྗེ་སློབ་དཔོན་དང༌། འབྲས་བུ་སེམས་ཀྱི་བླ་མ་རྡོ་རྗེ་སློབ་དཔོན་ཞེས་ཀྱང་བྱ། དབང་ཐོབ་པ་དང༌། རྒྱུད་ཐོས་པ་དང༌། མན་ངག་ཐོབ་པ་སྟེ་གསུམ་ལྡན་ནམ། གཉིས་ལྡན་ནམ། གཅིག་ལྡན་ཏེ། དེ་ལ་གསུམ་ལྡན་མ་ཡིན་ན་ཡང་གང་ལ་དབང་ཐོབ་པ་ནི་ཡུལ་ཅུང་ཟད་ལྕི་བའོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་ལྟུང་གཉིས་པའི་བརྒལ་ལན་ལ་གསུམ་ལས། ཕྱོགས་སྔ་མ་ནི་འཁྲུལ་སྤོང་ལས། འདི་ལ་ཁ་ཅིག་འདི་སྐད་དུ། བདེ་བར་གཤེགས་པའི་བཀའ་ནི་གོང་འོག་ནས་འབྱུང་བའི་ལྟུང་བ་རྣམས་ཡིན་ནོ་ཞེས་ཟེར། དེ་ལྟར་ན་ལྟུང་བ་གཉིས་པའི་ཁོངས་སུ་ཐམས་ཅད་འདུས་པའི་ཕྱིར། ལྟུང་བ་གཞན་བརྗོད་པ་དོན་མེད་དུ་འགྱུར་རོ། །འོ་ན་ལྟུང་བ་འདིའི་ངོ་བོ་གང་ཞེ་ན། སྐྱོན་མེད་པའི་བླ་མ་བརྒྱུད་པ་ལས་འོངས་པ་ནི་བདེ་བར་གཤེགས་པའི་བཀའ་ལ་ཁྱད་དུ་བསད་པ་སྟེ། དེ་ཡང་ཉན་ཐོས་དང་ཐུན་མོང་གི་ཕམ་པ་བཞི་དང༌། བྱང་སེམས་དང་ཐུན་མོང་བ་ཕམ་པ་ལྟ་བུའི་ཆོས་བཞི་སྟེ། བརྒྱད་ནི་གང་སྤྱད་པ་ཙམ་གྱིས་ལྟུང་བར་འགྱུར་ཏེ། བྱེ་བྲག་ཏུ་ཁྱད་གསོད་ཀྱི་བསམ་པ་མེད་ཀྱང༌། ལྟུང་བ་དེ་སངས་རྒྱས་ཀྱི་རྩ་བར་བཅས་པའི་ཕྱིར། སྤྱད་པ་ཉིད་ཀྱིས་ཁྱད་དུ་གསོད་པ་ཡིན་ནོ། །བཅས་པ་ཕྲ་མོ་གཞན་ལའང་ཁྱད་དུ་གསད་ན་རྩ་ལྟུང་ངོ༌། །ཞེས་གསུངས་སོ། །གཉིས་པ་རྒོལ་བ་ལ་གཉིས་ཏེ། སྙེ་མ་མཁན་པོའི་དང༌། སྔགས་འདུལ་མཁན་པོའི་རྒོལ་བའོ། །དང་པོ་ལ་འདི་སྐད་ཅེས་རྒོལ་ཏེ། བོད་ཀྱི་བླ་མ་ཁ་ཅིག་བྱང་སེམས་ཀྱི་ཕམ་པ་བཞི་དང༌། སོ་ཐར་གྱི་བཞི་ཀ་བཀའ་འདས་ཀྱི་རྩ་ལྟུང་དུ་འཆད་པ་ནི། རྒྱ་གཞུང་གང་ནས་ཀྱང་བཤད་པ་མི་སྣང་ལ། འཐད་པ་མ་ཡིན་ཏེ། སྡོམ་གསུམ་གང་གི་ལུགས་ལའང་སྡོམ་པ་དེ་རྩ་ལྟུང་ལ་སྡོམ་པ་དེ་ལ་ལྟོས་ཏེ་ནམ་ཡང་སྣང་བ་འབྱུང་མི་སྲིད་ལ། སྲོག་གཅོད་སོགས་ལ་ནི་སྡོམ་པ་འདི་ལ་ལྟོས་ཏེ། གནང་བའི་སྐབས་ཡོད་པའི་ཕྱིར་རོ། །ཞེས་བཤད་ནས། དེ་རང་གི་ལུགས་ནི། སྡོམ་པ་གསུམ་གྱི་བསླབ་བྱ་རྣམས་མི་འགལ་བར་ཡར་ལྡན་དུ་ཉམས་སུ་ལེན་པ་ལ་བཀའ་ལས་མི་འདའ་བའི་དོན་ལ་ནག་པོ་པས་བཤད་པས། དེ་དག་ལས་འདས་པ་ལ་འདོད་དོ། །དེ་དག་ལའང་ཁྱད་གསོད་ཀྱི་བློ་དགོས་པར་ཤཱནྟི་པས་བཤད་དོ། །ཞེས་གསུང་ངོ༌། །རྒོལ་བ་གཉིས་པ་ནི། འདི་ལྟར་བཀའ་ལ་ཁྱད་དུ་གསད་པའི་ཉེས་པ་ནི་ཤིན་ཏུ་མང་ན། བརྒྱད་པོ་འདི་ཁོ་ན་རྩ་ལྟུང་ཡིན་ཞེས་པ་ནི་རྟོག་པ་དང་ལྡན་པ་སུ་ཞིག་དགའ་བར་འགྱུར་ཏེ། ཡིད་ཆེས་པའི་ཁུངས་དང་མ་འབྲེལ་བའི་ཕྱིར། རྒྱ་དང་མ་འབྲེལ་བའི་མིག་མང་བཞིན་ནོ། །གཞན་ཡང་བརྒྱད་པོ་འདི་སྤྱད་ཙམ་ནས་ཁྱད་དུ་གསད་པ་ཡིན་ཏེ། སངས་རྒྱས་ཀྱི་རྩ་བར་བཅས་པའི་ཕྱིར། ཞེས་པ་ལའང་གཞན་བཅུ་གསུམ་པོ་ཐམས་ཅད་དེར་ཐལ་བ་བཟློག་ཏུ་མེད་དོ། །ཡང་བརྒྱད་པོ་འདི་རྡོ་རྗེ་ཐེག་པ་འདིར་རྩ་ལྟུང་དུ་མི་རིགས་སོ་ཞེ་ན། མ་ཡིན་ཏེ། ཐེག་པ་འདིར་བྱང་སེམས་ཀྱི་ཕམ་འདྲ་བཞི་དང༌། སོ་ཐར་གྱི་ཕམ་པ་བཞི་བསྲུང་དགོས་ཀྱི། ལུང་ཡོད་པའི་ཕྱིར། ཞེས་པ་ལའང་ངེས་པར་བསྲུང་དགོས་ཀྱི་སྦོམ་པོ་སོགས་དུ་མས་མ་ངེས་སོ། །ཕྲ་མོ་ཁྱད་གསོད་བཀའ་འདས་ཀྱི་ལྟུང་བར་འགྱུར་བའི་རྒྱུ་མཚན་དུ། འདི་ནི་ཆེས་ལྕི་བས་ཞེས་པ་ཡང་གཞན་བཅུ་གསུམ་པོ་ཐམས་ཅད་ཀྱིས་མ་ངེས་སོ། །ཅི་སྟེ་རྩ་ལྟུང་དུ་བཞག་རིགས་པའི་རྒྱུ་མཚན་ནོ་ཞེ་ན། ཨེ་ལའི་འདབ་མས་སྐྱེ་བ་བཅད་པའི་ལྟུང་བ་དེ་ཡང་འདུལ་བ་ལས་རྩ་ལྟུང་དུ་བཞག་རིགས་པར་འགྱུར་ཏེ། ཁྱད་དུ་གསད་པས་ཆེས་ལྕི་བའི་ལྟུང་བ་ཡིན་པའི་ཕྱིར་རོ། །དེས་ན་ཁྱད་དུ་གསད་པའི་ཉེས་པ་ནི་ཆེས་ལྕི་བ་ཡིན་ཀྱང༌། བཅས་པ་རྣམས་འཇོག་ལ་རྩ་ལྟུང་དུ་བཅས་པར་མ་ངེས་ཏེ། ཉན་ཐོས་ཀྱི་ཚུལ་ལ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་དེ་ལྟུང་བྱེད་འབའ་ཞིག་པའི་སྡེ་ཚན་དུ་བཞག་པ་བཞིན་ནོ། །ཞེས་བཀག་ནས་དེ་རང་གི་ལུགས་ནི། ཁྱད་གསོད་ཀྱི་བློས་དམ་པའི་ཆོས་སྤངས་པའི་ཉེས་པའོ་ཞེས་འཆད་དོ། །གསུམ་པ་ལན་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་གདབ་དང༌། རྒོལ་བ་གཉིས་པའི་ལན་ནོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མའི་དོན་མ་ལོངས་པ་དང༌། དོན་དེ་ལ་སྒྲུབ་བྱེད་ཡོད་ཅིང༌། གནོད་བྱེད་མེད་པའོ། །དང་པོ་ལ་གཉིས། རྗེ་བཙུན་གྱི་བཞེད་པ་ངོས་བཟུང༌། དེའི་བཞེད་པ་གཞན་གྱིས་བརྟགས་པ་ལྟར་ཁས་ལེན་ན་ཧ་ཅང་ཐལ་བའོ། །དང་པོ་ནི། རིག་པ་འཛིན་པའི་སྡོམ་ལྡན་གྱིས་ཐུན་མོང་གི་རྩ་བའི་ལྟུང་བ་བརྒྱད་པོ་གང་རུང་སྤྱད་པའི་ཚེ། རྩ་ལྟུང་བརྒྱད་པོའི་རང་ལྡོག་ནས། རྡོ་རྗེ་ཐེག་པའི་རྩ་ལྟུང་གཉིས་པར་འཆད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་དུས་ཀྱི་རྩ་ལྟུང་བརྒྱད་པོའི་བཅས་པ་ལ་ཁྱད་དུ་གསོད་པའི་བློ་དེ་ཉིད་རྩ་ལྟུང་གཉིས་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། འཁྲུལ་སྤོང་ལས། བདེ་བར་གཤེགས་པའི་བཀའ་ལ་ཁྱད་དུ་བསད་པ་སྟེ། ཞེས་དང༌། དེ་ལྟ་ན་ནི་རྩ་བའི་ལྟུང་བ་གཅིག་པོ་དེ་ཉིད་ཀྱང་དགུར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཐམས་ཅད་ཀྱང་ཁྱད་དུ་གསོད་པ་ཞེས་བྱ་བའི་ཁོངས་སུ་འདུས་པ་ཡིན་ཏེ། དེ་ལ་ཁྱད་དུ་གསོད་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཡིན་ཞེ་ན། ཞེས་སོགས་རྒྱས་པར་གསུངས་པ་དེ་ནི་ཀླགས་པ་ཙམ་གྱིས། དོན་དེ་གྲུབ་པའི་ཕྱིར་དང༌། ཤཱནྟི་པས་ཀྱང་བཀའ་ལས་འདས་པ་ནི་བཀའ་ཁྱད་དུ་གསོད་པའོ། །ཞེས་པ་ལྟར་རྩ་ལྟུང་གཉིས་པ་འདིའི་ངོ་བོ་ནི་སངས་རྒྱས་ཀྱི་བཅས་པ་ཁྱད་དུ་གསད་པའི་ཆ་ནས་འཆད་པར་ཆེན་པོ་མཐའ་དག་མཐུན་པའི་ཕྱིར། འོ་ན་ཐུན་མོང་གི་ཕམ་པ་བརྒྱད་ལ་ཁྱད་གསོད་ཀྱི་བློ་བྱེ་བྲག་པ་མི་དགོས་པར་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད། དེས་ཕམ་པ་བརྒྱད་པོའི་རང་ལྡོག་ནས་རྩ་ལྟུང་གཉིས་པར་འཆད་པ་མ་ཡིན་གྱི། སྡོམ་པ་གསུམ་ལྡན་གྱིས་ཐུན་མོང་གི་རྩ་ལྟུང་བརྒྱད་པོ་གང་རུང་སྤྱད་པ་ཙམ་ནས། ཁྱད་གསོད་ཀྱི་བློ་མེད་པ་མི་སྲིད་ལ། དེའི་ཚེ་ཁྱད་གསོད་ཀྱི་བློ་དེ་ཉིད་ཐུན་མོང་མ་ཡིན་པའི་རྩ་ལྟུང་གཉིས་པ་འདིར་འཇོག ཅེས་བྱ་བའི་དོན་ནོ། །དེར་དེ་མེད་པར་མི་སྲིད་པའི་ཤེས་བྱེད་ཀྱང༌། རྡོ་རྗེ་ཐེག་པའི་སྡོམ་ལྡན་ལ་ཐུན་མོང་བ་བརྒྱད་པོ་དེ་ཡང༌། སྤྱིར་རྩ་བའི་ལྟུང་བར་ནི་བཅས་ལ། དེ་བཅས་པར་ཤེས་བཞིན་དུ་དེ་དང་དེ་སྤྱད་ན་འདི་དག་སྤྱད་ཀྱང་ཅི་ཡང་མི་ལྟོའོ། །ཞེས་ཁྱད་གསོད་ཀྱང་བློ་བྱེ་བྲག་པ་མེད་ཀྱང༌། སྤྱད་ཙམ་ཉིད་ནས་ཁྱད་གསོད་ཀྱི་བློ་ཡོད་པ་ཡིན་ཏེ། འདི་དག་ནི་ཤིན་ཏུ་ལྕི་ཞིང་རགས་པའི་བཅས་པ་ཡིན་པས། འདི་དག་སྔགས་སྡོམ་ཅན་རང་གི་བཅས་པར་ཤེས་དགོས་ལ། ཤེས་བཞིན་དུ་འདས་པ་ནི་ཁྱད་གསོད་ཀྱི་གོ་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཕྱོགས་སྔ་མའི་རྗེས་སུ་དད་པས་འཇུག་པ་དག་ཀྱང༌། རང་གི་ལུགས་རྒོལ་བའི་བསམ་པ་དང་མཐུན་པར་འཆད་པ་ནི་མ་ཤེས་པ་ཡིན་ཏེ། ཐུན་མོང་གི་རྩ་ལྟུང་བརྒྱད་པོ་དེ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དག་དང་ཐུན་མོང་གི་རྩ་ལྟུང་དུ་བཤད་ཟིན་པས། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་རྩ་ལྟུང་དུ་འཆད་མི་རིགས་པའི་ཕྱིར་དང༌། བྱེ་བྲག་ཏུ་ཉན་ཐོས་དང་ཐུན་མོང་གི་སོ་ཐར་སྡོམ་པའི་རྩ་ལྟུང་ཡིན་ན་སྔགས་ཀྱི་རྩ་ལྟུང་དུ་འགལ་བའི་ཕྱིར་དང༌། བྱང་སེམས་སྡོམ་པའི་རྩ་ལྟུང་ནི་ཡིད་ཀྱི་ཉེས་པའི་ཆ་ནས་འཇོག་ལ། ཉན་ཐོས་དང་ཐུན་མོང་གི་སོ་ཐར་སྡོམ་པའི་རྩ་ལྟུང་ནི་ལུས་ངག་གི་ཆ་ནས་འཇོག་པས་དེར་ཡང་གཞི་མཐུན་བརྟག་དཀའ་བའི་ཕྱིར་དང༌། བྱང་སེམས་ཀྱི་ཕམ་པ་ལྟ་བུའི་ཆོས་བཞི་ནི་བྱང་སེམས་ཀྱི་སྡོམ་པའི་རྩ་བ་དང་འགལ་བའི་རྒྱུ་མཚན་གྱིས། རྩ་ལྟུང་དུ་བཞག་པ་ཡིན་གྱི། རིག་འཛིན་གྱི་སྡོམ་པ་དང་འགལ་བའི་ཆ་ནས་རྩ་ལྟུང་དུ་བཞག་པ་མ་ཡིན་པས། འདིའི་རྩ་ལྟུང་གཉིས་པར་མི་རིགས་པའི་ཕྱིར་རོ། །འོ་ན་འཁྲུལ་སྤོང་དུ་ཕམ་པ་བརྒྱད་པོ་འདི། རྡོ་རྗེ་ཐེག་པ་ལ་རྩ་བའི་ལྟུང་བར་འགྱུར་བ་མི་རིགས་སོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ཞེས་གསལ་བར་གསུངས་པ་དང་ཁྱོད་ཀྱིས་འདོད་པ་དེ་འགལ་ལོ་ཞེ་ན། ལུང་དེ་ནི་ཕམ་པ་བརྒྱད་པོ་སྔགས་སྡོམ་ལ་ལྟོས་པའི་རྩ་ལྟུང་དུ་འཆད་པ་མ་ཡིན་ཏེ། ལུང་དེས་ནི། བརྒྱད་པོ་སྔགས་ཀྱི་སྡོམ་ལྡན་ལ། རྩ་བའི་ལྟུང་བར་འགྱུར་བའི་རྒྱུ་མཚན་གྱིས། དེས་དེ་མ་བསྲུངས་ན་རང་རྒྱུད་ཀྱི་བསླབ་པ་ལ་ཁྱད་དུ་བསད་པའི་རྒྱུ་མཚན་གྱིས་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་འགྱུར་ཞེས་པ་ནི། གོང་འོག་གི་འཕྲོས་ལས་གསལ་བའི་ཕྱིར། རྡོ་རྗེ་ཐེག་པའི་སྡོམ་ལྡན་གྱིས་ཕམ་པ་བརྒྱད་པོ་རང་གི་བསླབ་བྱར་ཤེས་ཟིན་པའི་འོག་ཏུ། བརྒྱད་པོ་གང་རུང་སྤྱད་ན། ཐུན་མོང་གི་སྡོམ་པ་གང་རུང་གཉིས་ལ་ལྟོས་པའི་རྩ་ལྟུང་དང༌། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་སྟེ། གཉིས་ཀ་དུས་གཅིག་ལ་བྱུང་བ་སྲིད་པ་ཞེས་བྱ་བ་འདི་ཉིད། རྗེ་བཙུན་གྱི་བཞེད་པའོ། །གཉིས་པ་ལ་གཉིས་ཏེ། དོན་དེ་ལ་སྒྲུབ་བྱེད་ཡོད་པ་དང༌། གནོད་བྱེད་དེ་དག་མི་འཇུག་པའོ། །དང་པོ་ལ་གཉིས་ཏེ། རྒོལ་བའི་འདོད་པས་བརྟགས་པ་དེ་ཕྱོགས་སྔ་མའི་དམ་བཅའ་མ་ཡིན་པའི་རྒྱུ་མཚན་གྱིས། དེ་ལ་སྒྲུབ་བྱེད་མི་འགོད་པ་དང༌། ཕྱོགས་སྔ་མའི་ཞེ་འདོད་ཀྱི་བསྒྲུབ་བྱ་དེ། རྟགས་ཀྱིས་བསྒྲུབ་ནུས་པའོ། །དང་པོ་ནི། སོ་ཐར་གྱི་ཕམ་པ་བཞི་དང༌། བྱང་སའི་ཕམ་འདྲ་བཞི་ནི། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ཡིན་པ་ལ། རྒྱ་གཞུང་གི་སྒྲུབ་བྱེད་མེད་དུ་ཆུག་ཀྱང༌། ཁོ་བོ་ཅག་ལ་གནོད་བྱེད་མ་ཡིན་ཏེ། དེ་འདྲ་དེ་བོད་དུ་འགྱུར་བའི་རྒྱ་གཞུང་གི་ལུང་གིས་སྒྲུབ་པར་མི་འདོད་པའི་ཕྱིར་རོ། །ཉེས་པ་དེ་རྒོལ་བ་ཁྱེད་ཉིད་ལ་འཇུག་སྟེ། ཁྱེད་ཀྱིས་ནག་པོའི་ལུང་དང༌། ཤཱནྟི་པའི་དགོངས་པ་གཅིག་ཏུ་བསྡོམས་ནས་འཆད་པ་ན། འདི་ལྟར། ཁྱད་གསོད་ཀྱི་ཀུན་སློང་གིས་སྡོམ་གསུམ་གང་རུང་གི་བཅས་པ་ལས་ཤེས་བཞིན་དུ་འགལ་བ་བྱས་པ་དེ། བཀའ་འདས་ཀྱི་རྩ་ལྟུང་དུ་བཤད་པ་ཡིན་པས་སོ། །ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན། འོ་ན་སྔགས་ཀྱི་སྡོམ་ལྡན་དེས། ཁྱད་གསོད་ཀྱི་བློས་ཐུན་མོང་གི་རྩ་བ་བརྒྱད་པོ་གང་རུང་སྤྱད་པའི་ཚེ། དེ་འདྲའི་བཀའ་འདས་ཀྱི་རྩ་ལྟུང་དུ་ཐལ་བར་འགྱུར་ལ། འདོད་མི་ནུས་ཏེ། དེ་འདྲ་དེ་རྩ་ལྟུང་གཉིས་པར་རྒྱ་གཞུང་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །གཉིས་པ་ནི་རིག་པ་འཛིན་པའི་སྡོམ་ལྡན་དེས་ཐུན་མོང་གི་རྩ་ལྟུང་བརྒྱད་པོ་ཐམས་ཅད་གང་རུང་སྤྱད་པ་ཙམ་གྱིས། ཁྱད་གསོད་ཀྱི་བློ་ཡོད་པས་ཁྱབ་པ་དང༌། དེ་དུས་ཀྱི་ཁྱད་གསོད་ཀྱི་བློ་དེ་རྩ་ལྟུང་གཉིས་པ་ཡིན་པ་ཕྱོགས་སྔ་མའི་ཞེ་འདོད་ཀྱི་བསྒྲུབ་བྱའོ། །དེ་བསྒྲུབ་པ་ལ་གཉིས་ཏེ། བསྒྲུབ་བྱ་དང་པོ་དེ་བསྒྲུབ་པ་དང༌། གཉིས་པ་དེ་བསྒྲུབ་པའོ། །དང་པོ་ནི། དེ་ཡིན་ཏེ། རིག་འཛིན་གྱི་སྡོམ་ལྡན་དེ་ལ། བརྒྱད་པོ་དེ་རྩ་བར་བཅས་པའི་ཕྱིར། དེ་བཅས་པ་ཡིན་ཏེ། དེ་འདྲ་དེས་དབང་གི་སྟ་གོན་དང༌། དངོས་གཞིའི་སྐབས་སུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་སྡོམ་པ་གཉིས་ཀ་ཐོབ་པའི་ཕྱིར། ཞེས་འཆད་པ་ནི། འཁྲུལ་སྤོང་ལས། བྱང་ཆུབ་སེམས་དཔའི་ཕམ་པ་དང་འདྲ་བ་བཞི་ནི་ངེས་པར་བསྲུང་དགོས་ཏེ། ཞེས་དང༌། སོ་སོར་ཐར་པ་དང་ཐུན་མོང་པའི་ཕམ་པ་བཞི་ནི་བསྲུང་དགོས་པ་ཡིན་ཏེ། དབང་གི་སྐབས་སུ་ཡང་ཐོབ་ལ། འཕགས་པ་རྡོ་རྗེ་རྩེ་མོ་ལས་ཀྱང༌། ཞེས་སོགས་རྒྱས་པར་གསུངས་པ་རྣམས་སོ། །བསྒྲུབ་བྱ་གཉིས་པ་ནི། གོང་དུ་བསྒྲུབས་ཟིན་པར་མ་ཟད། འཁྲུལ་སྤོང་ལས། ཇི་སྐད་དུ། ཁྱད་དུ་གསད་པ་འདི་ནི་ཉན་ཐོས་དང་ཕ་རོལ་ཕྱིན་པའི་གཞུང་ལས་ཀྱང་ཤིན་དུ་ལྕི་བར་གསུངས་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། ཞེས་སོགས་དང༌། གཞན་ཡང་འདུལ་བ་ལུང་ལས་འབྱུང་བ་བཞིན་དུ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་སྔོན་གྱི་ལོ་རྒྱུས་རྒྱས་པར་བཤད་པར་བྱའོ། །ཞེས་གསུངས་པ་དང༌། ཡང་འཁྲུལ་སྤོང་དེ་ཉིད་ལས། དེ་དག་ནི་བདེན་མོད། ཕྲ་མོ་རྣམས་ལ་ཁྱད་དུ་བསད་པས་ལྟུང་བ་གཉིས་པ་དེར་ཇི་ལྟར་འགྱུར་ཞེ་ན། འདི་ནི་ཆེས་ལྕི་བ་ཉིད་དེ། དེ་སྐད་དུ། དམ་ཚིག་བསླབ་པ་ཁྱད་དུ་གསོད། །དེ་ཕྱིར་བཀའ་ལས་འདས་པའོ། །ཞེས་འབྱུང་བ་དང༌། ཞེས་གསུངས་པ་ཡིན་ཏེ། ཞེས་ལ་ཕམ་པ་བརྒྱད་པོ་རྩ་ལྟུང་གཉིས་པར་རྗེ་བཙུན་གྱིས་བཞེད་དོ། །ཞེས་ཟེར་བའི་རྗེས་སུ་འཇུག་པའི་རྗེས་འབྲང་རྣམས་ཀྱིས་ནི། དགེ་སློང་རིག་པ་འཛིན་པས་ཁྱད་གསོད་ཀྱི་བློས་ས་རྐོས་པའི་ཚེ་ན་ས་རྐོས་པའི་ལྟུང་བྱེད་དེ་སྔགས་ཀྱི་རྩ་ལྟུང་གཉིས་པར་ཁས་ལོང་ལ། དེས་སྔགས་སྡོམ་གཏོང་བ་དང༌། དེ་བཏང་བ་ནས་དེའི་རྒྱུད་ཀྱི་སྡོམ་པ་གཞན་གཉིས་ཀྱང་བཏང་བར་ཁྱོད་འདོད་པས་སྡོམ་གསུམ་གྱི་གཏོང་རྒྱུར་གྱུར་པའི་ལྟུང་བྱེད་འབའ་ཞིག་པ་ཁས་ལོང་ཤིག ཁོ་བོ་ཅག་ནི་ས་བརྐོ་བའི་ལྟུང་བྱེད་དེ་དགེ་སློང་ལ་ལྟུང་བར་བཅས་པ་ལ། ཁྱད་དུ་གསོད་པའི་དེ་ཡང་རྩ་ལྟུང་གཉིས་པ་འདིར་འཆད་དོ། །ཞར་བྱུང་གཉིས་པ་འཁྲུལ་སྤོང་གི་དགོངས་པ་ལ་ཞིབ་ཏུ་དོགས་པ་འདི་ཡོད་དེ། ཕམ་པ་བཞི་པོ་སྤྱད་ཙམ་གྱིས་ཁྱད་གསོད་ཀྱི་བློ་ཡོད་པས་ཁྱབ་ན། དགེ་སློང་བྱང་ཆུབ་སེམས་དཔས་གཞན་དོན་དུ་ཕམ་པ་བཞི་སྤྱད་པ་དེའི་ཚེ་ན། དགེ་སློང་དེ་ལ་ཕམ་པ་མ་བྱུང་པར་ཁས་ལེན་པའམ། བཀའ་འདས་ཀྱི་ཉེས་པས་རེག་པ་གཉིས་ལས་གང་ཡིན་ཞེས་བརྟགས་ན། འདུལ་བའི་སྡེ་སྣོད་མ་བསླབས་པ་དག་ནི་འདི་ལ་ཕམ་པ་མེད་པར་འདོད་མོད། དེ་ཡང་དགེ་སློང་ལ་ལྟོས་པའི་ཕམ་པ་ནི་ཡིན་ཏེ། འདུལ་བ་ལས་འབྱུང་བའི་ཕམ་པའི་ཡན་ལག་གི་རྩི་བ་རྣམ་པར་བཞག་པ་ཚང་བའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ་དགེ་སློང་གི་སྡོམ་པ་ལ་ལྟོས་པའི་ཁྱད་གསོད་ཀྱི་བློ་སྲིད་ཀྱང༌། དགོས་པ་གཞན་དོན་རྒྱ་ཆེན་པོ་འགྲུབ་པ་ལ་སོགས་པའི་བསམ་པ་ཁྱད་པར་ཅན་དེས་སྔ་མ་ཟིལ་གྱིས་གནོན་ནུས་པ་ཡིན་ཏེ། མཚམས་མེད་ལ་སོགས་པའི་སྡིག་པ་སྟོབས་ཆེ་བ་དག་ཀྱང་ཟིལ་གྱི་གནོན་ནུས་པར་བཤད་པའི་ཕྱིར། དེས་ན་དེའི་ཚེ་བཀའ་འདས་ཀྱི་ཉེས་པར་མི་འགྱུར་རོ། །ཞེས་པ་ནི་ཞིབ་མོའི་རྣམ་གཞག་ཡིན་ལ། རགས་པར་འཆད་པའི་ཚེ་ནི་དགོས་པ་ཁྱད་པར་ཅན་ལ་མ་ལྟོས་པར་སོ་ཐར་དང་ཐུན་མོང་གི་ཕམ་པ་བཞི་སྤྱད་ཙམ་ཉིད་ནས་ཁྱད་གསོད་ཀྱི་བློ་ཡོད་པ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །གཉིས་པ་གནོད་བྱེད་མི་འཇུག་པ་ལ་གཉིས་ཏེ། རྣལ་ལན་བཤད་ཟིན་དྲན་པ་ལ་སྦྱོར་བ་དང༌། སྤྲོས་པ་ཅན་གྱི་ངོར་འགོ་མཚུངས་ཀྱི་ལན་ཀྱང་བསྟན་པའོ། །དང་པོ་ནི་ཁྱེད་ཀྱིས་འདི་སྐད་དུ། སོ་ཐར་དང་ཐུན་མོང་གི་ཕམ་པ་བཞི་ཆོས་ཅན། སྔགས་སྡོམ་ལ་ལྟོས་པའི་རྩ་ལྟུང་མ་ཡིན་ཏེ། དེ་ལ་ལྟོས་ཏེ་གནང་བའི་སྐབས་ཡོད་པའི་ཕྱིར། ཞེས་ཟེར་བ་ནི་སུན་འབྱིན་ཡང་དག་ཏུ་འཇུག་པ་མ་ཡིན། རང་རྒྱུད་དུ་བྱེད་ན་གྲུབ་ཟིན་པས་བསྒྲུབ་བྱ་མེད་ལ། ཐལ་འགྱུར་དུ་བྱེད་ན་ཐལ་ཆོས་ལ་བསལ་པ་མེད་པས་འདོད་ལན་ཐེབས་པའི་ཕྱིར་རོ། །གལ་ཏེ་དེའི་དུས་ཀྱི་ཁྱད་གསོད་ཀྱི་བློ་ཆོས་ཅན་དུ་གཟུང་ནས། དེ་ལྟར་འཕེན་ན་ཡང་སུན་འབྱིན་དུ་འཇུག་པ་མ་ཡིན་ཏེ། སུན་འབྱིན་དེ་ཐལ་འགྱུར་དུ་བྱེད་ན་གཏན་ཚིགས་དེ་ཕྱོགས་སྔ་མས་ཁས་མི་ལེན་ཞིང༌། རང་རྒྱུད་དུ་བྱེད་ན་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར། གཉིས་པ་ནི། ཁྱེད་ལ་ཁས་བླངས་འགལ་བ་འདི་ལྟར། སྔགས་ཀྱི་སྡོམ་ལྡན་གྱིས་སྤྱད་པའི་སོ་ཐར་གྱི་ཕམ་པ་བཞི་ཆོས་ཅན། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་མ་ཡིན་པར་ཐལ། སྔགས་སྡོམ་ལ་ལྟོས་ཏེ་གནང་བའི་སྐབས་ཡོད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མས་ཀྱང་གྲུབ་ལ། འདོད་མི་ནུས་ཏེ། སྡོམ་གསུམ་གང་རུང་གི་བཅས་ལྟུང་གང་ཞིག ཁྱད་གསོད་ཀྱི་བློས་ཀུན་ནས་བསླང་བའི་ཕྱིར་རྟགས་སྔ་མ་དང་ཁྱབ་པ་ཁས་བླངས་ཤིང༌། ཕྱི་མ་གྲུབ་སྟེ། རང་རྒྱུད་ཀྱི་སྡོམ་པ་ལ་ལྟོས་པའི་ཉེས་པ་ལ་ཉེས་པར་མཐོང་བཞིན་དུ་སྤྱད་པའི་ལྟུང་བ་ཡིན་པའི་ཕྱིར་རོ། །གཞན་ཡང་བྱང་ས་ནས་གསུངས་པའི་ཕམ་པ་ལྟ་བུའི་ཆོས་བཞི་ཆོས་ཅན། སེམས་བསྐྱེད་ཀྱི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་མ་ཡིན་པར་ཐལ། སྡོམ་པ་དེ་ལ་ལྟོས་ཏེ་མ་བཀག་པའི་སྐབས་ཡོད་པའི་ཕྱིར་ཞེས་དང༌། དུས་ཀྱི་འཁོར་ལོ་ནས་གསུངས་པའི་བྱང་ཆུབ་སེམས་གཏོང་གི་རྩ་ལྟུང་དེ་ཆོས་ཅན། རིག་འཛིན་གྱི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་མ་ཡིན་པར་ཐལ། དེ་ལ་ལྟོས་ཏེ་གནང་བའི་སྐབས་ཡོད་པའི་ཕྱིར། ཞེས་པ་ནི་རེ་ཞིག་སྤྲོས་པ་ལྷུར་བླངས་པའོ། །རྒོལ་བ་གཉིས་པའི་ལན་གདབ་པ་ལ། ལྔ་སྟེ། སུན་འབྱིན་དང་པོའི་སྔ་རྒོལ་གྱི་བསྒྲུབ་བྱ་ཁས་བླངས་དང་མ་འབྲེལ་ཞིང༌། ཁས་བླངས་པའི་དམ་བཅའ་ལ་སྒྲུབ་བྱེད་ཡོད་པ་དང༌། ཐལ་འགྱུར་གཉིས་པ་ལ་བསལ་པ་མེད་པས་འདོད་ལན་ཐེབས་པ་དང༌། སུན་འབྱིན་གསུམ་པའི་ཁྱབ་པ་ལ་ཁས་ལེན་མེད་བཞིན་དུ་མ་ངེས་པ་འཕངས་པས་རིག་གཞུང་ལས་འདས་པ་དང༌། སུན་འབྱིན་བཞི་པའི་ཁྱབ་པ་ལ་ཁས་བླངས་མེད་པས་མ་ངེས་པ་མི་འཇུག་པར་བསྟན་པ་དང༌། ཕྱོགས་སྔ་མས་ཁས་བླངས་པའི་ཁྱབ་པ་ལ་སུན་འབྱིན་བརྗོད་པ་དེ་ཚིག་སྐྱོན་ཅན་དུ་བསྟན་པའོ། །དང་པོ་ནི་ཁྱེད་ཀྱིས་འདི་སྐད་ཅེས། བཀའ་ལ་ཁྱད་དུ་གསད་པའི་ཉེས་པ་ཤིན་ཏུ་མང་ན། དེ་དག་གི་ནང་ནས་བརྒྱད་པོ་འདི་ཁོ་ན་རྩ་ལྟུང་ཡིན་ཞེས་པ་ལ་སྒྲུབ་བྱེད་མེད་དོ་ཞེས་ཟེར་བ་ནི་རང་གི་སྨྲ་བ་ཇི་སྙེད་པ་ཆུད་གསོན་པར་བྱེད་པའི་གཏམ་ཡིན་ཏེ། ཕྱོགས་སྔ་མ་ལས་ནི་བཀའ་དང་བཅས་པ་ཕྲ་མོ་ཇི་སྙེད་པ་ཁྱད་དུ་གསོད་པ་ཡང་བཀའ་འདས་ཀྱི་ལྟུང་བར་བཤད་ན། བརྒྱད་པོ་ཁོ་ན་རྩ་ལྟུང་ཡིན་ཞེས་གསུང་བའི་དངོས་བསྟན་དང་དོན་ཐོབ་གང་ཡང་མི་སྣང་བའི་ཕྱིར། ཞེ་འདོད་ཀྱི་དམ་བཅའ་ནི། སྒྲུབ་བྱེད་དང་མ་འབྲེལ་བ་མ་ཡིན་ཏེ། ཁྱད་གསོད་ཀྱིས་ཀུན་ནས་བསླངས་པའི་བཅས་འགལ་མཚན་ཉིད་པ་མཐའ་དག་ལ་བཀའ་འདས་འབྱུང་བར། རྩ་ལྟུང་གཉིས་པའི་རྣམ་པར་བཞག་པ་པའི་ལུགས་ཀུན་གྱིས་གྲུབ་ཅིང༌། ཁྱེད་རང་གིས་ཀྱང་དྲངས་པའི་ཕྱིར་རོ། །གཉིས་པ་ནི། ཕྱོགས་སྔ་མས། བརྒྱད་པོ་འདི་སྤྱད་ཙམ་ནས་ཁྱད་དུ་གསད་པ་ཡིན་ཏེ། སངས་རྒྱས་ཀྱིས་རྩ་བར་བཅས་པའི་ཕྱིར། ཞེས་པ་ལ་གཞན་བཅུ་གསུམ་པོ་ཐམས་ཅད་དེར་ཐལ་ཞེས་ཟེར་བ་ནི་ཟློག་ཏུ་མེད་པ་མ་ཡིན་ཏེ། འདོད་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། འོ་ན་རྩ་ལྟུང་བཅུ་གསུམ་པོ་གཉིས་པར་ཐལ་ལོ་ཞེ་ན། དེའི་ཁྱབ་པ་ཚད་མས་གྲུབ་པའམ། ཁས་བླངས་པ་ཡིན། དང་པོ་ལྟར་ན་སྡོམ་མེད་ཀྱི་རྒྱུད་ཀྱི་ཁ་ན་མ་ཐོ་བའི་ཁྱད་པར་དག་གིས་མ་ངེས་ལ་གཉིས་པ་ལྟར་ན་ཕྱོགས་སྔ་མས་དེ་ལྟར་ཁས་བླངས་པ་མ་ཡིན་ཏེ། སྡོམ་ལྡན་དེ་ལ་རྩ་བར་བཅས་པའི་རྒྱུ་མཚན་གྱིས་དེས་དེ་ལས་འདས་ན་ཁྱད་གསོད་ཀྱི་བློ་ཡོད་པས་ཁྱབ་པ་དང༌། དེའི་དུས་ཀྱི་ཁྱད་གསོད་ཀྱི་བློ་དེ་ཡིན་ན། རྩ་ལྟུང་གཉིས་པ་ཡིན་པས་ཁྱབ་པར་ཁས་ལེན་པ་ནི་སྐབས་སུ་བབ་པའི་ཕྱིར་རོ། །འོ་ན་སྡོམ་ལྡན་གྱིས་རྩ་ལྟུང་བཅུ་གསུམ་པོ་ཁྱད་དུ་གསད་པའི་བློ་དེ་ཆོས་ཅན་རྩ་ལྟུང་གཉིས་པར་ཐལ་ལོ་ཞེ་ན། འདོད་པ་ཡིན་ཏེ། འཁྲུལ་སྤོང་ལས། བཅས་པ་ཕྲ་མོ་གཞན་ལའང་ཁྱད་དུ་གསོད་ན་རྩ་ལྟུང་གཉིས་པའོ་ཞེས་གསུངས་པ་ཉིད་ཁོ་བོ་ཅག་ལ་ལུང་ཚད་མ་ཡིན་པའི་ཕྱིར་དང༌། ཁྱེད་ལ་ནང་འགལ་བ་འདི་ལྟར། གཞན་བཅུ་གསུམ་གང་རུང་ཡིན་ན་རྩ་ལྟུང་གཉིས་པར་འགལ་བ་ཉིད་དུ་ཁས་བླངས་ཟིན་སྣང་བས། ཁྱད་གསོད་ཀྱིས་ཀུན་ནས་སླངས་པའི་བཅུ་གསུམ་པོ་རེ་རེ་ནས་ཆོས་ཅན་དུ་བཟུང་ནས་ཐལ་འགྱུར་འཕངས་ན་འཁོར་གསུམ་བརྒྱུད་མར་ཁས་ལེན་དགོས་པ་མ་ཡིན་ནམ། གསུམ་པ་ནི། རྡོ་རྗེ་ཐེག་པ་འདིར་བརྒྱད་པོ་རྩ་ལྟུང་དུ་རིགས་ཏེ། ཐེག་པ་འདིར་བརྒྱད་པོ་བསྲུང་དགོས་ཀྱི་ལུང་ཡོད་པའི་ཕྱིར། ཞེས་པ་ལ། སྦོམ་པོ་སོགས་ཀྱི་མ་ངེས་པ་འཕེན་པ་དེ། ཞེ་འདོད་ཀྱི་ཁྱབ་པ་སྒྲ་ཇི་བཞིན་པ་འདི་ཉིད་ལ་འཕེན་པ་ཡིན་ནམ། བརྒྱད་པོ་ཆོས་ཅན་འདིར་རྩ་ལྟུང་དུ་རིགས་ཏེ། འདིར་བསྲུང་དགོས་པའི་ཕྱིར། ཞེས་ནན་གྱིས་ཁས་ལེན་དུ་འཇུག་པ་ཡིན། དང་པོ་ལྟར་ན། རྡོ་རྗེ་ཐེག་པ་འདིར་རྩ་ལྟུང་བརྒྱད་པོ་བསྲུང་དགོས་ན་འདིར་རྩ་ལྟུང་དུ་རིགས་པས་ཁྱབ་སྟེ། འདིར་དེ་བསྲུང་དགོས་ན། འདིར་དེ་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གང་རུང་ལ་ལྟོས་བའི་རྩ་ལྟུང་ཡིན་དགོས་པའི་ཕྱིར། དེས་ན་ཕྱོགས་སྔ་མ་འདི་ལ་རྒོལ་བ་དད་པས་རྗེས་སུ་འབྲང་བ་གཉིས་ཀས་ཀྱང་རྡོ་རྗེ་ཐེག་པའི་སྐབས་འདིར་རྩ་ལྟུང་དུ་འཇོག་པ་དང༌། སྔགས་སྡོམ་ལ་ལྟོས་པ་རྩ་ལྟུང་གཉིས་ཀྱི་ཁྱད་པར་མ་ཕྱེད་པས་རྣམ་པར་འཁྱམས་པ་དུ་མ་ཞིག་བྱུང་ངོ༌། །གཉིས་པ་ལྟར་ན། དེ་ལྟ་བུའི་རྟོག་དཔྱོད་ནི་ལྷ་རྣམས་དགའ་བར་བྱེད་པ་དག་གིའོ། །བཞི་པ་ནི། ཕྱོགས་སྔ་མས་ཁས་བླངས་པའི་ཁྱབ་པ་ལ་དངོས་ཀྱི་མ་ངེས་པ་དེ་ལྟར་འཕེན་པ་ནི་ཡང་དག་པ་མ་ཡིན་ཏེ། ཆེས་ལྕི་བའི་རྟགས་ཀྱིས་བཅས་པ་ཕྲ་མོ་ཁྱད་གསོད་རྩ་ལྟུང་གཉིས་པར་བསྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བཅས་པ་ཕྲ་མོ་ལས་ཕྱིར་འདས་ཙམ་ནི་ཡང་བ་ཡིན་ཀྱང༌། དེ་ལ་ཁྱད་དུ་གསོད་པའི་བློ་ནི་ཤིན་ཏུ་ལྕི་བ་ཡིན་པས་རྩ་ལྟུང་གཉིས་པར་འཇོག་ཅེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དེས་ན་སྔགས་སྡོམ་ཅན་གྱིས་བཅས་པ་ཕྲ་མོ་ཁྱད་དུ་གསོད་པའི་བློ་དེ་ཤིན་ཏུ་ལྕི་བའི་རྒྱུ་མཚན་གྱིས། དེ་ཡིན་ན་རྩ་ལྟུང་གཉིས་པ་ཡིན་པས་ཁྱབ་པར་ཁས་བླངས་པ་ལ་གཞན་བཅུ་གསུམ་པོ་ཐམས་ཅད་ཀྱིས་མ་ངེས་པ་ཇི་ལྟར་སྟོན། ལྔ་པ་ནི། བཅས་པ་ཁྱད་དུ་གསོད་པ་དེ་ཉེས་པ་ཤིན་ཏུ་ལྕི་བའི་རྒྱུ་མཚན་གྱིས་རྩ་ལྟུང་དུ་འཇོག་པར་ཁས་བླངས་པ་ལ། འོ་ན་དེ་འདྲ་དེ་འདུལ་བ་ལས་ཀྱང་རྩ་ལྟུང་དུ་འཇོག་རིགས་པར་འགྱུར་ཏེ། དེར་ཡང་ཁྱད་དུ་གསད་པའི་ཆེས་ལྕི་བའི་ལྟུང་བ་ཡིན་པའི་ཕྱིར། ཞེས་པ་དེ་ཡང་སུན་འབྱིན་དུ་འཇུག་པ་མ་ཡིན་ཏེ། ཞེ་འདོད་ལ་ཁྱབ་པ་མ་ངེས་པ་དང༌། སྒྲས་ཟིན་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར། ཇི་ལྟར་ཞེ་ན། ཕྱོགས་སྔ་མས་ནི། རྡོ་རྗེ་ཐེག་པ་གཞིར་བྱས་ཀྱི་ཁྱབ་པ་ཁས་བླངས་པ་ལ། འདུལ་བ་གཞིར་བྱས་ཀྱི་མཚུངས་པ་འཇུག་པ་མ་ཡིན་ཏེ། འདོད་ན་ནི་ཡིད་གཙོ་བོར་གྱུར་པའི་ཆ་ནས་ལྟུང་བར་འཇོག་ལ་དེར་ནི་ལྟུང་བའི་རྣམ་གཞག་ཇི་སྙེད་པ་ལུས་ངག་གི་ཆ་ནས་འཇོག་པའི་ཕྱིར། དེ་ལས་གཞན་དུ་ན་ཆོས་སྤོང་དང་ལོག་ལྟ་སོགས་ཀྱང་ཉེས་པ་ལྕི་བའི་རྒྱུ་མཚན་གྱིས་འདུལ་བ་ལས་ཀྱང་རྩ་ལྟུང་དུ་འཇོག་རིགས་པར་འགྱུར་ཏེ། སྔགས་ཀྱི་ཐེག་པ་གཞིར་བྱས་ལ་དེ་འདྲ་དེ་ཤིན་ཏུ་ལྕི་བའི་རྒྱུ་མཚན་གྱིས་རྩ་ལྟུང་དུ་བཞག་པའི་ཕྱིར། སྒྲ་ཟིན་ལ་རྟགས་མ་གྲུབ་པ་ཇི་ལྟར་ཞེ་ན། ཀླུ་ཨེ་ལའི་འདབ་ཅན་གྱིས་ཆོས་སྔ་མ་ལ་དགེ་སློང་གི་རྟེན་ལ་ཁྱད་གསོད་ཀྱི་བློས་སྐྱེ་བ་བཅད་པའི་ལྟུང་བ་དེ་འདུལ་བའི་ལུགས་ལ་ཆོས་ལྕི་བའི་ལྟུང་བ་ཡིན་པ་རྟགས་མ་གྲུབ་སྟེ། ལྟུང་བ་ལྕི་ཤོས་ཡིན་ན་ལྟུང་བྱེད་འབའ་ཞིག་པའི་སྡེ་ཚན་དུ་གཏོགས་པར་འགལ་བའི་ཕྱིར། ཡང་ཁྱེད་ཀྱིས་བསླབ་པ་ཁྱད་དུ་གསད་པའི་ཉེས་པ་དེ་ཆེས་ལྕི་བ་ཡིན་ཀྱང་འདུལ་བ་ལས་ལྟུང་བྱེད་འབའ་ཞིག་པའི་སྡེ་མཚན་དུ་གཞག་གོ་ཞེས་གསུངས་པ་དེ་ཡང་ནོར་བ་ཡིན་ཏེ། འདུལ་བ་ལས་ནི་ཁྱད་གསོད་ཀྱིས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ལ་ལྟུང་བྱེད་དུ་བཤད་པ་ཡིན་གྱི། ཁྱད་གསོད་ཀྱི་བློ་ལ་དེ་ལྟར་མ་བཤད་པའི་ཕྱིར། གལ་ཏེ་ཁོ་བོ་ཅག་ཀྱང་དེ་ལྟར་འདོད་དོ་ཞེ་ན། འོ་ན་བསླབ་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དེ་ཆོས་ཅན། ཕམ་པ་ཡིན་པར་ཐལ། འདུལ་བ་ལས་བཤད་པའི་ལྟུང་བ་རྣམས་ཀྱི་ཆེས་ལྕི་བ་ཡིན་པའི་ཕྱིར། གཞན་ཡང་ཁྱེད་ཅག་རྩ་ལྟུང་གཉིས་པའི་ངོས་འཛིན་ཆོས་སྤོང་ལ་འཆད་པ་དང༌། འཁྲུལ་སྤོང་གི་བཞེད་པ་འགོག་པ་གཉིས་ཀྱང་ནང་མ་མཐུན་པ་ཡིན་ཏེ། ཆོས་སྤོང་གི་ངོ་བོ་ནི་བཀའ་ཁྱད་དུ་གསད་པའི་ཡིད་ཀྱི་ཉེས་པ་ཁོ་ན་ལ་འཆད་དགོས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། ཆོས་སྤོང་གི་ངོས་འཛིན་འཆད་པ་ན་ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། ཞེས་བཤད་པའི་ཕྱིར། གལ་ཏེ་འོ་ན། ཐུན་མོང་གི་རྩ་ལྟུང་བརྒྱད་པོ་ཁོ་ན་རྡོ་རྗེ་ཐེག་པའི་རྩ་ལྟུང་གཉིས་པར་འཆད་པ་རྗེ་བཙུན་གྱི་དགོངས་པ་མ་ཡིན་པ་དེ་ལྟ་ན། འཁྲུལ་སྤོང་དུ། རྩ་ལྟུང་གཉིས་པ་དང་གསུམ་པའི་བར་དེར་བརྒྱད་པོ་ཁོ་ནའི་རྣམ་གཞག་སྟོན་པ་ཅི་ཞེ་ན། བཤད་པ་བརྒྱད་པོ་དེ་ནི་རྡོ་རྗེ་ཐེག་པ་ལ་སྤྱིར་རྩ་བའི་ལྟུང་བར་མི་འགྱུར་རམ་སྙམ་པའི་དོགས་པ་སེལ་བའི་ཆེད་དུ་དེ་དག་ཐེག་པ་འདིར་རྩ་བར་བཅས་པའི་ལུང་གི་སྒྲུབ་བྱེད། རྡོ་རྗེ་ཐེག་པ་པས་དེ་དག་ལས་འདས་ན་རང་རྒྱུད་ཀྱི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པའི་རྩ་བ་གཅོད་པའི་རྩ་ལྟུང་དུ་འགྱུར་བ་ཁོ་ནར་མ་ཟད། སྔགས་སྡོམ་ལ་ལྟོས་པའི་རྩ་ལྟུང་གཉིས་པ་ཡང་ཕོག་པ་ཡིན་ཏེ། སྔགས་སྡོམ་ལ་གནས་ནས་སངས་རྒྱས་ཀྱི་བཅས་པ་ཁྱད་དུ་གསད་པའི་ཕྱིར། ཞེས་པའི་དོན་འདི་སྟོན་པར་བཞེད་ནས་རྗེ་བཙུན་གྱིས་དེ་ལྟར་བཤད་པ་ཡིན་ཏེ། འཁྲུལ་སྤོང་ལས། དེ་དག་སོ་སོའི་གཞུང་ན་ཡོད་པས་ཆོག་མོད། འདིར་བཤད་པ་དོན་མེད་དོ་ཞེ་ན། འདི་ལ་དགོས་པ་གཉིས་ཏེ། གང་ཟག་བསྲུང་བར་མི་འདོད་པ་འགའ་ཞིག ཕམ་པ་དང་འདྲ་བ་དག་ནི་དེ་དག་གི་གཞུང་ལ་ཞུགས་པ་རྣམས་ཀྱི་ལྟུང་བ་ཡིན་ལ། ཁོ་བོ་ཅག་རྡོ་རྗེ་ཐེག་པ་ལ་ཞུགས་པ་ལ་ནི། འདི་བསྲུང་མི་དགོས་སོ། །སྙམ་པའི་ལོག་པར་རྟོག་པ་དགག་པ་དང༌། ཡང་གང་ཟག་སྡོམ་པ་བསྲུང་བར་འདོད་པ་དག་འདི་སྙམ་དུ། གང་ཟག་གཉིས་པོ་དག་ལ་ཡང་ཕམ་པ་དང་འདྲ་བར་འགྱུར་ན། ཁོ་བོ་ཅག་རྡོ་རྗེ་ཐེག་པ་པ་ལ་ཆེས་ལྕི་བ་ཞིག་ཏུ་མི་འགྱུར་རམ་སྙམ་པའི་བསམ་པ་དགག་པའི་ཕྱིར། འདིར་ཡང་རྩ་བའི་ལྟུང་བ་ཉིད་དུ་འགྱུར་བ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་གཞན་ཞིག་ཀྱང་འབྱུང་བ་ནི། བརྒྱད་པོ་དེ་ཁོ་ནར་མ་ཟད། བསླབ་བཏུས་ནས་བཤད་པའི་བྱང་སེམས་ཀྱི་རྩ་ལྟུང་བཞི་དང༌། རྒྱུད་སྡེ་འོག་མ་གསུམ་པོ་དག་ཏུ་རྩ་བའི་ལྟུང་བར་བཅས་པ་གང་ཡིན་པ་དེ་དག་ལས་ཀྱང་རིག་པ་འཛིན་པའི་སྡོམ་ལྡན་གྱིས་འགལ་བར་བྱས་པ་མཐར་ཐུག་པའི་ཚེ་ན། རྩ་བའི་ལྟུང་བར་བཤད་པ་དེ་དང་དེ་དག་རང་མིང་གིས་འབྱུང་བར་མ་ཟད། འདིར་བཤད་པའི་རྩ་ལྟུང་གཉིས་པ་ཡང་འཕོག་པ་ཡིན་ཏེ། དེ་དག་ཀྱང་རྡོ་རྗེ་ཐེག་པ་འདིར་རྩ་བའི་ལྟུང་བར་བཅས་པའི་ཕྱིར་དང༌། དེའི་རྒྱུ་མཚན་གྱིས་སྤྱད་ཙམ་ཉིད་ནས། ཁྱད་དུ་གསད་པ་ཡང་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་ཡང་ངེས་པར་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། འཕགས་བློས་བརྟགས་པའི་གཞུང་གང་ལ། །བྱི་བློ་མང་ཐོས་དཔྱོད་ཆེན་གྱིས། །ཇི་ཙམ་བརྟགས་ཀྱང་དེའི་གཏིང༌། །མཐོང་མིན་འཇིག་པ་སྨོས་ཅི་དགོས། །རྩ་ལྟུང་གསུམ་པའི་སྐབས་སུ། ཕྱོགས་སྔ་མ་བཞག་པ་དང༌། དེ་ལ་རྒོལ་བས་རྩོད་པ་དང༌། དེའི་ལན་བཏབ་སྟེ་ཚེར་མ་འབྱིན་པའོ། །དང་པོ་ནི། འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་ཉིད་རྣམ་པར་བཞག་པ་ནི། རྡོ་རྗེ་ཐེག་པ་ལ་ཞུགས་པའི་གང་ཟག་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པ་ལ། དགྲར་འཛིན་ཞིང་བསམ་པས་ཁྲོ་བའོ། །རྟེན་གྱི་ཡན་ལག་ནི། དམ་ཚིག་དང་སྡོམ་པ་དང་ལྡན་ཞིང༌། ཤེས་པ་རང་བཞིན་དུ་གནས་པའོ། །ཡུལ་གྱི་ཡན་ལག་ནི། རྡོ་རྗེ་ཐེག་པ་སྤྱི་ལ་ཞུགས་པའི་གང་ཟག་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པ་ཙམ་ཡིན་ལ། བྱེ་བྲག་བླ་མ་གཅིག་དང་དཀྱིལ་འཁོར་གཅིག་གིས་བསྡུས་པ་ནི་ཡུལ་ལྕི་བ་ཙམ་ཡིན་མོད། ངེས་པར་དགོས་པ་མ་ཡིན་ནོ། །སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཞུགས་པའམ། ཐེག་པ་ཆེན་པོ་སྤྱི་ལ་ཞུགས་པའི་གང་ཟག་རྩ་བའི་ལྟུང་བས་མ་གོས་པ་དག་ཀྱང་ཆོས་ཀྱི་སྤུན་ཡིན་མོད་ཀྱི། རྡོ་རྗེ་ཐེག་པ་ལ་མ་ཞུགས་པའི་ཕྱིར་རྩ་བའི་ལྟུང་བར་མི་འགྱུར་ལ། ཆེས་བཤགས་པར་བྱ་བ་ནི་ཡིན་ནོ། །ངོ་བོའི་ཡན་ལག་ནི། དགྲར་འཛིན་པའི་བསམ་པས་ཀུན་ཏུ་ཁྲོ་བ་སྟེ། དེ་ལ་ཡིད་གཙོ་བོ་ཡིན་གྱི། ལུས་ངག་གང་རུང་ཞིག་གྲོགས་སུ་ནི་དགོས་ཏེ། དེ་ལྟ་མ་ཡིན་ན་དགྲར་འཛིན་པའི་སྦྱོར་བ་མི་རྫོགས་པའི་ཕྱིར་རོ། །དུས་ཀྱི་ཡན་ལག་ནི། ཡུལ་དེས་གོ་བར་གྱུར་པ་དེ་ཚེ་ལྟུང་བ་རྫོགས་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ལས། རྒོལ་བ་དང་པོ་ནི། སྙེ་མ་མཁན་པོ་ན་རེ། ལྟུང་བ་འདིའི་ཡུལ་སློབ་དཔོན་གཅིག་པ་དགོས་ཏེ། བླ་མ་མི་གཅིག་ན་སྐྱེ་གནས་མི་གཅིག་པས་སྤུན་གྱི་དོན་མེད་པའི་ཕྱིར། ཀོ་ས་ལའི་རྒྱན་ལས། རྡོ་རྗེ་སྤུན་ལ་མི་མཛའ་དང༌། །ཞེས་བྱ་བ་ནི། སློབ་དཔོན་གཅིག་ལས་དཀྱིལ་འཁོར་དུ་བཞུགས་པ་སྟེ་དེ་དང་མི་འཛའ་བ་ནི། དེ་དང་ཞེ་འགྲས་པའོ། །ཞེས་དང༌། ཤཱནྟི་པས། སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལས་དཀྱིལ་འཁོར་དུ་དབང་ཐོབ་པ་སྟེ། དེ་ལ་ཕྲག་དོག་ལ་སོགས་པའི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། འདིར་དབང་གི་སྤུན་ཡིན་པས་རྒྱུད་སྡེ་འོག་མ་གཉིས་ཀྱི་དབང་གིས་ཀྱང་ཆོག་གོ །ཡུལ་ཡང་སྔགས་ཀྱི་སྡོམ་པ་དང་ལྡན་པ་དགོས་ཏེ། དྲི་མེད་འོད་ལས་རྡོ་རྗེའི་སྤུན་རྒན་པོའམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོ་བར་བྱེད་ནའོ། །ཞེས་གསུངས་པའི་ཕྱིར། བོད་ཀྱི་མཁས་པ་ཁ་ཅིག ཁྲོས་པའི་སེམས་ལ་ལྟུང་བར་འཆད་པ་ནི་མི་འཐད་དེ། དམར་ནག་གི་རྒྱུ་གཉིས་ལས། དེ་བཞིན་སྤུན་ལ་ཁྲོ་བ་དང༌། །ཉེས་པ་སྒྲག་པར་མི་བྱའོ། །ཞེས་དང༌། དཔལ་འཛིན་གྱི་དཀྱིལ་ཆོག་གཉིས་སུ་ཡང༌། དེ་བཞིན་ཁྲོས་ན་སྤུན་ཟླ་ཡི། །ཉེས་པ་བརྗོད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། དེས་ན་ཡུལ་དེས་རང་གི་སྐྱོན་བརྗོད་པ་ཐོས་ནས་དོན་གོ་བ་ཅིག་དགོས་པ་ཡིན་ནོ། །ཞེས་འཆད་དོ། །རྒོལ་བ་གཉིས་པ་ནི། སྔགས་འདུལ་མཛད་པ་ན་རེ། ཡིད་གཙོ་བོ་ཡིན་པའི་རྒྱུ་མཚན་གྱིས་ལྟུང་བ་དེ་བསམ་པའི་སྒོ་ནས་བཞག་དགོས་པར་མ་ངེས་ཏེ། སོ་ཐར་གྱི་ལྟུང་བ་བས་ཆེ་བ་ཞིག་ལ་འདུ་ཤེས་གཙོ་བོར་བཤད་ཀྱང་ལྟུང་བའི་ངོ་བོ་ལུས་ངག་གང་རུང་གི་སྟེང་ནས་གཞག་དགོས་པ་བཞིན་ནོ། །འདིར་ལྟུང་བའི་ངོ་བོ་བསམ་པ་ཁོ་ནར་སེམས་པ་ལ། ཕྱིར་རྒོལ་བ་སྔ་མས་གནོད་བྱེད་དུ་དྲངས་པའི་ལུང་རྣམས་ཀྱང་གནོད་བྱེད་དུ་འཇུག་པ་ཁོ་ནའོ། །དེ་དག་ནི་གྲོགས་སུ་དགོས་པའི་ལུང་ངོ་ཞེ་ན། དེ་ལྟ་ན་ནི། ཉེས་པ་བརྗོད་པས་ཁྲོས་པ་ནི། །ཞེས་པར་རིགས་ཀྱི། ཁྲོས་པས་ཉེས་པ་བརྗོད་པ་ཞེས་འབྱུང་བར་མི་རིགས་སོ། །དགྲར་འཛིན་པ་མེད་པར་མ་རངས་པས་ཀུན་ཏུ་ཁྲོ་བ་བཤགས་བྱར་གསུངས་པའང་རང་ཚིག་འགལ་བ་སྟེ། དགྲར་འཛིན་པ་མེད་ན་ཀུན་ཏུ་ཁྲོ་བ་ཞེས་པ་མི་རུང་བའི་ཕྱིར། ཆོས་མངོན་པ་ལས། ཁྲོ་བ་གང་ཞེ་ན། གནོད་པར་བྱེད་པའི་རྒྱུ་ཉེ་བར་གནས་ན་ཁོང་ཁྲོ་བའི་ཆར་གཏོགས་པ། སེམས་ཀྱི་ཀུན་ནས་མནར་སེམས་པ་སྟེ། མཚོན་ཆ་ལེན་པ་དང༌། ཆད་པས་གཅོད་པ་ལ་སོགས་པ་དང༌། གནོད་པ་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པའི་ཕྱིར། ཅི་སྟེ་དེ་ཙམ་དུ་མ་སླེབ་པའི་ཁྲོ་བ་ལ་མ་རངས་པ་ཞེས་སྨོས་སོ་ཞེ་ན། འོ་ན་ཀུན་ཏུ་ཁྲོ་བ་ཞེས་སྨོས་པ་དོན་མེད་དེ། མ་རངས་པ་ནི་ཡིད་མི་བདེ་བའམ། མ་དད་པའི་ངོ་བོ་ཙམ་ཡིན་པས་ཁྲོ་བ་དང་རྫས་ཐ་དད་པ་ཁོ་ན་སྟེ། དེའི་ཕྱིར་སེམས་བྱུང་གི་བློ་རིས་འདྲེས་པའི་ཉེས་པའོ། །ཡང་ཡུལ་གྱིས་ཉེས་པ་བརྗོད་པ་ཐོས་ནས་དོན་གོ་བ་དགོས་སོ། །ཞེས་པ་ནི། སོ་ཐར་གྱི་རིགས་བསྒྲེ་ཡིན་ཀྱང་འཐད་པར་མ་མཐོང་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་སུ། གཞན་ལ་བརྙས་པ་ཉེས་པ་ཆེ་མོད། ཡུལ་དེས་གོ་བ་མི་དགོས་ན། འདིར་སྡོམ་པ་ན་འཕར་བས། ཡུལ་གྱིས་གོ་བ་ལྟ་སྨོས་ཅི་དགོས་པའི་ཕྱིར། ཞེས་སུན་འབྱིན་བརྗོད་ནས་དེར་རང་གི་ལུགས་ནི། ཁྲོས་པ་དང་ཉེས་པ་བརྗོད་པ་བསྡོམ་པའམ་གང་རུང་རེ་རེས་ཀྱང་རྩ་བའི་ལྟུང་བ་འདིར་འགྱུར་རོ། །ཞེས་འཆད་དོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་གདབ་པ་དང༌། གཉིས་པའི་ལན་གདབ་པའོ། །དང་པོ་ལ་གསུམ་སྟེ། རྡོ་རྗེ་སྤུན་གྱི་འཇོག་མཚམས་རྒྱ་ཆེས་པ་ལ་བརྗོད་པའི་སུན་འབྱིན་མི་འཇུག་པ་དང༌། ལྟུང་བ་འདིའི་ངོ་བོ་ཉིད་ཀྱི་ཉེས་པར་ཁས་བླངས་པ་ལ་བརྗོད་པའི་སུན་འབྱིན་མི་འཇུག་པ་དང༌། རྒོལ་བ་དེ་ཉིད་ལ་ཁས་བླངས་ནང་འགལ་གྱི་སྐྱོན་ཡོད་པའོ། །དང་པོ་ནི། དོན་དེ་ལ་ལུང་དེ་དག་གིས་གནོད་པ་མ་ཡིན་ཏེ། ལུང་དེས་ནི་རྡོ་རྗེའི་སྤུན་གྱི་མཚན་གཞི་གཟུང་བར་གསལ་གྱི། རྡོ་རྗེ་སྤུན་ལ་སློབ་དཔོན་གཅིག་གིས་ཁྱབ་པར་བསྟན་པ་མ་དམིགས་པའི་ཕྱིར། མཚན་གཞི་བསྟན་པ་དེ་ཉིད་ཀྱིས་དེས་དེ་ལ་ཁྱབ་པ་བཟུང་ངོ་ཞེ་ན། འོ་ན་རྡོ་རྗེའི་སྤུན་ལ་ཤེས་རབ་མའི་མངལ་སྒོ་གཅིག་ནས་སྐྱེས་པས་ཁྱབ་པར་འགྱུར་ཏེ། ཁྱེད་རང་གི་ཕྱོགས་ལ་ལུང་ཚད་མར་གྱུར་པ་ནག་པོ་དམ་ཚིག་རྡོ་རྗེས། སྐྱེ་གནས་གཅིག་པས་ན་སྤུན་ནོ། །དེ་ཡང་ཤེས་རབ་མཆོག་གི་མངལ་ནས་གནས་པ་རྣམས་སྤུན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན་སློབ་དཔོན་གཅིག་པས་རྒྱུད་སྡེ་འོག་མ་གཉིས་ཀྱི་དབང་ཐོབ་པས་ཀྱང་རྡོ་རྗེའི་སྤུན་དུ་འགྱུར་བར་ཁས་བླངས་པ་དང་མཐུན་ནོ། །གཉིས་པ་ནི། ཕྱོགས་སྔ་མ་ལ་གནོད་བྱེད་དུ་དྲངས་པའི་ལུང་དེ་དག་ནི་ཕྱོགས་སྔ་མའི་སྒྲུབ་བྱེད་དུ་སོང་བ་ཡིན་ཏེ། རྗེ་བཙུན་གྱིས་ཀྱང༌། ངག་གི་ཉེས་པ་བརྗོད་པའམ། ལུས་ཀྱི་ཐོ་འཚམ་པ་གང་རུང་ངེས་པར་དེའི་ཡན་ལག་ཏུ་དགོས་སོ། །ཞེས་གསུངས་པའི་ཕྱིར། དེ་ལས་གཞན་དུ་ངག་གི་རིག་བྱེད་ཁོ་ན་དགོས་ན། ངག་གི་རིག་བྱེད་ལ་མ་ལྟོས་པར་རྡོ་རྗེའི་སྤུན་སྲོག་གི་འཚོ་བ་དང་ཕྲལ་ན་ཡང་ལྟུང་བ་གསུམ་པ་འདི་མི་འབྱུང་བ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་ལྟུང་བའི་ངོ་བོ་ངག་གི་ཉེས་པ་ཁོ་ནར་འདོད་ན། ངག་གི་སྒྲ་ཉིད་ལ་འདོད་དམ། ངག་གི་ལས་ལ་འདོད། དང་པོ་ལྟར་ན། ལྟུང་བའི་ངོ་བོ་བེམ་པོར་འདོད་པ་ནི་སློབ་དཔོན་དབྱིག་གཉེན་གྱིས་བཀའ་ཟིན་པ་དེ་ཉིད་དོ། །གཉིས་པ་ལྟར་ན། བསམ་པའི་ལས་ཞེས་བྱ་བ་དེ་ཡིན་པས་ངོ་བོ་སེམས་བྱུང་སེམས་པ་ལས་མ་འདས་ལ། དེ་ཡང་དུས་དེར་སྤུན་ལ་ཁྲོས་པའི་ཁྲོ་བ་དེ་དང་མཚུངས་ལྡན་དུ་བྱུང་བར་ཁས་ལེན་དགོས་པས། རྩ་ལྟུང་གསུམ་པའི་ངོ་བོ་ཁྲོས་པའི་སེམས་སུ་འདོད་པ་བཀག་པ་དེ་ཉིད་སླར་ཡང་འགོག་པ་དེ་ཉིད་ཀྱི་ལག་ཏུ་འོང་པ་མ་ཡིན་ནམ། གསུམ་པ་ནི། བྱ་སྤྱོད་ཀྱི་དབང་གིས་རྡོ་རྗེ་སྤུན་དུ་འཇོག་ནུས་པ། བྱ་སྤྱོད་གཉིས་སུ་སེམས་བསྐྱེད་ཀྱི་སྡོམ་པ་ལས་ལོགས་སུ་སྔགས་ཀྱི་སྡོམ་པ་ཐོབ་པ་དང་འཛིན་པ་གཉིས་ཀ་མེད་པར་འདོད་པ་དང༌། རྩ་ལྟུང་འདི་བསྐྱེད་པའི་རྟེན་དང་ཡུལ་གཉིས་ཀ་སྔགས་ཀྱི་སྡོམ་ལྡན་དུ་ཁས་ལེན་པ་རྣམས་ནི་ཕན་ཚུན་ནང་འགལ་བས་རང་གི་ཚིག་གནོད་བྱེད་དུ་སོང་བ་ཡིན་ཏེ། དམ་བཅའ་དེ་དང་དེའི་ལོག་ཕྱོགས་ཀྱི་དོན་ཡང་དམ་བཅས་པ་གང་ཞིག འདི་ནི་ཤིན་ལྐོག་ལ་སྤྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །ཡང་བླ་མ་མི་གཅིག་ན་སྐྱེ་གནས་མི་གཅིག་པས་སྤུན་གྱི་དོན་མེད་ཅེས་ཟེར་བ་དང༌། རིག་མ་མི་གཅིག་ཀྱང་བླ་མ་གཅིག་པ་ཙམ་གྱིས་སྤུན་དུ་འཇོག་ནུས་པར་འཆད་པ་དང༌། བྱ་སྤྱོད་ཀྱི་དབང་གི་སྤུན་གྱིས་ཀྱང་རྡོ་རྗེ་སྤུན་གྱི་གོ་ཆོད་པ་རྣམས་ཀྱང་ནང་འགལ་བ་ཡིན་པའི་ཚུལ་བཤད་དགོས་སོ། །གཉིས་པ་ལ་རྩ་ལྟུང་འདི་བསམ་པའི་སྒོ་ནས་བཞག་པ་ལ་གནོད་བྱེད་དུ་བརྗོད་པའི་ལུང་རིགས་གཉིས་ཀ་ལྟར་སྣང་དུ་བསྟན། ཁྲོ་བ་ངོས་མ་ཟིན་པའི་ཉེས་པ་མི་འཇུག་པར་བསྟན། མ་རངས་པ་ཁྲོ་བའི་ངོ་བོར་ཁས་ལེན་པ་ཕྱོགས་སྔའི་བཞེད་པ་མ་ཡིན་པར་བསྟན་པའོ། །དང་པོ་ལ། ལུང་གིས་མི་གནོད་པ་ནི་གོང་དུ་བཤད་ཟིན་པ་དེ་ཉིད་དེ། ཉེས་པ་བརྗོད་པ་ཡན་ལག་ཏུ་དགོས་པར་བཤད་པས་ལྟུང་བའི་ངོ་བོ་བརྗོད་པར་ཁས་ལེན་དགོས་ན། གཞི་བསམ་པ། སྦྱོར་བ་ཡན་ལག་ཏུ་ཚང་དགོས་པའི་ལྟུང་བ་རྣམས་ལ་གསུམ་པོ་དེ་ལྟུང་བའི་ངོ་བོ་ཉིད་དུ་ཐལ་བའི་ཕྱིར་དང༌། རྩ་ལྟུང་གསུམ་པོའི་ངོ་བོ་དང༌། ངག་གི་ཉེས་པའི་གཞི་མཐུན་ཡོད་པ་ཙམ་གྱིས་བསམ་པ་ཁོ་ན་ལྟུང་བར་སེམས་པ་ལ་གནོད་པ་མ་ཡིན་ཏེ། ངག་གི་ལས་ཡིན་ན་བསམ་པའི་ལས་ཡིན་དགོས་པའི་ཕྱིར་རོ། །ཡང་ཕྱོགས་སྔ་མའི་བཞེད་ལུགས་འདི་ལ། ཉེས་པ་བརྗོད་པས་ཁྲོས་པ་ནི། །ཞེས་འདོན་དགོས་པ་ཡང་ཡིན་ཏེ། ཁྲོས་པ་ཉེས་པ་བརྗོད་པའི་ཀུན་སློང་དུ་ཁས་ལེན་པའི་ཕྱིར་དང༌། ཉེས་པ་བརྗོད་པ་དང་ལྷན་ཅིག་པའི་ཁྲོ་བའི་ལས་དེ་ལྟུང་བའི་ངོ་བོར་ཞལ་གྱིས་བཞེས་པའི་ཕྱིར་རོ། །རིགས་པས་ཀྱང་མི་གནོད་པ་ནི། འདིར་ལྟུང་བའི་ངོ་བོ་བསམ་པའི་སྟེང་ནས་འཇོག་དགོས་ཏེ། ལྟུང་བ་ཡིན་ན་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར་དང༌། ཁྱེད་ཀྱིས་བསམ་པ་ཞེས་པའི་ཚིག་རང་འདོད་ཀྱི་ལན་དུ་མར་སྦྱར་བ་དེ་ཡིད་ཀྱི་ཤེས་པ་ལ་བློ་རྩེ་གཏད་འདུག་པའི་ཕྱིར། ཡང་སོ་ཐར་གྱི་རིགས་པ་དེ་ཡང་འཇུག་པ་མ་ཡིན་ཏེ། འཇུག་པ་འོ་ན་བྱང་སེམས་ཀྱི་ལྟུང་བའི་སྐབས་སུ་ཡིད་གཙོ་བོ་ཡིན་པས་བྱང་སེམས་ཀྱི་ལྟུང་བ་དེ་ཡང་བསམ་པའི་སྟེང་ནས་བཞག་དགོས་པས་ཁྱབ་པ་མ་ཡིན་པར་ཐལ། སོ་ཐར་གྱི་སྐབས་སུ་འདུ་ཤེས་གཙོ་བོར་གྱུར་པའི་ལྟུང་བ་རྣམས་ལ་ལྟུང་བའི་ངོ་བོ་འདུ་ཤེས་ཀྱི་སྒོ་ནས་འཇོག་པ་མ་ཡིན་པའི་ཕྱིར། དེས་ན་འདི་ལྟ་བུའི་མཚུངས་པས་ལན་དུ་མར་རྒོལ་བ་ནི། ཐེག་ཆེན་གྱི་སོ་ཐར་ཡིད་ཀྱི་ཉེས་སྤྱོད་ཟློག་པའི་ཆ་ནས་བཞག་པ་དང༌། ཉན་ཐོས་དང་ཐུན་མོང་གི་སོ་ཐར་ལུས་ངག་གི་སྤོང་བ་བདུན་གྱི་ཆ་ནས་གཞག་པའི་ཤན་མ་ཕྱེད་པའམ། ཕྱེད་ཀྱང་ཆེན་པོ་དག་གི་སྐྱོན་མ་ཡིན་པ་ལ་སྐྱོན་དུ་བརྗོད་པས་རང་ཉིད་སྐྱོན་དང་བཅས་པར་སླེབ་པའོ། །གཉིས་པ་ནི། དགྲར་འཛིན་པ་མེད་པའི་ཁྲོ་བ་ནི་ཤིན་ཏུ་མང་སྟེ། བྱང་ཆུབ་སེམས་དཔའ་ལ་སྲོག་གཅོད་ཀྱི་ཕམ་པ་གནང་བའི་སྐབས་དང༌། སློབ་དཔོན་གྱི་སློབ་མ་ཆད་པས་གཅོད་པ་དང༌། དགེ་འདུན་གྱི་བྱ་བར་འོས་པའི་ནན་ཏུར་གྱི་ལས་ལ་སོགས་པ་རྣམས་བཞིན་ནོ། །དེར་ཁྲོ་བ་མཚན་ཉིད་པ་མེད་དོ་ཞེ་ན། དེ་དག་ལ་རྒྱུའི་ཀུན་སློང་ཉོན་མོངས་ཅན་མེད་ཀྱང༌། དུས་ཀྱི་ཀུན་སློང་ཉོན་མོངས་ཅན་ཞིག་ངེས་པར་དགོས་ཏེ། ཉོན་མོངས་ཅན་གྱི་ལས་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱིས་སློབ་མའི་ཉེས་པ་འཆོས་པའི་ཕྱིར་དུ་འཆིང་བ་དང་རྡེག་པ་ལ་ནི། དུས་ཀྱི་ཀུན་སློང༌། ཇི་སྐད་དུ། ཁྲོ་བ་གང་ཞེ་ན། ཞེས་སོགས་ཀྱིས་བསྟན་པའི་ཁྲོ་བ་དེ་ཀུན་སློང་དུ་ཡོད་དགོས་ཏེ། མེད་ན་ལས་དེ་མཐར་མི་ཕྱིན་པའི་ཕྱིར། གཞན་ཡང་ཁྱེད་ཀྱི་ལུང་དེ་འདྲེན་པའི་བསམ་དོན་ལ་ལྟས་ན། མཚོན་ཆ་ལེན་པ་ཞེས་སོགས་ཀྱིས་ཁྲོ་བའི་མཚན་ཉིད་བསྟན་ནོ་བསམ་པ་དེ་ཡང་ནོར་བ་ཡིན་ཏེ། དེས་ནི་ཁྲོ་བའི་བྱེད་ལས་བསྟན་པ་ཡིན་གྱི། མཚན་ཉིད་བསྟན་པར་མི་འཆད་པའི་ཕྱིར་རོ། །གསུམ་པ་ནི། བློ་རིས་འདྲེས་སོ་ཞེས་པ་དེ་སུན་འབྱིན་དུ་འཇུག་པ་མ་ཡིན་ཏེ། རྗེ་བཙུན་གྱིས་ནི། མ་རངས་པས་ཁྲོ་བ་ཞེས་འབྱུང་ཁུངས་ཀྱི་ཚིག་སྨོས་པས་ཁྲོ་བའི་རྒྱུར་གསུངས་པ་ཡིན་གྱི། ངོ་བོར་མི་བཞེད་པའི་ཕྱིར། ཞིབ་མོ་དེ་ཙམ་དུ་འབྱེད་ན་རྒོལ་བ་ཉིད་སྐྱོན་དང་བཅས་པ་སྟེ། ཁྲོ་བ་ནི་བཏགས་ཡོད་ཡིན་པས་མ་དད་པ་དང་རྫས་ཐ་དད་དུ་འཇོག་པའི་གོ་སྐབས་མི་འབྱུང་བའི་ཕྱིར་རོ། །ཡང་རྩ་ལྟུང་འདིའི་ཡན་ལག་ཏུ་ཉེས་པ་བརྗོད་པ་ཡུལ་གྱིས་ཐོས་ནས་དོན་གོ་བར་དགོས་པ་ནི་སོ་ཐར་གྱི་རིགས་སྒྲེས་ཡིན་གྱི། འདིར་མི་འཐད་དོ། །ཞེས་ཟེར་བ་ཡང་ནོར་བ་ཡིན་ཏེ། ཉེས་པ་སྒྲགས་པ་ཡན་ལག་ཏུ་དགོས་ན། ཐོས་པ་མི་དགོས་པར་འགལ་བའི་ཕྱིར་དང༌། ཉེས་པ་བསྒྲགས་པ་ཡན་ལག་ཏུ་དགོས་པའི་ལུང་ཁྱེད་རང་གིས་ཀྱང་འབད་ནས། དྲངས་པའི་ཕྱིར་དང༌། ཁྲོ་བའི་ཡུལ་དེའམ། དེ་མ་ཡིན་པ་སུ་ཡང་རུང་བས་ཐོས་པ་ཞིག་དགོས་པ་ཡིན་ནོ་ཞེས་ཟེར་ན་ནི། སོ་ཐར་གྱི་རིགས་བསྒྲེ་ཡིན་གྱི་འཐད་པ་མ་ཡིན་ནོ། །ཞེས་པའི་རྩད་པ་མཚུངས་པའི་ཕྱིར། ཡང་རྒོལ་བ་རང་གི་ལུགས་འཇོག་པ་ན། ཁྲོས་པ་དང༌། ཉེས་པ་བརྗོད་པ་གང་རུང་གི་ཆོག་པར་འཆད་པ་ཡང༌། ལུང་དང་འགལ་བ་དང༌། རང་ཚིག་གིས་གེགས་བྱས་པ་དང༌། དངོས་པོའི་སྟོབས་ཀྱི་རིགས་པས་གནོད་པ་དང་གསུམ་དུ་འཇོག་གོ །དང་པོ་ནི། དམར་ནག་གི་རྒྱུད་གཉིས་དང༌། དཔལ་འཛིན་གྱི་དཀྱིལ་ཆོག་གཉིས་དང༌། རྩ་ལྟུང་གི་གཞུང་འདི་ཉིད་རྣམས་སུ། སྤུན་གྱི་ཉེས་པ་བསྒྲགས་པ་དང་བརྗོད་པ་དགོས་པར་བཤད་པ་རྣམས་དང་འགལ་བའི་ཕྱིར། དེ་དག་ནི་མཚོན་པ་ཙམ་ཡིན་གྱི། ངེས་པར་དགོས་པ་མ་ཡིན་ནོ་ཞེ་ན། གཉིས་པ་ནི། དེ་ལྟར་འདོད་པ་དེ་ལ་རང་གི་གེགས་བྱེད་པ་ཡིན་ཏེ། རྗེ་བཙུན་གྱིས་ལྟུང་བའི་ངོ་བོ་ཡིད་ཀྱི་ཉེས་པར་བཤད་པ་ལ་སྙེ་མ་མཁན་པོས་གནོད་བྱེད་ཀྱི་ལུང་དུ་དྲངས་པ་རྣམས་གནོད་པར་བྱེད་པ་ཁོ་ནའོ་ཞེས་ཁྱེད་ཀྱིས་ཀྱང་ཡི་གེར་བྲིས་པའི་ཕྱིར། གསུམ་པ་རིགས་པས་གནོད་པ་ནི། ཁྱེད་ཀྱི་འདོད་པ་དེ་ལྟ་ན། གཞུང་དུ། རྡོ་རྗེ་སྤུན་ལ་ཁྲོས་ནས་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན་ཞེས་འཆད་རིགས་པར་འགྱུར་བ་དང༌། ཁྲོ་བས་ཀུན་ནས་མ་བསླད་པར་ལྷག་པའི་བསམ་པས་སླང་བའི་ཉེས་པ་བརྗོད་པ་དག་ཀྱང་རྩ་བའི་ལྟུང་བ་གསུམ་པར་ཐལ་བའི་ཕྱིར། དེར་ཡང་འདོད་ནུས་པ་མ་ཡིན་ཏེ། རྡོ་རྗེ་སྙིང་པོ་རྒྱན་ལས། ཞེ་སྡང་གིས་ནི་མཆེད་སུན་འབྱིན། །ཞེས་དང༌། གུར་ལས། སྤུན་ལ་མི་སྡང་བ་ཉིད་དང༌། ཞེས་དང༌། དུས་ཀྱི་འཁོར་ལོ་ལས། སྤུན་ལ་ཁྲོས་པ་བསམ་པའོ། །ཞེས་ཁྲོ་བས་ཀུན་ནས་སློང་དགོས་པར་བཤད་པའི་ཕྱིར། ཡང་རྒོལ་བ་གཉིས་པས་འདི་ལྟར་ཡང་ཁས་བླངས་ཏེ། རྡོ་རྗེའི་སྤུན་ནི་གསུམ་སྟེ། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡིན་པས་རྡོ་རྗེའི་སྤུན་དང༌། དབང་བཞི་པོ་སློབ་དཔོན་གཅིག་དང་རིག་མ་གཅིག་ལས་ཐོབ་པས་ཁྱད་པར་གྱི་སྤུན་དང༌། བྱེ་བྲག་ཏུ་ཐོབ་པ་ནི་བྱེ་བྲག་གི་རྡོ་རྗེ་སྤུན་ནོ། །དེ་སྐད་དུ་ཡང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས། །བསྟན་དང་རྡོ་རྗེ་ཐེག་པ་ལ། །ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་སྤུན། །ཞེས་པའི་ལུང་རྩ་ལྟུང་འགྲེལ་ཆེན་དུ་དྲངས་པ་དེ་ཉིད་འཐད་པར་བཤད་ནས། དེ་ལྟ་བུའི་རྡོ་རྗེའི་སྤུན་གསུམ་པོ་གང་རུང་ལ་ཁྲོས་པ་ནི་རྩ་ལྟུང་གསུམ་པའོ། །ཞེས་འཆད་པ་དེ་ཡང་ཧ་ཅང་ཐལ་ཆེས་པ་ཡིན་ཏེ། རྩ་ལྟུང་གསུམ་པ་སྟོན་པའི་ལུང་ཐམས་ཅད་ལས་རྡོ་རྗེའི་སྤུན་ཞེས་པའི་ངེས་བཟུང་སྨོས་པ་དོན་མེད་དུ་ཐལ་བའི་ཕྱིར་དང༌། འདོད་པ་དེ་ལྟ་ན། གཞུང་དུ་སེམས་ཅན་གཞན་ལ་ཁྲོས་པ་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །ཞེས་འཆད་རིགས་པར་ཐལ་བའི་ཕྱིར། རྡོ་རྗེའི་སྤུན་དུ་འཇོག་པ་ལ་རྡོ་རྗེའི་ཐེག་པའི་ཆོས་ཀྱིས་བསྡུས་པ་མི་དགོས་ན། རྡོ་རྗེའི་སློབ་དཔོན་ལའང་དེ་མི་དགོས་པར་ཐལ་བའི་ཕྱིར་དང༌། མུ་སྟེགས་ཅན་གྱི་ཉེས་པ་བརྗོད་པའང་རྩ་ལྟུང་གསུམ་པར་ཐལ་བའི་ཕྱིར་དང༌། སེམས་པ་རྣམས་ལ་ཁྲོ་བ་རྐྱང་པ་ནི། བྱམས་པ་སྤོང་བ་དང༌། དོན་གཅིག་ལ་འདུ་བས་རྩ་ལྟུང་བཞི་པ་དང་བཟློས་པའི་ཕྱིར་རོ། །འདིར་སྨྲས་པ། ལྷ་མིན་ལས་ཀྱི་མཐུ་རྩལ་གྱིས། །ལྷུན་པོའི་སྤོ་ལ་འཛེགས་པ་ན། །འདོད་པའི་དབང་ཕྱུག་གནོན་འདོད་ཀྱང༌། །འཐབ་བྲལ་མཁའ་ལ་བགྲོད་མ་ནུས། །རྩ་ལྟུང་བཞི་པའི་སྐབས་སུ། སྔ་མ་ལྟར་གསུམ་ལས། དང་པོ་གཉིས་ཆབས་ཅིག་ཏུ་འཆད་པའི་ཚུལ་འདི་ལྟར། སྔགས་འདུལ་མཛད་པ་ན་རེ། འཁྲུལ་སྤོང་དུ། ལྟུང་བའི་ངོ་བོ་ནི་ཡུལ་སེམས་ཅན་གཅིག་ལ་ཡང་རུང་སྟེ། བདེ་བ་དང་བདེ་བའི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་བཏང་བ་མི་སྲིད་དེ། སྙིང་རྗེ་མེད་པ་དག་ཀྱང་རང་གི་བུ་བདེ་བར་འདོད་པ་བཞིན་ནོ། །དེས་ན་སེམས་ཅན་ཐམས་ཅད་བློས་ཡོངས་སུ་བཟུང་བའི་ཕྱིར་ཡུལ་གང་ཡང་རུང་བ་ཞིག་ལ་བྱམས་པའི་ངོ་བོ་བཏང་ན་ཡང་ལྟུང་བ་རྫོགས་པ་ཡིན་ནོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་གི་སྐབས་སུ། ཟང་ཟིང་མི་འཇིག་ཆོས་དང་བྱམས། །ཞེས་ཁས་བླངས་པ་དང་རྩ་ལྟུང་སྒྲགས་པའི་ཚེ་ཡང་བྱམས་པ་དོར་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་སྦྱིན་པ་བཞི་ལས་འདི་རྩ་བར་འགྱུར་གྱི་གཞན་གསུམ་མི་འགྱུར་བ་ཅི་སྙམ་ན། འདི་སྦྱིན་པ་རྣམས་ཀྱི་ནང་ནས་མཆོག་ཡིན་ཏེ། རང་བཞིན་གྱི་དགེ་བའོ། །གཞན་གསུམ་ནི་བྱམས་པ་དང་བྲལ་བའམ། དགེ་སེམས་གཞན་དང་བྲལ་ན། དགེ་བར་མི་འགྱུར་བའི་ཕྱིར་རོ། །བྱམས་པ་གཏོང་བའང་སེམས་ཅན་ཕལ་ཆེ་བ་ལ་བཏང་ན་ལྟུང་བ་ཆེ། གཉིས་སམ་གསུམ་ལ་འབྲིང༌། གཅིག་ལ་ཆུང་ངུའོ། །དེ་ལྟར་ན་གཅིག་གི་བཏང་བ་ཙམ་ལའང་རྩ་ལྟུང་འོང་ན། རྩ་ལྟུང་བཅུ་པ་དང་འགལ་བར་འགྱུར་བ་ལས། མངོན་སྤྱོད་ཀྱི་ལས་གསུངས་པ་ཇི་ལྟར་ཞེ་ན། བཞི་པ་འདི་ནི་བྱམས་པ་ཐམས་ཅད་དུ་བཏང་བ་ཡིན་ལ། བཅུ་པ་ནི་ཡུལ་དེ་ལ་ཕན་པའི་བསམ་པས་རེ་ཤིག་ཁྲོས་པ་ལྟར་ཀུན་དུ་སྟོན་པ་ཡིན་པས་སྐྱོན་མེད་དོ། །རྩ་བའི་ཚིག་དོན། སེམས་ཅན་རྣམས་ཞེས་པ་ནི་ཁམས་གསུམ་གྱིས་བསྡུས་པ་ཐམས་ཅད་དོ། །དེ་ལས་གཅིག་ལ་བཏང་ན་ཡང་བྱམས་པ་སྤོང་བའོ། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་པ་ལ། བཞི་པ་ཞེས་པ་གསུམ་པ་ལས་ལྟུང་བ་ཡང་བར་སྟོན་པའམ། །རྡོ་རྗེའི་སྤུན་ལའང་བྱམས་པའི་སེམས་ཀྱིས་བསྲུང་བས་ན་བཞི་པར་བསྟན་པའོ། །རྒྱལ་བས་གསུངས་ཞེས་པ་རྡོ་རྗེ་འཆང་གིས་ཏེ། སྤྲུལ་པའི་སྐུས་ཤུགས་ལ་གསུངས་ཀྱང་དངོས་སུ་རྩ་བའི་ལྟུང་བར་བཤད་པ་མ་ཡིན། ཤུགས་ལ་ཇི་ལྟར་གསུངས་ཤེ་ན། ཕམ་པ་དང་འདྲ་བ་གཉིས་པ་དང་གསུམ་པའི་སྐབས་སུ། སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་གཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པའོ། །ཞེས་གསུངས་པའོ། །ཞེས་འབྱུང་ངོ༌། །གཉིས་པ་རྒོལ་བ་ནི། བཞི་པ་ཞེས་པས་གསུམ་པ་ལས་ཡང་བར་སྟོན་ཞེས་པ་མ་ངེས་ཏེ། དེ་ལྟར་ན་ལྔ་པ་ཞེས་པས་བཞི་པ་ལས་ཡང་བར་འགྱུར་བས། བྱང་སེམས་བཏང་བ་བྱམས་པ་བཏང་བ་ལས་ཡང་བར་ཁས་ལེན་དགོས་པས། ཡང་ན་བཞི་པ་འདིས་སྤུན་ལ་བསྲུང་བར་བསྟན་ཞེས་པའང་བསྟན་མི་དགོས་ཏེ། སྤུན་བདེ་བ་ཐམས་ཅད་དང་བྲལ་ན་སྙམ་པ་ལྟུང་བ་གསུམ་པ་ཁོ་ནར་འདུས་པའི་ཕྱིར་རོ། །རྩ་ལྟུང་འདི་སྤྲུལ་སྐུས་གསལ་བར་མ་གསུངས་པ་གཞི་མ་གྲུབ་སྟེ། དང་པོའི་སངས་རྒྱས་སུ་ཤཱཀྱ་ཐུབ་པས་བྱམས་པ་བཏང་བ་བཞི་པའོ། །ཞེས་གསུངས་པའི་ཕྱིར། སྡུག་བསྔལ་མགོན་མེད་ཅེས་སོགས་ཀྱིས་བཞི་པ་འདི་རྩ་ལྟུང་ཡིན་པ་ཤུགས་ལ་གསུངས་ཞེས་པའང་དཔྱད་དགོས་ཏེ། ཚིག་འདིས་བཞི་པ་འདི་སྔགས་ཀྱི་རྩ་ལྟུང་ཡིན་པ་ཤུགས་ལའམ། བྱང་སེམས་ཀྱི་རྩ་ལྟུང་ཡིན་པ་ཤུགས་ལ་གསུངས་ཞེས་བརྟགས་ན། དེ་གཉིས་གང་ལྟར་ཡང་དཀའ་བའི་གནས་སུ་ལྟུང་སྟེ། དང་པོ་མ་གྲུབ་ཅིང༌། ཕྱི་མ་དངོས་བསྟན་ཉིད་ཡིན་པའི་ཕྱིར། གཞན་ཡང་འདིའི་བྱམས་པ་དེ་ཚད་མེད་བཞིའི་ནང་ཚན་གྱི་བྱམས་པ་དེའམ། དེ་ལས་གཞན་ཞིག་ཡིན། དང་པོ་ལྟར་ན། སེམས་ཅན་གཅིག་ལ་ཡང་དམིགས་ནས་འདི་ནམ་དུ་ཡང་བདེ་བ་དང་ཕྲད་པར་མ་གྱུར་ཅིག་སྙམ་པའི་རྣམ་པ་ཅན་གྱི་སེམས་ངན་གྱི་དངོས་གཉེན་གྱི་བྱམས་པ་འདི་བྱམས་པ་ཚད་མེད་དུ་དགོངས་པ་ནི་ངོ་མཚར་གྱི་གནས་ཏེ། ཚད་མེད་འདི་ནི་དམིགས་པ་ཚད་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལས་གཞན་ཞིག་ཡིན་ན་ནི། བདེ་བ་དང་ཕྲད་པའི་རྣམ་པ་ཅན་བཞིར་འཇོག་པ་གང་ལས་ཤེས། དེ་ལྟར་ན་ཚད་མེད་དང་པོ་ལ་དགོངས་ནས་བཤད་པ་མཛད་པ་ལ་ནི་ལུང་དང་རིགས་པ་གང་ཡང་ཡོད་པ་མ་ཡིན་ནོ། །དེས་ན་འདི་ནི་སེམས་ཅན་གྱི་ཕན་བདེ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ལ་མ་བརྟགས་པའི་བཏང་སྙོམས་ཀྱིས་ཡལ་བར་འདོར་བ་མི་མངའ་བ་སྟེ། ཇི་སྐད་དུ། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཞེས་གསུངས་པ་ལྟར། དོན་སྙིང་རྗེ་དང་བཏང་སྙོམས་ཆེན་པོ་ལ་བྱམས་པའི་མིང་གིས་བཏགས་པ་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་ལ་གཉིས་ཏེ། ཕྱོགས་སྔ་མ་སུན་འབྱིན་ལུགས་མི་འཐད་པ་དང༌། ཕྱོགས་ཕྱི་མ་འཇོག་ལུགས་མི་འཐད་པའོ། །དང་པོ་ལ་བཞི་སྟེ། སུན་འབྱིན་པ་དང་པོའི་ཐལ་འགྱུར་བསལ་བ་མེད་པས་འདོད་ལན་ཐེབས་པ་དང༌། སུམ་འབྱིན་གཉིས་པ་ཕྱོགས་སྔ་མ་ལ་མི་འཇུག་ཅིང་ཕྱི་མ་ཉིད་ལ་མཚུངས་པར་བསྟན་པ། སུན་འབྱིན་གསུམ་པ་ལ་ཁྱབ་པ་མ་ངེས་པ། སུན་འབྱིན་བཞི་པ་ལ་སྙིང་པོ་མ་མཆིས་པར་བསྟན་པ་རྣམས་སོ། །དང་པོ་ནི། རྩ་ལྟུང་བཞི་པ་ལས་ལྔ་པ་ཡང་བར་འགྱུར་ཏེ། བཞི་པ་ཞེས་པས་གསུམ་པ་ལས་ཡང་བར་བསྟན་པའི་ཕྱིར། ཞེས་པ་ནི་ལྟག་ཆོད་འབའ་ཞིག་ཡིན་ཏེ། ཕྱོགས་སྔ་མས་ཁས་བླངས་ཟིན་པ་ཞིག་ཐལ་བར་འཕངས་པའི་ཕྱིར་དང༌། ཐལ་ཆོས་ལ་ཚད་མའི་བསལ་པ་སྟོན་རྒྱུ་མེད་པའི་ཕྱིར་དང༌། ཕྱིར་རྒོལ་ཉིད་ལ་ཕར་ཟློག་ན་ལན་མེད་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ལྔ་པ་ཡིན་ཞེས་པས་བཞི་པ་ལས་ཡང་བར་འཁྲུལ་སྤོང་ཉིད་དུ་བཤད་ཟིན་པའི་ཕྱིར་དང༌། སྤྱིར་བྱམས་པ་དང་སྨོན་སེམས་གཉིས་ཕྱི་མ་བཟང་བ་ཡིན་ཀྱང༌། སྨོན་སེམས་རྒྱུད་ལྡན་གྱིས་དེས་གཏང་བ་ལས་བྱམས་པ་བཏང་བ་ལྕི་བ་ཡིན་ཏེ། སེམས་བསྐྱེད་ཀྱི་ངོ་བོ་བཏང་བ་ལས་དེའི་རྩ་བ་བཏང་བ་ཉེས་པ་ཤིན་ཏུ་ལྕི་བ་ཐེག་པ་ཆེན་པོ་པ་མཐའ་དག་གིས་གོ་བའི་ཕྱིར་དང༌། ཁྱེད་རང་ལྟར་ན་ཡང་རྩ་ལྟུང་བཞི་པ་ལས་ལྔ་པ་ཡང་བར་ཐལ། གསུམ་པ་ལས་བཞི་པ་ཡང་བའི་ཕྱིར། རྟགས་ཁས་ཀྱང་བླངས་ཏེ། གཞན་ལས་ཁྲོས་ནས་གནོད་པ་བྱེད་པ་དང༌། གཞན་གྱི་སྡུག་བསྔལ་མི་སེལ་བ་གཉིས་སྔ་མ་ལྕི་བའི་ཕྱིར། གཉིས་པ་ནི། འོ་ན་ཁྱེད་ལ་ཡང་སེམས་ཅན་ལ་བྱམས་པ་སྤང་བ་རྩ་ལྟུང་བཞི་པར་བསྟན་མི་དགོས་ཏེ། དེ་སྤོང་བ་རྩ་ལྟུང་གསུམ་པའི་ནང་དུ་འདུས་པའི་ཕྱིར། རྟགས་ཁས་བླངས་ཏེ། རྡོ་རྗེ་སྤུན་ལ་བྱམས་པ་སྤོང་བ་དེ་དེར་འདུས་པར་ཁས་བླངས་པ་གང་ཞིག སེམས་ཅན་ཐམས་ཅད་རྡོ་རྗེའི་སྤུན་དུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། རྗེ་བཙུན་གྱི་དགོངས་པ་ནི་འདི་ཡིན་ཏེ། སྤུན་ལ་ཁྲོས་པ་རྩ་ལྟུང་གཉིས་པར་བཤད་ན། འོ་ན་དེ་ལ་མ་ཁྲོས་པ་ཙམ་གྱིས་རྡོ་རྗེའི་སྤུན་དེ་དང་འགལ་བའི་རྣམ་པ་ཅན་གྱི་རྩ་ལྟུང་ཁེགས་སམ་སྙམ་པ་ལ། དེ་ལ་མ་ཁྲོས་ཀྱང་དེ་ལ་བྱམས་པ་མེད་ན་རྩ་ལྟུང་གསུམ་པར་འགྱུར་རོ། །ཞེས་སྟོན་པའོ། །གསུམ་པ་ལ་གཉིས་ཏེ། རྒོལ་བའི་སྒྲུབ་བྱེད་འཁྲུལ་བ་དང༌། ཕྱོགས་སྔ་མའི་བསྒྲུབ་བྱ་ལ་སྐྱོན་མེད་པའོ། །དང་པོ་ནི། ཤཱཀྱ་ཐུབ་པས་གསུངས་པ་ལ་སྤྲུལ་སྐུས་གསུངས་པའི་ཁྱབ་པ་མ་ངེས་ཏེ། ཤཱཀྱ་ཐུབ་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་འཁོར་ལོ་སྒྱུར་བའི་རྣམ་པར་བསྟན་པ་དེའི་ཚེ་ལོངས་སྤྱོད་རྫོགས་པར་ཁས་ལེན་དགོས་པའི་ཕྱིར་དང༌། ཤཱཀྱ་ཐུབ་པའི་ལོངས་སྐུ་རྣམ་སྣང་གི་རྣམ་པར་བསྟན་པ་དེ་ལ། ཤཱཀྱ་ཐུབ་པ་དང་ཤཱཀྱ་སེང་གེ་ལ་སོགས་པའི་མིང་གིས་བསྟན་པ་ཡང་དེ་ཉིད་བསྡུས་པ་དང་སྦྱོང་རྒྱུད་ཕྱི་མའི་མཚན་བརྒྱ་སོགས་དུ་མ་དམིགས་པའི་ཕྱིར། གཉིས་པ་ནི། ཕྱོགས་སྔ་མས་རྡོ་རྗེ་འཆང་དང་སྤྲུལ་པའི་སྐུ་སོ་སོར་ཕྱེ་བའི་དགོངས་དོན་ནི། རང་རེའི་སྟོན་པ་ལྟ་བུ་གཅིག་ཉིད་གསང་ཆེན་གྱི་སྣོད་དུ་གྱུར་པའི་གདུལ་བྱ་ལ་དེའི་ཆོས་སྟོན་པ་བཟུང་འཇུག་གི་སྐུར་བསྟན་པ་དེ་དང༌། དེའི་སྣོད་དུ་མ་གྱུར་པའི་ཉན་རང་སོ་སྐྱེ་ལས་དག་པ་ལ་མཆོག་གི་སྤྲུལ་པའི་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་དུ་བསྟན་པ་གཉིས་པོ་ལ་སོ་སོར་ཕྱེ་ནས་བཤད་པ་ཡིན་ལ། དེའི་ཚེ་ན་དབང་བསྐུར་བ་དང་དམ་ཚིག་དང་སྡོམ་པ་འཆད་པ་པོ་ནི་སྔ་མ་ཉིད་ཡིན་པའི་ཕྱིར། ཞེས་པའོ། །དངོས་ཤུགས་ཀྱི་སྒོ་ནས་བརྟགས་པའི་སུན་འབྱིན་དེ་ཡང་འཇུག་པ་མ་ཡིན་ཏེ། སྡུག་བསྔལ་མགོན་མེད་གྱུར་པ་ལ། །ཞེས་སོགས་ཀྱི་གཞུང་དེས་ཁོ་རང་གི་དངོས་བསྟན་དེ་ཉིད་ཤུགས་ལ་བསྟན་ཞེས་ཟེར་བའི་དཔྱོད་ལྡན་སུ་ཞིག་འོང༌། མགོན་མེད་ལ་སེར་སྣས་ཆོས་ནོར་མི་སྟེར་བ་སོགས་བྱང་སེམས་ཀྱི་རྩ་ལྟུང་དུ་བསྟན་པའི་ཤུགས་ལ་སེམས་ཅན་ལ་བྱམས་པ་སྤོང་བ་ཡང་བྱང་སེམས་ཀྱི་རྩ་བའི་ལྟུང་བར་བསྟན་ཞེས་དགོངས་པ་ཡིན་ཏེ། སེམས་ཅན་ཆོས་ནོར་གྱི་བདེ་བ་ལ་མི་འགོད་པ་དང་བྱམས་པ་སྤོང་བ་དོན་གཅིག་ལ་འདུ་བའི་ཕྱིར། དེས་ན་རྗེ་བཙུན་འདིའི་དགོངས་པས་རྡོ་རྗེ་ཐེག་པའི་རྩ་ལྟུང་བཅུ་བཞི་པོ་འདིའི་ནང་ནས་ཆ་ཤས་འགའ་ཞིག་མ་གཏོགས། ཕལ་ཆེར་ཕར་ཕྱིན་ཐེག་པའི་བྱང་སེམས་ཀྱི་རྩ་ལྟུང་དུ་ཡང་འགྱུར་བ་ཕར་ཕྱིན་ཐེག་པའི་སྡེ་སྣོད་ཉིད་ཀྱི་ཤུགས་བསྟན་ལ་ཡོད་པས་ཐེག་པ་ཆེན་པོའི་ཚུལ་གཉིས་ཀྱི་སྡོམ་པའི་རྩ་ལྟུང་ལ་མང་ཉུང་གི་ཁྱད་པར་ཧ་ཅང་ཆེ་བ་ཡིན་ནོ་ཞེས་པ་འདི་བཞེད་པ་ཡིན་ལ། དེའི་ཚེ་ཕར་ཕྱིན་ཐེག་པ་ནས་ཕར་ཕྱིན་ཐེག་པའི་རྩ་ལྟུང་དེ་རྡོ་རྗེ་ཐེག་པའི་རྩ་ལྟུང་དུ་བསྟན་པའི་གོ་སྐབས་ག་ལ་ཡོད། བཞི་པ་ནི། སེམས་ཅན་གཅིག་བདེ་བ་དང་ཕྲད་པར་མ་གྱུར་ཅིག་སྙམ་པའི་རྣམ་པ་ཅན་གྱི་སེམས་ངན་དེའི་དངོས་གཉེན་གྱི་བྱམས་པ་དེ་བྱམས་པ་ཚད་མེད་དུ་འཇོག་པ་ངོ་མཚར་གྱི་གནས་མ་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་གྱུར་པའི་རྣམ་པ་ཅན་གྱི་བྱམས་པ་དེ་སེམས་ངན་དེའི་དངོས་གཉེན་དུ་གྱུར་པའི་བྱམས་པ་དེ་ཡིན་པའི་ཕྱིར་རོ། །བྱམས་པ་ཚད་མེད་ཀྱི་འགལ་ཟླ་ནི། སེམས་ཅན་ཉི་ཚེ་བ་བདེ་བ་དང་ཕྲད་པར་མི་འདོད་པའི་རྣམ་པ་ཅན་ཞིག་ཡིན་གྱི་སེམས་ཅན་ཐམས་ཅད་བདེ་བ་དང་མི་ཕྲད་པར་འདོད་པའི་རྣམ་པ་ཅན་དེ་འདྲ་མི་སྲིད་པའི་ཕྱིར། འདིའི་བྱམས་པ་དེ་ཚད་མེད་བཞིའི་དང་པོ་དེ་ཉིད་དུ་ངོས་འཛིན་པ་ལ་ལུང་རིགས་གང་ཡང་མེད་པ་མ་ཡིན་ཏེ། ལུང་ནི། སེམས་ཅན་རྣམས་ལ་བྱམས་པ། ཞེས་པ་དེས་མཆོག་པ་མེད་ལ། རིགས་པ་ནི། སེམས་ཅན་རྣམས་ལ་བྱམས་པ་དེ་ཡིན་ན་སེམས་ཅན་མཐའ་དག་གི་བདེ་བ་དང་ཕྲད་འདོད་ཀྱི་རྣམ་པ་ཅན་ཡིན་དགོས་ལ། དེ་ཙམ་གྱིས་ཚད་མེད་དང་པོ་དེར་འགྱུར་བར་ཕྱོགས་ཕྱི་མས་ཀྱང་ཞལ་གྱིས་བཞེས་པའི་ཕྱིར། གཉིས་པ་ནི། འདིའི་བྱམས་པ་དེ་ཚད་མེད་བཞིའི་དང་པོ་ལ་ངོས་མི་འཛིན་པ་ནི། བྱམས་པ་ལས་སྙིང་རྗེ་བཟང་བ་ཡིན་ལ། སྙིང་རྗེ་བཏང་བ་རྩ་ལྟུང་དུ་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་སྙམ་པའི་དོགས་པས་ཀུན་ནས་བསླང་བ་ཡིན་མོད། སྔགས་ཀྱི་སྡོམ་ལྡན་གྱིས་བྱམས་པ་བཏང་བ་དང་སྙིང་རྗེ་བཏང་བ་གཉིས་སྔ་མ་ཆེས་ལྕི་བ་ཡིན་ཏེ། བྱམས་པ་བཏང་ན་སྙིང་རྗེ་བཞུགས་པའི་གནས་མེད་པའི་ཕྱིར་དང༌། སྙིང་རྗེ་བཏང་ཡང་བྱམས་པ་མ་བཏང་བ་དམིགས་པའི་ཕྱིར་དང༌། བྱམས་པ་མ་བཏང་ན་སྙིང་རྗེ་བཏང་ཡང་སྐྱེ་སླ་བའི་ཕྱིར་དང༌། བྱམས་པ་བཏང་ན་ཅིག་ཤོས་སྐྱེ་དཀའ་བའི་ཕྱིར། རྩ་བ་བཅད་པའི་ཡལ་ག་བཞིན་ནོ། །ཡང་བྱམས་པའི་ངོས་འཛིན། ཕྱོགས་ཕྱི་མས་ནི་ཚད་མེད་བཞིའི་ཕྱི་མ་ལ་ངོས་འཛིན་པར་ཁས་བླངས་པ་ཡིན་ཏེ། སེམས་ཅན་རྣམས་ལ་ཉེ་རིང་མེད་པའི་རྣམ་པ་ཅན་གྱི་བཏང་སྙོམས་ཆེན་པོ་ཞིག་ཡིན་ཞེས་ཚིག་ཟིན་ལ་བྲིས་ཡོད་པའི་ཕྱིར། དེ་ལྟ་ན་འདིའི་བྱམས་པའི་ངོས་འཛིན་ཚད་མེད་པའི་དང་པོ་ལ་དངོས་སུ་བཤད་པ་དེ་བོར་ནས། མ་བཤད་པའི་ཚད་མེད་བཞི་པ་ལ་ངོས་འཛིན་པ་ལ་ནི། དེ་བས་ཀྱང་ལུང་དང་རིགས་པ་གང་ཡང་ཡོད་པ་མ་ཡིན་ནོ། །སྨྲས་པ། སྟོབས་ལྡན་ས་ཆེན་གྱིས་ཕྱུག་པའི། །དྲེགས་པས་ཁྱབ་འཇུག་བརྙས་པ་ན། །དེ་ཡི་འཕྲུལ་གྱིས་ལྷ་མིན་གྱིས། །ས་ཆེན་མ་ལུས་སྟོངས་མིན་ནམ། །རྩ་ལྟུང་ལྔ་པའི་སྐབས་སུ། ཕྱོགས་སྔ་མ་ཁས་ལེན་པའི་ཚུལ་གྱིས་བཞག་པ་དང༌། ཕྱོགས་ཕྱི་མས་སུན་འབྱིན་པའི་ཚུལ་གྱིས་རྒོལ་བ་དང༌། རྒོལ་བ་དེའི་ཚེར་མ་ཕྱུང་བའི་སྒོ་ནས་ཕྱོགས་སྔའི་འདོད་པ་སྒྲུབ་པའོ། །དང་པ་ནི། འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་འདི་ལ་ཁ་ཅིག་སྨོན་པའི་སྟེང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཡིན་ནོ་ཞེས་ཟེར་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བདག་མེད་པ་སྤངས་པ་ཡིན་ནོ་ཞེས་སྨྲ་བ་དང༌། ཡང་ཀུན་རྫོབ་ཀུནྡ་ལྟ་བུའི་བྱང་སེམས་སྤངས་པ་ཡང་ཡིན་ནོ་ཞེས་ཟེར་བ་དག་ཡོད་དེ། དེ་དག་དེ་ལྟར་མ་ཡིན་པ་ནི་དང་པོའི་དབང་དུ་བྱས་ཏེ་སྨྲས་པ་དེ་ལྟ་ན། གོང་འོག་ཐམས་ཅད་བྱང་ཆུབ་སེམས་དཔའི་འཇུག་པ་ཡིན་པའི་ཕྱིར་ལྔ་པའི་ཁོངས་སུ་ཐམས་ཅད་འདུ་བའི་ཉེས་པ་ཡོད་དོ། །དེ་ཡང་འདོད་ན་གོང་འོག་ཏུ་སྨྲོས་པ་རྣམས་དོན་མེད་པར་འགྱུར་རོ། །བདག་མེད་པའི་དོན་དམ་བྱང་སེམས་འདིའི་བྱང་སེམས་སུ་སྨྲ་བ་དེ་ཡང་མ་ཡིན་ཏེ། དེ་དག་ནི་ལྟུང་བ་དགུ་པ་དང་བཅུ་གཅིག་པར་བསྟན་པའི་ཕྱིར་རོ། །ཀུན་རྫོབ་ཀུནྡ་ལྟ་བུ་སྤོང་བ་ལ་འཆད་པ་དེ་ཡང་མ་ཡིན་ཏེ། ཡིན་ན་ཁྱིམ་པའི་རྡོ་རྗེ་འཛིན་པ་མེད་པར་འགྱུར་བའི་ཕྱིར་རོ། །ཡང་ཀུནྡ་སྤངས་པ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བསྲུང་བྱའི་དམ་ཚིག་ཡིན་པའི་ཕྱིར་ཡང་འདིར་སྨོས་པ་ལ་དོན་མེད་དོ། །དེས་ན་འདིར་བྱང་སེམས་སྤངས་པ་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློ་ཅན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་པའི་བདག་ཉིད་ཅན་འདོར་བ་ལ་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། སྔགས་འདུལ་མཛད་པ་ན་རེ། རེ་ཞིག་གནོད་པ་དང་པོ་འདི་ལ་གཞན་གྱིས་གོང་འོག་ཐམས་ཅད་བྱང་སེམས་ཀྱི་འཇུག་པར་འདུས་ན་གོང་འོག་སོ་སོར་སྨོས་པ་དོན་མེད་དུ་འགྱུར་ཞེས་མཚུངས་པ་སྒྲེས་ན་ལན་ཅི། མི་འགྱུར་ཏེ། རྒྱས་བསྡུས་ཡིན་པའི་ཕྱིར་ཞེ་ན། གཞན་གྱིས་ཀྱང་ལྔ་པ་དང་རྒྱས་བསྡུས་སོ་ཞེས་སྨྲ་ཤེས་པ་སུ་ཡི་ཟློག ཡང་དགུ་པ་བདག་མེད་ཀྱི་དོན་དམ་བྱང་སེམས་སྤོང་བ་ཡིན་ནམ་མིན། མིན་ན་དངོས་སུ་འགལ། ཡིན་ཞེ་ན། མ་ཡིན་ཏེ། བཅུ་གཅིག་པར་བསྟན་པའི་ཕྱིར་ཞེས་པ་ལན་གང་ཡིན། བསྟན་ཀྱང་ནང་གསེས་ཀྱི་མི་འདྲ་བ་ཡོད་པས་མི་ཟློས་སོ་ཞེ་ན། གཞན་གྱིས་ཀྱང་ལྔ་པ་དང་ནང་མི་འདྲའོ། །ཞེས་སྨྲར་ཡོད་ན་ཅི་ཞིག་བརྗོད་པར་བྱ། ཀུནྡ་ལྟ་བུ་ལ་འཆད་ན་ཁྱིམ་པའི་རྡོ་རྗེ་འཛིན་པ་མེད་པར་འགྱུར་ན། དུས་ཀྱི་འཁོར་ལོར་ཡང་མེད་པར་འགྱུར་ལ། འདོད་ན་དུས་འཁོར་ཉིད་དང་འགལ་བས་དུས་འཁོར་བཀག་པའམ་རང་གི་རིགས་པ་འདོར་དགོས་པ་གང་རུང་ལས་མི་འདའ་བའི་ཉེས་པར་འགྱུར་ལ། ཤེས་རབ་ཡེ་ཤེས་ཀྱི་ཡིན་པས་འདིར་སྨོས་མི་རིགས་ཞེས་པའང་རྩ་ལྟུང་བཅུ་བཞི་པས་མ་ངེས་སོ། །དེ་ལྟར་གནོད་བྱེད་རྣམས་མི་འཇུག་ཀྱང༌། འདིར་གཞུང་དཀྱུས་མའི་བཤད་ཚུལ་ནི་སྨོན་སེམས་སྤངས་པ་རྩ་ལྟུང་དུ་འཆད་པ་ཉིད་ལེགས་ཏེ། ཞེས་འཆད་དོ། །གསུམ་པ་ལ་གསུམ་སྟེ། སུན་འབྱིན་དང་པོ་ཕྱོགས་སྔའི་ཁས་བླངས་དང་མ་འབྲེལ་བར་བསྟན། སུན་འབྱིན་པའི་ཉེས་པ་དེ་ཕྱིར་རྒོལ་ལ་མི་འཇུག་པར་བསྟན། སུན་འབྱིན་གསུམ་པ་མི་འཇུག་པའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་སྐད་ཅེས་སྨྲ་བ་ནི་རིགས་པའི་རྣམ་གཞག་ལ་བྱང་བའི་གཏམ་མ་ཡིན་ཏེ། ཕྱོགས་སྔ་མས་གཞན་གྱི་འདོད་པ་བཀག་ཟིན་པའི་འོག་ཏུ། རྩ་ལྟུང་བཅུ་པའི་ནང་ན་འཇུག་པ་བྱང་སེམས་སྤོང་བ་ཞེས་བྱ་བའི་རྩ་ལྟུང་ཞིག་ཡོད་པར་ཁས་བླངས་ན་མཚུངས་པ་དེ་ལྟར་འཇུག་ཀྱང༌། དེ་ལྟར་ནི་ཞལ་གྱིས་མ་བཞེས་པའི་ཕྱིར། དེ་ཡང་འདི་ལྟར་རྗེ་བཙུན་གྱིས་གཞན་ལ་འཕངས་པའི་སུན་འབྱིན་ནི། རྩ་ལྟུང་ལྔ་པའི་ངོ་བོ་འཇོག་པ་བྱང་སེམས་སྤོང་བ་ལ་འཆད་དོ་ཞེས་ཁས་ལེན་པ་ལ། འོ་ན་རྩ་ལྟུང་བཅུ་གསུམ་པོའི་ངོས་འཛིན་སོ་སོར་འཆད་པའི་གཞུང་རྣམས་དོན་མེད་པར་ཐལ། བཅུ་གསུམ་པོ་ཐམས་ཅད་རྩ་ལྟུང་ལྔ་པའི་ནང་དུ་འདུས་པའི་ཕྱིར། ཞེས་པ་འདི་ལ་གཞན་གྱི་མཚུངས་པ་ཇི་ལྟར་སྒྲེ། སུན་འབྱིན་འདི་ལ་མ་ངེས་པ་འཇུག་པར་ཁྱེད་ཀྱིས་ཁས་བླངས་ན། ཁྱེད་འགལ་བ་ལྟག་སྤྲོས་ཞེས་བྱ་བའི་སུན་འབྱིན་དེའི་སྒྲོག་ཏུ་འཆིང་བར་འགྱུར་རོ། །དེར་ཡང་མ་ཟད་རྩ་ལྟུང་བཅུ་བཞི་པོ་སྟོན་བྱེད་ཀྱི་གཞུང་གི་དོན་ཟློས་པའང་མ་ཡིན་པ་ཤ་སྟག་ཏུ་ཁྱེད་རང་གིས་འཆད་པ་འགལ་བ་ཡིན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། ཉེས་པ་དེ་ཕྱིར་རྒོལ་ཉིད་ལ་འཇུག་པ་ཡིན་ཏེ། འོ་ན་དོན་དམ་བྱང་སེམས་སྤོང་བའི་རྩ་ལྟུང་བཅུ་གཅིག་པ་སྟོན་པའི་གཞུང་གིས་བསྟན་པ་མ་ཡིན་པར་ཐལ། དགུ་པ་སྟོན་པའི་གཞུང་གིས་བསྟན་ཟིན་པའི་ཕྱིར། རྟགས་ཆོས་གཉིས་ཀ་ནི་ཁྱེད་རང་གི་གྲུབ་པའི་མཐའ་ལ་ཁས་བླངས་ཤིང༌། ཁྱབ་པ་ཚད་མས་གྲུབ་བོ། །ཡང་ཁྱེད་ཀྱིས་དགུ་པར་བསྟན་པ་མ་ཡིན་ཏེ། བཅུ་གཅིག་པར་བསྟན་པའི་ཕྱིར། ཞེས་པ་ལ་ཕྱོགས་སྔ་མས་རྟགས་མ་གྲུབ་ཀྱི་ལན་ཐེབས་པར་མ་ཟད། ཁྱབ་པ་ཚད་མས་གྲུབ་པའམ། ཁས་ལེན་ལ་སོང་བ་ཡིན། དང་པོ་ལྟར་ན་དེ་ཉིད་ཕྱིར་ཟློག་པས་འཁོར་གསུམ་དངོས་འགལ་ཞེས་གྲགས་པ་དེར་སོང་བས་ལན་མེད་ལ། གཉིས་པ་ལྟར། རྩ་ལྟུང་དགུ་པ་དང༌། བཅུ་གཅིག་པ་དོན་གཅིག་པར་ཁས་བླངས་པས་བཅུ་ཇི་ལྟར་བགྲང༌། ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དོ་ཞེ་ན་ཡང༌། ཁྱབ་ཆེ་བ་དེའི་ནང་དུ་ཡང་ཆུང་བ་འདུས་པའི་ཕྱིར་ན་ཡང་བཅུ་བཞི་ཇི་ལྟར་བགྲང༌། རྩ་བའི་རྟགས་མ་གྲུབ་པའི་ཤེས་བྱེད་ཀྱང༌། འཁྲུལ་སྤོང་ལས་ནི། བདག་མེད་པའི་དོན་དམ་བྱང་སེམས་དེ་རྩ་ལྟུང་དགུ་པ་དང་བཅུ་པའི་སྐབས་སུ་བསྟན་ཞེས་གསུངས་ཀྱི། དེ་སྤངས་པ་རྩ་ལྟུང་ཡིན་པར་དགུ་པ་དང་བཅུ་གཅིག་པར་བསྟན་ཞེས་མ་གསུངས་ཤིང༌། གསུང་བའི་སྐབས་ཀྱང་མེད་པའི་ཕྱིར་རོ། །གཉིས་པ་ནི། སུན་འབྱིན་གཉིས་པ་དེ། ཕྱོགས་སྔ་མ་ལ་འཇུག་པ་མ་ཡིན་ཏེ། རྗེ་བཙུན་གྱིས་ནི་རྩ་ལྟུང་དགུ་པ་དང་བཅུ་གཅིག་པ་འཆད་པའི་དོན་ནང་གསེས་མི་འདྲ་བ་ཙམ་དུ་མ་ཟད་སྤྱི་ཁྱབ་ནས་འདྲ་བར་མི་བཞེད་པའི་ཕྱིར། ཇི་ལྟར་ཞེ་ན། དགུ་པའི་གཞུང་གིས་ནི་དོན་དམ་བྱང་སེམས་ཀྱི་མིང་ཅན་སྟོང་པ་ཉིད་དེ་མི་འཐད་དོ་ཞེས་སྐུར་པ་འདེབས་པའི་རྩ་ལྟུང་སྟོན་པ་ཡིན་ལ། བཅུ་གཅིག་པར་ནི་སྟོང་པ་ཉིད་ལ་མཚན་མར་བཟུང་བའི་སྒོ་ནས་སྒྲོ་འདོགས་པའི་རྩ་ལྟུང་དེ་སྟོན་པར་བཞེད་པའི་ཕྱིར། ཕྱིར་རྒོལ་བ་ཕྱོགས་ལ་ནི་རྩ་ལྟུང་གཉིས་པོ་དེ་ཟློས་པར་ཐལ་བ་ཡིན་ཏེ། གཉིས་ཀ་ཡང་བདེན་སྟོང་གི་ལོག་ཕྱོགས་ཁས་བླངས་པའི་ཆ་ལས་རྩ་ལྟུང་དུ་སོང་བར་ཁས་ལེན་གྱིན་འདུག་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། དངོས་དང༌། འཕྲོས་དོན་བཤད་པའོ། །དང་པོ་ནི། དུས་ཀྱི་འཁོར་ལོ་བཀག་པའི་ཉེས་པ་ཁྱེད་ཉིད་ལ་འཇུག་པ་དང༌། རྗེ་བཙུན་ལ་མི་འཇུག་པའོ། །དང་པོ་ནི། འོ་ན་ཁྱེད་ལ་ཡང་རྩ་ལྟུང་གསུམ་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་སྤོང་བ་ལ་བྱེད་རིགས་པར་ཐལ། དེ་དེ་ལ་བྱེད་པར་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཕྱིར། རྟགས་དངོས་སུ་ཁས་བླངས། ཁྱབ་པ་མ་ངེས་ན། དུས་ཀྱི་འཁོར་ལོ་ལས་གསུངས་ཀྱང་ཁས་མི་ལེན་ཞེས་པར་སོང་བས། དུས་ཀྱི་འཁོར་ལོ་བཀག་པའམ། ཕྱིར་རྒོལ་བ་རང་གི་རིགས་པ་གསུམ་པ་དེ་འདོར་དགོས་པ་གང་རུང་ལས་མ་འདས་སོ། །གཞན་ཡང་དུས་ཀྱི་འཁོར་ལོ། རྩ་ལྟུང་གསུམ་པའི་ངོ་བོ་ཀུནྡ་ལྟ་བུ་སྤོང་བ་ལ་བྱེད་པར་ཁྱེད་ཀྱིས་ཁས་བླངས་བྱུང་བས། ཁྱིམ་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་གསང་དབང་བསྐུར་བའི་ཚེ་སློབ་དཔོན་ལ་རྩ་ལྟུང་གསུམ་པ་ཕོག་པར་ཐལ་ལོ། །དེ་ཡང་འདི་ལྟར་རིག་པ་འཛིན་པའི་སྡོམ་ལྡན་གྱིས་ཀུནྡ་ལྟ་བུ་སྤངས་པ་དེ་དུས་ཀྱི་འཁོར་ལོ་ལྟར་ན་རྩ་ལྟུང་གསུམ་པར་འཆད་དམ་མི་འཆད། གཉིས་པ་ལྟར་ན། དུས་ཀྱི་འཁོར་ལོར་ཡང༌། ཁྱིམ་པའི་རྡོ་རྗེ་འཛིན་པ་མེད་པར་གྱུར་ཞེས་པའི་ཐལ་བ་དེའི་གཏན་ཚིགས་དེ་དང༌། ཕྱོགས་སྔ་མས་ནི་ཁས་མ་བླངས་གཞན་སུ་ཞིག་གིས་ཁས་ལེན་དགོས་པ་སྟོན་ཅིག