ཞེས་པ་གཉིས་ཁས་བླངས་འགལ་བ་མ་ཡིན་ཏེ། གོང་གི་སོགས་པའི་སྒྲས་ནི། དཔའ་བོའི་སྟོན་མོའི་ཆོ་ག་ཚུལ་བཞིན་དུ་བྱེད་པ་བསྡུས་པ་ཡིན་ལ། འོག་ཏུ་ཉིད་ཅེས་བྱ་བའི་ཚིག་འབྱུང་བ་དེར་དཔའ་བོའི་སྟོན་མོ་ཡང༌། ཚོགས་འཁོར་གྱི་ནང་དུ་བསྡུས་ནས་བཤད་པ་ལ་མི་འཚམ་ཅི་ཡང་མེད་པའི་ཕྱིར་དང༌། ཉིད་ཅེས་བྱ་བའི་སྒྲ་ནི། ཚོགས་འཁོར་ལས་གཞན་པའི་མཉམ་རྗེས་ཀྱི་གནས་སྐབས་སུ་གསང་སྔགས་ཀྱི་ཀུན་སྤྱོད་ཉམས་སུ་ལེན་པའི་གནས་སྐབས་དེ་དང་དེ་དག་སེལ་བ་ཡིན་གྱི་དཔའ་བོའི་སྟོན་མོ་གཅོད་མི་ནུས་པའི་ཕྱིར། གཉིས་པ་ནི། རྩ་ལྟུང་འདི་ཚོགས་འཁོར་གྱི་དུས་ལས་གཞན་དུ་དམ་ཚིག་གི་རྫས་མི་སྟེན་པ་ལ་འཆད་ན་ཧ་ཅང་ཐལ་བ་ཡིན་ཏེ། དམ་ཚིག་དང་མི་ལྡན་པའི་སྐྱེ་བོ་མང་པོ་ཚོགས་པའི་དབུས་སུ། སྔགས་པ་དམ་ཚིག་ཅན་གྱིས་ཟས་སྐོམ་དུས་ལ་བབ་པའི་ཚེ་ཡང༌། དམ་ཚིག་གི་རྫས་དེ་དག་ཇི་ལྟར་རྙེད་པ་བཞིན་བསྟེན་དགོས་པར་ཐལ་བ་དང༌། དགེ་སློང་རྡོ་རྗེ་འཛིན་པས། གཞན་གྱིས་འཕྱ་བ་ལ་སོགས་པའི་ཉེས་པ་ཡོད་ཀྱང༌། ཇི་ལྟར་རྙེད་པ་བཞིན་དུ་བསྟེན་དགོས་པར་ཐལ་བའི་ཕྱིར་རོ། །བརྟུལ་ཞུགས་ཀྱི་སྐབས་ལ་དོགས་པ་གཅོད་དགོས་པ་མིན་ཏེ། དེར་དམ་ཚིག་གི་རྫས་ཇི་ལྟར་རྙེད་པ་བཞིན་དུ་ལོངས་མི་སྤྱོད་པའི་དོགས་པ་མི་འབྱུང་བའི་ཕྱིར་དང༌། དེར་ཡང་དོགས་པ་དེ་འབྱུང་ན་བརྟུལ་ཞུགས་སྤྱོད་པའི་སྐབས་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དུས་འཁོར་འགྲེལ་པའི་ཚིག་ལ་ངེས་བཟུང་མེད་པ་མ་ཡིན་ཏེ། སྤྱིར་བཟའ་བའི་དམ་ཚིག་བསྟེན་དགོས་ཀྱི་གནས་སྐབས་ཐམས་ཅད་དུ་ཇི་ལྟར་རྙེད་པ་བཞིན་མི་བསྟེན་པ་རྩ་ལྟུང་འདིར་འགྱུར་བ་ཡིན་ན། འགྲེལ་ཆེན་དུ། ཚོགས་ཀྱི་འཁོར་ལོ་དམ་ཚིག་ཐོབ་པ་ཞེས་ཚོགས་འཁོར་གྱི་ཚིག་འབྱུང་བ་དོན་མེད་པའི་ཕྱིར་དང༌། དེའི་དོན་ལ། དཱ་རི་ཀཱ་པས། ཚོགས་འཁོར་དང་དཔའ་བོའི་སྟོན་མོའི་དུས་ལ་བབ་པ་ན། ཞེས་འཆད་པར་སྣང་བའི་ཕྱིར་རོ། །གཉིས་པ་གནོད་བྱེད་མེད་པ་ནི་འཁྲུལ་སྤོང་དུ། འདིར་བུམ་དབང་གི་དམ་ཚིག་འཆད་པ་སྐབས་སུ་མི་འབབ་པའི་ཤེས་བྱེད་ཚོགས་འཁོར་གྱི་སྐབས་ཉིད་ཡིན་པའི་ཕྱིར། ཞེས་ཟེར་བ་ག་ལ་ཡིན། ཚོགས་འཁོར་གྱི་སྐབས་ཉིད་ཡིན་པའི་ཤེས་བྱེད་ཅིག་ཤོས་བཀོད་པ་ཡིན་ཏེ། དེས་ན། ཚོགས་འཁོར་སྐབས་ཉིད་བཟུང་ཞེས་འཁྲུལ་སྤོང་ལས་འབྱུང་བའི་ཕྱིར། ཡང་ཚོགས་འཁོར་གྱི་དུས་སུ། བུམ་དབང་དང་བསྐྱེད་རིམ་གྱི་དམ་ཚིག་བསྲུང་བ་དགོས་པ་མེད་པར་སེམས་ན་ཡང་ཧ་ཅང་ཐལ་ལོ། །ཞེས་པ་ཕྱོགས་སྔ་མ་ལ་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། འཁྲུལ་སྤོང་གི་དགོངས་པ་ནི། ཚོགས་འཁོར་གྱི་དུས་སུ་དམ་ཚིག་དེ་དང་དེ་བསྲུང་མི་དགོས་པའི་རྒྱུ་མཚན་གྱིས་དང༌། དེ་འཆད་པ་སྐབས་སུ་མི་བབ་ཅེས་འཆད་པའི་གོ་སྐབས་ག་ལ་སྲིད། འོ་ན་ཅི་ཞེ་ན། རྩ་ལྟུང་བཅུ་གསུམ་པ་སྟོན་པའི་གཞུང་གིས་བསྟན་པའི་དམ་ཚིག་ངོས་འཛིན་པ་ན། བུམ་དབང་གི་དམ་ཚིག་འཆད་པ་སྐབས་སུ་མི་འབབ་ཅེས་བྱ་བའི་དོན་ཡིན་པས་སོ། །དེས་ན་ཕྱོགས་སྔ་མའི་དགོངས་པ་ངག་དོན་དུ་དྲིལ་ན་འདི་ལྟར་རྡོ་རྗེ་དྲིལ་བུ་དང་བྲལ་བ་ལྟ་བུ་སྐབས་འདིའི་རྩ་ལྟུང་དུ་འགྲོ་བ་མི་སྲིད་དེ་འདིར་བསྟན་གྱི་དམ་ཚིག་རྫས་ངོས་འཛིན་པ་ན་བུམ་དབང་གི་དམ་ཚིག་གི་རྫས་འཆད་པ་སྐབས་སུ་མི་བབ་པའི་ཕྱིར་དང༌། དེའི་ཤེས་བྱེད་ཀྱང༌། རྩ་ལྟུང་བཅུ་གསུམ་པ་འདི་ནི། གསང་དབང་གི་དམ་ཚིག་དང་འབྲེལ་པའི་དམ་ཚིག་གི རྫས་ཇི་ལྟར་རྙེད་པ་བཞིན་མི་སྟེན་པའི་དུས་ཀྱང༌། ཚོགས་འཁོར་གྱི་ཚེ་ཁས་ལེན་པ་ཡིན་ཏེ། སྒྲུབ་བྱེད་ཀྱི་ལུང་ནི། འགྲེལ་ཆེན་དྲི་མེད་འོད་ལས་དང༌། ཤེས་བྱེད་ཀྱི་རིགས་པ་ནི། ཚོགས་འཁོར་ལས། དུས་གཞན་གྱི་ཚེ། ཤ་ལྔ། བདུད་རྩི་ལྔ་དང༌། ཆང་ལ་སོགས་པ་མི་སྟེན་ན། རྩ་ལྟུང་དུ་འགྱུར་རམ་སྙམ་པའི་དོགས་པ་སེལ་མི་དགོས་པའི་ཕྱིར། མི་དགོས་ཏེ། སྤྱོད་པ་ལ་རྒྱུ་བའི་དུས་སུ་ནི། དེ་དག་ལ་མི་གཙང་བ་ལ་སོགས་པའི་བསམ་པས་སྤོང་བ་དང༌། རབ་ཏུ་བྱུང་བའི་བསླབ་པ་དང་འགལ་དོགས་ནས་སྤོང་བ་མི་སྲིད་པའི་ཕྱིར་དང༌། སྤྱོད་པ་དང་ཚོགས་འཁོར་ལས། གཞན་གྱི་ཚེ། དེ་ལྟ་བུའི་བསམ་པས། དམ་ཚིག་གི་རྫས་ཇི་ལྟར་རྙེད་པ་བཞིན་མི་སྟེན་པ་ནི་རྩ་ལྟུང་འདིར་མི་འགྱུར་བའི་ཕྱིར་ཞེས་བྱ་བའི་དོན་ནོ། །གཉིས་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ལུང་དང་འབྲེལ་བའི་ཤེས་བྱེད་ནི། འོ་ན་ཚོགས་འཁོར་གྱི་རྫས་ལ་ལོངས་མ་སྤྱད་པའི་ཉེས་པ་ཞིག་ཡོད་དམ་མེད། མེད་ན་ལུང་རིགས་ཁས་བླངས་གསུམ་ཆར་དང་དངོས་སུ་འགལ། ཡོད་ན་དེ་འདྲའི་ལྟུང་བ་དེ་ཚོགས་འཁོར་གྱི་དུས་ཁོ་ན་འབྱུང་བ་ཡིན་ནམ། དེ་ལས་གཞན་ཚེ་ཡང་འབྱུང༌། གཉིས་པ་ལྟར་ན་ཚོགས་འཁོར་གྱི་དུས་སུ་ལོངས་སྤྱད་བྱའི་རྫས་ཚོགས་འཁོར་གྱི་དུས་ལས་གཞན་དུ་ལོངས་སྤྱོད་དགོས་ཤེས་པར་སོང་བས་འདི་ལ་སུ་ཞིག་ཡིད་རྟོན་པར་བྱེད། དང་པོ་ལྟར་ན། འོ་ན་དེར་ལོངས་སྤྱད་བྱའི་དམ་ཚིག་གི་རྫས་དེ་དག་དུས་དེ་ཁོ་ནར་བསྟེན་དགོས་པ་མ་ཡིན་པར་ཐལ། དེ་དག་དུས་དེ་ཁོ་ནར་བསྟེན་དགོས་པའི་དམ་ཚིག་བཟུང་བ་མེད་པའི་ཕྱིར་ཡོད་ན་ཚིག་གང་གིས་བཟུང༌། རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །ཞེས་པ་ལྟ་བུའི་ཚིག་གི་བཟུང་ངོ་ཞེ་ན་ཡང་མི་འཐད་དེ། དེ་ནི་སྤྱིར་དམ་ཚིག་འཛིན་པའི་ཚིག་ཡིན་གྱི། ཚོགས་འཁོར་གྱི་དུས་ཁོ་ནར་བསྟེན་དགོས་པ་མ་བསྟན་པའི་ཕྱིར། གལ་ཏེ་དེ་འདྲའི་དམ་ཚིག་དེ་སྤྱིར་བསྲུང་དགོས་ན་ཚོགས་འཁོར་གྱི་དུས་ཁོ་ནར་བསྲུང་དགོས་པ་ལས་འོས་མེད་དེ། དེ་ཚོགས་འཁོར་གྱི་དུས་ཁོ་ནར་བསྟེན་བྱའི་དམ་ཚིག་ཡིན་པའི་ཕྱིར་ཞེ་ན། འོ་ན་ཕྱོགས་སྔ་མ་ལ་ཡང་དེ་ཉིད་དེ། རྩ་ལྟུང་བཅུ་གསུམ་པ་འདི་ཚོགས་འཁོར་གྱི་དུས་ཁོ་ན་དང་འབྲེལ་བའི་ཕྱིར། དེ་ཉིད་བསྒྲུབ་བྱའོ། །ཞེ་ན། གོང་དུ་བསྒྲུབས་ཟིན་པ་དེ་ཉིད་དོ། །གསུམ་པ་ནི། བདུད་རྩི་ལྔ་ཡི་ཆུས་འགྲུབ་བོ། །ཞེས་པའི་ཚིག་དེས་མནའ་ཆུ་དེ་ཉིད་བསྲུངས་ནས་བདུད་རྩིར་སྟོན་པ་ཡིན་གྱི། དེ་ཕྱིན་ཆད་བདུད་རྩི་ལྔ་བཟའ་དགོས་པའི་ཤེས་བྱེད་དུ་འབྲེལ་བ་མེད་དོ། །ཞེས་འཆད་པ་དང༌། ཡང་དམ་ཚིག་གི་རྫས་ཀྱི་གཙོ་བོ་ནི་བདུད་རྩི་ལྔ་ཡིན་པ་ལ་དགོངས་ནས་མནའ་ཆུ་བླུད་པ་ན། བདུད་རྩི་ལྔའི་རང་བཞིན་ཅན་གྱི་ཆུ་ལུད་པར་བཤད་པ་ཡིན་ནོ། །ཞེས་འཆད་པ་ཡང་འགལ་ལོ། །དེའི་ཤེས་བྱེད་ཀྱང༌། འདི་ཁྱོད་དམ་ཚིག་བདུད་རྩི་སྟེ། །ཞེས་པ་ཡང་མནའ་ཆུ་བླུད་པའི་དུས་ཀྱི་ཆུ་ཐིགས་པ་དེ་ཁོ་ན་ལ་ཟེར་བ་མ་ཡིན་གྱི། སྤྱིར་བདུད་རྩི་ལྔའི་རང་བཞིན་ཅན་གྱི་ཆུ་བསྟེན་པ་ལ་འཆད་དགོས་པར་ཕྱོགས་སྔ་ཕྱི་གཉིས་ཀ་དོན་མཐུན་པའི་ཕྱིར་རོ། །ཡང་སྔགས་འདུལ་མཛད་པས་འདི་སྐད་དུ་ཤཱནྟི་པས། དམ་ཚིག་གི་རྫས་བདུད་རྩི་ལྔ་ཙམ་ལ་འཆད་པ་ནི་ཧ་ཅང་ཉུངས་པ་ཡིན་ནོ། །འོ་ན་ཅི་ཞེ་ན། དམ་ཚིག་ནི་སྤྱིར་གསུམ་སྟེ། བསྲུང་བ་དང༌། བཟའ་བ་དང༌། བསྟེན་པའི་དམ་ཚིག་གོ །དེ་ཡང་བསྡུ་ན་བསྲུང་བའི་དམ་ཚིག་དང་བསྟེན་པའི་དམ་ཚིག་གཉིས་སུ་འདུས། འདིར་ཕྱི་མ་འཆད་པ་སྐབས་སུ་བབ་པ་ཡིན་ཏེ། བསྟེན་བྱ་མི་སྟེན་པའི་རྩ་ལྟུང་དུ་བཤད་པའི་ཕྱིར། བསྟེན་བྱ་ལའང་གཉིས་ཏེ། ཡོ་བྱད་ཀྱི་དངོས་པོ་དང༌། ལོངས་སྤྱོད་པ་སྤྱད་བྱའི་དངོས་པོའོ། །དང་པོ་ནི། རྡོ་རྗེ་དྲིལ་བུ་དང༌། ཧེ་རུ་ཀའི་རྒྱན་དྲུག་དང༌། ཁ་ཊྭཱཾ་ག་དང༌། ཅང་ཏེའུ། པདྨའི་སྣོད་སོགས་སོ། །ལོངས་སྤྱད་བྱ་ལའང་བསྟེན་བྱ་འདོད་པའི་ཡོན་ཏན་ཉིད་དང༌། ཡོན་ཏན་དེ་དག་ལྡན་པའི་བསྟེན་བྱའོ། །དང་པོ་ནི། གཟུགས་སྒྲ་སོགས་ལྔ་པོ་རྣམས་སོ། །གཉིས་པ་ནི། མཚན་ཉིད་དང་ལྡན་པའི་རིག་མའོ། །འདི་དག་གི་ནང་ནས་ཀྱང་རོ་དང་རེག་བྱ་ཉིད་དམ་ཚིག་གི་རྫས་སུ་བསྔགས་ལ། རོ་ལ་བཟའ་བ་དང་བཏུང་བའི་དབྱེ་བས་གཉིས་ལས། དང་པོ་ནི། ཤ་ལྔ་དང་བདུད་རྩིའོ། །གཉིས་པ་ནི། ཆང་ལྔའོ། །དེའི་ནང་ནས་བདུད་རྩི་ལྔ་གཙོ་བོ་ཡིན། དེའི་ནང་ནས་བྱང་ཆུབ་ཀྱི་སེམས་ཉིད་གཙོ་བོ་ཡིན་ཏེ། བཟའ་བའི་ལོངས་སྤྱོད་དུ་བསྟེན་དགོས་པ་དང༌། བདེ་བའི་འབྱུང་གནས་སུ་བསྟེན་དགོས་པའོ། །དང་པོ་ལ། ཚོགས་འཁོར་གྱི་ཚེ་ལྟ་བུ་ཚིམ་པའི་དོན་དུ་བསྟེན་པ་དང༌། རྒས་པ་གསོ་བའི་ཚེ་ལྟ་བུ་ལུས་བརྟན་པའི་དོན་དུ་བསྟེན་པ་དང༌། གཉིས་པ་ནི། མི་འཕོ་བར་གཟུང་ནས་ལྷན་ཅིག་སྐྱེས་པར་བདེ་བའི་རྟེན་དུ་བྱའོ། །རེག་བྱའི་ལོངས་སྤྱོད་རིག་མའི་བྷ་གའང་སྟེན་པར་བྱེད་པའི་སྒྲ་བཤད་དུ་ཡོད་དེ། བྷ་ཛ་དང༌། ཤྲིཉཱ་བསྟེན་པ་ལའོ། །ཞེས་པའི་སྐད་བྱིངས་དག་གི་ནང་ནས། བྷ་ཛ་ཞེས་པ་བྷ་གའི་བྱིངས་ཡིན་པ་སོགས་སྒྲ་འཇུག་པ་ཡང༌། སངས་རྒྱས་བསྟེན་པ་ལ་སོགས་པ། པད་མར་བྱ་བ་ཇི་བཞིན་གྱི་བྷ་ཛ་མོཀྵ་ཧོ། ཞེས་པ་ཐར་པའི་སྣོད་སྟེན་ཅིག་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་མཚོན་པའི་ཆོས་ཀྱི་འབྱུང་གནས་ལ་བཤད་དགོས་པའི་དོན་གྱིས་སོ། །ཞེས་འཆད་པར་བྱེད་དོ། །འཁྲུལ་སྤོང་གི་རྗེས་སུ་ཞུགས་ཏེ་འདི་ལ་བརྟགས་ན། དམ་ཚིག་གི་རྫས་ཀྱི་ངོས་འཛིན་ནི་རྒྱ་ཆེས་པ་ཡིན་ཏེ། རྒྱན་དྲུག་ལ་སོགས་པ་སྨོད་པའི་སེམས་ཀྱིས་སྤངས་པ་ནི། བདེ་གཤེགས་བཀའ་འདས་སུ་འདུས་ལ། སྤྱོད་པས་རྒྱུ་བའི་དུས་སུ་བསྟེན་པར་བྱ་བའི་དམ་ཚིག་གི་རྫས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ན་ནི། དུས་དེ་ཁོ་ནར་མི་བསྟེན་པ་ལ་རྩ་ལྟུང་དུ་འཆད་རིགས་པར་ཐལ་བའི་ཕྱིར། དེ་ལས་གཞན་དུ་ནི། འདི་དག་ལ་བསྟེན་པར་བྱ་བའི་དམ་ཚིག་གི་སྒྲས་བཤད་པ་མེད་པ་དང༌། སྤྱོད་པ་ལ་རྒྱུ་བའི་དུས་སུ་དེ་དག་མི་བསྟེན་པ་མི་སྲིད་པས། དེ་མི་བསྟེན་པ་རྩ་ལྟུང་དུ་མི་འཆད་པའི་ཕྱིར་དང༌། མཚན་ཉིད་དང་ལྡན་པའི་རིག་མ་བསྟེན་བྱའི་དམ་ཚིག་གི་རྫས་ཡིན་ཀྱང༌། དེ་ལ་སྨད་པའི་སེམས་ཀྱིས་མི་བསྟེན་པ་ནི། རྩ་ལྟུང་བཅུ་བཞི་པར་འདུས་པའི་ཕྱིར། འདི་ལ་གལ་ཏེ་འདི་ནི་སྨད་ནས་སྤངས་པ་ཡིན་ལ། བཅུ་བཞི་པ་ནི་སྨད་པ་ཙམ་ཡིན་ནོ། །ཞེས་ཟེར་བ་ལྟ་བུར་སྣང་བས། དེ་ལྟ་ན་ནི་བཅུ་བཞི་པ་འདིའི་ནང་དུ་འདུས་པར་འགྱུར་ཏེ། སྨད་པའི་སེམས་ཀྱིས་སྤངས་པའི་ནང་དུ་སྨད་པ་འདུས་པའི་ཕྱིར་རོ། །འདིར་སྨྲས་པ། ཁེངས་གཏམ་སྨྲས་པས་རང་གི་ཕྱོགས། །སྒྲུབ་དང་གཞན་ཡིད་འབིགས་ནུས་པའི། །ཚིག་མདས་གཞན་ཕྱོགས་སུན་ཕྱུང་བ། །རློམ་པ་དེ་དག་འདིར་སྤངས་སོ། །རྩ་ལྟུང་བཅུ་བཞི་པའི་སྐབས་སུ། ཕྱོགས་སྔ་མ་བཞག་པ་དང༌། དེ་དང་མི་མཐུན་པར་སྨྲ་བའི་ཚུལ་དང༌། དེ་དག་ལ་བརྟགས་ནས་ཕྱོགས་སྔ་མ་ཉིད་འཐད་པར་བཞག་པའོ། །དང་པོ་ནི་འཁྲུལ་སྤོང་ལས། འདིར་ལྟུང་བའི་ངོ་བོ་ཉིད་ནི། ཤེས་རབ་ཀྱི་ངོ་བོ་བུད་མེད་ལ་སྨོད་པའོ། །དེ་ཡང་བུད་མེད་ཀྱི་རྟེན་གྱི་ངོས་ནས་སྨོད་པ་སྟེ། བུད་མེད་འདི་སྐྱེས་པ་ལས་ཆོས་དམན་པ་མི་གཙང་བ་མཐའ་དག་གི་སྣོད་དུ་གྱུར་པ་སྟེ། འདི་ལ་སྐྱེས་པའི་ལུས་ཀྱང་དཀོན་ན། བྱང་ཆུབ་ལྟ་ག་ལ་ཞིག ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས། བུད་མེད་ཀྱི་རྟེན་གྱི་ངོས་ནས་བཀར་ཏེ། སྨོད་པ་འདི་ནི་རྩ་བའི་ལྟུང་བའོ། །འདིར་ཁ་ཅིག་བུད་མེད་ཀྱི་རྟེན་གཟུང་བ་སུ་ལ་ཁྲོས་ཀྱང༌། རྩ་བའི་ལྟུང་བར་སེམས་པ་མ་ཡིན་ཏེ། རྟེན་གྱི་ངོས་ནས་སྨད་པ་མ་ཡིན་པའི་ཕྱིར། ཡང་ངག་ཏུ་མ་སྨྲས་ཀྱང་སེམས་ཀྱིས་སྨོད་པ་ཡང་རྩ་ལྟུང་སྟེ། ཡིད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །རྨོངས་པ་དག་ཡུལ་གཅིག་ལ། ལྟུང་བ་དུ་དང་ལྡན་ཟེར་ནས། བླ་མ་བུད་མེད་གཅིག་ལ་སྨད་ན། རྩ་ལྟུང་དང་པོ་དང༌། གསུམ་པ་དང༌། བཞི་པ་དང༌། བཅུ་བཞི་སྟེ་བཞི་དང་ལྡན་ནོ། །ཞེས་སྨྲ་བ་དེ་ནི་བླུན་པོའོ། །ཅིའི་ཕྱིར་ཞེ་ན། བླ་མའི་ངོས་ནས་སྨད་ན། ལྟུང་བ་དང་པོར་འགྱུར་གྱི་གསུམ་པ་ལ་སོགས་པར་འགྱུར་བའི་བཤད་པ་གང་ནའང་མེད་དོ། །དེ་བཞིན་དུ་བུད་མེད་ཀྱི་རྟེན་གྱི་ངོས་ནས་སྨད་ན་བཅུ་བཞི་པར་འགྱུར་ཏེ། འདི་ནི་བླ་མ་ལ་བརྙས་པར་མི་སྣང་བའི་ཕྱིར་རོ། །འདིར་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། གསང་བའི་ཐེག་པར་ཤེས་རབ་བཟུང་བ་བཏང་བ་དང༌། བུད་མེད་རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པའི་ཕྱིར། མི་སྐྱོད་པའི་དམ་ཚིག་བསྒྲགས་པ་ལས། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །ཅེས་པ་དང༌། བུད་མེད་སྨད་པར་མི་བྱ་ཞིང༌། །ཞེས་ཁས་བླངས་པའི་ཕྱིར་རོ། །བུད་མེད་ནི་རྟགས་ཤེར་ཕྱིན་གྱི་རང་བཞིན་ཞེས་པ་ཡང༌། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་མེད་པ་ཡིན་ལ། རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བུད་མེད་ཀྱི་རྣམ་པ་ཡིན་ནོ། །དེ་ཇི་ལྟར་ཡིན་སྙམ་ན། བདག་མེད་པ་ལས་ཐམས་ཅད་བྱུང་བ་བཞིན་དུ་བུད་མེད་ཀྱིས་ཀྱང་སེམས་ཅན་གྱི་ཁམས་སྐྱེད་པ་དཔེར་བྱས་ཏེ། རྡོ་རྗེ་གུར་ལས། བདག་མེད་མས་གསུངས་པ། ང་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱི་གཟུགས་ཀྱིས་ཀུན་སྐྱེད་ལ། །ཞེས་པ་དང༌། འབུམ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པའོ། །ཞེས་གསུངས་སོ། །མདོར་ན་དོན་ཤེར་ཕྱིན་མཚོན་པར་བྱེད་པ་རྟགས་བུད་མེད་ཡིན་པའི་ཕྱིར་བུད་མེད་ལ་སྨོད་པ་ནི་ལྟུང་བ་བཅུ་བཞི་པའོ། །ཞེས་གསུངས་སོ། །གཉིས་པ་ལ་རྒོལ་བ་གཉིས་ལས་དང་པོས་ཕྱོགས་སྔ་མ་དང་མི་མཐུན་པའི་ཆ་ཤས་བཞག་པ་དང༌། རྒོལ་བ་གཉིས་པས་སུན་ཅི་ཕྱིན་དུ་རྒོལ་བའོ། །དང་པོ་ནི། སྙེ་མ་མཁན་པོ། རྩ་ལྟུང་འདིའི་ཡུལ་ལ། བུད་མེད་ཀྱི་ཚུལ་འཛིན་པ་རྡོ་རྗེ་ཕག་མོ་སོགས་དང༌། བུད་མེད་མཚན་ཉིད་པ་གང་ཡང་རུང་བ་གཅིག་གོ །དེ་ཡང་སྔ་མ་ལ་སྨོད་ན་ཀུན་སློང་སྐྱོན་ཅན་གང་ཡང་རུང་བས་སྨད་ལ། ཕྱི་མ་ལ་ནི་བུད་མེད་ཀྱི་རྟེན་སྤྱི་ལ་སྨད་པ་དགོས་སོ། །བུད་མེད་རང་བཞིན་པ་ལ་སྨད་པའི་རྩ་ལྟུང་ནི་རྣལ་འབྱོར་རྒྱུད་ལ་མི་སྦྱོར་རོ། །ཞེས་འཆད་དོ། །གཉིས་པ་ནི། སྔགས་འདུལ་མཛད་པ་ན་རེ། ལུགས་སྔ་མ་གཉིས་ཀ་ཞིབ་མོར་བརྟག་པ་ལ་གསུམ་སྟེ། ཡུལ་ལ་བརྟག བྱེད་ལས་ལ་བརྟག རྒྱུ་མཚན་ལ་བརྟག་པའོ། །དང་པོ་ལ། མཚན་གཞི་བུད་མེད་ཀྱི་ངོས་འཛིན་ལ་བརྟག