དང་པོ་ལྟར་ན། ཁྱེད་ཉིད་ཀྱིས་དུས་ཀྱི་འཁོར་ལོའི་རྩ་ལྟུང་གསུམ་པའི་དོན་འཆད་པ་ན། ཤེས་རབ་ཆེན་པོའི་མི་འགྱུར་བའི་རང་བཞིན་ཤེས་པ་དང༌། འགྱུར་བའི་བདེ་བ་ཙམ་དང་དུ་བླངས་པའི་བསམ་པ་དང༌། དེ་ལ་ལེགས་པར་འཛིན་པ་དང༌། གསང་དབང་དང་གཞན་གྱི་བདེ་བའི་དོན་དང༌། རིལ་བུ་ལ་སོགས་པའི་ཆེད་མ་ཡིན་ཏེ། ཆོས་བཞི་དང་ལྡན་ན་མདའ་ཞེས་བྱ་བ་ལྔ་པར་འགྱུར་རོ། །ཞེས་འཆད་པ་དང་འགལ། གལ་ཏེ་རྩ་བའི་སུན་འབྱིན་གྱི་རྟགས་སུ་ཡང་ཆོས་བཞི་ལྡན་དེ་ཉིད་རྩ་ལྟུང་དུ་འཆད་པའི་ཕྱིར་ཞེས་འགོད་དོ་ཞེ་ན། འོ་ན་ཁྱེད་ཀྱི་སུན་འབྱིན་གསུམ་པའི་ཁྱབ་པ་འགལ་ལོ། །འོ་ན་རྗེ་བཙུན་གྱིས་གཞན་ལ་འཕངས་པའི་ཕྱིར་སུན་འབྱིན་གྱི་ཁྱབ་པ་ཡང་འགལ་ལོ་ཞེ་ན། མི་འགལ་ཏེ། སྤྱིར་ཀུནྡ་ལྟ་བུ་སྤོང་བ་སྔགས་སྡོམ་ཙམ་པོ་ལ་ལྟོས་པའི་རྩ་ལྟུང་དུ་འཇོག་པ་རྒྱུད་སྡེ་གང་གི་ཡང་ལུགས་མ་ཡིན་པའི་ཕྱིར། གཉིས་པ་ནི། ཐལ་བ་གསུམ་པོ་ནི། ཐལ་བ་དེ་གསུམ་པོ་འཁྲུལ་སྤོང་གི་ལུགས་ལ་གནོད་བྱེད་དུ་འཇུག་པ་མ་ཡིན། རྗེ་བཙུན་གྱིས་སྤྱིར་ཀུནྡ་ལྟ་བུ་སྤོང་བ་དུས་འཁོར་གྱི་ལུགས་ལའང་སྔགས་སྡོམ་ཙམ་ལ་ལྟོས་པའི་རྩ་ལྟུང་དུ་མི་བཞེད། ཀུནྡ་ལྟ་བུ་སྤོང་བ་དུས་འཁོར་ལས་རྩ་ལྟུང་དུ་བཤད་པ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ལས་ཐོབ་པའི་སྡོམ་པའི་རྩ་ལྟུང་ཡིན་པས་འདིར་སྨོས་མི་རིགས་ཞེས་འཁྲུལ་སྤོང་ལས་གསུངས་པའི་ཕྱིར། དེ་ལྟར་གསུངས་པ་ལ་རྩ་ལྟུང་བཅུ་བཞི་པས་མ་ངེས་སོ་ཞེས་འཆད་པ་ཡང་གནོད་བྱེད་མ་ཡིན་ཏེ། འདིར་བཤད་པའི་བཅུ་བཞི་པ་ནི་དབང་གོང་མར་མ་ཟད་བུམ་དབང་ལས་ཐོབ་པའི་སྡོམ་པ་ལ་ལྟོས་པའི་ཡང་རྩ་ལྟུང་ཡིན་ལ། ཅིག་ཤོས་དེ་ནི་དེར་མི་འཆད་པའི་ཕྱིར་རོ། །གཉིས་པ་ནི། དུས་ཀྱི་འཁོར་ལོའི་ལུགས་ལ་རིག་པ་འཛིན་པའི་སྡོམ་པ་ནི་གཉིས་ཏེ། དབང་བདུན་ལས་ཐོབ་པ་དང༌། གོང་མ་ལས་ཐོབ་པའོ། །དེ་ལའང་གཉིས་ཏེ། བུམ་གསང་གི་དབང་ལས་ཐོབ་པ་དང་ཤེས་རབ་ཡེ་ཤེས་ལས་ཐོབ་པའོ། །དེ་ལྟར་སྡོམ་པ་དང་པོ་ཙམ་ཞིག་ལ་གནས་པ་ལ་ནི། སྨོན་པ་བྱུང་ཆུབ་ཀྱི་སེམས་བཏང་བ་ཙམ་གྱིས་རྩ་ལྟུང་ལྔ་པ་འདིར་འགྱུར་ཞིང༌། དེ་སླར་གསོ་བ་ལ་ནི་དཀྱིལ་འཁོར་གྱི་ལྷའི་བཟླས་པ་དང༌། ཉེས་པ་དེ་བཤགས་པ་དང་བསྡམས་པ་ཙམ་གྱིས་ཉེས་པ་གསོ་ནུས་པ་ཡིན་གྱི། ཆད་ལས་ལ་མི་ལྟོས་པ་དང༌། སྡོམ་པ་གཉིས་པ་ལ་གནས་པ་ལ་རྩ་བའི་ལྟུང་བའི་དེ་བྱུང་ན་བཟླས་བརྗོད་དང་བཤགས་བསྡམས་སུ་མ་ཟད། ཆད་ལས་ཉམས་སུ་བླངས་ནས་སྔར་དཀྱིལ་འཁོར་དུ་འཇོག་པ་དང༌། སླར་ཐོབ་པའི་དབང་ཇི་སྙེད་པ་ནོད་དགོས་པ་དང༌། སྡོམ་པ་གསུམ་པ་ལ་རྩ་བའི་ལྟུང་བ་དེ་བྱུང་ན་སྔ་མ་དེ་དག་གི་སྟེང་དུ་རྣལ་འབྱོར་པ་རང་གིས་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམས་པས་མཐར་ཐུག་པའི་སྟོབས་ཀྱིས་སོར་ཆུད་དགོས་པ་ཡིན་གྱི། སྔ་མ་དེ་ཙམ་གྱིས་གསོ་ནུས་པ་མ་ཡིན་པར་འཆད་དོ། །དེའི་ཕྱིར་སྡོམ་པ་གསུམ་པ་འདི་ལ་གནས་པའི་རིག་པ་འཛིན་པ་དེ་ལ་ནི། སྨོན་སེམས་བཏང་བ་ཙམ་གྱིས་རྩ་ལྟུང་ལྔ་པར་འགྱུར་བར་མ་ཟད། ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བཏང་ན་རྩ་བའི་ལྟུང་བར་གྱུར་པ་ཡིན་ཏེ། རང་རྒྱུད་ཀྱི་སྡོམ་པ་མཆོག་ཏུ་གྱུར་པ་དེའི་དངོས་ཀྱི་འགལ་ཟླ་དེ་མངོན་དུ་གྱུར་པའི་ཕྱིར། དེས་ན་ལུགས་འདིའི་སྡོམ་པའི་གཙོ་བོ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རང་རྒྱུད་ལ་འཛིན་པར་ཁས་བླངས་ནས། དེ་ཉིད་གོམས་པའི་སྟོབས་ཀྱིས་མངོན་དུ་གྱུར་པའི་གནས་སྐབས་ཀྱི་བདེ་ཆེན་གྱི་ཡེ་ཤེས་དེ་ཉིད་ཡིན་ལ། དེའི་དངོས་ཀྱི་འགལ་ཟླ་ནི་དུས་འཁོར་དུ་རྩ་ལྟུང་ལྔ་པར་བཤད་པ་འདི་ཉིད་ཡིན་ལ། ཀུནྡ་ལྟ་བུ་སྤོང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ལས་ཐོབ་པའི་རྩ་ལྟུང་དུ་འཆད་པ་འདི་ཉིད་བླ་ན་མེད་པའི་རྒྱུད་སྡེ་གཞན་གྱི་དགོངས་པར་ཡང་འགྲོ་དགོས་ཏེ། དེ་དག་ཏུ་ཡང་རྫོགས་རིམ་གྱི་སྡོམ་པ་ངེས་པར་ཁས་ལེན་དགོས་པའི་ཕྱིར། དཔེར་ན། ཇི་སྐད་དུ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དོ། །ཞེས་སོགས་སྦས་དོན་གྱིས་བཤད་པའི་སྒོ་ནས་འཆད་པ་བཞིན་ནོ། །དོན་དེ་ལ་དགོངས་ནས་ཇི་སྐད་དུ། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། ཞེས་གསུངས་སོ། །འདིར་སྨྲས་པ། བསམ་གཏན་བཞི་ཐོབ་སྙེམས་པ་ཡིས། །རྣམ་པར་དྲེགས་པའི་དགེ་སློང་ནི། །གདེངས་ཐོབ་མེད་པའི་ངེས་ཤེས་ཀྱིས། །རྡོ་རྗེའི་གནས་སུ་ལྟུང་མིན་ནམ། །རྩ་ལྟུང་དྲུག་པའི་སྐབས་སུ་སྔ་མ་ལྟར་གསུམ་ལས། དང་པོ་ཕྱོགས་སྔ་མ་བཞག་པ་ནི། འཁྲུལ་སྤོང་ལས། རྡོ་རྗེ་ཐེག་པའམ། ཐེག་ཆེན་སྤྱིའམ། ཉན་རང་གི་ཐེག་པ་ཡང་རུང་སྟེ། དེ་དག་ལས་ཀུན་ནས་མནར་སེམས་པའི་སྨོད་པ་ནི་རྩ་ལྟུང་ངོ༌། །མུ་སྟེགས་བྱེད་ཀྱི་གཞུང་ལ་སྨོད་པ་ནི་བཤགས་བྱའོ། །སྒྲ་ཚད་ལ་ནི་སངས་རྒྱས་ཀྱི་ཐེག་པ་དང་མུ་སྟེགས་ཀྱི་གཞུང་གཉིས་ཀ་ཡོད་པས་གང་དང་ལྡན་བརྟགས་ཏེ་རྩ་བའམ་བཤགས་བྱར་འགྱུར་རོ། །མུ་སྟེགས་སྨད་པ་རྣམ་སྣང་རིང་བའི་རྒྱུར་གསུངས་པས་རྩ་བར་བསྡུ་དགོས་པ་མ་ཡིན་ནམ་ཞེ་ན། མི་བསྡུ་བར་ལུང་དེ་ཉིད་ཀྱིས་ཤེས་ཏེ། རྩ་བར་འགྱུར་ན་གཏན་མི་འགྲུབ་པ་ཉིད་ལས་རིང་བའི་ཞེས་སྨོས་པ་བཤགས་བྱའམ་བསྡམ་བྱར་མངོན་ནོ། །རྩ་བ་འདིར་ཆོས་ལ་སྨོད་པ་ཞེས་གསུངས་པས་ཀྱང་ཤེས་ཏེ། མུ་སྟེགས་ཀྱི་གཞུང་ནི་ཆོས་མ་ཡིན་པའི་ཕྱིར་རོ། །དེས་ན་སྨོད་ཡུལ་ནི་སངས་རྒྱས་ཐེག་པའི་གཞུང་ལུགས་སོ། །སྨོད་ཚུལ་ནི། འདི་ནི་ཆོས་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །ཞེས་སངས་རྒྱས་ཀྱི་བཀའ་ལ་བཀའ་མ་ཡིན་པར་འདུ་ཤེས་ནས་སྨོད་པའི་ལྟུང་བ་ནི་དྲུག་པ་སྟེ། བཀར་ཤེས་ནས་ཀྱང༌། སྨོད་པ་ནི་སྔགས་ཀྱི་ལྟུང་བ་གཉིས་པ་ཁྱད་དུ་གསོད་པའི་གྲངས་སུ་འགྲོའོ། །སངས་རྒྱས་ཀྱི་བཀའ་མ་ཡིན་ཀྱང་བཀའ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ཀྱང་བཀའ་ཉིད་དང་ཁྱད་པར་མེད་པར་སྤྱི་བོས་བླང་དགོས་པར་རྒྱུད་བླ་མ་ལས་བཤད་དོ། །ལྟུང་བ་འདི་ནི་གང་སྨད་པའི་གྲུབ་མཐའ་དེ་འཛིན་པའི་གང་ཟག་དེས་སྨོད་པར་གོ་བའི་ཚེ་རྫོགས་པར་མངོན་ནོ། །ཞེས་གསུངས་སོ། །གཉིས་པ་རྒོལ་བ་ནི། སྔགས་འདུལ་མཛད་པ་ན་རེ། འདི་སྐད་དུ། རྩ་ལྟུང་དྲུག་པའི་གཞུང་གི་ཕྱེད་ཀྱི་རྩ་ལྟུང་དང༌། ཕྱེད་ཀྱིས་བཤགས་བྱ་བསྟན་པར་འཆད་བ་ཡང་ཡི་གེའི་དོན་ལ་མི་འཇུག་སྟེ། ངམ་ཞེས་པ་ནི་གཉིས་ཀ་རྩ་ལྟུང་དུ་འདྲ་བར་སྟོན་པའི་ཚིག་གསལ་པོ་ཡིན་པའི་ཕྱིར། རིང་བའི་རྒྱུ་ཞེས་པས་ཉེས་པ་ཡང་བར་སྟོན་པ་ཉིད་དུ་སེམས་པའང་མ་ངེས་ཏེ། དམ་ཚིག་དང་བྲལ་བའི་ཉེས་པ་ཆེན་པོ་སྟོན་པའི་ཚིག་ལས་ཀྱང༌། རྒྱལ་བ་རྒྱ་མཚོའི་ཐུགས་བསྲིངས་ནས། །སྙིང་ལས་མཚལ་ཆེན་ཞེས་པར་འགྱུར། །ཞེས་འབྱུང་བ་ལྟར་རོ། །མུ་སྟེགས་བྱེད་ཀྱི་གཞུང་ཆོས་མ་ཡིན་ཞེས་གསུངས་པའང་བརྟགས་དགོས་ཏེ། གཞུང་དེ་ལ་ཆོས་ཀྱི་སྒྲ་མི་འཇུག་པས་སམ། དོན་དེ་ལ་ལམ་གྱི་ཆོས་མེད་པས་ཡིན། དང་པོ་མི་འཐད་དེ། ཆོས་ལུགས་ལའང་ཆོས་ཀྱི་སྒྲ་ཡོད་པས་སོ། །གཉིས་པ་ལྟར་ཡང་མི་འཐད་དེ། མངོན་པར་མཐོ་བའི་ལམ་གྱི་ཆོས་ཡོད་པའི་ཕྱིར། དེ་ཙམ་ཆོས་སུ་འཇོག་པ་ཡང༌། དང་པོར་མངོན་པར་མཐོ་བའི་ཆོས་ཤེས་པ་ལྟར་རོ། །དེས་ན་ནག་པོ་པས་ཀྱང༌། ཆོས་ནི་མངོན་པར་མཐོ་བའི་ལམ་དུ་མཐོང་བའོ། །ཞེས་གསུངས་སོ། །མུ་སྟེགས་བྱེད་ལ་མངོན་མཐོའི་ལམ་ཇི་ལྟར་ཡོད། །ཅེ་ན། མངོན་མཐོའི་ལམ་ཆེན་པོ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་ནམ་ཡང་ཡོད་མོད་ཀྱི། གོ་བདེ་བར་བཤད་ན། མི་དགེ་བཅུ་སྤོང་གི་དགེ་བའི་ལས་ཀྱི་ལམ་ཡོད་ལ། དེ་ནི་མངོན་མཐོའི་ལམ་གྱི་རྩ་བ་ཡིན་པར་དགོངས་ནས། རིན་ཆེན་ཕྲེང་བར། ཡིད་དང་ལུས་དང་ངག་གིས་ནི། །མི་དགེ་བཅུ་ལས་བཟློག་བྱ་ཞིང༌། །དགེ་ལ་རྟག་ཏུ་འཇུག་བྱ་བ། །འདི་ནི་ཆོས་རྣམ་གཉིས་སུ་བཤད། །ཅེས་དང༌། སྐྱོན་སྤངས་ཡོན་ཏན་འཛིན་པ་ནི། མངོན་པར་མཐོ་བའི་ཆོས། ཞེས་གསུངས་སོ། །སངས་རྒྱས་ཀྱི་ཐེག་པ་ཞེས་པའང་ཐེག་ཆེན་གྱི་སྒོས་ཀྱི་མིང་ཡིན་པ་ལས། ཐེག་པ་གསུམ་ཆར་ལ་སངས་རྒྱས་ཀྱི་ཐེག་པ་ཞེས་ཟེར་བ་ནི། སངས་རྒྱས་ཞེས་བརྗོད་པ་དང་འདྲེས་པར་མངོན་ནོ། །བཀར་ཤེས་ནས་རྨད་ན་རྩ་ལྟུང་གཉིས་པའི་ཁྱད་གསོད་དུ་འགྲོ་གསུངས་པའང༌། ཉིད་ཀྱིས་རྩ་ལྟུང་གཉིས་པ་ཕམ་བརྒྱད་ཉིད་ལ་བཤད་པ་དང་འགལ་ལ། མཐར་ཐུག་དོན་གོ་བ་དགོས་པ་ལ་ཤེས་བྱེད་མེད་དོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་ལ་བཞི་སྟེ། སུན་འབྱིན་དང་པོ་ཕྱོགས་སྔ་མ་དང་འབྲེལ་མེད་དུ་བསྟན། སུན་འབྱིན་གཉིས་པ་མུ་སྟེགས་ལ་ཡོད་པའི་ཆོས་དང་མུ་སྟེགས་ཀྱི་ཤན་མ་ཕྱེད་པར་བསྟན། སུན་འབྱིན་གསུམ་པ་གནས་སྐབས་ཀྱི་ཐེག་པས་ཐེག་པའི་གོ་ཆོད་པ་དེ་མ་གོ་བར་བསྟན། སུན་འབྱིན་བཞི་པ་ཕྱོགས་སྔ་མ་དང་མ་འབྲེལ་བའི་ཚུལ་བཤད་ཟིན་དྲན་པ་ལ་སྦྱར་བའོ། །དང་པོ་ནི། རྩ་ལྟུང་དྲུག་པའི་དངོས་གཞི་སྟོན་བྱེད་ཀྱི་གཞུང་ཕྱེད་ཀྱིས་བཤགས་བྱ་བསྟན་པར་འཆད་ཤེས་པ་ཕྱོགས་སྔ་མས་ནི་བཞེད་པ་མ་ཡིན་ཏེ། འཁྲུལ་སྤོང་དུ་ནི། གཞན་ཞེས་པ་མུ་སྟེགས་ཀྱི་གྲུབ་མཐའ་ལ་བྱེད་པ་ནག་པོ་པ་སོགས་ཀྱི་འདོད་པ་ཡིན་པ་དེ་བཀག་ནས། སྨོད་ཡུལ་སངས་རྒྱས་ཀྱི་ཐེག་པ་ཁོ་ནའི་དབང་དུ་བྱས་པར་བསྒྲུབས་པའི་ཕྱིར་དང༌། དེ་ཡང་ཉན་ཐོས་པ་ལྟ་བུས། རང་ཞེས་པ་ཉན་ཐོས་ཀྱི་དང༌། གཞན་ཞེས་པ་ཐེག་པ་ཆེན་པོ་ལ་ངོས་འཛིན་པ་ནི། ཕྱོགས་སྔ་མའི་ལུང་བཀླགས་པ་ཙམ་གྱིས་ཤེས་པ་ལ་འབྲེལ་མེད་ཀྱི་གོ་བ་དེ་ལྟར་ལེན་པ་ལྟ་ན། ལུང་གི་དོན་གཞན་ཡང་འཆད་ཚུལ་དེ་དང་འདྲ་བར་མ་གྱུར་ཅིག གཉིས་པ་ནི། མུ་སྟེགས་ལ་མངོན་མཐོའི་ཆོས་ཡོད་མེད་དང༌། དེ་ཙམ་གྱིས་མངོན་མཐོའི་ཆོས་གང་དང་གང་ཡིན་པ་དེ་དག་མུ་སྟེགས་ཀྱི་ཆོས་སུ་མི་འགྲུབ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ནི་སངས་རྒྱས་ཀྱི་ལམ་དུ་བཤད་པའི་ཕྱིར་དང༌། ཤེར་ཕྱིན་གྱི་མདོ་དང་རྒྱན་ལས། འདུལ་བྱ་ལམ་གྱི་རྟེན་ལ་འགོད་པ་ནི་ཆོས་སྐུའི་ཕྲིན་ལས་སུ་བཤད་པའི་ཕྱིར་དང༌། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སོགས་ཀྱང་ཉོན་མོངས་པའི་གཉེན་པོར་གྱུར་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་ཁོ་ནར་ངེས་ཏེ། མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ལམ་ཡིན་པའི་ཕྱིར། གཞན་ཡང་སངས་རྒྱས་པ་ལ་ཡོད་པའི་ལུགས་གང་ཡིན་ཐམས་ཅད་སངས་རྒྱས་པའི་ལུགས་ཡིན་པས་ཁྱབ་པར་འགྱུར་ཏེ། མུ་སྟེགས་ལ་ཡོད་པའི་ཆོས་གང་ཡིན་མུ་སྟེགས་ཀྱི་ཆོས་སུ་ཁས་བླངས་པའི་ཕྱིར། ཁོ་བོ་ཅག་ཀྱང་མངོན་མཐོའི་ཆོས་མུ་སྟེགས་ཀྱི་ཆོས་ཡིན་པར་ཁས་མི་ལེན་ནོ་ཞེ་ན། འོ་ན་རྩ་ལྟུང་དྲུག་པའི་སྨོད་ཡུལ་གྱི་ཆོས་སུ་མི་རུང་སྟེ། དེ་ལ་ནི་རང་གཞན་གང་རུང་གིས་གྲུབ་མཐའི་ཆོས་ཤིག་དགོས་པར་བཤད་པའི་ཕྱིར། རྣམ་པ་གཅིག་ཏུ་ན་མངོན་མཐོའི་ཆོས་ནི་མུ་སྟེགས་ཀྱི་གྲུབ་པའི་མཐར་ཡང་མི་རུང་ངོ༌། །འདིར་ནག་པོ་པའི་ལུང་གནོད་བྱེད་དུ་འཇུག་པ་ཡང་མ་ཡིན་ཏེ། དགག་ཡུལ་གྱི་ལུང་འགོག་པ་པོ་ལ་གནོད་བྱེད་དུ་འདྲེན་པ་ནི་རིགས་པ་པ་དག་གི་ལུགས་མ་ཡིན་པའི་ཕྱིར། གསུམ་པ་ནི། ཉན་ཐོས་དང་རང་སངས་ཀྱི་ཐེག་པ་གཉིས་སངས་རྒྱས་ཀྱི་ཐེག་པར་མི་འདོད་ན། མདོ་དང་བསྟན་བཅོས་དག་ལས་ལམ་རིང་པོར་འགྲོ་བའི་བསྟི་གནས་ཀྱི་དཔེས་ཐབས་ཀྱིས་ཐེག་པར་གསུངས་པའི་ལུང་མང་པོ་པ་དག་དང༌། རྒྱུད་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་དག་དང་ངེས་པར་འགལ་ལོ། །བཞི་པ་ནི། རྩ་ལྟུང་གཉིས་པ་ལ་ཕམ་པ་བརྒྱད་པོ་གང་རུང་གིས་ཁྱབ་པ་ནི་ཕྱོགས་སྔ་མས་ཞལ་གྱིས་མ་བཞེས་ཏེ། རྗེ་བཙུན་གྱིས་ནི་བཅས་པ་ཕྲ་མོའི་ཁྱད་བསོད་ཀྱང་རྩ་ལྟུང་གཉིས་པར་བཞེད་པའི་ཕྱིར་དང༌། འདུལ་བའི་ཕམ་པ་བཞི་ནི། ལུས་ངག་གི་ལས་སུ་འཆད་ལ། རྗེ་བཙུན་གྱིས་ནི་བཀའ་འདས་ཡིད་ཀྱི་ཉེས་པར་བཞེད་པ་དེ་ཉིད་དུ་སྔར་བཤད་ཟིན་པའི་ཕྱིར་རོ། །མཐར་ཐུག་དོན་གོ་བ་དགོས་པ་ལ་ཤེས་བྱེད་མེད་པ་མ་ཡིན་ཏེ། འདི་ལ་སྨོད་པ་ཞེས་ངག་ཏུ་གྲུབ་པ་ཞིག་དགོས་པར་བཤད་ལ། ཡུལ་གྱིས་ཐོས་ཤིང་གོ་མི་དགོས་ན་ངག་ཏུ་གྲུབ་པ་ངེས་པར་དགོས་པའི་རྒྱུ་མཚན་མ་ཚང་བའི་ཕྱིར་རོ། །ཡང་ཕྱིར་རྒོལ་བས་འདི་སྐད་ཅེས་འཆད་དོ། །ཇི་སྐད་དུ། ཕྱི་རོལ་པ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ཞེས་དང༌། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་སྨད་མི་བྱ། །ཞེས་གསུངས་པ་ཡང་དོན་འདིའི་སྒྲུབ་བྱེད་དུ་འབྲེལ་ཞིང༌། ལུང་འདིའི་དོན་ཡང་མུ་སྟེགས་ལ་སྨད་ན་རྣམ་སྣང་ལ་རིང་ཞེས་པ་མ་ཡིན་གྱི་རྣམ་སྣང་གི་རྒྱུ་ལ་རིང་བའི་རྒྱུ་དང་ཉེ་བའི་རྒྱུ་གཉིས་ལས་མུ་སྟེགས་ནི་རྣམ་སྣང་གི་རིང་རྒྱུ་ཉིད་དུ་རྣམ་སྣང་མངོན་བྱང་རྒྱུད་ལས་བཤད་པའོ། །ཞེས་འཆད་ཅིང༌། རྩ་ལྟུང་དྲུག་པ་ཉེས་དམིགས་ཆེ་བའི་ཤེས་བྱེད་དུ། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །ཞེས་སོགས་ཆགས་སྡང་གི་རྩོད་པ་ལྷུར་ལེན་པའི་ཉེས་དམིགས་འདྲེན་པར་བྱེད་དོ། །ལུང་སྔ་མ་དག་གིས་མུ་སྟེགས་ཀྱི་ཆོས་རྩ་ལྟུང་དྲུག་པའི་ཡུལ་དུ་བསྟན་པ་མ་ཡིན་ཏེ། རྩ་ལྟུང་དྲུག་པ་འདི་ནི་ཆོས་ལ་སྨོད་པའི་ཉེས་པ་ཡིན་ལ། ལུང་དེས་ནི་གང་ཟག་ལ་སྨོད་པའི་ཉེས་པ་བསྟན་པར་གསལ་བའི་ཕྱིར། རང་གི་ལྟ་བ་ལ་ཆགས་པའི་རྩོད་པ་དག་ཀྱང་འདིར་འབྲེལ་བ་མིན་ཏེ། འདིར་ནི་རང་གི་གྲུབ་པའི་མཐའ་ལ་ཡང་སྨོད་པའི་ཉེས་པར་བཤད་པའི་ཕྱིར་རོ། །སྨྲས་པ། གོང་མའི་བཞེད་པ་མ་ཡིན་པ། །བཞེད་པར་བཏགས་པའི་སུན་འབྱིན་གྱིས། །མགུ་བར་ནུས་དང་མི་ནུས་པ། །དད་རྗེས་འབྲང་དང་དཔྱོད་ལྡན་ནོ། །རྩ་ལྟུང་བདུན་པའི་སྐབས་སུ། སྔ་མ་ལྟར་གསུམ་ལས། དང་པོ་ཕྱོགས་སྔ་མ་བཞག་པ་ནི། འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་ནི་སྣོད་མ་ཡིན་པ་ལ་གསང་བ་སྒྲོགས་པ་སྟེ། དེ་ལ་སྣོད་མ་ཡིན་པ་ནི་གསུམ་སྟེ། དང་པོ་སྨིན་པར་མ་བྱས་པ་དང༌། སྨིན་ཀྱང་དད་པ་མེད་པ་དང༌། དད་ཀྱང་རྩ་ལྟུང་གཞན་བྱུང་བའོ། །དེ་ལ་དང་པོ་ནི། བུམ་དབང་གི་འཇུག་པ་དང་དབང་མ་རྫོགས་པའོ། །གཞན་གཉིས་གོ་སླའོ། །སྣོད་མིན་དེ་ལ་གསང་བྱའང་གསུམ་སྟེ། རྫས་གསང་བ་དང༌། སྤྱོད་པ་གསང་བ། ཆོས་གསང་བའོ། །དང་པོ་ནི། བདག་གི་དམ་ཚིག་གི་རྫས་སུ་བཟུང་བའི་ཚུལ་བཞིན་དུ་བྲིས་པའི་གླེགས་བམ་དང༌། བྲིས་སྐུ་དང༌། ཅང་ཏེའུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། རུས་པའི་རྒྱན་དྲུག་དང༌། མིའི་གཡང་གཞི་དང༌། སྟན་ལ་སོགས་པ་སྟེ། དེ་དག་ཀྱང་ཐམས་ཅད་དུ་བསྟན་དུ་མི་རུང་བ་ནི་རང་གི་དམ་ཚིག་གི་རྫས་སུ་བཟུང་བ་ཡིན་ནའོ། །གཉིས་པ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཁོངས་སུ་སྣོད་མ་ཡིན་པ་དག་འོང་དུ་འཇུག་པའི་དང༌། འོང་དུ་མི་འཇུག་ཀྱང་སྣོད་མིན་དེ་ལ། འདི་སྐད་དུ། དབང་བསྐུར་བ་ནི་འདི་ལྟ་བུའོ། །རྣལ་འབྱོར་ཆེན་པོའི་རབ་གནས་ནི་འདི་ལྟ་བུའོ། །སྦྱིན་སྲེག་ནི་འདི་ལྟ་བུའོ། །རིལ་བུ་ལ་སོགས་པ་ནི་འདི་ལྟ་བུའོ། །ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ལོངས་སྤྱོད་ནི་འདི་ལྟ་བུའོ། །ཞེས་སོགས་དང༌། ཡང་ཚོགས་ཀྱི་འཁོར་ལོའི་ཚེ་ཆང་མི་འཐུང་བ་དང༌། རབ་བྱུང་གི་ཕྱོགས་ཕྱི་དྲོའི་ཟས་མི་ཟ་བ་དག་ཀྱང་དམ་ཚིག་མི་རྟེན་པའི་ལྟུང་བ་བཅུ་གསུམ་པས་འཇིགས་ནས་ཆང་ཅུང་ཟད་ཙམ་འཐུང་ཞིང་ཟས་བག་ཙམ་སྟེན་པ་ལ་སྣོད་མིན་བཞག་པས། འདི་དག་ནི་ཆང་འཐུང་ངོ༌། །ཕྱི་དྲོ་ཟའོ་ཞེས་སོགས་སྨྲ་བར་གྱུར་ན་སྤྱོད་པ་གསང་བ་བསྟན་པའི་ལྟུང་བའོ། །གསུམ་པ་ནི། །སྣོད་མིན་གྱི་དྲུང་དུ་རྡོ་རྗེ་ཐེག་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་སྟོན་པའོ། །ཡུལ་གསུམ་པོ་དེ་ཡང་བརྡ་ཤེས་ཤིང་དོན་གོ་བ་ཤེས་པ་རང་བཞིན་དུ་གནས་པ། མིའི་འགྲོ་བ་པ་ཡིན་པ། ཡོངས་སུ་མ་སྨིན་པའོ། །མི་མ་ཡིན་པའི་འགྲོ་བ་པ་ཕལ་ཆེར་ནི་མི་སྣང་བའི་ཕྱིར་སྒྲུབ་པར་མི་ནུས་ལ། དུད་འགྲོའི་བྱེ་བྲག་ཡུལ་དུ་གྱུར་པ་རྣམས་ནི་བླུན་པའི་ཕྱིར་མི་གོ་ཞིང༌། མིའི་འགྲོ་བའང་མཚན་ཉིད་སྔ་མ་རྣམས་དང་མི་ལྡན་པ་ནི་ཡུལ་མ་ཡིན་པའོ། །མཐར་ཐུག་ནི་སྣོད་མིན་དེས་རྫས་སམ་སྤྱོད་པའམ་ཆོས་ནི་དེ་ལྟ་བུ་ཞིག་གོ །ཞེས་གོ་བའི་ཚེ་རྩ་ལྟུང་རྫོགས་པར་འགྱུར་རོ། །དེ་ལྟ་བུས་རྩ་ལྟུང་དུ་འགྱུར་བའི་རྒྱུ་མཚན་ནི། འདི་སྐད་དུ། ཡེ་ཤེས་གང་གིས་ཁྱོད། །ཅེས་སོགས་དང༌། མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་བསྟན་པར་མི་བྱའོ། །ཞེས་དང༌། སྐལ་མེད་དེ་ཉིད་བསྟན་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་བཤད་དོ། །གཉིས་པ་ནི། རྒོལ་བ་སྔ་ཕྱི་གཉིས་ཀ་ན་རེ། ཁ་ཅིག རྒྱན་དྲུག བྲིས་སྐུ། གླེགས་བམ་སོགས་རྫས་གསང་བ་བསྟན་པ་ཡང་རྩ་ལྟུང་དུ་སྨྲ་བ་ནི་མི་འཐད་དེ། རྒྱུད་འགྲེལ་པ་རྣམས་ལས་གསང་ཆོས་རྣ་བར་བསྒྲགས་པའི་ཉེས་པར་བཤད་ཀྱི། རྫས་མིག་ལ་བསྟན་པའི་ཉེས་པར་མ་གསུངས་པས་སོ། །རྒྱུད་སྡེ་འོག་མའི་དབང་ཙམ་བསྐུར་བ་ལ་གོང་མ་གོང་མའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང་ལ། རྣལ་འབྱོར་བླ་མེད་ཀྱིའང་སློབ་མའི་དབང་ངམ་བུམ་དབང་ཙམ་ལས་མ་ཐོབ་པ་ལ་དབང་གོང་མ་གསུམ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང་ངོ༌། །ཞེས་མཐུན་པར་གསུངས་ཞིང༌། བྱེ་བྲག་ཏུ་སྙེ་མ་མཁན་པོ་ན་རེ། བྱ་རྒྱུད་ཡན་ཆད་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་ཆུ་དབང་ཕན་ཆད་ཅིག་མ་ཐོབ་ན་བདག་བསྐྱེད་སོགས་བྱས་ནས་ལྷ་སྒྲུབ་པ་སོགས་བྱ་བར་བསྟན་མི་རུང་སྟེ། དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་དང༌། རྡོ་རྗེ་སེམས་དཔའ་དེང་ཁྱེད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས་ཞེས་གསང་བ་མི་བསྒྲགས་པ་ལ་ནན་ཏན་ཆེ་བར་གསུངས་ཤིང༌། དཀྱིལ་འཁོར་དུ་མ་ཞུགས་པ་དང་དབང་མ་ཐོབ་པས་ནི་དངོས་གྲུབ་བསྒྲུབས་ཀྱང་མི་འགྲུབ་ཅིང༌། ཆོས་སྟོན་མཁན་དང་སྒྲུབ་པ་པོ་གཉིས་ཀ་དམྱལ་བར་སྐྱེ་བ་སོགས་ཀྱི་ཉེས་དམིགས་མཐའ་ཡས་པ་གསུངས་སོ། །དེས་ན་མི་གཡོ་དཀར་པོ་སོགས་ཀྱི་རྗེས་གནང་ནི་བྱ་རྒྱུད་ཡན་གྱི་དཀྱིལ་འཁོར་དུ་བཅུག་པ་ཡན་ཞིག་ལ་བྱ་དགོས་ལ། ཤེས་རབ་གསལ་བྱེད་མ་སོགས་ཀྱི་རྗེས་གནང་ནི་བླ་མེད་ཀྱི་དཀྱིལ་འཁོར་དུ་བཅུག་པ་ཡན་ཞིག་ལ་བྱ་དགོས་ཀྱི། དབང་མ་ཐོབ་པར་དེ་དག་གི་རྗེས་གནང་ཙམ་བྱས་ན་ལྷ་དེ་དག་སྒྲུབ་པ་སོགས་རྣམ་པ་ཐམས་ཅད་དུ་མི་རུང་ངོ༌། །དེ་ལྟར་དབང་བསྐུར་བས་སྨིན་པར་མ་བྱས་པ་ཐུན་མོང་མ་ཡིན་པའི་གསང་བ་བསྒྲགས། དེ་ལ་མ་དད་པ་སྐྱེ་བ། དེ་ལ་དེར་འདུ་ཤེས་པ། དེས་གོ་བ། གཞན་འདུལ་བའི་དགོས་པ་ཆེན་པོ་དང་མི་ལྡན་པ་སྟེ། ཆོས་དྲུག་ཚང་ན་རྩ་ལྟུང་བདུན་པ་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་གཉིས་ལ་ཐུན་མོང་དུ་ལན་གདབ་པ་དང༌། སྙེ་མ་མཁན་པོའི་ལུགས་ལ་བྱེ་བྲག་ཏུ་བརྟག་པའོ། །དང་པོ་ལ། གསང་རྫས་དང་གསང་སྤྱོད་བསྟན་པ། གསང་སྒྲོགས་སུ་མི་རུང་བ་ལ་ལུང་གིས་གནོད་པ། རིགས་པ་དང་འགལ་བ། ཁས་བླངས་ཀྱིས་ཀྱང་གནོད་པའོ། །དང་པོ་ནི། འོ་ན་གཤིན་རྗེ་གཤེད་ཀྱི་རྒྱུད་ལས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་དག་ནི་བསྟན་མི་བྱ། །ཞེས་གསང་བ་བསྟན་པ་ལ་རྩ་བའི་ལྟུང་བ་བདུན་པ་འདིར་གསུངས་པ་དང༌། དེའི་འགྲེལ་པར་ནག་པོ་པས་ཡོངས་སུ་མ་སྨིན་པའི་སེམས་ཅན་ནི་ལྔ་སྟེ། སྣོད་ཀྱིས་མ་སྨིན་པ་ནི་ལོག་སྲེད་ཅན་ནོ། །ཆོ་གས་མ་སྨིན་པ་ནི་བུམ་པའི་དབང་མ་ཐོབ་པའོ། །ཆོ་ག་རྫོགས་པས་མ་སྨིན་པ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་མ་ཐོབ་པའོ། །ཉམས་པ་ལས་མ་སྨིན་པ་ནི་རྩ་བའི་ལྟུང་བ་སོགས་བྱུང་ནས་ཕྱིར་མ་གསོས་པའོ། །ཟབ་པས་འཇིགས་པའི་མ་སྨིན་པ་ནི་བཞི་པའི་དེ་བཞིན་ཉིད་མ་ཐོབ་པའོ། །གསང་བ་ནི་དཀྱིལ་འཁོར་དང་དམ་ཚིག་གི་ཕྱག་རྒྱ་གཅིག་ཙམ་དང༌། བརྡ་དང༌། གསང་བའི་དམ་ཚིག་དང༌། ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པ་འདུས་པ་གཅིག་པ་དང༌། ཟུང་དུ་འཇུག་པའི་ཡེ་ཤེས་བསྟན་པར་མི་བྱ་སྟེ། བསྟན་ན་གསང་སྔགས་ཀྱང་ཉམས་པར་འགྱུར་བ་དང༌། མཁའ་འགྲོ་རྣམས་ཀྱི་འཚེ་བ་དང༌། བརྒྱུད་པའི་གཞུང་ལུགས་ཀྱི་བྱིན་གྱིས་རླབས་ཉམས་པར་འགྱུར་བ་དང༌། ཟབ་མོ་ལ་སྐུར་པ་བཏབ་པས་བསྐལ་པ་སྟོང་དུ་ཆོས་ཀྱི་སྒྲ་མི་གྲག་ཅིང་སྡུག་བསྔལ་དུ་འགྱུར་བའི་ཉེས་པ་ནི་ཕལ་ཆེར་སློབ་དཔོན་ལ་འབྱུང་བ་སྟེ། འདོད་པས་ཀུན་ནས་བསླང་བའི་ཉེས་པ་འདི་ཐམས་ཅད་སྤང་བར་བྱའོ། །ཞེས་གསང་རྒྱུ་གང་ཡིན་པ་དང༌། དེ་བསྟན་ན་ཉེས་པ་ཅི་ཞིག་འབྱུང་བའི་ཚུལ་རྣམས་གསལ་བར་གསུངས་པ་མ་ཡིན་ནམ། ལུང་འདི་ནི་ཁྱེད་ལ་གནོད་བྱེད་དུ་འཇུག་པ་ཡིན་ཏེ། ཁྱེད་ཅག་གིས་རྩ་ལྟུང་གི་རྣམ་གཞག་འཆད་པའི་ཚེ། འགྲེལ་པ་འདི་ཉིད་ལུང་ཚད་མར་ཁས་ལེན་པའི་ཕྱིར་རོ། །དེ་ལ་འདི་སྐད་དུ། ཇི་སྐད་དུ། བསྟན་པར་མི་བྱ་སྟེ། བསྟན་ན། ཞེས་པ་སྒྲོག་པར་མི་བྱ་སྟེ་བསྒྲགས་ན་ཞེས་པའི་དོན་ནོ། །དེ་ཡང་གཞུང་ལས། ཉེས་པ་སྒྲོག་པ་བདུན་པ་ཡིན། །ཞེས་བཤད་པས་སོ་ཞེ་ན། འོ་ན་སྒྲོགས་པ་ཞེས་པ་གསང་བ་སྟོན་པ་ཞེས་པའི་དོན་ཡིན་ཏེ། རྒྱུད་ལས། ཡོངས་སུ་མ་སྨིན་སེམས་ཅན་ལ། གསང་བ་བསྟན་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། དོན་ལའང་འདི་ཉིད་གནས་པ་ཡིན་ཏེ། འགྲེལ་པར་བསྟན་པ་ལ་འབྲུ་གཉེར་བའི་ཕྱིར་དང༌། གཉེར་དགོས་པ་ཡིན་ཏེ། གསང་རྫས་དང་གསང་སྤྱོད་བསྒྲགས་པ་ལས་དངོས་སུ་བསྟན་པ་ཉེས་པ་ལྕི་བའི་ཕྱིར་དང༌། སྒྲོག་པ་ཡང་སྟོན་པའི་ནང་དུ་འདུས་པའི་ཕྱིར། གཉིས་པ་ནི། གསང་རྫས་དང༌། གསང་སྤྱོད་མིག་ལམ་དུ་སྟོན་པ་ལ་སྒྲོག་པ་ཞེས་བྱ་བའི་དོན་མ་ཚང་བས་ཡི་གེའི་དོན་ལ་མ་ཞུགས་པར་འཆད་པ་དེ་ལྟ་ན། འོ་ན་མ་སྨིན་པའི་སེམས་ཅན་ལ་གསང་བ་ཤིན་ཏུ་ཟབ་མོ་རྣམས་ཤིན་དུ་གསལ་བ་ཉིད་དུ་ཡི་གེར་བྲིས་ཏེ་མིག་ལམ་དུ་བསྟན་ན་ཡང་རྩ་ལྟུང་བདུན་པ་འདི་འབྱུང་བ་མ་ཡིན་པར་འགྱུར་ཏེ། དེ་ལའང་སྒྲོག་པ་ཞེས་བྱ་བའི་དོན་མ་ཚང་བའི་ཕྱིར། གཞན་ཡང་བསྒྲགས་པའི་ཉེས་པ་དེ་ཐོས་ཙམ་ལ་འོང་བ་ཡིན་ནམ། ཐོས་པའི་དོན་ལ་གོ་བའི་སྐབས་སུ་འོང་བ་ཡིན། དང་པོ་ལྟར་ན་ཁྱེད་རང་གིས་ལྟུང་བ་བདུན་པའི་ཡན་ལག་གི་རྩི་བ་རྣམ་པར་བཞག་པ་ན་དེས་དོན་གོ་བ་ཞེས་འཆད་པ་དང་འགལ། གཉིས་པ་ལྟར་ན། གསང་བ་མིག་ལམ་དུ་བསྟན་ནས་དེའི་དོན་གོ་བས་ཀྱང་རྩ་ལྟུང་སྐྱེད་ནུས་པར་འགྱུར་རོ། །གཉིས་པོ་དོན་གོ་བར་ནི་མཚུངས་བསྒྲགས་པ་ཐོས་ཙམ་ནི་དེ་སྐྱེད་པའི་ཡན་ལག་མ་ཡིན་པའི་ཕྱིར། གསུམ་པ་ནི། གསང་བ་བསྟན་པའི་དོན་གོ་བ་ལས་རྩ་བའི་ལྟུང་བ་འདི་སྐྱེད་པ་མ་ཡིན་ན། ཁྱེད་རང་གིས་རྩ་ལྟུང་འདིའི་དོན་འཆད་པ་ན། རྒྱུད་སྡེ་འོག་མའི་དབང་ཙམ་བསྐུར་བ་ལ་གོང་མ་གོང་མའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང༌། རྣལ་འབྱོར་བླ་མེད་ཀྱི་སློབ་མའི་དབང་ངམ་བུམ་དབང་ཙམ་ལས་མ་ཐོབ་པ་ལ་དབང་གོང་མ་གསུམ་འབྲེལ་བའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང་ཞེས་བཤད་པ་དང་འགལ་ལོ། །གལ་ཏེ་གསང་བ་བསྟན་པ་ཞེས་པའི་ཚིག་གིས་བསྟན་པ་ལ་འཆད་དགོས་པ་ཡིན་ཏེ། ཤཱནྟི་པས། དེ་ལ་གསང་བ་ཞེས་བྱ་བ་སྟོང་པ་ཉིད་དང་ལྡན་པའི་ཚིག་སྨྲ་བར་མི་བྱའོ། །ཞེས་བཤད་པའི་ཕྱིར་ཞེ་ན། དེ་ནི་མཚན་གཞི་བཟུང་བ་ཡིན་གྱི། དེ་ལ་དེས་ཁྱབ་པ་དང་སྒྲ་ཇི་བཞིན་པར་བརྟགས་ན་ཉེས་པ་དུ་མ་དག་དང་བཅས་ཏེ། ཐུན་མོང་མ་ཡིན་པའི་ཐབས་ཀྱི་ཆ་བསྒྲགས་པ་དག་གསང་བ་བསྒྲགས་པ་མ་ཡིན་པར་འགྱུར་བ་དང༌། སྔགས་སུ་མ་ཞུགས་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་སྟོང་པ་ཉིད་དང་ལྡན་པའི་ཚིག་བསྒྲགས་པ་ཡང་གསང་བ་བསྒྲགས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་རྒོལ་བ་སྔ་མས་དཔྱད་པའི་དོན་བརྟག་པའི་གནས་གཉིས་ཏེ། དཔྱད་པའི་གཞི་བཞག་པ་དང༌། འགལ་འདུ་བརྗོད་པའོ། །དང་པོ་ནི། འོག་མ་འོག་མའི་དབང་ཙམ་བསྐུར་བ་ལ་གོང་མ་གོང་མའི་ཐུན་མོང་མ་ཡིན་པའི་གསང་བ་བསྟན་དུ་མི་རུང་ན། བླ་མེད་ཀྱི་བུམ་དབང་ཙམ་ཡོངས་སུ་རྫོགས་པར་ཐོབ་པ་ལ་དབང་གོང་མ་གསུམ་གྱི་ཉམས་ལེན་བསྟན་དུ་མི་རུང་བར་འགྱུར་ལ། དེ་ལྟ་ན་ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་གཉིས་འཇུག་སྟེ། ལ་བ་པ་ལ་སོགས་པའི་ཚད་ལྡན་གྱི་དཀྱིལ་ཆོག་མང་པོར་རྡོ་རྗེ་སློབ་མའི་དབང་ཙམ་ཐོབ་ནས། རྒྱུད་མཐའ་དག་ཉན་པ་ལ་དབང་བར་བཤད་པ་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་རྒྱུད་མཐའ་དག་འཆད་པ་ལ་དབང་བར་བཤད་པ་མ་ཡིན་ནམ། དེ་འདྲ་དེ་སྐྱེད་རིམ་རྒྱས་པའི་དབང་དུ་བྱས་སོ་ཞེ་ན། འོ་ན་བུམ་དབང་མ་ཐོབ་པར་བསྐྱེད་རིམ་གྱི་དབང་དུ་བྱས་པའི་རྒྱུད་མཉན་པས་ཆོག་པར་ཁས་བླངས་པ་དེའི་ཕྱིར་རྩ་བའི་དམ་བཅའ་དང་འགལ་བར་རྟོགས་པ་མ་ཡིན་ནམ། གཉིས་པ་ནི། བུམ་དབང་ཙམ་ལས་མ་ཐོབ་པ་ལ་དབང་གོང་མ་གསུམ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་གསང་བ་བསྟན་དུ་མི་རུང་ན། དེ་འདྲ་དེ་ལ་གསང་བའི་དབང་བསྐུར་དུ་མི་རུང་བར་ཡང་འགྱུར་རོ། །དེ་བས་ན་འདི་ལྟར་མངོན་ཏེ། བུམ་དབང་རྫོགས་པར་ཐོབ་པའི་སྣོད་ལྡན་དེ་ལ་རིམ་པ་གཉིས་པའི་དབང་དུ་བྱས་པའི་གསང་བ་མཐའ་དག་བསྟན་པ་དང་སྒྲག་དུ་རུང་བ་ཡིན་ཏེ། དེ་འདྲ་དེ་བུམ་དབང་གི་སྨིན་པར་བྱས་ཤིང༌། མ་སྨིན་པའི་ཉེས་པ་གཞན་དང་ཡང་བཅས་པ་མ་ཡིན་པའི་ཕྱིར། རིམ་པ་གཉིས་ཀྱི་གསང་བ་ཉམས་སུ་ལེན་པ་ལ་ནི་རང་རང་ལ་ལྟོས་པའི་དབང་བསྐུར་བ་སྔོན་དུ་འགྲོ་དགོས་ཏེ། བུམ་པའི་དབང་མ་ཐོབ་པར་བསྐྱེད་རིམ་སྒོམ་དུ་མི་རུང་བ་དང༌། གསང་བའི་དབང་མ་ཐོབ་པར་གཏུམ་མོ་སྒོམ་དུ་མི་རུང་བ་ལ་སོགས་པའོ། །དེའི་ཕྱིར་རིག་པའི་དབང་ལྔ་ཙམ་ཞིག་ཐོབ་པས་བུམ་པའི་དབང་རྫོགས་པར་མ་ཐོབ་ན་བསྐྱེད་པའི་རིམ་པ་སྒོམ་དུ་རུང་བ་མ་ཡིན་ཀྱང་ཉན་དུ་རུང་བར་གྱུར་པའོ། །དེ་ཡང་མི་རུང་ན་ནི་དེ་འདྲ་དེས་བླ་མེད་ཀྱི་རྒྱུད་ཉན་དུ་རུང་བ་འགལ་ལོ། །དེ་ཡང་འདི་ལྟར། བླ་མེད་ཀྱི་རྡོ་རྗེ་སློབ་མ་ཉིད་དུ་རུང་བར་བྱས་ཟིན་པའི་འོག་ཏུ་བསྐྱེད་རིམ་གྱི་དབང་དུ་བྱས་པའི་སྔགས་དང་རྒྱུད་སྡེ་ལ་བསླབ་སྦྱངས་ཚད་ཐུབ་པ་བྱས་ནས། དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་དགོས་པ་ཡིན་ཏེ། དེ་མ་བྱས་པ་དག་ནི་དེར་མི་རུང་བའི་ཕྱིར་རོ། །འོ་ན་དབང་གོང་མ་དག་མ་ཐོབ་པར་རིམ་པ་གཉིས་ཉམས་སུ་ལེན་པ་མི་རུང་ན་རིམ་པ་གཉིས་སྟོན་པའི་རྒྱུད་མཉན་དུ་རུང་བས་ཅི་ཞིག་བྱ་སྙམ་ན། དེ་ནི་རྒྱུད་ཐོས་པའི་འོག་ཏུ་མན་ངག་ལ་འཇུག་པའི་རིམ་པ་སྟེ། འདི་ལྟར། སློབ་མའི་དབང་བསྐུར་ནས་རྒྱུད་ཀྱི་ཚིག་དོན་ཤེས་པའི་སློབ་མ་ལ་མན་ངག་སྟོན་པའི་དབང་བྱས་ནས་དེ་སྟོན་པའི་བླ་མས་ཐོག་མར་བུམ་དབང་གི་སྨིན་པར་བྱས་ནས་བསྐྱེད་པའི་རིམ་པ་མན་ངག་བཞིན་བསྟན་ནས་སྒོམ་དུ་གཞུག དེ་ལ་དབང་ཐོབ་ནས་གསང་དབང་གིས་སྨིན་པར་བྱ་སྟེ། རང་བྱིན་གྱིས་རླབས་པའི་རིམ་པ་སྒོམ། དེ་ལ་དབང་ཐོབ་ནས་གསུམ་པའི་དབང་གིས་སྨིན་པར་བྱས་ཏེ་དཀྱིལ་འཁོར་སྒོམ། དེ་ལ་དབང་ཐོབ་ནས་དབང་བཞི་པས་སྨིན་པར་བྱས་ཏེ་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་མན་ངག་སྒོམ་པའི་རིམ་པའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། འཁྲུལ་སྤོང་དུ། བུམ་དབང་ཙམ་གྱིས་སྨིན་པར་བྱས་པ་ལ་དབང་གོང་མ་གསུམ་དང་འབྲེལ་བའི་ཐུན་མོང་བ་ཡིན་པའི་གསང་བ་བསྒྲགས་པ་ན་གསང་སྒྲོགས་ཀྱི་ཉེས་པ་མི་འབྱུང་བ་ལྟ་བུར་བཤད་པ་དེ་ལ་ཕྱིར་རྒོལ་བས་རྣམ་པར་བརྟགས་པའི་ཀླན་ཀ་སྤངས་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི། རྡོ་རྗེ་སློབ་མར་བྱེད་པ་ལའང་དབང་བཞི་རྫོགས་པ་དང༌། སློབ་དཔོན་དུ་བྱེད་པ་ལའང་དབང་བཞི་ཀ་རྫོགས་པར་བསྐུར་བ་སྟེ། དབང་བཞི་ཀ་བསྐུར་ཚུལ་མི་འདྲ་བ་ལན་གཉིས་གསུངས་སོ། །དེའི་ལྟར་ན་རྣལ་འབྱོར་ཡན་ལག་དྲུག་ལ་བརྟན་པ་ཐོབ་ཟིན་པའི་འོག་ཏུ་རྒྱུད་དང་རྒྱུད་འགྲེལ་ཉན་པའོ། །གཉིས་པ་ནི། བྱ་རྒྱུད་ཡན་གྱི་དཀྱིལ་འཁོར་དུ་བཅུག་ཅིང༌། དབང་མ་བསྐུར་བ་དེ་ལ་མི་གཡོ་བ་དཀར་པོ་སོགས་ཀྱི་རྗེས་གནང་དང་བླ་མེད་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་མ་བསྐུར་བ་དེ་ལ་ཤེས་རབ་གསལ་བྱེད་མ་སོགས་ཀྱི་རྗེས་གནང་བྱ་མི་རུང་བར་ཐལ། རིམ་པ་བཞིན་དེ་དང་དེའི་དབང་མ་ཐོབ་པའི་ཕྱིར། འཁོར་གསུམ་ཁས་བླངས་པས་ལན་ཡོད་པ་མ་ཡིན་མོད། དེ་འདྲ་དེ་དམིགས་བསལ་ལ་གནང་བའི་ལས་ཡིན་ནོ། །ཞེ་ན། འོ་ན་རྣམ་པ་ཐམས་ཅད་དུ་མི་རུང་ངོ་ཞེས་ཟེར་བ་འགལ་ལོ། །ཡང་དབང་མ་ཐོབ་པས་ལྷ་སྒྲུབ་པ་མི་རུང་བའི་ཤེས་བྱེད་དུ་དེ་ཉིད་བསྡུས་པའི་ལུང་དྲངས་པ་དེ་ནི་བསྒྲུབ་བྱ་དེ་ལ་གནོད་བྱེད་དུ་སོང་བ་ཡིན་ཏེ། ལུང་དེ་ནི་སློབ་དཔོན་གྱིས་ཕབ་པའི་ཡེ་ཤེས་པ་དེ་གསང་བར་གདམས་པ་ཡིན་ལ། དེའི་ཚེ་འོ་ན་དབང་མ་བསྐུར་བ་ལ་ཡེ་ཤེས་པ་དབབ་ཏུ་མི་རུང་བར་ཐལ། དབང་མ་བསྐུར་བ་ལ་ཡེ་ཤེས་པ་གསང་དགོས་པ་དེ་ལུང་དེའི་དོན་དུ་ཁྱེད་ཀྱིས་བཤད་པའི་ཕྱིར། དེའི་ཕྱིར་ཁྱེད་ཀྱི་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་འབྲེལ་པ་མེད་དོ། །སྨྲས་པ། ཕྱེ་མ་ལེབ་ཀྱི་འདབ་ལྕག་གིས། །རྒྱ་མཚོ་དང་ནི་རི་རབ་ལྟར། །རྟོག་གེས་བརྟགས་པའི་སྦྱོར་བ་ཡིས། །ཟབ་དང་རྒྱ་ཆེའི་ཆོས་ལ་ཡང༌། །རྩ་ལྟུང་བརྒྱད་པའི་སྐབས་སུ། སྔ་མ་ལྟར་གསུམ་ལས། དང་པོ་ནི་འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་ཉིད་རྣམ་པར་བཞག་པ་ནི། བདག་གི་ལུས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ་ཕུང་པོ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན། ཁམས་བཞི་ནི་ལྷ་མོ་བཞིའི་རང་བཞིན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་ངོ་བོ། ཕྱིའི་སྐྱེ་མཆེད་རྣམས་ནི་ལྷ་མོའི་རང་བཞིན་ཡིན་ཏེ། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཁམས་དེ་བཞིན་མཱ་མ་ཀི །དྲོད་དང་རླུང་ཞེས་བྱ་བ་ནི། །དཀར་དང་སྒྲོལ་མ་ཞེས་བྱར་བརྗོད། །ཞེས་དང༌། ཤེས་རབ་ཀྱི་རྒྱུད་ལས་ཀྱང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བརྗོད། །ཅེས་སོགས་རྒྱས་པར་གསུངས་སོ། །དེས་ན་ལུས་རང་བཞིན་གྱིས་སངས་རྒྱས་ཡིན་པ་ལ། བླ་མ་དམ་པས་དཀྱིལ་འཁོར་དུ་བཅུག་ན་རབ་གནས་བྱས་པའི་ལུས་འདི་ལ་སྨད་པ་སྟེ། འདི་ལྟར་བདག་གི་ལུས་འདི་ནི་རང་བཞིན་ངན་པའོ། །མི་གཙང་བའི་རྫས་ཀྱིས་གང་བའོ། །ཞེས་བྱ་བར་ཤེས་ནས་སྨོད་ཅིང་གཤུང་སྟེ། དེས་ན་འདིའི་སྒྲིབ་པ་སྦྱང་བ་བྱ་བའི་རྒྱུད་ལས་འབྱུང་བར་དཀའ་བ་སྤྱད་པ་དང༌། སྨྱུང་བར་གནས་པ་དང་དཀའ་ཐུབ་དག་གིས་གནས་པ་ནི་གནས་པ་མཆོག་ཡིན་གྱིས་འདི་ལ་བསྙེན་བཀུར་བས་ཅི་ཞིག་བྱ་སྙམ་པ་དང༌། ཀུན་ཏུ་མ་རངས་ཤིང་ཐིག་གུ་ལ་སོགས་པའི་སེམས་ལས་ལྕེབ་པའམ། ཡན་ལག་གཅོད་པའམ། གདུང་བའམ། མ་དག་པའི་དད་པས་ཀུན་ནས་སླངས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ལུས་དང་ཡན་ལག་བཅད་ནས་འབུལ་བའམ། མར་མེ་སྒྲོན་ལ་སོགས་པ་བྱེད་པའོ། །དེ་ཡང་རང་གི་ནང་གི་ཕུང་པོ་ཁམས་སྐྱེ་མཆེད་ལ་སྨོད་པ་ནི་རྩ་བའི་ལྟུང་བ་ཡིན་གྱི། ཕྱི་རོལ་གྱི་ཡུལ་ལ་སྨད་པ་ནི་བཤགས་བྱ་ཉིད་ཡིན་ནོ། །ངོ་བོ་ཉིད་ཀྱིས་ཡུལ་དང་ཡུལ་ཅན་འདྲ་ཡང༌། རེ་ཞིག་ཡུལ་ལ་དབང་མི་སྐུར་བ་ཉིད་དང༌། རྡོ་རྗེ་གུར་ལས་ཀྱང་བདག་གི་ལུས་ལ་དེས་མི་སྨད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་རྒོལ་བ་ལ་གཉིས་ལས། །དང་པོ་ནི། སྙེ་མ་མཁན་པོ་ན་རེ་དུག་ལ་སོགས་པས་རང་གི་སྲོག་བཅད་ན་རྩ་ལྟུང་ཡིན་ལ། སྦྱོར་བ་ལས་ཉེས་བྱས་སུ་བཤད་པ་ནི་ནོར་པ་ཆེན་པོ་སྟེ། རང་ཤི་ན་ལྟུང་བ་སྐྱེད་པའི་རྟེན་མེད་པའི་ཕྱིར་རོ། །ཞེས་གསུངས་ལ། འདིའི་རྗེས་འབྲང་དག་གིས་རིགས་པ་འདི་རྒྱུ་མཚན་དུ་བྱས་ནས་རྗེ་བཙུན་གྱི་གཞུང་ལ་འཕྱས་གདགས་པར་བྱེད་དོ། །ཡང་ལུས་སྡུག་བསྔལ་བ་དང་མི་རྩད་པ་སོགས་སུ་འཛིན་པ་རྩ་ལྟུང་དུ་སྨྲ་བ་དག་སྣང་མོད་ཀྱང་འཐད་པ་ནི་མ་ཡིན་ཏེ། རྡོ་རྗེ་རྩེ་མོ་དང་སྤྱོད་བསྡུས་ལས་ལུས་མི་གཙང་བར་སྒོམ་པ་ཡང་གསུངས་པའི་ཕྱིར་རོ། །ཞེས་འཆད། རྒོལ་བ་གཉིས་པ་ནི། སྔགས་འདུལ་མཛད་པ་ནི། འཁྲུལ་སྤོང་དུ། ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་སངས་རྒྱས་སུ་འཆད་པའི་ལུང་སྦྱོར་བྱེད་པ་ནི་སྐབས་ཀྱི་དོན་མ་ཡིན་ཏེ། ཕུང་པོ་ལྔ་དང་སངས་རྒྱས་ལྔ་ལ་དག་པ་སྦྱོར་ཚུལ་ཡོད་པ་ཡིན་གྱི་ཁམས་སྐྱེ་མཆེད་ལ་དེ་ལྟར་མེད་པའི་ཕྱིར། དེ་ལ་དེ་ཡོད་པའི་ཤེས་བྱེད་ནི། གཞིའི་དུས་སུ་ཕུང་པོ་ལྔ་པོ་འདི་ཉིད་བདག་ཏུ་འདོགས་པའི་གཞི་ཡིན། འབྲས་བུའི་དུས་སུ་ཡང་ཕུང་པོ་ལྔ་པོ་ཉིད་སངས་རྒྱས་ལྔར་གནས་གྱུར་པའི་ཕྱིར། དེ་ལ་དགོངས་ནས་གཞུང་དུ། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །ཅེས་གསུངས་ཀྱི། ཁམས་དང་སྐྱེ་མཆེད་ལ་མ་གསུངས་སོ། །ཡང་སྐབས་འདིར་བྱ་བའི་རྒྱུད་ཀྱི་དཀའ་བ་སྤྱད་པ་དང༌། སྨྱུང་བར་གནས་པ་སོགས་ཀྱི་དཀའ་ཐུབ་ཐམས་ཅད་རྩ་ལྟུང་འདིར་འགྱུར་ཞེས་དང༌། སངས་རྒྱས་ལ་ལུས་དང་ཡན་ལག་བཅད་ནས་འབུལ་བའམ། དེ་ལ་མར་མེ་སྒྲོན་པ་སོགས་ཀྱང་མ་དག་པའི་དད་པས་ཀུན་ནས་བསླང་བར་འགྲོ་བས་དེ་ཡང་རང་གི་ཕུང་ཁམས་ལ་བརྙས་པའི་རྩ་ལྟུང་ངོ༌། །ཞེས་སྨྲ་བ་དེ་དག་ཀྱང་འཐད་པར་མི་སེམས་ཏེ། དང་པོ་མི་འཐད་པ་ནི། ཁྱེད་ཀྱི་འདོད་པ་ནི། དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟན་པས་མི་འགྲུབ། ཅེས་པ་ལ་བསམས་པ་ཡིན་ལ། དེ་ལྟ་ན་ཉན་ཐོས་ཀྱི་སྡོམ་པའང་སྔགས་པས་སྲུང་དུ་མི་རུང་བར་འགྱུར་ཞེས་མཚུངས་སོ། །མི་མཚུངས་ཏེ། མི་བཟད་ཅེས་པས་སོ་ཞེ་ན། དཀའ་ཐུབ་ཀྱང་མི་བཟད་པ་ནི་དོར་བྱ་སྟེ། མི་བཟད་པ་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ། ལུས་གདུང་བྱེད་པ་འབའ་ཞིག་ལས། །ཆོས་མེད་འདི་ལྟར་དེ་ཡིས་ནི། །གཞན་ལ་གནོད་པ་སྤོང་མེད་ཅིང༌། །གཞན་ལ་ཕན་འདོགས་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ལུས་ཀྱི་གདུང་བ་སྐྱེད་པ་མ་གཏོགས་ཆོས་ཀྱི་དོན་ཅི་ཡང་མེད་པ་ལ་ནི་མི་བཟད་པ་ཞེས་བྱའོ། །དེ་ཉིད་སྤྱིར་བྱ་རྒྱུད་ཀྱི་སྨྱུང་བར་གནས་པ་ལ་ནི་མི་བཟད་པའི་དོན་མེད་པས་རྩ་ལྟུང་སྐྱེད་པར་དོགས་པའི་གནས་མེད་དེ། རྒྱུད་སྡེ་དུ་མ་ནས་ཆོ་གའི་ཡན་ལག་ཏུ་གསུངས་པའི་ཆོས་ཀྱི་དོན་ཅན་ཡིན་པའི་ཕྱིར། དཔེར་ན་ཡན་ལག་བརྒྱད་པའི་གསོ་སྦྱོང་བཞིན་ནོ། །ཅི་སྟེ་བྱ་བའི་རྒྱུད་ལ་བདག་བསྐྱེད་མེད་པས་རུང་དུ་ཟད་མོད། བདག་བསྐྱེད་ཡོད་པ་ལ་ནི་གཏན་མི་རུང་སྟེ། དེ་ལ་མཆོད་ན་བསོད་ནམས་ཐོབ་པ་བཞིན་དུ་བརྙས་ན་སྡིག་པར་འགྱུར་བས་སོ་ཞེ་ན། བརྙས་ན་འགྱུར་དུ་ཆུག་མོད། བརྙེས་པ་ཉིད་བརྟག་དགོས་ཏེ། བཟའ་བཏུང་ལ་ལོངས་མ་སྤྱད་པས་བརྙས་པ་ཡིན་ནམ་བརྙས་པར་འདོད་པ་དེས་བཟའ་བཏུང་ལ་ལོངས་མི་སྤྱོད་པའི་དུས་ཐམས་ཅད་དུ་བརྙས་པར་འགྱུར་རོ། །གལ་ཏེ་དེའི་ཚེ་སེམས་ཀྱི་བརྙས་པ་མེད་དོ་ཞེ་ན། སྔ་མ་ལ་མཚུངས་པ་ཉིད་དོ། །དེ་བཞིན་དུ་སངས་རྒྱས་ལ་ཡན་ལག་བཅད་ནས་ཕུལ་བ་སོགས་ལ་མ་དག་པའི་དད་པའང་ཀུན་སློང་གི་དད་པ་ལ་སྐྱོན་ཆགས་པ་ཅི་ཞིག་ཡོད་དེ། ཞིང་དག་པས་ཧ་ཅང་ཆེས་དད་པ་ནི་མཆོད་པའི་ལས་ལ་ལྷག་པའི་བསམ་པར་བཞག་དགོས་སོ། །ཅི་སྟེ་སྦྱོར་བ་རྩུབ་པས་ཐབས་ལ་མི་མཁས་པའོ། །མ་ཡིན་ཏེ། ཇི་སྐད་དུ། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་ཀྱང་བརྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་བླ་མའི་དོན་དུ་རང་གི་སྲོག་ཀྱང་གཏོང་བར་གསུངས་པའི་ཕྱིར། དེ་ལྟར་ན་སྙིང་རྗེའི་བསམ་པ་རྣམ་དག་པས། གཞན་ལ་རང་གི་མགོ་བོ་བཅད་ནས་བྱིན་ཀྱང་རྩ་ལྟུང་འདིར་དོགས་པའི་གནས་མེད་དོ། །ཀླུ་སྒྲུབ་རྡོ་རྗེ་ཅན་གྱིས་ཉིད་ཀྱི་དབུ་ཡང་གཞན་ལ་སྩལ་བ་བཞིན་ནོ། །ཞེས་རྒོལ་བར་བྱེད་དོ། །གསུམ་པ་ལ་གསུམ་སྟེ། རྒོལ་བ་དང་པོའི་ལན་གདབ་པ་དང༌། གཉིས་པའི་ལན་གདབ་པ་དང༌། ཕུང་པོ་ལྔ་སངས་རྒྱས་ལྔའི་བདག་ཉིད་དུ་འཇོག་པའི་རྒྱུ་མཚན་རིགས་པས་རྣམ་པར་བརྟགས་ནས་བཤད་པའོ། །དང་པོ་ནི། སུན་འབྱིན་དང་པོ་དེ་ཕྱོགས་སྔ་མ་ལ་འཇུག་པ་མ་ཡིན་ཏེ། ཀུན་སློང་གི་བསམ་པ་མ་དག་པས་སྡོམ་ལྡན་རང་གིས་བཅད་པ་དེའི་ཚེ། སྲོག་གཅོད་ཀྱི་ལས་དེ་ལ་ལྟོས་པའི་སྦྱོར་བའི་དུས་སུ་རྩ་ལྟུང་འདིའི་དངོས་གཞི་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། དེར་རང་གི་ལུས་ལ་གནོད་པའི་བྱ་བ་རྫོགས་པའི་ཕྱིར། སུན་འབྱིན་གཉིས་པ་དེ་ཡང་རྗེ་བཙུན་ལ་ནི་འཇུག་པ་མ་ཡིན་ཏེ། འཁྲུལ་སྤོང་ལས་ནི། ལུས་མི་གཙང་བར་མཐོང་བའི་བློས་ཀུན་སློང་བྱས་ནས་རང་ལུས་ལ་བརྙས་ན་རྩ་ལྟུང་དུ་གསུངས་ཀྱི། སྔགས་ཀྱི་སྡོམ་ལྡན་གྱིས་ལུས་མི་གཙང་བར་སྒོམ་པ་མ་བཀག་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སུན་འབྱིན་དང་པོའི་ཁྱབ་པ་འགལ་བར་བསྟན། སུན་འབྱིན་གཉིས་པ་ཕྱོགས་སྔའི་བསམ་པ་དང་མ་འབྲེལ་བར་བསྟན། སུན་འབྱིན་གསུམ་པ་བག་ཡངས་དང་འབྲེལ་བར་བསྟན་པའོ། །དང་པོ་ནི་ཕུང་པོ་ལྔ་དང་སངས་རྒྱས་ལྔ་དག་པ་སྦྱར་དུ་རུང་བ་ཡིན་ན་ཁམས་དང་སྐྱེ་མཆེད་ལ་དེ་ལྟར་སྦྱར་དུ་མེད་པ་ནི་འགལ་བ་ཡིན་ཏེ། འདིར་ལྷ་མོ་དང་དག་པ་སྦྱོར་བའི་ཁམས་དང་སྐྱེ་མཆེད་དེ་དག་ནི་འདུས་བྱས་ཡིན་པས་ཕུང་པོ་ལྔའི་ནང་དུ་འདུས་པའི་ཕྱིར་དང༌། རང་གི་ཕུང་པོ་ལྔ་ལ་བརྙས་པ་རྩ་ལྟུང་དུ་སོང་བའི་ཚེ་ཁམས་དང་སྐྱེ་མཆེད་ལ་བརྙས་པའི་ཆ་ནས་ཀྱང་རྩ་ལྟུང་དུ་འགྲོ་དགོས་པའི་ཕྱིར། ཕུང་ཁམས་སྐྱེ་མཆེད་ལ་བདག་ཏུ་འདོགས་པའི་གཞི་ཡིན་མིན་གྱི་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་དང༌། ངར་འཛིན་ལྷན་སྐྱེས་ཀྱིས་རང་གི་ཕུང་པོ་ལྔ་པོ་ཉིད་བདག་ཏུ་འཛིན་པ་ཡིན་ཞེས་པ་ནི་ཟླ་བའི་ཞབས་སོགས་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀག་ཟིན་པའི་ཕྱིར་དང༌། ཕུང་པོ་ལྔ་གནས་གྱུར་པ་ན་ཡེ་ཤེས་ལྔར་འགྱུར་བ་བཞིན་དུ་ཁམས་དང་སྐྱེ་མཆེད་ཀྱང་དེར་འགྱུར་བའི་ཕྱིར། གཉིས་པ་ནི། བྱ་བའི་རྒྱུད་ནས་གསུངས་པའི་སྨྱུང་གནས་དང་དཀའ་ཐུབ་སོགས་རྩ་ལྟུང་བརྒྱད་པར་འགྱུར་བ་འགོག་པའི་སུན་འབྱིན་གང་ཡིན་པ་དེ་ཐམས་ཅད་དོན་མེད་པ་ཁོ་ན་ཏེ། ཕྱོགས་སྔའི་ཁས་བླངས་དང་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཞེ་ན། འཁྲུལ་སྤོང་ལས་ནི། རང་གི་ལུས་ལ་སྨོད་ཅིང་གཤུང་བ་སྔོན་དུ་བཏང་ནས། ལུས་འདི་ནི་སྨྱུང་བར་གནས་པས་ཆོག་གི འདི་ལ་བསྙེན་བཀུར་བས་ཅི་ཞིག་བྱ་སྙམ་པའི་བློ་ཡན་ལག་ཚང་བ་དེ་རྩ་ལྟུང་དུ་གསུངས་པ་ཡིན་གྱི། བྱ་རྒྱུད་ཀྱི་ཉམས་ལེན་རྩ་ལྟུང་དུ་གསུང་བའི་གོ་སྐབས་ག་ལ་ཡོད་པའི་ཕྱིར་རོ། །གསུངས་པ་དེ་ཙམ་གྱིས་སུན་འབྱིན་དེ་དག་འཇུག་ན་ནི། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། བདག་གི་ཕུང་པོ་བརྙས་མི་བྱ། །ཞེས་པའི་འགྲེལ་པར། ནག་པོ་པས། བརྙས་པ་ནི་འགེགས་པ་དང༌། གཡང་སར་མཆོང་བ་དང༌། དམན་པའི་བརྟུལ་ཞུགས་དང༌། གནས་མིན་གྱི་བཟོད་པ་དང༌། ཡན་ལག་དང་ཉིང་ལག་གཅོད་པ་དང༌། སྨྱུང་བར་གནས་པ་དང༌། དཀའ་ཐུབ་དང༌། དཀའ་སྤྱད་ལ་སོགས་ཏེ། རྒྱུ་སྡུག་བསྔལ་ལ་འབྲས་བུ་བདེ་བ་ཆེན་པོར་དེ་མི་འགྱུར་བའི་ཕྱིར་སྤངས་ཏེ་མི་བྱའོ། །ཞེས་གསུངས། དེ་ཐོག་མར་སུན་ཕྱུང་ནས་དེ་ཙམ་གྱིས་རྗེ་བཙུན་གྱི་བཞེད་པ་ཁེགས་པར་འགྱུར་རོ། །གསུམ་པ་ནི། ཕྱོགས་སྔ་མའི་བཞེད་པ་ཕྱིན་ཅི་ལོག་ཏུ་བླངས་པའི་སུན་འབྱིན་གྱིས་ནི་མཁས་པ་སུ་ཡང་མགུ་བར་ནུས་པ་མ་ཡིན་ཏེ། འཁྲུལ་སྤོང་ལས་ནི། མ་དག་པའི་དད་པས་ཀུན་ནས་བསླངས་ནས། དེ་བཞིན་གཤེགས་པའི་སྤྱན་སྔར་ལུས་དང་ཡན་ལག་བཅད་ནས་འབུལ་བའམ། ཞེས་གསུངས་པ་ལ། ཕྱོགས་སྔ་མ་དེ་ལེན་པ་ན་སངས་རྒྱས་ལ་བཅད་ནས་ཕུལ་བ་སོགས་མ་དག་པའི་དད་པས་ཀུན་ནས་སླང་བ་ཡིན། ཞེས་བླངས་ནས་བཀག་པའི་ཕྱིར། སུན་འབྱིན་དེ་མི་འཇུག་པའི་ཤེས་བྱེད་ཀྱང༌། སངས་རྒྱས་ལ་དེ་ལྟར་ཕུལ་བའི་ཀུན་སློང་ལ་དག་མ་དག་གི་དབྱེ་བ་སོ་སོར་ཡོད་པའི་ཕྱིར། ཡང་སྔགས་ཀྱི་སྡོམ་ལྡན་གྱིས་གཞན་དོན་དུ་རང་གི་སྲོག་ཀྱང་གཏོང་དགོས་པས་ཁྱབ་པའི་བཤད་པའང་ལེགས་པ་མ་ཡིན་ཏེ། སྤྱོད་འཇུག་ལས། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་བཏང་བར་མི་བྱ་སྟེ། །ཞེས་པ་དང་འགལ་བའི་ཉེས་པ་འབྱུང་སྲིད་པའི་ཕྱིར་དང༌། གཞན་དོན་གྱི་བསམ་པ་རྒྱ་ཆེན་པོས་ཀུན་ནས་བསླང་བ་ཙམ་གྱིས་རྩ་ལྟུང་བརྒྱད་པ་ཁེགས་པའི་ཁྱབ་པ་མ་ངེས་པའི་ཕྱིར། ཡང་སྔགས་འདུལ་མཛད་པས་འདི་སྐད་ཅེས། ལུས་འདི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ། ཕུང་པོ་ལྔ་སངས་རྒྱས་ལྔ་ཞེས་སོགས་ལུང་དང་སྦྱར་ནས་འཆད་པའང་སྐབས་ཀྱི་དོན་ལས་ཕྱི་རོལ་དུ་གྱུར་པ་ཡིན་ཞིང༌། བླ་མས་དཀྱིལ་འཁོར་དུ་བཅུག་ནས་རབ་གནས་བྱས་པ་ལ་བྱིན་གྱིས་རླབས་པ་ཞེས་པའི་གོ་དོན་དུ་འཆད་པའང་ཕྱོགས་སུ་མ་བབ་པའི་གསུང་ཡིན་ཏེ། དེ་ལྟར་ན་གཞན་སློབ་མའི་ཕུང་པོ་ལ་སྨད་ཀྱང་རྩ་ལྟུང་དུ་འགྱུར་བར་མཚུངས་པའི་ཕྱིར། འོ་ན་ཅི་ཞེ་ན། བདག་གི་ཕུང་པོ་བརྙས་མི་བྱ། །ཞེས་པའི་འགྲེལ་པར་ནག་པོ་པས། བདག་ནི་བདག་ཏུ་བྱས་པའོ། །ཕུང་པོ་ནི་གཟུགས་ལ་སོགས་པའོ། །དེ་ཉིད་རང་བཞིན་གནས་པ་དང༌། བྱིན་གྱིས་བརླབས་པའི་མཐུས་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། ནང་གི་སྦྱིན་བསྲེག་གིས་མཆོད་པར་བྱ་ཞིང༌། དེ་བས་བདེ་བ་བསྒྲུབ་པར་བྱའོ། །ཞེས་གསུངས་པ་དེའི་དོན་ལ་བརྟགས་ན། རང་བཞིན་གནས་པ་ཞེས་པ་ནི་རང་བཞིན་གནས་རིགས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་དེ་བདག་གི་མཚན་གཞི་དང་སངས་རྒྱས་ལྔའི་རང་བཞིན་ཡིན་པས་རང་གི་ཕུང་པོ་ལ་བརྙས་ན་ལྟུང་བར་འགྱུར་བའི་རྣམ་གྲངས་གཅིག་དང༌། ཕུང་པོ་ལྔ་ལྷར་སྐྱེད་ནས་གོམས་པས་ལྷའི་སྐུར་འགྱུར་བ་ནི་བྱིན་གྱིས་བརླབས་པའི་མཐུས་རྣམ་པར་སྣང་མཛད་ཅེས་སོགས་ཀྱི་དོན་ཡིན་ལ། དེའི་རྒྱུ་མཚན་གྱིས་ཀྱང་རང་གི་ཕུང་པོ་ལ་བརྙས་ན་རྩ་ལྟུང་དུ་འགྱུར་པའོ། །ཞེས་ཀྱང་འཆད་དོ། །སུན་འབྱིན་འདི་དག་ཀྱང་རྗེ་བཙུན་ལ་འཇུག་པ་མ་ཡིན་ཏེ། སུན་འབྱིན་དང་པོའི་ཁྱབ་པ་འགལ་བ་དང༌། སུན་འབྱིན་གཉིས་པའི་ཁྱབ་པ་མ་ངེས་པ་དང༌། གཞན་ལ་བརྙས་པ་རྩ་ལྟུང་དུ་ཐལ་བའི་ཉེས་པ་དེ་ཉིད་ཕྱིར་རྒོལ་ལ་ཡང་མཚུངས་པའོ། །དང་པོ་ནི། སུན་འབྱིན་དང་པོ་འགལ་བ་ཡིན་ཏེ། ཕུང་པོ་ལྔ་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་དང༌། ཕུང་པོ་ལྔ་རང་བཞིན་གྱི་སངས་རྒྱས་ཡིན་པ་དོན་གཅིག་ལ་འདུ་བའི་ཕྱིར། གཉིས་པ་ནི། རང་ལུས་ལ་རང་བཞིན་གནས་རིགས་ཀྱི་ཁྱབ་པའི་རྒྱུ་མཚན་གྱིས་དེ་ལ་སྨད་པ་རྩ་ལྟུང་དུ་འགྱུར་བ་དང༌། བྱིན་བརླབས་ཀྱི་མཐུས་སངས་རྒྱས་ཀྱི་སྐུར་འགྱུར་རུང་ཡིན་པའི་རྒྱུ་མཚན་གྱིས་རང་གི་ལུས་ལ་སྨད་པས་རྩ་ལྟུང་དུ་འགྱུར་ན། ཕ་རོལ་དུ་ཕྱིན་པའི་ཐེག་པ་ཆེན་པོ་དག་གིས་ཀྱང་རང་གི་ལུས་བརྙས་པ་རྩ་ལྟུང་དུ་ཧ་ཅང་ཐལ་བར་འགྱུར་རོ། །གསུམ་པ་ནི། འོ་ན་ཁྱེད་ལ་ཡང་སྔགས་ཀྱི་སྡོམ་ལྡན་མཁས་པས་སློབ་མའི་ཕུང་པོ་ལ་སྨད་ཀྱང་རྩ་ལྟུང་དུ་ཐལ་བར་འགྱུར་ཏེ། དེ་ལའང་རང་བཞིན་གནས་རིགས་ཀྱི་ཁྱབ་པ་དང༌། མཐར་སངས་རྒྱས་ཀྱི་སྐུར་འགྱུར་དུ་རུང་བའི་ཕྱིར་རོ། །སུན་འབྱིན་གསུམ་པ་དེ་ལ་རྣལ་མའི་ལན་ནི། སྔགས་པས་གཞན་གྱི་ལུས་པ་བརྙས་པ་ཙམ་གྱིས་རྩ་བའི་ལྟུང་བར་མི་འགྱུར་ཏེ། རང་གཞན་གཉིས་ཀ་སངས་རྒྱས་ཀྱི་རིགས་ལ་གནས་པ་དང༌། རྡོ་རྗེ་སློབ་དཔོན་གྱི་རབ་གནས་བྱས་པར་མཚུངས་ཀྱང༌། རང་གི་ཕུང་པོ་ལྔ་ལ་ནི་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ་དགོས་པ་ཡིན་ལ། གཞན་ལ་ནི་དེར་མ་ངེས་པའི་ཕྱིར། ཡང་ན་འདི་ལྟར་སྣོད་བཅུད་དེ་ཐམས་ཅད་ལྷར་ཤར་བའི་སྔགས་པ་ལ་ནི་གང་ཤར་བ་དེ་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ལས་མ་འདས་པས། རང་གི་མིང་གཞིའི་ཕུང་པོ་ལ་བརྙས་པ་ནི་དེ་ཉིད་ཀྱིས་གཞན་ལ་བརྙས་པ་ཡང་གྲུབ་སྟེ། རང་གི་སྣང་བ་ལས་མ་གཏོགས་པའི་གཞན་གྱི་ཕུང་པོ་གྲུབ་པ་མེད་པའི་ཕྱིར། ཞེས་བྱ་བར་ཡང་སེམས་སོ། །གཉིས་པ་ལ་གཉིས་ཏེ། ཕུང་པོ་ལྔ་རང་བཞིན་གྱི་སངས་རྒྱས་ཡིན་པའི་གོ་དོན། དེ་ལ་བརྙས་པ་རྩ་ལྟུང་ཡིན་པའི་ཤེས་བྱེད་ཀྱི་དཔེའོ། །དང་པོ་ནི། སྤྱིར་ཕུང་པོ་ལྔ་གསུམ་ཚན་དུ་དབྱེ་བར་བྱ་སྟེ། ཀུན་བརྟགས་པའི་དང༌། རྣམ་པར་བརྟགས་པའི་དང༌། ཆོས་ཉིད་ཀྱིའོ། །དང་པོ་གཉིས་ནི། རང་བཞིན་གྱི་སངས་རྒྱས་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པས་རང་བཞིན་དུ་མི་རུང་བའི་ཕྱིར། གསུམ་པ་ནི་རང་བཞིན་གྱི་སངས་རྒྱས་ཏེ། རང་བཞིན་རྣམ་དག་གི་ཆའོ། །དེ་ཡང་གང་ཞེ་ན། བག་ཆགས་ཀྱི་དབང་གིས་ཕུང་པོ་ལྔར་སྣང་བའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་མྱོང་བ་གསལ་རིག་གི་ཆའོ། །དེ་ལྟར་ཕུང་པོ་ལྔ་ཀའི་ཆོས་ཉིད་ནི་གཅིག་ཡིན་ཀྱང་ཆོས་ཅན་ཕུང་པོ་ལྔའི་དབྱེ་བས་ལྔར་ཕྱེའོ། །དེའི་ཚེ་ཆོས་ཉིད་ཀྱི་ཕུང་པོ་ལྔ་དང་རང་བཞིན་གྱི་སངས་རྒྱས་ལྔ་ནི་དོན་གཅིག་པ། དེ་འདྲ་དེ་ཡང་ཀུན་རྫོབ་པའི་ཕུང་པོ་ལྔ་དང་རྟེན་བརྟེན་པའི་ཚུལ་གྱིས་དེར་གནས་པ་ཡིན་ཏེ། ཇི་སྐད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་ངོ་བོ་དབྱེར་མེད་པ་ནི་མ་ཡིན་ཏེ། གཅིག་ནི་རང་བཞིན་གྱིས་གནས་ལ། གཅིག་ནི་གློ་བུར་དུ་བྱུང་བས་འབྲལ་རུང་ཡིན་པའི་ཕྱིར། དེ་ལྟར་ཆོས་ཅན་ཀུན་རྫོབ་ཀྱི་ཕུང་པོ་ལྔ་དང༌། ཆོས་ཉིད་དོན་དམ་པའི་ཕུང་པོ་ལྔ་འབྲལ་རུང་རྟེན་བརྟེན་པའི་ཚུལ་དུ་གནས་པ་འདི་ཡང་མ་དག་པ་སེམས་ཅན་གྱི་སར་ཡིན་གྱི། དག་པ་སངས་རྒྱས་ཀྱི་སར་ནི་མ་ཡིན་ཏེ། དེར་ནི་རྣམ་པར་བརྟགས་པའི་ཕུང་པོ་ལྔ་ཡང་རྣམ་པར་དག་ན། ཀུན་བཏགས་པའི་ཕུང་པོ་ལྟ་ཅི་སྨོས་ཏེ། དེར་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་ཟིན་པའི་ཕྱིར་རོ། །དེའི་ཕྱིར་གཞན་དག་གསང་སྔགས་པའི་མ་དག་པའི་ཕུང་པོ་ལྔ་པོ་འདི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་འགྱུར་ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། དེ་ནི་གཟུང་འཛིན་གཉིས་སྣང་ལས་མ་འདས་པས་སངས་རྒྱས་ཀྱི་སར་མི་འབྱུང་བའི་ཕྱིར། དེ་ལྟར་གཞི་དུས་སུ་ཆོས་ཉིད་རང་བཞིན་ལྷན་སྐྱེས་དང་ཆོས་ཅན་མ་དག་པའི་ཕུང་པོ་གཉིས་རྟེན་བརྟེན་པའི་ཚུལ་དུ་གནས་པ་དེ་ལ་གསང་སྔགས་པས་གློ་བུར་རྣམ་དག་གི་སངས་རྒྱས་སྤྱན་དྲངས་ནས། གཞི་དུས་ཀྱི་ཆོས་ཉིད་དང་དབྱེར་མེད་དུ་རབ་ཏུ་གནས་པར་བྱས་པ་དེའི་ཚེ་རང་གི་ཕུང་པོ་ལྔ་སངས་རྒྱས་སུ་ལྟ་བར་བྱ་བ་ཡིན་ཏེ། བྱིན་བརླབས་ཀྱི་སྟོབས་ཀྱིས་གཞི་དུས་སུ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཕུང་པོ་ལྔ་གློ་བུར་རྣམ་དག་གི་སངས་རྒྱས་དང་དབྱེར་མེད་དུ་འདྲེས་ཟིན་པའི་ཕྱིར། དེ་ལྟར་བལྟས་ནས་ཉམས་སུ་ལེན་པ་དེ་ལ་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་སྟེ། ཐོབ་བྱའི་འབྲས་བུ་དེ་ཉིད་ཀྱི་རྣམ་པ་ད་ལྟ་རང་རྒྱུད་ལས་བསྐྱེད་ནས་ལམ་དུ་བྱེད་པའི་ཕྱིར། དེ་ལས་གཞན་དུ་གློ་བུར་རྣམ་དག་གི་ཡེ་ཤེས་དང་མ་བསྲེས་པ་དེའི་ཚེ་ནི་ཆོས་ཉིད་ཀྱི་ཕུང་པོ་ལྔ་རང་བཞིན་གྱི་སངས་རྒྱས་ཡིན་ཀྱང༌། ཕུང་པོ་ལྔ་སངས་རྒྱས་སུ་ལྟ་བ་དང༌། དེ་ལྟར་ལྟ་བའི་རྣམ་པ་དེ་ལམ་དུ་བྱེད་པ་མ་ཡིན་ཏེ། ཡིན་ན་ཕར་ཕྱིན་གྱི་ཐེག་པ་པས་ཀྱང་འབྲས་བུ་ལམ་དུ་བྱེད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་བཤད་པ་ན་རྣལ་འབྱོར་པ་རང་གི་སྣང་ཚུལ་གྱི་ཕུང་པོ་ལྔ་ནི་རྣམ་པར་བརྟགས་པའི་ཕུང་པོ་དང་གློ་བུར་གྱི་དྲི་མ་ཡིན་ཀྱང༌། གནས་ཚུལ་གྱི་ཕུང་པོ་ལྔ་ནི་དག་པ་གཉིས་ལྡན་དང་བདག་གི་མཚན་གཞིར་འཇོག་པར་རྣལ་འབྱོར་པ་རང་གི་བློ་ངོར་རང་ཉིད་འབྲས་དུས་ཀྱི་སངས་རྒྱས་དངོས་ཡིན་པར་གྲུབ་བོ། །དེའི་ཕྱིར་སྔགས་ཀྱི་རྣལ་འབྱོར་པས་ཀྱང་ལུས་མི་གཙང་བར་སྒོམ་པ་དང༌། སྨྱུང་བར་གནས་པ་ལ་སོགས་རྣམ་པར་བརྟགས་པའི་ལུས་ཀྱི་དབང་དུ་བྱས་ལ། ཆོས་ཉིད་ཀྱི་ལུས་ཀྱི་དབང་དུ་བྱས་པ་མ་ཡིན་ཏེ། དེ་ལ་དེའི་གཞི་མེད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་སྔགས་པས་རང་གི་ལུས་ལ་བརྙས་པ་སྔོན་དུ་བཏང་ནས། གཡང་ལ་མཆོང་བ་དང༌། ཡན་ལག་བཅད་པ་དང༌། སྨྱུང་བར་གནས་པ་ལ་སོགས་པ་བྱས་པའི་ཚེ། རྩ་བའི་ལྟུང་བར་ཇི་ལྟར་འགྱུར་ཏེ། སངས་རྒྱས་ལྔའི་ངོ་བོར་གྱུར་པའི་ཕུང་པོ་ལ་ནི་དེའི་ཚེ་བརྙས་པར་གྱུར་པ་མ་གྲུབ་ཅིང༌། གནོད་པ་དེ་དག་ཀྱང་བྱར་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། དེ་ལྟ་ན་ཡང་རྟེན་ལ་བརྙས་པས་བརྟེན་པ་ལ་བརྙས་པར་འགྱུར་བ་ཡིན་ཏེ། དཔེར་ན་འཇིམ་པའམ་ཤིང་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་གཟུགས་རབ་གནས་ཅན་དུ་བཞུགས་པ་ལས་འདི་དག་ནི་རྒྱུ་ངན་པ་ཤིང་ངམ་རྡོ་བ་ལ་བྱས་པའོ། །ཞེས་བརྙས་པ་སྔོན་དུ་བཏང་ནས་བཤིག་གམ། མི་གཙང་བའི་གནས་སུ་བཞག་གམ། མཚན་དཔེའི་སྐྱེ་མཆེད་རྣམས་མེད་པར་བྱས་ཀྱང་རུང་སྟེ། དེའི་ཚེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་གནོད་པ་ཡོད་ཡེ་མངའ་བ་མེད་ཀྱང༌། དེ་ལ་བརྙས་པར་བཞག་ན། ཉེས་པ་ཤིན་ཏུ་ལྕི་བར་འཇོག་པ་བཞིན་ནོ། །དེ་ཡང་ཆོས་ཉིད་ཀྱི་ཕུང་པོ་རང་བཞིན་གྱི་སངས་རྒྱས་ཡིན་པ་ནི། རྒྱུའི་རྒྱུད། དེའི་གློ་བུར་གྱི་དྲི་མ་སྦྱོང་བྱེད་དུ་རྣམ་པར་བརྟགས་པའི་ལུས་སངས་རྒྱས་ཀྱི་རྣམ་པར་སྒོམ་པ་ནི་ཐབས་ཀྱི་རྒྱུད་དེ་ལྟར་གོམས་པས་ཆོས་ཉིད་ཀྱི་ལུས་སངས་རྒྱས་སུ་གནས་གྱུར་པ་ནི་འབྲས་བུའི་རྒྱུད་དོ། །འདི་གསུམ་པོ་ནི་དགྱེས་པ་རྡོ་རྗེ་ལས་དག་པ་གསུམ་ཞེས་བཤད་དོ། །སྨྲས་པ། ཇི་སྙེད་གནས་ལ་བཤད་པ་དང༌། །རྩད་པའི་བློ་གྲོས་བགྲང་ཡས་ཀྱིས། །ཇི་ལྟའི་གནས་ལ་ཐོགས་མེད་པའི། །འཕགས་རྣམས་བརྙས་པ་ངོ་མཚར་ཏོ། །རྩ་ལྟུང་དགུ་པའི་སྐབས་སུ་རྗེ་བཙུན་གྱི་གཞུང་ལུགས་ལ་འདིར་སྐབས་སུ་བབ་པའི་རྒོལ་བ་གཉིས་ཀྱི་བརྒལ་བའི་རྩད་པ་མི་སྣང་ཞིང༌། དེ་ལས་གཞན་བརྗོད་འདོད་མ་བཀག་པ་དག་གིས་བརྒལ་ལན་ནི་བྱ་བར་རྩོལ་མ་ཕོད་པས་དོན་གཉིས་ཀྱིས་བཤད་དེ། རྗེ་བཙུན་གྱི་གཞུང་བཞག་པ་དང༌། དེའི་ཤེས་བྱེད་རྒྱས་པར་བཤད་ནས་དོགས་པའི་མཐའ་བསལ་བའོ། །དང་པོ་ནི། འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་ཉིད་རྣམ་པར་བཞག་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ་དེ་བཞིན་ཉིད་ཀྱི་དག་པ་དང༌། ཕུང་པོ་ལྔ་རྒྱལ་བ་ལྔའི་རང་བཞིན་ལྷ་སོ་སོའི་དག་པ་སྟེ། རང་བཞིན་གྱི་དག་པ་གཉིས་ལ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་ཟ་བའང་རྩ་བའི་ལྟུང་བར་འགྱུར་ན། རང་བཞིན་གྱིས་མ་དག་པར་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྟུང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཞེས་གསུངས། གཉིས་པ་ལ་དངོས་དང༌། རྩོད་པ་སྤོང་བའོ། །འདིར་རང་བཞིན་གྱིས་དག་པ་ཤེས་པ་ནི་སྟོང་པ་ཉིད་ཡིན་ལ། དེ་ཇི་ལྟར་ངོས་འཛིན་པའི་ཚུལ་ལ་ཤིང་རྟའི་སྲོལ་མི་འདྲ་བ་གཉིས་ཏེ། དབུ་མ་རིགས་པའི་ཚོགས་ལས་འབྱུང་བ་དང༌། བྱམས་པའི་ཆོས་ལས་འབྱུང་བའོ། །དེ་ལྟར་འབྱུང་བའི་རྒྱུ་མཚན་ལ་གཉིས་ལས། གཅིག་ནི་འཁོར་ལོ་བར་པའི་དངོས་བསྟན་སྒྲ་ཇི་བཞིན་པར་འཆད་པ་ཡིན་ལ། ཅིག་ཤོས་ནི་འཁོར་ལོ་ཐ་མའི་དངོས་བསྟན་གྱི་ངེས་དོན་སྒྲ་ཇི་བཞིན་པར་འཆད་པའོ། །དེ་གཉིས་ཀ་ཡང་ངེས་དོན་གྱི་གནས་ལ་མི་བསླུ་བ་ཡིན་ཏེ། དབུ་མ་རྒྱན་ལས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུག་བྱེད་པ། །དེ་ཕྱིར་དེ་དག་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །ཅེས་གསུངས་སོ། །དེ་ཡང་ལུགས་དང་པོའི་སྟོང་པ་ཉིད་ནི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་སྟེ། དཔེར་ན་སྟོང་པ་ཉིད་ཀྱང་དེ་ཉིད་ཀྱིས་སྟོང་ན། ཀུན་རྫོབ་ཀྱི་ཆོས་རྣམས་ལྟ་ཅི་སྨོས་སོ། །དེའི་ཕྱིར་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ལྟ་བ་དང༌། དེ་ལྟར་གཏན་ལ་ཕབ་པ་ན་ཐེ་ཚོམ་ཟ་བ་ཡང་འདིར་ལྟུང་བ་སྐྱེད་པའི་ཡན་ལག་གཅིག་ཡིན་ལ། འདི་ནི་ཐེག་པ་ཆེན་པོའི་ཚུལ་གཉིས་ལས། གང་ལ་བརྟེན་པ་དང༌། ལྟ་བས་སྤྲོས་པ་གཅོད་པ་དང༌། སྒོམ་པས་ཉམས་སུ་ལེན་པའི་ཚུལ་གནས་སྐབས་སོ་སོར་ཕྱེད་དགོས་པ་ཡིན་ཏེ། ཐེག་པ་ཆེན་པོའི་ཚུལ་གཉིས་པ་ལ་བརྟེན་པའི་ཚེ་ནི། ལྟ་བའི་ཚེ་ཡང་དེ་བཞིན་ཉིད་རང་གི་ངོ་བོས་མི་སྟོང་བར་ཁས་ལེན་པའི་ཕྱིར་དང༌། ཚུལ་དང་པོ་ལ་བརྟེན་པའི་ཚེ་ཡང་སྒོམ་པ་དང་སྤྱོད་པའི་དུས་སུ་ཡུལ་དང་ཡུལ་ཅན་རང་གི་ངོ་བོས་སྟོང་པར་ཁས་མི་ལེན་པའི་ཕྱིར། ཡང་ཚུལ་གཉིས་པའི་དབང་དུ་བྱས་ན། ཀུན་རྫོབ་ཀྱི་བདེན་པ་རྣམས་རང་གི་ངོ་བོས་སྟོང་ཡང༌། དོན་དམ་པའི་བདེན་པ་རྣམས་ནི་རང་བཞིན་ངོ་བོས་སྟོང་པ་མ་ཡིན་ཏེ། དེས་སྟོང་ན་གནས་ལུགས་དང་དོན་དམ་པའི་བདེན་པ་ཉིད་དུ་འགལ་བའི་ཕྱིར། དོན་དམ་པའི་བདེན་པ་དེ་ཡང་གང་ཞེ་ན། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་སོ། །གཟུང་འཛིན་གྱི་ཚུལ་ལའང་གཉིས་ཏེ། ཀུན་བཏགས་པའི་མིང་ཅན་ཀུན་བཏགས་ཀྱི་ཆར་གྱུར་པ་དང༌། རྣམ་པར་བརྟགས་པའི་མིང་ཅན་གཞན་དབང་གི་ཆར་གྱུར་པ་སྟེ། གཉིས་ཀ་ཡང་ཀུན་རྫོབ་ཀྱི་བདེན་པའོ། །གཉིས་མེད་ཀྱི་ཡེ་ཤེས་དེ་ལའང་གཉིས་ཏེ། གཞི་དུས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་འགྱུར་བ་མེད་པའི་ཡོངས་གྲུབ་དང་ལམ་དུས་ཀྱི་ཡེ་ཤེས་བྱ་བ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྟེ། དེ་གཉིས་ཀ་ཡང་དོན་དམ་བདེན་པ་ཡིན་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ངོ༌། །དེ་ལྟར་ན་གཟུང་འཛིན་གཉིས་མེད་པ་ལ་ཡོད་པར་སྒྲོ་འདོགས་ཤིང་ཐེ་ཚོམ་ཟ་བའམ། གཉིས་མེད་ཀྱི་ཡེ་ཤེས་སོགས་ཡོད་པ་ལ་སྐུར་པ་འདེབས་པའམ་ཐེ་ཚོམ་ཟ་བ་ཡང་རྩ་ལྟུང་འདི་སྐྱེད་པའི་ཡན་ལག་ཏུ་འཇོག་པ་ཡིན་ལ། དེ་ཡང་དབུ་མའི་ཚུལ་གཉིས་ཕྱི་མའི་དབང་དུ་བྱས་པ་དང༌། ལྟ་སྒོམ་གཉིས་ལས་ལྟ་བའི་དབང་དུ་བྱས་པའོ། །གཉིས་པ་རྩོད་པ་སྤང་བ་ནི། ཐེག་པ་ཆེན་པོའི་ཚུལ་ཕྱི་མ་འདི་ནི་དབུ་མར་མི་རུང་སྟེ། དོན་དམ་པའི་བདེན་པའི་ངོ་བོ་ཡེ་ཤེས་སུ་ཁས་ལེན་པའི་ཕྱིར་དང༌། དེ་རང་གི་ངོ་བོས་མི་སྟོང་བར་ཁས་ལེན་པའི་ཕྱིར། ཞེས་པ་ནི་རྒོལ་བ་དང་པོའོ། །ཡང་རྗེ་བཙུན་གྱི་དགོངས་པ་ཡང་དབུ་མའི་ཚུལ་སྔ་མ་ལྟར་གནས་པ་ཡིན་ཏེ། ཕྱི་མ་ལྟར་ན་བདེན་གྲུབ་ཁས་བླངས་པས། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། རང་བཞིན་རྣམ་དག་ལ་སོགས་པའི་སྟོང་པ་ཉིད་མི་འབྱུང་བའི་ཕྱིར། ཞེས་པ་ནི་རྒོལ་བ་གཉིས་པའོ། །དང་པོའི་ལན་ནི། ཚུལ་གཉིས་པ་སེམས་ཙམ་གྱི་ཚུལ་མ་ཡིན་ཏེ། བཀའ་ཐ་མའི་མཐར་ཐུག་གི་ལྟ་བ་སེམས་ཙམ་གྱི་ཚུལ་དུ་མི་གནས་པའི་ཕྱིར་དང༌། བྱམས་པའི་ཆོས་ཕྱི་མ་བཞིའི་ལྟ་བ་སེམས་ཙམ་ཏུ་མི་གནས་པའི་ཕྱིར། དེ་ལས་གཞན་དུ་ན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང༌། རྩ་བའི་རྒྱུད་བརྟག་པ་གཉིས་པ་ཡང་སེམས་ཙམ་དུ་གནས་པར་འགྱུར་ཏེ། གཏན་ཚིགས་སྔ་མ་དེ་ཉིད་ཕྱིར་རོ། །དེ་དག་ཏུ་གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་དོན་དམ་པའི་སེམས་ཅན་དང་རང་བཞིན་གྱིས་སངས་རྒྱས་གཉིས་ཀ་ཡིན་པར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་དང༌། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བཤད་མོད། བཤད་པ་དེ་ཁྱེད་ཀྱི་སྒྲུབ་བྱེད་དུ་ཇི་ལྟར་འབྲེལ་ཞེ་ན། འབྲེལ་ཏེ། རང་བཞིན་གྱི་སངས་རྒྱས་ཡིན་པ་ལ་དོན་དམ་པའི་བདེན་པ་དང་ཡེ་ཤེས་ཀྱིས་ཁྱབ་པའི་ཕྱིར་རོ། །འདིར་ཞར་ལ་འཕྲོས་པ་ནི། འོ་ན་རང་བཞིན་གྱི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་གོ་ཆོད་དམ་ཞེ་ན་མ་ཡིན་ཏེ། ཇི་སྐད་དུ། འོན་ཀྱང་གློ་བུར་དྲི་མས་སྒྲིབས། །ཞེས་དང༌། འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་པས་དངོས་ལ་གནོད་བྱེད་བསྟན་པའི་ཕྱིར་རོ། །དེར་འགལ་བ་ཡང་མ་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་བཞིན་ནོ། །དེ་ལ་དེར་འདོགས་པའི་དགོངས་གཞི་ནི། རང་བཞིན་གྱིས་རྣམ་པར་དག་པའི་རྒྱུ་མཚན་གྱིས་གློ་བུར་གྱི་དྲི་མ་སྦྱངས་ན། དེ་ཉིད་སངས་རྒྱས་ཀྱི་ངོ་བོར་འགྱུར་བ་ཡིན་གྱི། སངས་རྒྱས་གཞན་ནས་འཚོལ་དགོས་པ་མ་ཡིན་པའོ། །དགོས་པ་ནི། ཐབས་ཀྱི་རྒྱུད་ཉམས་སུ་ལེན་པ་ལ་མྱུར་དུ་འཇུག་པའོ། །མདོར་ན་འདི་དབུ་མར་མི་རུང་ན། རྗེ་བཙུན་བྱམས་པས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འདི་ཉིད་གྲུབ་མཐའ་བཞིའི་རྩེ་མོར་གྱུར་པའི་དབུ་མར་གསུངས་པ་དང་འགལ་བའི་ཕྱིར་རོ། །རྒོལ་བ་གཉིས་པའི་ལན་ནི། རྗེ་བཙུན་གྱིས་ལྟ་བའི་གནས་སྐབས་སུ་དབུ་མའི་ཚུལ་ལུགས་གཉིས་པ་འདི་བཞེད་པ་ཡིན་ཏེ། འདི་ལ་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་དང༌། གྲུབ་དོན་གཞན་ཡང་བསྟན་པའོ། །དང་པོ་ནི། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་པའི་རྣམ་བཤད་དག་ལྡན་ལས། དག་པ་གསུམ་པོ་རིམ་པ་བཞིན་དུ་རྒྱུད་གསུམ་དང་སྦྱར་ཞིང༌། སྤྱིར་རྒྱུད་ཅེས་བྱ་བ་ནི་རང་བཞིན་ལྷན་སྐྱེས་དང་དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཅན་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་འཆད་དགོས་པ་ནི་རྒྱུད་ངོས་འཛིན་པ་ཀུན་གྱི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། ཡང་དག་ལྡན་ཉིད་ལས། རྒྱུད་གསུམ་ཀ་ཡང་དག་པ་གསུམ་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པར་འཆད་པ་ན། སེམས་རང་བཞིན་གྱིས་འོད་གསལ་བའི་ཆ་དེ་རྒྱུ་རྒྱུད་ཀྱི་དབང་དུ་བྱས་པའི་དེ་བཞིན་ཉིད་ཀྱི་དག་པ་དང༌། ལུས་ཞལ་ཕྱག་གི་རྣམ་པར་གྲུབ་པ་དེ་དེའི་དབང་དུ་བྱས་པའི་ལྷ་སོ་སོའི་དག་པ་དང༌། ཡང་སྤྲོས་བྲལ་ཡུལ་དུ་བྱེད་པའི་ལྟ་བ་ནི་ཐབས་རྒྱུད་ཀྱི་དབང་དུ་བྱས་པའི་དེ་བཞིན་ཉིད་ཀྱི་དག་པ་དང༌། སྣང་བ་ཐམས་ཅད་ལྷའི་རང་བཞིན་དུ་ཤེས་པ་ཡང་དེ་བཞིན་ཉིད་ཀྱི་དག་པས་བྱིན་གྱིས་བརླབས་ནས་སྒོམ་པ་ནི་དེའི་དབང་དུ་བྱས་པའི་ལྷ་སོ་སོའི་དག་པ་དང༌། ཡང་ངོ་བོ་ཉིད་ཀྱི་སྐུ་ནི་འབྲས་རྒྱུད་ཀྱི་དབང་དུ་བྱས་པའི་དེ་བཞིན་ཉིད་དག་པ་དང༌། གཟུགས་སྐུ་གཉིས་ནི་དེའི་དབང་དུ་བྱས་པའི་ལྷ་སོ་སོའི་དག་པ་ཡིན་པར་བཤད་ལ། རང་བཞིན་རྣམ་དག་ཅེས་པ་རང་སྟོང་གི་འཆད་ལུགས་དང་མཐུན་པར་མེད་དག་གི་ཆ་ལ་བཤད་ན། དག་པ་གསུམ་དང་སྦྱར་ནས་འཆད་པའི་ཚུལ་དེ་ལྟ་མི་རུང་བའི་ཕྱིར་དང༌། དག་ལྡན་དུ་དེ་བཞིན་ཉིད་ཀྱི་རྣམ་གཞག་དབུས་མཐའི་ལུང་གིས་གཏན་ལ་ཕབ་པ་ཡིན་ལ། དབུས་མཐའ་ལས་ནི་དེ་བཞིན་ཉིད་ལ་སོགས་པའི་རྣམ་གྲངས་ལྔ་པོ་དེའི་དོན་གཟུང་འཛིན་གཉིས་མེད་ལ་བཤད་པའི་ཕྱིར། མདོར་ན་དེ་བཞིན་ཉིད་ཀྱི་དག་པའི་ངོ་བོ་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་དེ་ཉིད། རང་བཞིན་གྱིས་རྣམ་པར་དག་པའི་ཆ་ནས་དེའི་མིང་འདོགས་པ་ཡིན་ལ། ལྷ་སོ་སོའི་དག་པ་ནི་ཡེ་ཤེས་དེ་ཉིད་རང་བཞིན་གྱིས་ལྷ་སོ་སོའི་ངོ་བོར་གནས་པ་ལྟར། ཐབས་ཀྱིས་བསྒྲུབས་པས་ན་འབྲས་བུའི་དུས་སུ་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་གནས་ཚུལ་གྱི་ལྷ་སོ་སོ་དང༌། གདུལ་བྱའི་སྣང་ཚུལ་ལ་ལྷ་སོ་སོའི་སྐུར་སྟོན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་དབུ་མའི་ཚུལ་ལུགས་དང་པོ་མི་བཞེད་པ་ནི་མ་ཡིན་ཏེ། དེ་བཞིན་ཉིད་དང་དེའི་ངོ་བོར་གྱུར་པའི་ལྷ་སོ་སོ་བ་གཉིས་ཀ་ཡང་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་པའི་ལྟ་བས་ཉམས་སུ་ལེན་དགོས་པའི་ཕྱིར། རིགས་པ་ནི། སྟོང་པ་ཉིད་ཅེས་བྱ་བ་མེད་པར་དགག་པ་ཁོ་ན་ལ་ངོས་འཛིན་ན། ཡེ་ཤེས་ཚོགས་སོག་གིས་སྟོང་པར་སྦྱངས་ཟིན་པའི་འོག་ཏུ་གོམས་པའི་སྟོབས་ཀྱིས་རྟོག་མེད་ཀྱི་ཡེ་ཤེས་ལ་གསལ་བར་སྣང་བའི་ལྷ་དང་གཞལ་ཡས་ཁང་གི་རྣམ་པ་སྣ་ཚོགས་པ་རྣམས་དང༌། རྫོགས་རིམ་སྒོམས་པའི་སྟོབས་ཀྱིས་རྟོག་མེད་ཀྱི་ཡེ་ཤེས་ལ་གསལ་བར་སྣང་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་དེ་དང༌། ཞིང་སྦྱངས་པའི་སྟོབས་ཀྱིས་འོག་མིན་སྟུག་པོ་བཀོད་པ་ལ་སོགས་པ་ཞིང་རབ་འབྱམས་དེ་དག་ཀྱང་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་མ་ཡིན་པར་འགྱུར་རོ། །དེ་ཡང་ཀུན་རྫོབ་ཀྱི་བདེན་པར་འདོད་ན་ནི། སྔོན་འགྲོ་ཡེ་ཤེས་ཀྱི་ཚོགས་སོག་པར་བྱེད་པའི་ལྟ་བ་དེས་ཀུན་རྫོབ་ཀྱི་བདེན་པ་རྣམས་སྦྱངས་ཟིན་པར་ཐལ་བ་མ་ཡིན་པ་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དངོས་ཡུལ་དུ་བྱེད་པའི་ལྟ་བ་དེ་རྫོགས་རིམ་གྱི་ཡེ་ཤེས་མཐར་ཐུག་མ་ཡིན་པར་ཐལ་བ་དང༌། འོག་མིན་གྱི་ཞིང་ཁམས་སོགས་ཀྱང་དེ་ཁོ་ན་ཉིད་མངོན་གསུམ་དུ་མཐོང་བ་ལ་སྒྲིབ་བྱེད་དུ་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་རོ། །གསུམ་པ་གྲུབ་དོན་གཞན་བསྟན་པ་ནི། དེ་ལྟར་དེ་བཞིན་ཉིད་དང་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་ཞེས་བྱ་བ་རྣམས་ཀྱི་ངོས་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཇོག་པར་འགྲུབ་པ་ན། རྗེ་བཙུན་མཆེད་ཀྱི་གཞུང་ལུགས་དག་ཏུ། ལྟུང་བའི་ངོས་འཛིན་དངོས་པོའི་གནས་ལུགས་ལ་མཛད་པ་ཞིག་སྣང་བ་དེ་ཡང་ལེགས་པར་གྲུབ་པ་ཡིན་ཏེ། དངོས་པོའི་གནས་ལུགས་དེ་ཉིད་རྣལ་འབྱོར་པའི་རྒྱུད་ལ་ངེས་པ་འདྲེན་ནུས་ཀྱི་ཚད་མ་མངོན་དུ་གྱུར་པ་ན་ལྟ་བ་རྟོགས་པ་ཞེས་དང༌། ལྟ་བ་རྒྱུད་ལ་སྐྱེས་པ་ཞེས་བྱ་བའི་ཐ་སྙད་འདོགས་པའི་ཕྱིར། འོ་ན་གནས་ལུགས་དེ་ཤེས་པར་འཇོག་ན། སངས་རྒྱས་དང་སེམས་ཅན་སུ་ཞིག་གི་ཤེས་པས་བསྡུས་པ་ཡིན་ཞེ་ན། དེ་ཡང་རྣམ་ཤེས་ལས་མ་གཏོགས་པའི་ཀུན་རྫོབ་ཀྱི་བདེན་པ་དང༌། ཡེ་ཤེས་ལས་མ་གཏོགས་པའི་དོན་དམ་པའི་བདེན་པ་ཡོད་པར་ནི་ཐེག་པ་ཆེན་པོ་པ་མཐའ་དག་གིས་མི་བཞེད་ལ། དེའི་ནང་ནས་ཀྱང་ཀུན་རྫོབ་པའི་གཟུང་འཛིན་གཉིས་ནི་ཀུན་བརྟགས་ཡིན་པས་ཡོད་པ་མ་ཡིན་པའི་ཕྱིར། ཡོད་པ་ཞེས་བྱ་བའི་ཆོས་ནི་ཆོས་ཀྱི་དབྱིངས་ཁོ་ནའོ། །དེ་ལ་ནི་དབྱེ་བ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོ། །དེའི་ཕྱིར་དངོས་པོ་ཐམས་ཅད་ལ་ཁྱབ་པར་བཞུགས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གྱུར་པའི་ཡེ་ཤེས་དེ་ལ་ཡུལ་དུ་གཞག་པའི་ཆ་ནས་དེ་བཞིན་ཉིད་དང་དངོས་པོའི་གནས་ལུགས་ཞེས་བྱ། ཡུལ་ཅན་གྱི་ཆ་ནས་ཡེ་ཤེས་དང་ལྟ་བ་ཞེས་བྱ། དེས་དེ་ཉིད་ཉམས་སུ་མྱོང་བའི་ཆ་ནས་སོ་སོར་རང་རིག་པའི་ཡེ་ཤེས་ཞེས་བྱ། མདོར་ན་འཁོར་འདས་དབྱེར་མེད་ཀྱི་མིང་ཅན་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། ལྟ་བ་ཡིན་ཏེ། ཁྱོད་རང་ཉམས་སུ་མྱོང་བའི་རང་རིག་ཡེ་ཤེས་དེ་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་ཤེས་རྒྱུད་གཅིག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། རྟེན་གྱི་དབྱེ་བས་སོ་སོར་ཕྱེ་བ་ཡིན་ཏེ། ནམ་མཁའ་ལ་དབྱེ་བ་མེད་ཀྱང་སྣོད་ཀྱི་དབྱེ་བས་ཐ་དད་དུ་འཇོག་པ་བཞིན་ནོ། །དེ་བཞིན་ཉིད་གཅིག་པུ་དེ་ལ་དྲི་མས་ཤིན་ཏུ་དག་པ་ལ་སོགས་པ་གནས་སྐབས་གསུམ་གྱི་དབྱེ་བས་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཞེས་བྱ་བའི་གནས་སྐབས་གསུམ་དུ་འཇོག་པ་དེ་ལྟ་མོད་ཀྱི། སོ་སོའི་ནང་མཚན་ནམ་ཤེས་རྒྱུད་ཐ་དད་དུ་གང་གིས་འབྱེད་ཅེ་ན། རྫོགས་པའི་སངས་རྒྱས་རྣམས་ནི་ཤེས་རྒྱུད་ཐ་དད་པར་མི་འདོད་དེ། གློ་བུར་གྱི་དྲི་མ་མཐའ་དག་གིས་རྣམ་པར་དག་པས་ཆོས་དབྱིངས་སུ་རོ་གཅིག་པའི་ཕྱིར། བུམ་པ་ཆག་ན་དེའི་ནམ་མཁའ་ནམ་མཁར་རོ་གཅིག་པ་བཞིན་ནོ། །སེམས་ཅན་གྱི་ཤེས་རྒྱུད་ཐ་དད་པ་ནི་གློ་བུར་གྱི་དྲི་མས་བྱས་པ་ཡིན་ཏེ། དཔེར་ན་ནམ་མཁའི་ཐ་དད་སྣོད་ཀྱི་དབྱེ་བས་བྱེད་པ་བཞིན་ནོ། །དེས་ན་གློ་བུར་གྱི་དྲི་མའི་དབྱེ་བ་མི་འདྲ་བའི་གྲངས་དེ་སྙེད་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའི་གྲངས་འཇོག་ཅིང༌། དེའི་གྲངས་དེ་སྙེད་ཀྱིས་སེམས་ཅན་གྱི་རྣམ་གྲངས་ཐ་དད་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །སྨྲས་པ། གཞུང་ལུགས་མཁན་གྱི་གྲུབ་པའི་མཐའ། །རྟོག་དཔྱོད་ཅན་གྱིས་སྤངས་པ་དང༌། །ཉི་ཟླ་ནུབ་པའི་སྔོ་སངས་མ། །མུན་པའི་རུམ་དུ་ཉལ་མིན་ནམ། །རྩ་ལྟུང་བཅུ་པའི་སྐབས་སུ། ཕྱོགས་སྔ་མ་བཞག་པ་དང༌། ཕྱོགས་ཕྱི་མས་ཇི་ལྟར་རྒོལ་བ་དང༌། ཕྱོགས་སྔ་མའི་རྗེས་སུ་འཇུག་པས་ཚེར་མ་འབྱིན་པའོ། །དང་པོ་ནི། འཁྲུལ་སྤོང་ལས། གདུག་པ་ཅན་ནི་བདག་གམ་ཡུལ་དེ་རང་གི་བླ་མ་རྡོ་རྗེ་སློབ་དཔོན་ལ་གནོད་པ་བྱེད་པའམ། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པ་བྱེད་པའམ། སེམས་ཅན་དུ་མ་ལ་རྣམ་པར་འཚེ་བའམ། དེ་མ་ཡིན་པ་ཆོས་དང་མི་མཐུན་པའི་སྤྱོད་པ་ལ་ཆེར་འཇུག་པའོ། །དེ་ལ་བྱམས་པ་ནི་འདི་ནི་བདག་གི་མཛའ་བོའོ་ཞེས་པ་ལ་སོགས་པའི་ཚུལ་གྱིས་ལུས་ངག་གི་སྦྱོར་བས་ཆེས་བྱམས་པར་བྱེད་པ་དང༌། བདག་ལ་སྒྲོལ་བའི་ནུས་པ་ཡོད་བཞིན་དུ་མི་སྒྲོལ་བ་དང༌། སྒྲོལ་བའི་ནུས་པ་ཅན་གཞན་ལ་གསོལ་བ་མི་འདེབས་པའོ། །གཏན་དུ་བའི་ཡིད་ཀྱི་བྱམས་པ་ནི་དོར་བར་མི་བྱ་སྟེ། རྩ་ལྟུང་བཞི་པ་དང་འགལ་བའི་ཕྱིར། མཐར་ཐུག་གི་ཡན་ལག་ནི་དེ་ལ་བྱམས་པར་དེའམ་གཞན་གྱིས་ཀྱང་གོ་བའོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། སྡོམ་པ་འཛིན་པ་ནི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཁས་བླངས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ལ། རྒོལ་བ་གཉིས་ལས། དང་པོ་ནི། སྙེ་མ་མཁན་པོ་ན་རེ། རྩ་ལྟུང་འདི་ནི་ཡུལ་དེ་ལ་མཛའ་བར་བྱས་པའི་ལྟུང་བར་ཡིན་གྱི། དེ་ལ་མངོན་སྤྱོད་མ་བྱས་ན་རྩ་ལྟུང་དུ་སྟོན་པ་མ་ཡིན་ནོ། །འོ་ན་གདོང་དྲུག་གི་རྒྱུད་ལས། བློ་ལྡན་སྒྲུབ་པོས་སེམས་ཅན་ལ། །ཕན་པའི་སེམས་ཀྱིས་སྲོག་མི་གཅད། །གདུག་པ་རྣམས་ལ་ཟློག་སྟེ་བྱ། །དངོས་སུའམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མི་བྱེད་དེ་ཡི་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་གསུངས་པ་ཅི་ཞེ་ན། དེ་ནི་གསད་ནས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ཏུ་སྐྱེལ་ནུས་པ་དང༌། སླར་ཡང་རྣམ་ཤེས་འཇུག་ནུས་པ་དང༌། སྔོན་དང་ཕྱི་མཐའ་ཤེས་པའི་མངོན་ཤེས་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པའི་སྔགས་པ་དེས་བྱ་བ་མ་ཡིན་པ་དེ་ཐབས་ཀྱིས་ཟློག་མ་ནུས་ན་མངོན་སྤྱོད་བྱ་དགོས་པར་བསྟན་པ་ཡིན་གྱི། དེ་ལས་གཞན་གྱིས་དེ་བྱས་ན་ཁ་ན་མ་ཐོ་བ་ཆེན་པོ་བསྐྱེད་པར་དུས་འཁོར་འགྲེལ་ཆེན་སོགས་ནས་འབྱུང་བ་དང༌། འཇམ་དཔལ་རྩ་རྒྱུ་ལས་ཀྱང༌། ཙ་ན་ཀྱ་ཞེས་རྣམས་བསྒྲགས་པ། །བྲམ་ཟེས་ཁྲོ་བོ་ཆེན་པོ་གྲུབ། །ཅེས་པ་ནས། སྲོག་ཆགས་མང་པོའི་སྲོག་བཅད་པས་མནར་མེད་དུ་འགྲོ་ཞིང༌། དེ་ནས་ཀླུ་གདུག་པ་ཅན་དང་ཡི་དྭགས་ཀྱི་རྒྱལ་པོར་སྐྱེ་བ་སོགས་གསུངས་པའི་མཐར། དེས་ན་སྔགས་ཀྱི་སྒྲུབ་པ་ནི། །མངོན་སྤྱོད་དག་ནི་ཡོང་མི་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །མངོན་སྤྱོད་རབ་ཏུ་བཀག་པ་ཡིན། །སྙིང་རྗེ་མཆོག་ལྡན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྔགས་རྣམས་མཐུ་བསྟན་དོན་དུ་ནི། །ལས་རྣམས་ཐམས་ཅད་བསྟན་པ་ཡིན། །ཞེས་སོ། །དེས་ན་འཇམ་པོ་གསུམ་མ་གཏོགས་དྲག་ལས་རྣམས་ཕལ་ཆེར་བཀག་པས་ན། སྔགས་ནས་གསུངས་པ་ཙམ་ལ་སྙད་གཏགས་ནས་འཇུག་པར་མི་བྱའོ། །ཞེས་གསུངས་སོ། །རྒོལ་བ་གཉིས་པ་ནི། སྔགས་འདུལ་མཛད་པ་ན་རེ། ལྟུང་བ་འདིའི་ཡུལ་སེམས་ཅན་དུ་མ་ལ་འཚེ་བ་དང༌། ཆོས་མི་མཐུན་གྱི་སྤྱོད་པས་ཆེར་འཇུག་པ། ཞེས་པ་འདི་ཙམ་ལྟར་ན། འཇིག་རྟེན་བསྲུང་ཡང་སྡིག་ཤས་ཅན་གྱི་རྒྱལ་པོ་སོགས་དང༌། ཉ་པ་ཤན་པ་སོགས་དང༌། ཚུལ་ཁྲིམས་འཆལ་པར་སྤྱོད་པ་ལ་སོགས་པའང་འདིའི་ཡུལ་དུ་འགྱུར་ལ། འདོད་ན་ནི་བསྒྲལ་བའི་ཞིང་དུའང་གྱུར་ལ། དེ་ལྟར་བཤད་པ་མེད་པས་མི་རིགས་ཤིང་རང་ལ་ནུས་པ་མེད་ཀྱང་ནུས་ལྡན་ལ་གསོལ་བ་བཏབ་ཅེས་པའང་ཐལ་ཆེས་ལ། ཡུལ་དེས་གོ་བ་དགོས་པ་ལ་ཤེས་བྱེད་མེད་ཅིང༌། གཞན་གྱིས་གོ་བ་དགོས་པའི་རྒྱུ་མཚན་ནི་འཁྲུལ་ཏེ། ལྟུང་བ་འདི་ལ་གཞན་གྱིས་སྨོད་པ་བསྲུང་བའི་དོན་ཅན་མ་ཡིན་གྱི། མཛའ་བོ་ངན་པ་དང་འགྲོགས་པ་སྤང་བའི་བཅས་པ་ཡིན་པའི་ཕྱིར། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བསྲུང་བར་ཁས་བླངས་པས་འདི་བསྲུང་དགོས་པའི་འབྲེལ་པའང་བཙལ་དཀའ་འོ། །ཞེས་འཆད་དོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་གདབ་པ་དང༌། གཉིས་པའི་ལན་གདབ་པའོ། །དང་པོ་ལ། བསྒྲུབ་བྱ་ལ་བསལ་བ་བསྟན་པ་དང༌། སྒྲུབ་བྱེད་ཀྱི་ཁྱབ་པ་འཁྲུལ་བར་བཤད་པ་དང༌། ཉེས་སྤོང་གི་དོན་བསམས་པ་ན། ཕྱོགས་སྔ་མའི་རྗེས་སུ་བཞུགས་པའོ། །དང་པོ་ལ། ཚད་མའི་བསལ་བ་བསྟན་པ་དང༌། ཁས་བླངས་ཀྱི་བསལ་བ་བརྗོད་པའོ། །དང་པོ་ནི། ལྟུང་བ་འདི་མངོན་སྤྱོད་ཀྱི་ལས་མ་བྱས་པའི་རྩ་ལྟུང་མ་ཡིན་ན་ལུང་ལ་བརྟེན་པའི་ཚད་མས་བསལ་བ་ཡིན་ཏེ། གདོང་དྲུག་གི་ལུང་རྒོལ་བ་ཉིད་ཀྱིས་དྲངས་མ་ཐག་པ་དེ་དང༌། སྤྱོད་རྒྱུད་ལས། གླེན་པས་དཀོན་མཆོག་གསུམ་སྨོད་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་སྒྲིམས་ཏེ་བསད་པར་བྱ། །ཞེས་དང༌། དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་སྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུངས་དང༌། །དམ་ཚིག་ལས་ནི་འདའ་བ་དང༌། །དེ་ལ་སོགས་པ་ཚར་བཅད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང༌། །ཞེས་དང༌། རྟོག་བདུན་ལས། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང༌། བླ་མ་ལ་བརྙས་པར་བྱེད་པ་དང༌། སྔགས་དང་རྒྱུད་ལ་འཕྱ་བར་བྱེད་པ་དང༌། སེམས་ཅན་ལ་འཚེ་བ་འདི་རྣམས་ལ་ཕན་པའི་ཕྱིར། སྔགས་པས་སྙིང་རྗེས་གནོད་པ་རབ་ཏུ་སྦྱར་བར་བྱའོ། །ཞེས་དང༌། དེ་ནི་འབད་པས་གསད་པར་བྱ། །ཡང་ན་གནས་ནས་གཡོ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་འདི་དག་སྔགས་པ་ལ་གནང་བའི་བསླབ་བྱ་ཡིན་གྱི། ངེས་པར་སྒྲུབ་དགོས་པའི་བསླབ་བྱ་མ་ཡིན་ནོ། །སྙམ་ན། འདི་ནི་ངེས་པར་སྒྲུབ་པའི་བསླབ་བྱ་ཡིན་ཏེ། ཇི་སྐད་དུ། དེ་ལྟར་མི་བྱེད་དེ་ཡི་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་པ་དང༌། ཤཱནྟི་པས་ཀྱང༌། གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་རྩ་ཚིག་ཏུ། སྡང་ལ་བྱམས་པ་སྤང་བར་བྱ། །ཞེས་བཏོན་ནས། སྡང་བ་ནི་བསྟན་པ་འཇིག་པ་སྟེ། དེ་ལ་བྱམས་པ་ནི་བཟོད་ཅིང་ཕན་འདོགས་པ་དང༌། དེ་སྤང་བ་ནི་གསོད་ལ་སོགས་པའོ། །ཞེས་བཤད་པ་དེ་ཡང་ཁྱེད་ལ་ལུང་ཚད་མར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཁས་བླངས་པས་ཀྱང་དམ་བཅའ་དེ་ལ་གནོད་པ་ཡིན་ཏེ། ཁྱེད་ཀྱིས་ལྟུང་བ་འདི་སྐྱེད་པའི་ཡུལ་གྱི་ཡན་ལག་འཆད་པ་ན། བསྟན་པ་འཇིག་པ་སོགས་ཀྱི་སེམས་ཅན་མངོན་སྤྱོད་བྱ་བའི་ཡུལ་གདུག་པ་ཅན་རྣམས་སོ། །ཞེས་ཁས་བླངས་པའི་ཕྱིར། གཉིས་པ་སྒྲུབ་བྱེད་མ་ངེས་པ་ནི། འཇམ་དཔལ་རྩ་རྒྱུད་ལས་སྔགས་པས་མངོན་སྤྱོད་མི་བྱ་བར་གསུངས་པ་དེ་ནི་རྒྱུའི་ཀུན་སྤོང་ཞེ་སྡང་གིས་བསླངས་པ་ལ་དགོངས་པ་ཡིན་ཏེ། ལུང་དེའི་འཕྲོས་གོང་མ་དེར་ལས་དེས་མནར་མེད་དུ་སྐྱེ་བར་གསུངས་པ་དང་འབྲེལ་བའི་ཕྱིར་རོ། །གཞན་དུ་ན་བྱང་ཆུབ་སེམས་དཔའ་ལ་གཞན་དོན་དུ་སྲོག་གཅོད་ཀྱི་ཕམ་པ་གནང་བའི་སྐབས་ཡོད་པ་མ་ཡིན་པར་འགྱུར་ཏེ། འཇམ་དཔལ་རྩ་བའི་ལུང་ཁྱེད་རང་གིས་དྲངས་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཐལ་བ་ལས་མངོན་སྤྱོད་ཀྱི་ནུས་མཐུ་གྲུབ་པའི་སྔགས་པ་དམ་ཚིག་ཅན་གྱི་མངོན་སྤྱོད་ཀྱི་ལས་ནི་ཆོས་ཅན། རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་མ་ཡིན་ཏེ། འཕེན་བྱེད་མི་དགེ་བས་འཕངས་པའི་ལས་མ་ཡིན་པའི་ཕྱིར། དེའི་ཕྱིར་དེ་འདྲ་དེ་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དག་ལ་ཡང་ལྟུང་བའི་གཟུགས་བརྙན་དུ་བཤད་ན། རྡོ་རྗེའི་ཐེག་པ་འདིར་ལྟ་ཅི་སྨོས། གསུམ་པ་ནི། དེ་ལྟ་བུའི་མཐུ་དང་ལྡན་པས་ཐབས་གཞན་གྱི་ཟློག་མ་ནུས་ན་མངོན་སྤྱོད་ཀྱི་ལས་བྱ་བར་བསྟན་པ་ཡིན། ཞེས་གསུངས་པ་ནི་མངོན་སྤྱོད་ཀྱི་ལས་མི་བྱེད་པ་རྩ་ལྟུང་འདིའི་ངོ་བོར་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། དེ་ལྟར་མི་བྱེད་དེ་ཡི་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་པའི་རྒྱུད་ཀྱི་དོན་ནི། སྨྲས་མ་ཐག་པ་དེ་ཉིད་ཡིན་པར་ཁས་བླངས་པའི་ཕྱིར་རོ། །ཕྱོགས་སྔ་མ་བཀག་པར་རློམ་ཡང་ཞེ་འདོད་མཐུན་པར་སོང་བ་ཡིན་ཏེ། འཁྲུལ་སྤོང་ལས་ཀྱང་བདག་ལ་སྒྲོལ་བའི་ནུས་པ་ཡོད་བཞིན་དུ་མི་སྒྲོལ་བ་དང༌། ཞེས་གསུངས་པའི་ཕྱིར། རྒོལ་བ་གཉིས་པའི་ལན་ལ། གསུམ་སྟེ། ཐལ་བ་དང་པོ་ལ་འདོད་ལན་ཐེབས་པའི་ཤེས་བྱེད་དུ། ཧ་ཅང་ཐལ་ཆེས་ཞེས་ཟེར་བ་ལ་སྒྲུབ་བྱེད་མེད་པར་བསྟན་པ་དང༌། ཤེས་བྱེད་མེད་ཅེས་ཟེར་བ་གསུམ་ལ་དེ་ཡོང་བའི་རྒྱུ་མཚན་ནོ། །དང་པོ་ནི། དེ་ལྟར་ཐལ་བ་འདོད་པ་ཡིན་ཏེ། ངན་སོང་སྦྱོང་རྒྱུད་དུ། དེ་བས་དཀོན་མཆོག་གསུམ་དག་དང༌། །སངས་རྒྱས་བསྟན་ལ་གནོད་པ་དང༌། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་སྒྲུབ་པར་བྱ། །ཆོས་མི་ལྡན་དང་སྡིག་སྤྱོད་དང༌། །རྟག་ཏུ་སེམས་ཅན་གནོད་བརྩོན་དང༌། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་སྒྲུབ། །ཅེས་གསལ་བར་གསུངས་པའི་ཕྱིར་དང༌། འདིར་སྒྲུབ་ཅེས་པ་རྗེས་སུ་འཛིན་པ་ལ་འཆད་ན། གོང་དུ་བསྒྲུབ་པར་བྱ་ཞེས་པའང་དེ་ལ་འཆད་དགོས་པར་ཧ་ཅང་ཐལ་བའི་ཕྱིར། ཉ་པ་དང་ཤན་པ་སོགས་ཀྱི་གནོད་ཡུལ་ནི་ཕལ་ཆེར་དུད་འགྲོ་ཉིད་དུ་ངེས་པས་མངོན་སྤྱོད་ཀྱིས་སྒྲལ་བའི་ཞིང་དུ་མ་གསུངས་སོ་ཞེས་ཀྱང་བརྟག་ནུས་ལ་རྒྱལ་པོ་སྡིག་ཅན་ལྟ་བུ་ནི་མངོན་སྤྱོད་ཀྱི་ཞིང་དུ་ཐེག་པ་འདིར་མ་ཟད་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་གསུངས་ཏེ། སྡོམ་པ་ཉི་ཤུ་པར། སྙིང་རྗེར་བཅས་ན་མི་དགེ་མེད། །ཅེས་པའི་འགྲེལ་པར་མདོ་དྲངས་པ་ལས། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ་བྱང་ཆུབ་སེམས་དཔས་མཐོང་ལ། མཐོང་ནས་ཀྱང་འདི་སྙམ་དུ། སྲོག་ཆགས་འདི་གསད་ན་བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་མོད་ཀྱི། བདག་སེམས་ཅན་དམྱལ་བར་སྐྱེ་བ་བླའི། སེམས་ཅན་འདིས་མཚམས་མེད་པའི་ལས་བྱས་ནས་དམྱལ་བར་འགྲོ་ན་མི་རུང་ངོ་ཞེས་བསམས་ནས། སྲོག་ཆགས་དེ་བསད་ན་ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་མང་པོ་འཕེལ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་ནུས་ན། སེམས་ཅན་རྒྱལ་པོའམ་བློན་པོ་གང་དག་སེམས་ཅན་ལ་སྙིང་རྗེ་མེད་པ་འདི་དག་ནི། སྙིང་བརྩེ་བའི་བསམ་པས་རྒྱལ་སྲིད་ཀྱི་དབང་ཕྱུག་ལས་ཕྱིར་འབྱིན་པར་བྱའོ། །ཞེས་དང༌། དེ་དང་འདྲ་བའི་ལུང་ཤིན་ཏུ་མང་ངོ༌། །གཉིས་པ་ནི། ཧ་ཅང་ཐལ་ཆེས་སོ་ཞེས་པ་ལ་ཤེས་བྱེད་མེད་དེ། བྱང་ཆུབ་སེམས་དཔའ་སྔགས་པས་ངེས་པར་བསྒྲལ་དགོས་ཚང་བ་ཞིག རང་གིས་མི་ནུས་ན་ནུས་པ་ཞིག་ལ་གསོལ་བ་གདབ་བྱར་ཡོད་ན་ངེས་པར་གདབ་དགོས་ཤིང༌། གསོལ་བ་གདབ་པ་དེས་ཞིང་དེ་མ་སྒྲལ་ན་རྩ་ལྟུང་འདིར་འགྱུར་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེས་དེ་ལ་གསོལ་བ་འདེབས་པ་སྔགས་ཀྱི་བསྒྲུབ་པའི་བསླབ་བྱར་གསུངས་པའི་ཕྱིར། དཔེར་ན་བྱང་ཆུབ་སེམས་དཔའ་ལ་གཞན་དོན་དུ་ངེས་པར་གནང་བའི་སྲོག་གཅོད་ཕམ་པའི་མིང་ཅན་དུ་གྱུར་པའི་ལྟུང་བའི་གཟུགས་བརྙན་དེ་རང་གིས་སྒྲུབ་མ་ནུས་ན་གཞན་ཞིག་ངེས་པར་སྒྲུབ་ཏུ་འཇུག་དགོས་པ་ལྟ་བུའོ། །གསུམ་པ་ནི། ཡུལ་དེས་གོ་བ་དགོས་པ་ལ་ཤེས་བྱེད་མེད་པ་མ་ཡིན་ཏེ། འདིའི་བྱམས་པ་ནི། ཡིད་ཀྱི་བྱམས་པ་མ་ཡིན་གྱི་ལུས་ངག་གི་བྱམས་པ་ཡིན་ལ། ཡུལ་གྱིས་མ་གོ་ན་ལུས་ངག་གི་ལས་སུ་འགལ་བའི་ཕྱིར། དེ་ཡང་ཡུལ་དེ་ཉིད་ཀྱིས་དངོས་སུ་གོ་ན་རྩ་བའི་ལྟུང་བ་ཡིན་པ་ལྟ་ཅི་སྨོས་དེ་ལ་རྒྱུད་ནས་གོ་བ་བསྐྱེད་ནུས་པའི་གང་ཟག་གཞན་གྱིས་གོ་ན་ཡང་དངོས་གཞིའོ། །ཡིད་ཀྱིས་བྱམས་པ་ནི་རྩ་ལྟུང་གི་ཡན་ལག་མ་ཡིན་ཏེ། དེ་ཡིན་ན་རྩ་ལྟུང་བཞི་པ་དང་འགལ་བའི་ཕྱིར། གཞན་གྱིས་གོ་བ་མི་དགོས་པའི་སྒྲུབ་བྱེད་དེ་ཡང་འཁྲུལ་པ་མཛའ་བོ་ངན་པ་དང་འགྲོགས་པ་དེ་ཉིད་གཞན་གྱིས་སྨོད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང༌། གང་གིས་མ་གོ་བར་གདུག་པ་ཅན་ལ་བྱམས་པ་ནི་ཡུལ་དེ་ཉིད་གོ་བའི་ནང་དུ་འདུས་པའི་ཕྱིར་རོ། །རྩ་ལྟུང་འདི་བསྲུང་བ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་འབྲེལ་པ་མེད་པ་མ་ཡིན་ཏེ། འདིའི་མངོན་སྤྱོད་ཀྱི་ལས་ནི་གང་ལ་བྱ་བའི་ཡུལ་དེའི་དོན་ཆེན་པོ་ཉིད་ཡིན་པའི་ཕྱིར། འདིར་སྨྲས་པ། འཕགས་བློས་བརྟགས་པའི་གྲུབ་མཐའ་ནི། །བྱིས་བློས་བརྟགས་པའི་རྟོག་གེ་ཡིས། །འཇིག་ན་གསེར་གྱི་ལྷུན་པོ་ཡང༌། །ཞ་ཉེའི་གཟོང་གིས་ཅིས་མ་ཡིན། །རྩ་ལྟུང་བཅུ་གཅིག་པའི་སྐབས་སུ། སྔ་མ་ལྟར་གསུམ་ལས། དང་པོ་ནི། འཁྲུལ་སྤོང་ལས། རྩ་ལྟུང་བཅུ་གཅིག་པའི་ངོ་བོ་ཉིད་ནི། ཆོས་ཐམས་ཅད་མིང་དང་བྲལ་བ་ལ་མིང་དང་བྲལ་བར་རྟོག་པ་སྟེ། འབུམ་ལས། གཟུགས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་དང༌། བསམ་མི་ཁྱབ་ལས་ཀྱང༌། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ལ་མིང་ནི་ཡོད་མ་ཡིན། །གཉིས་མེད་མིང་དུ་གཟུང་བ་ལ། །བདག་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་གསུངས་སོ། །དེས་ན་སྟོང་པར་འཛིན་པ་དེ་ནི་གཉེན་པོ་གཞན་དང་བྲལ་བ་སྨན་མ་ཞུ་བ་དུག་ཏུ་སོང་བ་ལྟ་བུ་ཡིན་ཏེ། ཇི་སྐད་དུ། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་ཆོས་ཐམས་ཅད་མིང་དང་བྲལ་བ་ཡིན་མོད། འདི་ལ་མིང་གི་སྒྲོ་མ་གདགས་ཤིག ཅེས་དགོངས་ནས་མིང་དང་བྲལ་བ་དེ་ལ་མིང་དང་བྲལ་བར་འཛིན་པ་དེ་ནི་རྩ་བའི་ལྟུང་བའོ། །ཞེས་རྣམ་པར་གཞག་གོ །ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། མི་སྐྱོད་པའི་དམ་ཚིག་བསྒྲགས་པ་ན། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་དང༌། རྗེས་གནང་གི་སྐབས་སུ། ཆོས་ཉིད་ཚད་ནི་ངེས་མི་གཟུང༌། །ཞེས་ཁས་བླངས་པའི་ཕྱིར་རོ། །ཉེས་མེད་ནི། ལས་དང་པོ་པས་ཐོས་པའི་སྒོ་ནས་ཀུན་དུ་ཚོལ་བའི་ཚེ། དུས་ཅུང་ཟད་ཙམ་ལ་ནི་ཉེས་པ་མེད་པར་མངོན་ནོ། །ཞེས་གསུངས་སོ། །གཉིས་པ་རྒོལ་བ་ལ་གཉིས་ལས། དང་པོ་ནི། སྙེ་མ་མཁན་པོས་དོན་འདི་ལ་དངོས་སུ་རྒོལ་བ་མི་སྣང་ཡང་དོན་གྱི་གོ་བར་འགྱུར་བ་ནི། འདི་སྐད་ཅེས། ཅི་ཞིག་གིས་ལྟུང་བ་འདིར་འགྱུར་བ་ནི། དོན་དམ་པར་མིང་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་དེ་རྣམས་ལ་མིང་སོགས་ཀྱི་མཚན་མར་རྟོག་པ་བྱེད་ན་ལྟུང་བ་སྟེ། མན་སྙེ་དང༌། བསྟན་པའི་ནོར་ཐམས་ཅད་པ་དང༌། སྡོམ་འབྱུང་གི་འགྲེལ་པ་རྣམས་ཀྱི་དགོངས་པའོ། །འདི་ནི་ཆོས་བདག་མེད་པའི་ལྟ་བ་རྙེད་ནས་ནི་ལྟ་བ་དེ་རྒྱུན་དུ་བསྟེན་དགོས་པ་ལ། ལྟ་བ་དེ་ཡོད་བཞིན་དུ་མ་བསྐྱངས་པར་ཞག་གཅིག་འདས་ན་རྩ་ལྟུང་ངོ༌། །དེ་ལྟ་མ་ཡིན་པར་ལྟ་བ་གང་ཡིན་ཀྱང་སྔགས་ཀྱི་སྡོམ་ལྡན་གྱིས་མཚན་འཛིན་གཅོད་པའི་ལྟ་བ་དང་མི་འབྲལ་བར་མ་བྱས་ན་རྩ་བའི་ལྟུང་བར་འགྱུར་ཞེས་བསླབ་པ་འཆའ་ན་ཧ་ཅང་ཐལ་ཆེས་སོ། །འོ་ན་དབུ་མ་ཁོ་ནའི་ལྟ་བ་དགོས་སམ་སེམས་ཙམ་གྱི་ལྟ་བས་ཀྱང་ཆོག་སྙམ་ན། གང་རུང་གིས་ཆོག་སྟེ། དཔལ་ངག་གི་དབང་ཕྱུག་གྲགས་པས། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་བཤད་ལས། སྔགས་ཀྱི་ཚུལ་ཡང་རྣམ་པར་ཤེས་པ་སྨྲ་བ་དང༌། དབུ་མའི་འདོད་གཞུང་གཙོ་བོར་གྱུར་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །ཞེས་འཆད་དོ། །རྒོལ་བ་གཉིས་པ་ནི། སྔགས་འདུལ་མཛད་པ་ན་རེ། ཆོས་ཐམས་ཅད་མིང་དང་བྲལ་བ་ཡིན་པ་ལ། འདི་ནི་མིང་དང་བྲལ་བ་ཡིན་ནོ་ཞེས་བྲལ་བ་ཉིད་དུ་འཛིན་པ་ལ་ཡང་རྟོག་པ་སྟེ། ཞེས་འདིར་སྨོས་ཀྱི་རྟོག་པའི་ཚད་འཇོག་པ་ནི་ཐལ་ཆེས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་མིང་དང་བྲལ་བའོ། །ཞེས་པ་ནི་དེ་བཞིན་ནོ། །ཞེས་ལྷག་པར་མོས་པ་སྒོམ་པ་ཡང་འདིར་སྨོས་ཀྱི་རྟོག་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་འདོད་ན་རྒྱལ་བའི་ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ལྷག་པར་མོས་པས་མོས་པར་བྱ། ཞེས་སོགས་ལན་བརྒྱ་སྟོང་དུ་གསུངས་པ་དེ་ཇི་ལྟར་དྲང༌། མཐར་དད་པས་རྩ་ལྟུང་སྐྱེད་ཅེས་སྨྲ་ན་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་ཡང་དག་པའི་རྟོག་པ་ངེས་པའི་རྣམ་པས་སྒྲོ་འདོགས་ཆོད་པ་དང༌། མཚན་མར་འཛིན་པའི་རྟོགས་པས་ལྷག་པར་སྒྲོ་འདོགས་པའི་རྣམ་པ་ཅན་དག་ལ་འདྲིས་པར་བྱ་བ་ནི། འདི་ལྟ་བུའི་གནས་སྐབས་ཐམས་ཅད་དུ་གཅེས་པ་ཡིན་ཏེ། ཡུལ་གཅིག་ལ་ངེས་པའི་ཤེས་པ་དང༌། སྒྲོ་འདོགས་པའི་ཤེས་པ་ནི་རྣམ་པ་དངོས་སུ་འགལ་བའི་གནོད་བྱ་གནོད་བྱེད་དུ་གྱུར་པའི་ཕྱིར། ངེས་པ་དང་ནི་སྒྲོ་འདོགས་ཡིད། །ཅེས་པའི་རིགས་པའོ། །ཞེས་འཆད་དོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་གཉིས་ལ་ཐུན་མོང་དུ་ལན་བཏབ་པ་དང༌། སོ་སོར་ལན་བཏབ་པའོ། །དང་པོ་ནི། འདིར་ཕྱོགས་སྔ་ཕྱིའི་ཁྱད་པར་ནི། རྩ་ལྟུང་འདིའི་ངོ་བོ་མིང་སོགས་དང་བྲལ་བ་ལ་བྲལ་བར་རྟོག་པ་དང༌། བྲལ་བ་ལ་མ་བྲལ་བར་འཛིན་པའི་རྟོག་པར་འཇོག་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེའི་ཚེ་ཕྱོགས་ཕྱི་མ་འདི་མི་འཐད་པ་ལ་གསུམ་སྟེ། ལུང་གིས་དང༌། རིགས་པ་དང༌། ཁས་བླངས་ནང་འགལ་བས་སོ། །དང་པོ་ནི། བྲལ་བ་ལ་མ་བྲལ་བར་འཛིན་པའི་རྟོག་པ་ངོས་འཛིན་པ་ནི་རྩ་བའི་ལྟུང་བ་བཅུ་གཅིག་པར་སྟོན་པའི་ལུང་གི་དོན་དུ་མི་རུང་སྟེ། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ། ཞེས་གསུངས་ཀྱི། དེ་མིན་དུ་རྟོག་པ་ཞེས་མ་གསུངས་པའི་ཕྱིར། གཉིས་པ་ནི། དེར་རྟོག་པས་མིང་སོགས་དེར་རྟོག་པ་ཞེས་འཆད་པ་ནི་ཤིན་ཏུ་འབྱོར་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ཞེ་འདོད་ནི་བདེན་པར་མེད་པ་ལ་བདེན་པར་རྟོག་པ་ཞེས་པའི་དོན་དུ་སོང་བས། དེ་འདྲ་དེ་རྩ་ལྟུང་བཅུ་གཅིག་པའི་དོན་དུ་འཆད་པ་མི་འཐད་དོ། །དེ་འདྲ་དེ་ནི་རྩ་ལྟུང་དགུ་པའི་དངོས་འཛིན་གྱི་གཙོ་བོ་ཡིན་པས་དེར་བསྟན་ཟིན་པའི་ཕྱིར། གསུམ་པ་ནི། མིང་སོགས་དང་བྲལ་བ་ལ་བྲལ་བ་དེ་ཉིད་དུ་ཞེན་པའི་རྟོག་པ་ཆོས་ཅན། རྩ་ལྟུང་བཅུ་གཅིག་པའི་རྟོག་པར་ཐལ། མིང་སོགས་དང་བྲལ་བའི་ཆོས་རྣམས་མིང་སོགས་དང་མ་བྲལ་བར་ཞེན་པའི་རྟོག་པ་ཡིན་པའི་ཕྱིར། དེའི་ཁྱབ་པ་ནི་ཁས་བླངས་ཀྱིས་གྲུབ་ཅིང༌། ཐལ་ཆོས་ཀྱང་ཁས་བླངས་ཀྱིས་བསལ་ལོ། །རྟགས་ནི་ཚད་མས་གྲུབ་པ་ཡིན་ཏེ། མིང་སོགས་དང་བྲལ་བ་ཞེས་པའི་ཡུལ་ཅན་གྱི་ཤེས་བརྗོད་དེ་ཉིད་བྲལ་བ་དེའི་མིང་དུ་ཞེན་པའི་རྟོག་བློ་ཡིན་པས་སོ། །གཉིས་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་འདོད་པ་དགག གཉིས་པའི་འདོད་པ་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། སྔགས་ཀྱི་སྡོམ་ལྡན་ཡིན་ན་ལྟ་བ་མ་གོ་བར་འགལ་བ་དང༌། སེམས་ཙམ་གྱི་ལྟ་བས་ཀྱང་ཆོག་ན་ཁས་བླངས་འགལ་བའོ། །དང་པོ་ནི། ཆོས་ཀྱི་བདག་མེད་ཀྱི་ལྟ་བ་མ་རྙེད་པའི་སྔགས་སྡོམ་ཅན་ལ་རྩ་བའི་ལྟུང་བ་འདི་མི་འབྱུང་ངོ་ཞེས་འཆད་པ་ནི་ནོར་བ་ཡིན་ཏེ། དེ་མ་རྙེད་ན་རིག་པ་འཛིན་པའི་སྡོམ་ལྡན་དུ་འགལ་བའི་ཕྱིར་ཏེ། རིག་པ་འཛིན་པ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ངོ་ཤེས་པར་བྱས་ནས་འཛིན་པ་ཡིན་ལ། དེ་གཟུང་ནས་དེའི་དམ་ཚིག་རྣམས་བསྲུང་བའི་སེམས་པ་ས་བོན་དང་བཅས་པ་ནི་དེའི་སྡོམ་པར་འཆད་དགོས་པའི་ཕྱིར། རིག་པ་དེ་ནམ་གྱི་ཚེ་བཟུང་ཞེ་ན། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་དང༌། ཡེ་ཤེས་པ་ཕེབས་པ་དེའི་ཚེ་ནའོ། །དེའི་ཚེ་ན་གང་ལ་ཕབ་པའི་སློབ་མ་དེས་ཡེ་ཤེས་དེ་ངོས་ཟིན་པ་ཡང་ཡིན་ཏེ། ངོས་མ་ཟིན་ན་གཞན་ལ་འཆད་རྒྱུ་མི་འབྱུང་བ་ལས། ཇི་སྐད་དུ། དེ་ལྟ་བུའི་ཡེ་ཤེས་དེ་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག ཅེས་དམ་ལ་གཞག་དགོས་པར་བྱུང་བའི་ཕྱིར། དེ་ཁོ་ནར་མ་ཟད། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཞེས་པས་ཀྱང་རིག་པ་དེ་ངོས་ཟིན་པའི་འོག་ཏུ་ཡང་བཟུང་བ་ཡིན་ཏེ། སྡོམ་པ་བསྒྲགས་པའི་སྐབས་སུ། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་བསྒྲགས་པའི་ཕྱིར་རོ། །གཉིས་པ་ནི། འདིར་སེམས་ཙམ་གྱི་ལྟ་བས་ཀྱང་ཆོག་པར་ཁས་ལེན་པ་དང༌། རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་སེམས་ཙམ་གྱི་གྲུབ་པའི་མཐའ། མཐར་ཐུག་ཏུ་འདོད་པ་ཡང་ནང་འགལ་བ་ཡིན་ཏེ། གསང་སྔགས་ཀྱི་ལྟ་བ་ཡིན་ན་རྣམ་ཤེས་ཀྱི་ཆོས་ལས་འདས་པ་དང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཡིན་པས་ཁྱབ་པའི་ཕྱིར། འོ་ན་ཁྱེད་ལ་ཡང་ཅི་ཞེ་ན། རྣལ་འབྱོར་དཔྱོད་པ་པ་ལ་སེམས་ཙམ་པ་དང་དབུ་མ་པ་གཉིས་ལས། ཕྱི་མའི་ལྟ་བ་ནི་སྔགས་ཀྱི་ལྟ་བར་རུང་ཞེས་བཤད་ཟིན་པ་དེ་ཉིད་ཡིན་ལ། དང་པོ་ནི་དེར་མི་རུང་སྟེ། དེར་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་ནི་མ་བཀག་པས་ཡེ་ཤེས་ཚོགས་སོག་གི་དོན་མ་ཚང་བའི་ཕྱིར་དང༌། གང་ཟག་གི་བདག་རྐྱང་པ་བཀག་པའི་ཡེ་ཤེས་ལ་ནི་སརྦ་དྷརྨའི་དོན་མ་ཚང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱོགས་སྔ་མའི་དམ་བཅའ་ལ་སྒྲུབ་བྱེད་ཡོད་པ་དང༌། གནོད་བྱེད་མེད་པའོ། །དང་པོ་ནི། མིང་སོགས་དང་བྲལ་བར་ཞེན་པའི་རྟོག་པ་ནི་མཐར་འཛིན་གྱི་རྟོག་པ་ཆེས་ཤིན་ཏུ་ངན་པ་ཞིག་ཡིན་ཏེ། ཕྱོགས་སྔ་མས། ཡུམ་གྱི་མདོ་ལས། སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་དང༌། རྒྱན་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང༌། དབུ་མ་ལས་ཀྱང༌། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་པས་སོ། །དེ་འདྲ་དེ་སྟོང་པ་ཉིད་ལ་བདེན་པར་ལྟ་བའི་དབང་དུ་བྱས་སོ་ཞེ་ན། མ་ཡིན་ཏེ། རྩོད་གཞིའི་ཆོས་ཅན་སྟོང་པ་ཉིད་ཅེས་བྱ་བ་དེ་ངོས་མ་ཟིན་པར་ནི། དེ་ལ་བདེན་གྲུབ་ཏུ་ལྟ་བ་དང་བདེན་ཡོད་འགོག་པ་གཉིས་ཀ་མ་འབྱུང་ལ། དེ་ངོས་ཟིན་པ་ན་གང་གིས་སྟོང་པའི་དགག་བྱ་བདེན་གྲུབ་དེ་ཁེགས་དགོས་ཤིང༌། ཁྱབ་བྱེད་བདེན་གྲུབ་ཁེགས་པ་ན་ཁྱབ་བྱ་སྟོང་ཉིད་བདེན་གྲུབ་ལ་སྡོད་པའི་གནས་མེད་པའི་ཕྱིར་རོ། །ཡང་གང་དག་སྟོང་པ་ཉིད་ལྟ་བ། ཞེས་པའི་གཞུང་གིས་བསྟན་པའི་ལྟ་བ་དེ་ནི་སྨན་དུག་ཏུ་སོང་བའི་ནད་ཀྱི་དཔེས་གསོར་མི་རུང་བའི་ལྟ་བར་གསུངས་ལ། བདེན་གྲུབ་ཀྱི་ལྟ་བ་ནི་གསོར་མི་རུང་བའི་ནད་དང་འདྲ་བ་མ་ཡིན་ཏེ། ཇི་སྐད་དུ། དབུ་མ་ལ་འཇུག་པར། དངོས་རྣམས་རང་བཞིན་མེད་པར་རྟོགས་པར་གཞུག་པ་ནི། ཆེས་སླ། ཞེས་གསུངས་པའི་ཕྱིར། འོ་ན། ཅི་ཞེ་ན། བདེན་གྲུབ་བཀག་པའི་འོག་ཏུ་བདེན་མེད་དུ་འཛིན་པའི་རྟོག་པ་སྐྱེས་པ་ནི་སྤང་དཀའ་བའོ། །དེ་བཀག་པ་ན་ཅིག་ཤོས་ཀྱི་རྟོག་པ་མི་སྐྱེ་བ་མི་སྲིད་དེ། བདེན་ཡོད་དང་བདེན་མེད་ནི་ཕན་ཚུན་སྤངས་པ་དངོས་ཡིན་པའི་ཕྱིར་ཞེ་ན། དེ་སྐད་ཅེས་སྨྲས་པ་དེ་ཉིད་སློབ་དཔོན་བདག་ཉིད་ཆེན་པོའི་ཕྱོགས་སྔ་མ་དངོས་ཡིན་པ་དེ་ལ་བསམས་ནས། ཟླ་བའི་ཞབས་ཀྱིས་ནི་བདེན་ཡོད་བཀག་ཤུལ་དུ་བདེན་མེད་སྒྲུབ་པར་མི་མཛད་པའི་རྒྱུ་མཚན་གྱིས་ཐལ་བ་པ་ལ་ལྟ་བ་མཆོག་ཏུ་སྨྲ་བར་གཞག་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལུང་གིས་དང༌། རིགས་པས་མི་གནོད་པའོ། །དང་པོ་ནི། མཚན་མེད་དུ་འཛིན་པའི་རྟོག་པ་རིག་འཛིན་སྡོམ་པའི་སྤང་བྱར་ཁས་བླངས་པ་ལ། ཡུམ་ལས་མཚན་མེད་ལ་མོས་པ་དང་རབ་ཏུ་དད་པས་དད་པར་བྱ་བར་གསུངས་པ་སོགས་ཀྱིས་གནོད་པ་མ་ཡིན་ཏེ། དེ་ལྟར་གསུངས་པ་དེ་ཐོག་མར་མཚན་འཛིན་གྱི་གཉེན་པོར་མཚན་མེད་ཐོས་བསམ་གྱིས་གཏན་ལ་འབེབས་པ་དང༌། མོས་པ་ཡིད་བྱེད་ཀྱི་བློས་མཚན་མེད་སྒོམ་པ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཕྱིར། དེའི་འོག་ཏུ་མཚན་མེད་ཀྱི་རྟོག་པ་སྐྱེས་ན་དེ་ཡང་སྤང་དགོས་ཏེ། ཇི་སྐད་དུ། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཡང་དད་པས་རྩ་ལྟུང་སྐྱེད་ན་ཧ་ཅང་ཐལ་ཞེས་སྨྲ་བ་དེ་ལ། ཐལ་འགྱུར་གྱི་མགོ་མཚུངས་དང༌། རང་རྒྱུད་ཀྱི་རྣལ་ལན་གདབ་པའོ། །དང་པོ་ནི། བདེན་འཛིན་གྱིས་རྩ་ལྟུང་སྐྱེད་ན་ཡང་ཧ་ཅང་ཐལ་ཏེ། དབུ་མའི་ལྟ་བ་མ་རྙེད་པའི། སོ་སོ་སྐྱེ་བོའི་སྔགས་པ་ལ་བདེན་འཛིན་ལྷན་སྐྱེས་རྒྱུན་ལྡན་དུ་དམིགས་པའི་ཕྱིར། གལ་ཏེ་དེ་འདྲ་དེས་གཟུགས་སོགས་བདེན་པར་སྒྲོ་འདོགས་པའི་གྲུབ་མཐའ་བཅས་ན་རྩ་ལྟུང་དུ་འགྱུར་བ་ཡིན་ནོ། །ཞེ་ན། འོ་ན་ཅིག་ཤོས་ལ་ཡང་དེ་མཚུངས་སོ། །གཉིས་པ་ནི། གཟུགས་སོགས་ལ་ཡོད་འཛིན་གྱི་ལྟ་བ་རྩ་ལྟུང་དགུ་པར་བཤད་པ་ལ་འཕྲོས་ནས། འོ་ན་མེད་འཛིན་གྱི་རྟོག་པ་ཉེས་མེད་ཡིན་ནམ་ཞེ་ན། ཉོན་མོངས་ཅན་གྱི་རྟོག་པས་ཀུན་ནས་བསླང་བའི་མཚན་མེད་ཀྱི་རྟོག་པ་ཡང་ཆོས་ཅན། ལྟུང་མེད་མ་ཡིན་ཏེ། རྒྱུ་དུས་དང་དུས་ཀྱི་ཀུན་སློང་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླང་བའི་རྟོག་པ་གང་ཞིག རིག་པ་འཛིན་པའི་དངོས་ཀྱི་འགལ་ཟླར་དམིགས་པའི་ཕྱིར། ཞེས་པའོ། །དེ་ཡང་འདིར་རིག་པ་ནི་མཚན་རྟོག་སྐྱོབ་བྱེད་ཡིན་པ་ལ་ངོས་འཛིན་པའི་དོན་གྱིའོ། །རྩ་ལྟུང་དགུ་པ་དང་བཅུ་གཅིག་པ་གཉིས་ཀ་ཡང་ཀུན་སློང་ཉོན་མོངས་པ་ཅན་ལ་ལྟོས་ནས་བཞག་དགོས་པ་ཡིན་ཏེ། དེར་མ་བཞག་ན་རྟོག་པ་རང་གི་ངོ་བོ་ནི་ཤེས་སྒྲིབ་ཁོ་ནར་ངེས་པས་ངན་འགྲོའི་ཕུང་པོ་འཕེན་འགྲུབ་གང་དུ་ཡང་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། ཕྱོགས་སྔ་མའི་ལུགས་འདི་ལ། ངེས་པ་དང་ནི་སྒྲོ་འདོགས་ཡིད། །ཅེས་པའི་གཞུང་གིས་བསྟན་པའི་གནོད་བྱེད་འཇུག་པ་མ་ཡིན་ཏེ། ལུགས་འདི་ལ་མཚན་འཛིན་གྱི་རྟོག་པ་དང་མཚན་མེད་ཀྱི་ངེས་ཤེས་གཉིས་གནོད་བྱ་གནོད་བྱེད་དུ་ཁས་མི་ལེན་པ་མ་ཡིན་པའི་ཕྱིར། དེས་ན་འདི་ལྟར་ཡིན་ཏེ། ཐོག་མར་མཚན་འཛིན་གྱི་གཉེན་པོར་མཚན་མེད་སྒོམ། དེའི་འོག་ཏུ་མཚན་མེད་དུ་ཞེན་པའི་གཉེན་པོར་ཅིར་ཡང་མི་འཛིན་པའི་ངང་ལ་མཉམ་པར་གཞག་དགོས་པར་ནི། ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་ལྡོག་པར་འགྱུར། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །སྨྲས་པ། ཐེག་ཆེན་འདུལ་བ་མངོན་པའི་མདོ། །དབུ་མའི་ནོར་འཛིན་སྒེག་མོ་ཡིས། །མ་བཏེག་དམ་ཚིག་ལྷུན་པོ་ནི། །ལྷ་མིན་འཇུག་པས་འདེགས་ནུས་སམ། །རྩ་ལྟུང་བཅུ་གཉིས་པའི་སྐབས་སུ། ཕྱོགས་སྔ་མ་ནི། འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་ཉིད་ནི་དད་པ་ཅན་གྱི་སེམས་སུན་འབྱིན་པ་སྟེ། གང་ལ་དད་ན། དཀོན་མཆོག་གསུམ་ལའོ། །དེ་སུན་འབྱིན་པ་ནི། དད་པ་ཅན་དེའི་བློ་ལུས་སམ་ངག་གི་སྒོ་ནས་སུན་ཕྱུང་སྟེ། མ་དད་ཅིང་སྐྱོ་བར་བྱས་པའོ། །དེ་ཡང་ངག་གི་སྒོ་ནས་གཤེ་བ་སོགས་བརྗོད་པ་དུ་མ་དང༌། ལུས་ཀྱི་སྒོ་ནས་རྡེབ་པ་སོགས་ཀྱིས་སུན་ཕྱུང་བ་སྟེ། ཡིད་འབའ་ཞིག་གིས་ནི་སུན་ཕྱུང་བར་མི་ནུས་སོ། །ཞེས་གསུངས་སོ། །གཉིས་པ་དེ་དང་མི་མཐུན་པའི་ལུགས་འཇོག་པ་ལ་གཉིས་ལས། སྙེ་མ་མཁན་པོའི་ལུགས་ནི། རྡོ་རྗེ་གུར་ལས། སྐལ་ལྡན་སེམས་ཅན་ཞེས་འབྱུང་བས། ལམ་གྱི་སྣོད་དུ་རུང་བའི་སེམས་ཅན་དད་པ་དང་ལྡན་པའོ། །བྱ་བ་ཅི་ཞིག་གིས་ལྟུང་བར་འགྱུར་བ་ནི། རྡོ་རྗེ་སྙིང་པོ་རྒྱན་འདུས་པའི་རྒྱན་གུར་མན་སྙེ། སྡོམ་འབྱུང་གི་འགྲེལ་པ་རྣམས་སུ་སུན་འབྱིན་པས་འགྱུར་བར་བཤད་ལ། དམར་ནག་གི་རྒྱུད་དུ་སེམས་ཅན་སླུ་བ་ལ་བཤད་པ་རྣམས། ལམ་དེ་ལས་འདུན་པ་ལྡོག་འདོད་ཀྱི་བསམ་པས་སེམས་ཅན་དེའི་སེམས་སུན་འབྱིན་པར་བྱས་ནའོ། །འདི་ལ་འདུན་པ་ལོག་པ་དགོས་སམ་མི་དགོས་ཤེ་ན། རྩ་ལྟུང་དུ་འགྲོ་བ་ལ་དགོས་པ་འདྲའོ། །ཞེས་འཆད་དོ། །འདི་དང་སྔ་མའི་ཁྱད་པར་ནི། སྔ་མས་སྤྱིར་དད་པ་ཅན་གྱི་གང་ཟག་དེ་ཉིད་སུན་ཕྱུང་བ་ལ་འཆད་ཀྱི། དེའི་དད་པ་སུན་ཕྱུང་བ་ལ་མི་འཆད། ལུགས་ཕྱི་མས་ནི། གང་ཟག་དེ་ཡུལ་གང་ལ་དྭང་བའི་དད་པ་སུན་ཕྱུང་ནས་ཡུལ་དེ་ལ་འདུན་པ་ལོག་པར་བྱས་པ་ལ་འཆད་དོ། །ལུགས་གཉིས་པ་སྔགས་འདུལ་མཁན་པོ་ནི་ཕྱོགས་ཕྱི་མ་དང་མཐུན་པར། རྩ་བར་སེམས་སུན་འབྱིན་ཞེས་པ་དེ་དད་པའི་སེམས་སུན་འབྱིན་པ་ཉིད་ལ་སྐབས་སྟོབས་ཀྱིས་ཤེས་སོ། །དེ་ཡང་སུན་འབྱིན་པ་ནི་ཆུད་གསོན་པའི་དོན་ཡིན་ལ། དེ་ལའང་གཉིས་ཏེ། དད་པ་ཉམས་པར་བྱེད་པ་དང༌། དད་པ་དོན་མེད་པར་བྱེད་པའོ། །དང་པོ་ལ་བཞི་སྟེ། དད་པ་ཉིད་མེད་པར་བྱེད་པ་དང༌། མ་དད་པ་འཕེལ་བར་བྱེད་པ་དང༌། གནས་དམན་པ་ལ་སྦྱོར་བ་དང༌། གནས་མ་ཡིན་པ་ལ་སྦྱོར་བའོ། །དང་པོ་ནི། ཁྱིམ་བདག་དད་པ་ཅན་གྱི་གནས་སུ་ཆོས་མིན་སྤྱད་པས་དད་པ་ལོག་པ་ཁྱིམ་སུན་འབྱིན་པ་ལྟ་བུ་དང༌། གཉིས་པ་ནི་དད་པ་ལོག་པ་ཙམ་དུ་མ་ཟད། མ་དད་པ་འཕེལ་བ་སྟེ། ལྷས་བྱིན་གྱིས་བཅའ་བའི་བསླབ་ཚིགས་ལྔ་ལྟ་བུའོ། །གསུམ་པ་ནི། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་པ་ལས་ལོག་སྟེ། སངས་རྒྱས་ཉིད་དུ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ལྡོག་པ་དང༌། །ཞེས་པ་ལྟ་བུའོ། །བཞི་པ་ནི། གནས་ལ་དད་པའི་སེམས་ཅན་དེ་དག་གནས་མ་ཡིན་པ་ལ་དད་དུ་འཇུག་པའོ། །གཉིས་པ་དད་པ་དོན་མེད་པར་བྱེད་པ་ནི། དད་པས་སྦྱིན་པ་ཆུད་གསོན་པར་དང༌། དད་པ་དང་མི་མཐུན་པར་བརྗོད་པའོ། །དང་པོ་ནི། ཚུལ་ཁྲིམས་དང་མི་ལྡན་པ་དང༌། ལྡན་ཀྱང་དགེ་བའི་ཆོས་ལ་མི་བརྩོན་པས་དད་རྫས་ལོངས་སྤྱོད་པའོ། །གཉིས་པ་དད་པ་དང་མི་མཐུན་པའི་སྤྱོད་པ་ལ་ཡང་གཉིས་ཏེ། དད་པ་ཅན་གྱི་སེམས་མི་བསྲུང་བ་དང༌། དད་པ་ཅན་ཆེད་ཀྱིས་སླུ་བའོ། །དང་པོ་ནི། གཞན་མ་དད་པ་སྐྱེ་བའི་རྒྱུ་ལ་འཛེམ་མེད་དུ་སྤྱོད་པའོ། །གཉིས་པ་ལ་གཉིས་ཏེ། གདམས་ངག་མི་སྦྱིན་པ་དང༌། གཡོ་སྒྱུས་སྤྱོད་པའོ། །དང་པོ་ནི། སྣོད་རུང་གི་སློབ་མ་དད་པ་ཅན་དེ་ལ་དཔེ་མཁྱུད་དང༌། རྙེད་བཀུར་ཆེད་འཛིན་གྱིས་སམ། རྙེད་པ་ལ་ཆེས་ཞེན་པས་ཆོས་དེ་མི་སྦྱིན་པའོ། །གཉིས་པ་ནི། ཕུང་པོ་ལྔའི་རབ་བྱེད་ལས། རྒྱུ་གང་ཞེ་ན། གཞན་ལ་སླུ་བ་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དད་པ་སུན་འབྱིན་པའི་དབྱེ་བ་དེ་དག་གིས་དད་པ་སུན་ཕྱུང་བའི་ཉེས་པའང་མདོ་དང་བསྟན་བཅོས་དག་དང་སོ་སོར་སྦྱོར་བ་མཛད་ཅིང༌། སུན་འབྱིན་པའི་དབྱེ་བ་དེ་དག་གང་གི་སྒོ་ནས་དད་པ་སུན་ཕྱུང་ཀྱང་ཀུན་ནས་དཀྲིས་པ་ཚང་ན་རྩ་བའི་ལྟུང་བ་ཉིད་དུ་རྣམ་པར་གཞག་གོ །ཞེས་གསུངས། འདིར་ཕྱིར་རྒོལ་གྱིས་སྔ་རྒོལ་སུན་འབྱིན་པའི་རྩོད་པ་གསལ་པོ་མི་སྣང་བས། ཕྱོགས་སྔ་མའི་དམ་བཅའི་སྐྱོན་སེལ་བ་དང༌། རྟགས་ཀྱི་ཚེར་མ་དབྱུང་དགོས་པ་ནི་མེད་དོ། །དེ་ལྟ་ན་ཡང་དད་པ་ཅན་གྱི་གང་ཟག་གི་དད་པ་སུན་ཕྱུང་བ་དང༌། སྤྱིར་དེའི་བློ་སུན་ཕྱུང་བ་གཉིས་ནི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་དེའི་ཐུགས་སུན་ཕྱུང་བ་དང༌། དེའི་བྱང་ཆུབ་ཀྱི་སེམས་སུན་འབྱིན་པ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བ་དང༌། ཡོན་ཏན་མང་པོ་ཅན་གི་གང་ཟག་དེའི་ལུས་ངག་ལ་གནོད་པ་བྱས་པའི་སྒོ་ནས་སུན་ཕྱུང་བ་དང༌། གང་ཟག་དེའི་ཡོན་ཏན་སུན་ཕྱུང་བ་གཉིས་ཁྱད་པར་ཤིན་ཏུ་ཆེ་བ་བཞིན་ནོ། །དེས་ན་རྗེ་བཙུན་གྱི་བཞེད་པ་ཉིད་ལེགས་པ་ཡིན་ཏེ། དེ་ལ་སྒྲུབ་བྱེད་དང༌། ཟློག་པ་ལ་གནོད་བྱེད་མ་དམིགས་པའི་ཕྱིར། དང་པོ་ནི་དཀོན་མཆོག་གསུམ་ལ་དད་པ་ཅན་གྱི་གང་ཟག་ནི་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཅན་ཡིན་ལ། དེ་སུན་འབྱིན་པར་བྱེད་པའི་ལུས་ངག་གི་ལས་ནི་བརྒྱུད་ནས་ཐར་པ་དང་མི་མཐུན་པའི་ལས་སུ་འཇོག་པའི་ཕྱིར། གནོད་བྱེད་ནི། གཞན་གྱི་དད་པ་དེ་དང་དེ་དག་སུན་ཕྱུང་བ་ཡིན་ན། ཆོས་སྤོང་ལས་དང༌། དགེ་འདུན་གྱི་དབྱེན་དང༌། བྱང་སེམས་སྡོམ་པ་ལ་ལྟོས་པའི་ཕམ་པ་ལྟ་བུའི་ཆོས་བཞི་ལ་སོགས་པ་ཉེས་པ་གཞན་དང་གཞན་དག་གི་རྒྱུར་འགྱུར་སྲིད་པའི་ཕྱིར་རོ། །ཡང་ན་ནི་དད་པ་ཅན་གྱི་སེམས་ཅན་སླུ་བ་ལ་འདིའི་རྩ་ལྟུང་དུ་བཤད་ནས། སླུ་བའི་དོན་ནག་པོ་པས་བཤད་པ་ལྟར། ཟོང་གིས་སླུ་བ་དང༌། ལོག་པར་སྟོན་པས་སླུ་བ་དང༌། གནས་ངན་ལེན་གྱི་སྦྱོར་བས་སླུ་བ་དང་གསུམ་ལས། དང་པོ་ནི། ཁ་གསག་དང༌། གཞོགས་སློངས་དང༌། གཞལ་བ་ལ་གཡོ་བྱེད་པ་ལ་སོགས་པའོ། །གཉིས་པ་ནི། བསྟན་བཅོས་ངན་པ་འཆད་པ་ལྟ་བུའོ། །གསུམ་པ་ནི། སྐྱབས་ངན་པ་ལ་རྟེན་དུ་འཇོག་པའོ། །ཞེས་གསུང་ངོ༌། །འདིར་སྨྲས་པ། བསོད་ནམས་ཟོང་གིས་ཐོབ་པ་ཡི། །གཞུང་ལུགས་ཡིད་བཞིན་རིན་ཆེན་པོ། །ལུང་རིགས་བརྟག་དཔྱད་རྣམ་པ་བརྒྱས། །སེམས་འཇལ་རྟོག་པ་བསྟན་པའི་རྒྱན། །རྩ་ལྟུང་བཅུ་གསུམ་པའི་སྐབས་སུ། གསུམ་སྟེ། ཁས་བླངས་ཀྱི་ཕྱོགས་སྔ་མ་བཞག དེ་ལ་ཕྱིར་རྒོལ་བས་ཇི་ལྟར་རྩད་པ། རྩོད་པ་དེའི་ཚེར་མ་ཕྱུང་བའོ། །དང་པོ་ནི། འཁྲུལ་སྤོང་ལས། རྩ་ལྟུང་བཅུ་གསུམ་པའི་ངོ་བོ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་ཤ་ཆེན་ལ་སོགས་པ་དམ་ཚིག་གི་རྫས་དང་ཕྲད་པའི་ཚེ། སྐྱུག་བྲོ་བའམ་མི་གཙང་བ་ལ་སོགས་པའི་བསམ་པས་སྤངས་སམ། ཡང་ན་རབ་ཏུ་བྱུང་བ་ལ་སོགས་པ་བསླབ་པས་བཅིངས་པས་ཆང་འཐུངས་པ་དང་ཕྱི་དྲོ་ཁ་ཟས་བརྟེན་པའི་ལྟུང་བ་བྱུང་དུ་དོགས་པའི་བསམ་པས་མི་བསྟེན་པའོ། །ཡང་ཁ་ཅིག་ཚུལ་འཆོས་པས་མི་བསྟེན་པ་ཡང་མཐོང་སྟེ། འདི་དག་ནི་ཆེས་སྨད་པར་བྱ་བའི་གནས་སོ། །བཅུ་གསུམ་པ་འདི་ལ་ཁ་ཅིག རྡོ་རྗེ་དྲིལ་བུ་ཡང་མི་འབྲལ་བའི་དམ་ཚིག་གོ་ཞེ་ན། འདི་ནི་བུམ་དབང་གི་དམ་ཚིག་ལོགས་སུ་འབྱུང་བ་ཡིན་ལ། དེས་ན་འདི་ནི་ཚོགས་ཀྱི་འཁོར་ལོ་ཉིད་ཀྱི་སྐབས་ཡིན་པར་གཟུང་སྟེ། དམ་པ་དང་པོ་ལས། དམ་ཚིག་རྙེད་ནས་འདོར་བ་གཞན། །ཞེས་པའི་འགྲེལ་པར། པདྨ་དཀར་པོས། དམ་ཚིག་རྙེད་ནས་ཚོགས་ཀྱི་འཁོར་ལོ་འདོར་བར་འགྱུར་བ་ནི་གཞན་ཞེས་བྱ་བ་བཅུ་གསུམ་པར་འགྱུར་རོ། །ཞེས་བཤད་པའི་ཕྱིར་རོ། །འདི་ལྟུང་བར་འགྱུར་བའི་རྒྱུ་མཚན་ཡང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །བདུད་རྩི་ལྔ་ཡི་ཆུས་འགྲུབ་བོ། །ཞེས་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། ཕྱོགས་ཕྱི་མ་དང་པོས་ནི་ཕྱོགས་སྔ་མ་ལ་སུན་འབྱིན་དངོས་སུ་བརྗོད་པ་མེད་ཀྱང༌། མི་མཐུན་པར་བཤད་པ་ནི་འདི་སྐད་ཅེས། རྩ་ལྟུང་བཅུ་གསུམ་པ་འདི་ལ་གཉིས་ཏེ། བླ་མེད་ཀྱི་རྩ་ལྟུང་དུ་འགྲོ་ཚུལ་དང༌། རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་དུ་འགྲོ་ཚུལ་ལོ། །དང་པོ་ལ། ཡུལ་ནི་དམ་ཚིག་ཅེས་པ་སྤྱིར་བཟའ་བཏུང་གི་དམ་ཚིག་གཉིས་ཡོད་ཀྱང་འདིར་བཟའ་བ་དང་ལོངས་སྤྱོད་ལ་དཱ་རི་ཀཱ་པས་གསུངས་པ་ལྟར་བྱའོ། །ཅི་ཞིག་བྱས་པས་ལྟུང་བར་འགྱུར་ན། ཚོགས་ཀྱི་འཁོར་ལོའམ། དཔའ་བོའི་སྟོན་མོའི་ཆོ་ག་ཚུལ་བཞིན་དུ་བྱེད་པའི་དམ་རྫས་བཟའ་བཏུང་ཤ་ལྔ་སོགས་བསྟན་པ་ན་མི་གཙང་བར་སེམས་པའམ། ཐེ་ཚོམ་ཟོས་ནས་དང་དུ་མི་ལེན་པའོ། །སྙིང་པོ་རྒྱན་ལས། འདོད་པའི་བསྟན་བཅོས་ལས་འབྱུང་ལྟར། །གཉིས་ཀའི་ལོངས་སྤྱོད་ལ་རབ་གནས། །ཕན་ཚུན་དམ་ཚིག་གཏམ་སྨྲ་ཞིང༌། །དགའ་བའི་སེམས་ཀྱིས་འོངས་པ་དང༌། །དོར་ན་རྩ་བ་ཉམས་འགྱུར་བས། །འབད་པས་དམ་ཚིག་ལེགས་དྲན་བྱ། །ཞེས་ཚོགས་འཁོར་གྱི་སྐབས་སུ་རིག་མས་འདོད་པ་བསྟབས་པ་དང་དུ་མ་བླངས་ན་རྩ་ལྟུང་དུ་བཤད་དེ། རིག་མ་བསྟེན་པའི་ནུས་པ་ཐོབ་པ་དང༌། དགག་བྱ་གཞན་མེད་པའི་རྟེན་འགའ་ཞིག་ལ་ཡིན་ནོ། །དེ་ལྟར་མི་ནུས་པ་དང༌། རབ་བྱུང་གིས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཙམ་བྱ་སྟེ། དམ་ཚིག་ལྔ་པ་ལས། ཕྱི་རོལ་དམ་པའི་ཕྱག་རྒྱས་འཁྱུད། །རང་གི་སློབ་མས་ཡོངས་སུ་བསྐོར། །དེས་ཀྱང་རང་རིག་མ་ལ་འཁྱུད། །མི་ནུས་བསམ་གཏན་དག་གིས་བྱ། །ཞེས་དམིགས་བསལ་གསུངས་པའི་ཕྱིར་རོ། །གཉིས་པ་རྣལ་འབྱོར་རྒྱུད་ཀྱི་ལ། ཡུལ་ནི། རྡོ་རྗེ་དང༌། དྲིལ་བུ་དང༌། ལག་པའི་ཕྱག་རྒྱ་ལ་སོགས་པ་རྣམས་སོ། །ཅི་ཞིག་བྱས་པའི་ལྟུང་བར་འགྱུར་བ་ནི། རྡོར་དྲིལ་དང་ཕྱག་རྒྱ་རྣམས་སྨད་ནས་དེ་དག་མི་བསྟེན་པར་དོར་ནའོ། །སྨོད་ཚུལ་ནི། དཔལ་མཆོག་འགྲེལ་ཆེན་ལས། དད་པ་མེད་པས་བཞད་པར་བྱེད། །ཅེས་གསུངས་པ་ལ། རྡོ་རྗེ་ལ་སོགས་པ་འདིས་ཅི་ཞིག་བྱ། སྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་ཏེ། ལག་པ་རྣམ་པར་འགྱུར་བ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་སྐྱེ་བོའི་ཚོགས་ཀྱི་ནང་དུ་གནས་ནས་སྨོད་པ་གང་ཡིན་པ་འདི་ནི། དམ་ཚིག་ལས་འདས་པའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །ཞེས་འཆད་དོ། །རྒོལ་བ་གཉིས་པ་ནི། སྔགས་འདུལ་མཛད་པ་ན་རེ། འཁྲུལ་སྤོང་དུ་ལྟུང་བ་བསྐྱེད་པའི་སྐབས་ལ། གོང་དུ་ཚོགས་འཁོར་ལ་ཞེས་སོགས་དང༌། འོག་ཏུ་ཚོགས་འཁོར་ཉིད་ཀྱི་སྐབས་ཤེས་པ་ལས། གནས་པའི་དོན་ནི་གང་ཞིག་ཡིན། དང་པོ་ལྟར་ན་ནི་རུང་ལ། ཕྱི་མ་ལྟར་ན་ནི་མ་ཡིན་ཏེ། དམ་རྫས་འདི་དག་བསྟེན་དགོས་ཀྱི་སྐབས་ནི། སྤྱོད་པའི་བརྟུལ་ཞུགས་ཀྱི་དུས་ལ་སོགས་པ་མང་ན། ཚོགས་འཁོར་གྱི་སྐབས་ཁོ་ནར་རྩ་ལྟུང་དུ་འགྱུར་གྱི། གཞན་དུ་མ་ཡིན་པའི་རིགས་པ་མེད་ལ། པདྨ་དཀར་པོའི་ལུང་ལའང་ཉིད་ཅེས་ངེས་གཟུང་སྟོན་པའི་ཚིག་མེད་པའི་ཕྱིར་རོ། །གཞན་ཡང་བུམ་དབང་གི་དང༌། བསྐྱེད་རིམ་པའི་དམ་ཚིག་འཆད་པ་འདིར་སྐབས་སུ་མི་བབ་ཅེས་པ་ལའང་ཚིག་གི་འབྲེལ་གང་ཞིག་ཡིན་ཞེས་དྲིས་ན། ཚོགས་འཁོར་ཉིད་ཀྱི་སྐབས་སུ་ཡིན་པའི་ཕྱིར་ཞེས་པར་ཟད་ན། དེ་ནི་བསྒྲུབ་བྱ་ཉིད་པས་མ་གྲུབ་པར་བཤད་ཟིན་ཞིང༌། ཚོགས་འཁོར་དུས་སུ་བུམ་དབང་དང༌། བསྐྱེད་རིམ་པའི་དམ་ཚིག་སྲུང་དགོས་པ་མེད་པར་སེམས་ན་ནི་ཧ་ཅང་ཐལ་ཡང་ཚོགས་འཁོར་གྱི་ཚེ་བདུད་རྩི་སོགས་དམ་རྫས་འདི་དག་མ་སྟེན་པས་རྩ་ལྟུང་དུ་འགྱུར་བའི་རྒྱུ་མཚན་ལ། བདུད་རྩི་ལྔ་ཡི་ཆུས་འགྲུབ་བོ། །ཞེས་དང་ལྟུང་བ་བསྒྲགས་པ་ན། རྟག་ཏུ་དམ་ཚིག་སྐྱང་བར་བྱ། །ཞེས་པའི་ལུང་གཉིས་ཀྱང་འབྲེལ་མེད་དོ། །ལུང་དང་པོའི་སྒྲ་ཇི་བཞིན་ན་ཤ་སོགས་ཀྱང་མ་འདུས་ལ། འདུས་སུ་ཆུག་ཀྱང་འདིས་ཚོགས་འཁོར་གྱི་དུས་ཁོ་ནར་བསྲུང་དགོས་པའང་མི་འབྲེལ་ཞིང༌། ལུང་ཚིགས་གི་དོན་ཡང༌། འདི་ཁྱོད་དམ་ཚིག་བདུད་རྩི་སྟེ། །མ་སྲུང་སྲེག་པར་བྱེད་པའི་དུག །ཅེས་བྱ་བ་ཆུ་འདི་ཉིད་དམ་ཚིག་བསྲུངས་ན་བདུད་རྩི་དང༌། མ་སྲུང་ན་དུག་ལྟ་བུར་འགྱུར་ཞེས་དམ་ཚིག་གི་མནའ་ཆུ་ལ་བརྗོད་དགོས་པ་དག་ཡིན་ན་བདུད་རྩི་ལྔ་བཟའ་དགོས་པ་དང་ཇི་ལྟར་འབྲེལ་དམ་གཞག་འདི་དག་ཀྱང་དམ་ཚིག་སྤྱིའི་དབང་དུ་བྱས་ཀྱི། ཚོགས་སོག་དུས་ཁོ་ན་དང༌། འབྲེལ་པ་མེད་དོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་གདབ་པ་དང༌། གཉིས་པའི་ལན་གདབ་པའོ། །དང་པོ་ནི། རྒོལ་བ་དང་པོས་རྩ་ལྟུང་བཅུ་གསུམ་པོ་འདི་རྣམས་རྣལ་འབྱོར་རྒྱུད་ཀྱིའང་རྩ་ལྟུང་དུ་འགྲུབ་ན། ཕྱོགས་སྔ་མ་ལ་གནོད་བྱེད་དུ་སོང་ཀྱང༌། འདི་མི་འགྲུབ་པ་ལ་གཉིས་ཏེ། ལུང་མེད་པ་དང༌། རིགས་པས་གནོད་པའོ། །དང་པོ་ནི། སྤྱིར་བླ་མེད་ཀྱི་རྒྱུད་ནས་གསུངས་པའི་རྩ་ལྟུང་བཅུ་བཞི་པོ་འདི་རྣལ་འབྱོར་གྱི་རྒྱུད་ནས་བཤད་པ་མེད་པའི་རྒྱུ་མཚན་གྱིས་འདིར་བསྟན་གྱི་བཅུ་གསུམ་པ་རྣལ་འབྱོར་རྒྱུད་ཀྱི་བཅུ་གསུམ་པར་མི་འགྲུབ་པ་དང༌། འདིར་བསྟན་གྱི་བཅུ་གསུམ་པའི་ནང་ཚན་ཞིག་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་དུ་འགྲུབ་ཏུ་ཆུག་ཀྱང༌། དེ་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་གསུམ་པར་སྟོན་བྱེད་ཀྱི་ལུང་མེད་པ་དང༌། རྣལ་འབྱོར་རྒྱུད་ནས་རྩ་ལྟུང་བཞི་བཤད་ཀྱང་དེ་དང་འདིའི་བཅུ་བཞི་དོན་གཅིག་པར་སྟོན་བྱེད་དུ་དཔྱད་པ་གསུམ་གྱིས་དག་པའི་ལུང་མེད་པའི་ཕྱིར། གཉིས་པ་ནི། རྩ་ལྟུང་བཅུ་གསུམ་པ་འདི་ནི་བླ་མེད་ཀྱི་དབང་གོང་མ་ལས་ཐོབ་པའི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་དུ་འཆད་དགོས་པས། བུམ་དབང་ཙམ་ཐོབ་པ་ལ་ལྟོས་ནས་ཀྱང༌། རྩ་ལྟུང་དུ་བཤད་པ་དཀའ་ན་རྣལ་འབྱོར་རྒྱུད་ལ་ལྟ་ཅི་སྨོས་པའི་ཕྱིར་དང༌། རྣལ་འབྱོར་རྒྱུད་ནས་འབྱུང་བའི་སྡོམ་ལྡན་གྱི་རྡོ་རྗེ་དྲིལ་བུ་དང༌། ལག་པའི་ཕྱག་རྒྱ་སོགས་ལ་སྨད་ནས་དོར་བ་ནི། བདེ་གཤེགས་བཀའ་འདས་ཀྱི་ནང་དུ་འདུས་པའི་ཕྱིར། འདི་ལ་ཁྱད་གསོད་མེད་པས་དེར་འགྱུར་བ་མ་ཡིན་ནོ། །ཞེས་འཆད་མོད། འདི་ལ་ཁྱད་གསོད་ཀྱི་བློ་ནི་ངེས་པར་ཡོད་དེ། ཡིད་ཀྱིས་སྒོམ་པ་ཡོད་ན་ལག་པས་གཟུང་དགོས་པ་མིན་ནོ། །སྙམ་པའི་བློ་དེ་ཉིད་ཁྱད་གསོད་ཀྱི་བློ་ཡིན་པའི་ཕྱིར། གཞན་ཡང་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་གསུམ་པར་ཁྱེད་ཀྱིས་ངོས་གཟུང་བ་འདི་རྣལ་འབྱོར་བླ་མེད་པ་ལ་ལྟུང་བར་འགྱུར་རམ། མི་འགྱུར། འགྱུར་ན། རྣལ་འབྱོར་གོང་མ་གཉིས་སྡོམ་གཟུང་གི་ཆོ་ག་ལ་ཁྱད་པར་མེད་པས། དེས་བཟུང་བའི་སྡོམ་པ་ཡང་ཁྱད་མེད་དུ་འདོད་པ་དང་འགལ་བར་འགྱུར་ན། ཅི་རྩ་བའམ། ཡན་ལག་གི་ལྟུང་བར་འགྱུར། གཉིས་པ་ལྟར་ན། དེ་ཆོས་ཅན། རིགས་ལྔའི་སྡོམ་བཟུང་གིས་གཟུང་ཞིང་ཐོབ་པའི་སྡོམ་པ་ལ་ལྟོས་པའི་རྩ་བའི་ལྟུང་བ་མ་ཡིན་པར་ཐལ། དེ་ལ་ལྟོས་པའི་ཡན་ལག་གི་ལྟུང་བ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཀྱིས་གྲུབ་ཅིང༌། ཐལ་བ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་སོ། །དང་པོ་ལྟར་ན། བླ་མེད་ཀྱི་བཅུ་གསུམ་པ་འདིའམ། གཞན་དུ་འགྱུར། དང་པོ་ལྟར་ན་དངོས་སུ་འགལ། གཉིས་པ་ལྟར་ན། གཞན་གང་དུ་འགྱུར། བཀའ་འདས་སུ་འགྱུར་བ་ལས་འོས་མེད་པས། འོ་ན་རྣལ་འབྱོར་རྒྱུད་ལ་ལྟོས་པའི་ཡང་བཀའ་འདས་ལ་བླ་མེད་ཀྱི་བཀའ་འདས་ཡིན་པའི་ཕྱིར། རྟགས་དང་ཐལ་ཆོས་ཁས་བླངས་པར་མ་ཟད། ཁྱབ་པའང་ཁས་བླངས་པ་ཡིན་ཏེ། རྒྱུད་སྡེ་གོང་མ་གཉིས་པོ་སྡོམ་བཟུང་གི་ཆོ་ག་གཅིག་གིས་བཟུང་བའི་སྡོམ་པ་ཐོབ་པའི་དུས། ཁྱད་མེད་དུ་ཁས་བླངས་པའི་ཕྱིར། རྒོལ་བ་གཉིས་པའི་ལན་གདབ་པ་ལ་གསུམ་སྟེ། འདི་ཚོགས་ཀྱི་འཁོར་ལོ་ཁོ་ན་དང་འབྲེལ་བའི་ལྟུང་བ་ཡིན་པ་ལ། སྒྲུབ་བྱེད་ཡོད་ཅིང༌། གནོད་བྱེད་མེད་པར་བསྟན། རྩ་ལྟུང་དུ་འགྱུར་བའི་རྒྱུ་མཚན་དམ་ཚིག་གི་ཁས་བླངས་དང་མ་འབྲེལ་བ་ལ་ཡིན་པར་བསྟན། དེ་མ་འབྲེལ་ན། ཕྱི་རྒོལ་ཉིད་ལ་ཁས་བླངས་ནང་འགལ་ཡོད་པར་བསྟན་པའོ། །དང་པོ་ཚོགས་འཁོར་ཉིད། ཅེས་པའི་ཚིག་ལ་འགལ་དུ་མེད་པར་བསྟན། བསྟེན་བྱའི་དམ་ཚིག་ཐམས་ཅད་བསྟེན་དུས་ཐམས་ཅད་དུ་མི་བསྟེན་པ་རྩ་ལྟུང་འདིར་འཆད་ན་ཧ་ཅང་ཐལ་བ། དུས་འཁོར་འགྲེལ་པའི་ལུང་ལ་ངེས་གཟུང་གི་ཚིག་ཡོད་པར་བསྟན་པའོ། །དང་པོ་ནི། འཁྲུལ་སྤོང་ལས། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་དམ་ཚིག་གི་རྫས་མི་བསྟེན་པ་རྩ་ལྟུང་དུ་བཤད་པ་དང༌། འོག་ཏུ། དེས་ན་འདི་ནི་ཚོགས་ཀྱི་འཁོར་ལོ་ཉིད་ཀྱི་སྐབས་ཡིན།                     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*