མཚན་ཉིད་ཤེས་རབ་ཀྱི་རང་བཞིན་ལ་བརྟག་པའོ། །དང་པོ་ནི། འདིར་བུད་མེད་ཅེས་པ་ཕག་མོ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ལྷ་མོ་ལ་བྱེད་པ་མི་འཐད་དེ་འདི་ལྟ་བུའི་དམ་ཚིག་ནི། ཇི་སྐད་དུ། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །སྔགས་དང་ལྷ་ལ་སྨད་མི་བྱ། །ཞེས་པའི་ནང་དུ་འདུས་པའི་ཕྱིར། གཉིས་པ་ནི། དོན་གྱི་ཤེར་ཕྱིན་བདག་མེད་མ་ལས་ཐམས་ཅད་འབྱུང་བ་དང་འདྲ་བར། རྟགས་ཀྱི་ཤེར་ཕྱིན་བུད་མེད་ཀྱིས་སེམས་ཅན་གྱི་ཁམས་སྐྱེད་པས་བུད་མེད་ཤེས་རབ་རང་བཞིན་ཞེས་ལུང་འདྲེན་དང་བཅས་པ་ལ། དང་པོར་འདྲ་ཆོས་ལ་མཚུངས་པ་ནི། ཀྱཻ་རྡོ་རྗེས། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ཞེས་གསུངས་པ་དང་འདྲ་བས། བུད་མེད་ཐབས་ཀྱི་རང་བཞིན་ཡིན། །ཞེས་ཀྱང་མི་གསུང་བ་ཅི་ཞེས་རྩད་ན་ཀུན་ཏུ་མཚུངས་སོ། །བདག་མེད་ལས་ཐམས་ཅད་འབྱུང་བ་དང༌། བུད་མེད་ལས་སེམས་ཅན་འབྱུང་བ་གང་གི་ལུང་དུ་དགོངས་ཀྱང༌། ཤེར་ཕྱིན་རྒྱལ་བ་རྣམས་ཀྱི་ཡུམ་ཡིན་པའི་ལུང་ཁུངས་སྨོས་པ་འབྲེལ་མེད་པའོ། །བཤད་པ་དེ་ཐམས་ཅད་ཀྱང་བུད་མེད་ཤེས་རབ་རང་བཞིན་ཞེས་པའི་ཤེས་རབ་ལ་དེ་ཁོ་ན་ཉིད་རྟོགས་པ་དགོས་པ་དང་ཤེས་རབ་བུད་མེད་སྦྱར་བའི་བཤད་པ་ཅིས་ཀྱང་དགོས་པར་མཐོང་ནས་འདྲ་ལེན་གྱི་བཤད་པ་དེ་དག་འབྱུང་བར་ཟད་དོ། །གཉིས་པ་བྱེད་ལས་ལ་བརྟག་པ་ནི། འདིར་བུད་མེད་ཀྱི་རྟེན་གྱི་ངོས་ནས་རྩ་ལྟུང་ཡིན་ཞེས་གསུང་བ་ལ་ཞིབ་མོར་བརྗོད་ན། དེ་ཁོ་ནར་ནི། བྲམ་ཟེ་ཁྱི་དང་གདོལ་པ་རྣམས་རང་བཞིན་གཅིག་པར་ལྟ་དགོས་ལ། ཐ་སྙད་པ་ལྟར་ན་ནི། བུད་མེད་སྐྱེས་པ་ལས་རྟེན་དམན་པར་གསུང་རབ་སྤྱི་ལ་གྲགས་པ་ལྟར་སྔགས་ཀྱི་ཚུལ་ལའང་ཡོད་པས་ཚོགས་ཀྱི་གྲལ་ལ་སོགས་པའི་དབྱེ་བ་མཛད་པ་ཡིན་ནོ། །དེས་ན་མདོ་སྡེ་རྣམས་སུ་འདི་བཀར་ནས་རྣམ་གྲངས་དུ་མས་སྨད་པ་བཞིན་དུ། སྔགས་པས་ཀྱང་དངོས་པོའི་དེ་ཁོ་ན་ལ་སྤྱོད་པའི་སྐབས་དེ་སྐད་ཅེས་སྨད་པ་ལ་ནི་རྩ་ལྟུང་འདི་ཡོད་པར་མི་སེམས་སོ། །དེ་བཞིན་དུ་སེམས་ཀྱིས་བུད་མེད་དམན་པར་བཟུང་བ་ལ་རྩ་ལྟུང་ཡོད་ཅེས་གསུང་བ་ནི་རྩ་ལྟུང་འདི་སྟོན་པའི་ལུང་རྣམས་སུ་སྨོད་པ་ཞེས་ངེས་པ་ཁོ་ནར་བྱུང་བ་ལ་མ་བརྟགས་པ་སྟེ། བརྟགས་ན་ནི་རང་གཞན་གྱི་ཆོས་ལ་སྨད་པའི་རྩ་ལྟུང་སེམས་ཐོག་ནས་མི་འཇོག་པར་རང་གིས་བཤད་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །དེའི་སྒྲུབ་བྱེད་དུ། ཡིད་རྩ་བ་ཡིན་པའི་ཕྱིར་ཞེས་པ་ནི་ཧ་ཅང་ཐལ་ཆེས་བས་རྟོགས་པར་སླའོ། །དེ་བཞིན་དུ་འདིར་ལྟུང་བར་འགྱུར་བའི་རྒྱུ་མཚན་ལ། དོན་ཤེར་ཕྱིན་བདག་མེད་པ་མཚོན་པར་བྱེད་པའི་རྟགས་ཤེར་ཕྱིན་ཡུམ་ཆེན་མོ་བུད་མེད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། བུད་མེད་ལ་སྨོད་པ་ལྟུང་བ་བཅུ་བཞི་པའོ། །ཞེས་པའང་ཧ་ཅང་མ་ངེས་པའི་རྒྱུ་མཚན་ལྟར་སྣང་ཡིན་པ་ནི་སྔ་མ་ལ་དཔགས་པས་སོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་ལ་གཉིས་ཏེ། ཕྱིར་རྒོལ་དང་པོའི་ལུགས་མི་འཐད་པ་དང༌། གཉིས་པའི་སུན་འབྱིན་རྣམས་མི་འཇུག་པའོ། །དང་པོ་ནི། རྩ་ལྟུང་བཅུ་བཞི་པ་འདི་རྣལ་འབྱོར་རྒྱུད་ལ་ཡང་སྦྱོར་བ་མི་འཐད་དེ། ལྟུང་བ་འདི་ནི་གཙོ་བོར་ཤེས་རབ་ཡེ་ཤེས་ཀྱི་དབང་ལས་ཐོབ་པའི་དམ་ཚིག་གི་འགལ་ཟླ་ཡིན་པའི་ཕྱིར་དང༌། རྣལ་འབྱོར་གྱི་རྒྱུད་དུ་ཕྱག་རྒྱ་གསུམ་པོ་གང་རུང་སྟེན་པར་ཁས་བླངས་པ་ལས་བྱུང་བའི་སྡོམ་པ་ཐོབ་པ་མེད་པས། དེའི་འགལ་ཟླ་མི་འཆད་པའི་ཕྱིར། རྡོ་རྗེ་ཕག་མོ་སོགས་ལ་སྨོད་པ་ཡང་སྤྱིར་ཉེས་པ་ཤིན་ཏུ་ལྕི་བ་ཡིན་མོད། རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་པར་འོང་བའི་དོན་མེད་དེ། རྣལ་འབྱོར་རྒྱུད་ནས་ཁྱད་གཞི་འདིར་བསྟན་གྱི་རྩ་ལྟུང་བཅུ་བཞི་པའི་བཤད་པ་མེད་པ་ལ། ཁྱད་ཆོས་རྗེ་བཙུན་རྣལ་འབྱོར་མ་ལ་བརྙས་པ་སོགས་རྩ་ལྟུང་བཅུ་བཞི་པར་འོང་དོན་མེད་པའི་ཕྱིར། དེ་ལ་འདི་སྐད་ཅེས་ཟེར་ཏེ། ཛ་ལནྡ་རིའི་རྡོ་རྗེ་སློབ་དཔོན་ཀཱ་མ་དྷེ་ནུས་པས་ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པར་དེ་ནས་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པ་སློབ་དཔོན་དུ་འོས་པ་ལ་སྦྱིན་ཏེ། ཞེས་གསུངས་ནས། དམ་ཚིག་བསྒྲག་པའི་སྐབས་སུ། རྡོ་རྗེའི་མ་རྣམས་ཉིད་ལ་ནི། །ཞེས་བྱ་བ་ནི། བཅོམ་ལྡན་འདས་མ་སྐུལ་བྱེད་མ་དང༌། རལ་གཅིག་མ་དང༌། མཱ་མ་ཀི་དང༌། སྒྲོལ་མ་ལ་སོགས་པ་ཡེ་ཤེས་རྡོ་རྗེ་ལྟ་བུར་མི་ཕྱེད་པས་རྣལ་འབྱོར་མ་ཉིད་དུ་བསྟན་པ་རྣམས་ལའོ། །རྣལ་འབྱོར་ཅན་གྱིས་ཞེས་བྱ་བ་ནི་སྔགས་པས་སོ། །བརྙས་པ་མ་ཡིན་ཞེས་བྱ་བ་ནི་བུད་མེད་དུ་གནས་པ་སྨོད་པ་སྲིད་པས་དགག་པ་སྟེ། བུད་མེད་ཤེས་རབ་རང་བཞིན་པས། །དེ་ལ་བརྙས་པ་བཅུ་བཞི་པ། །ཞེས་རྩ་བའི་ལྟུང་བར་ཡང་འདི་དག་ལ་བརྙས་པ་ཉིད་གཞག་གོ །ཞེས་བུད་མེད་ལ་སྨོད་པའི་རྩ་ལྟུང་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་དུ་གསུངས་པས་གཞན་བཅུ་གསུམ་ཡང་བླ་མེད་དང་འདྲ་བར་བཞེད་པར་གསལ་ལོ། །ཞེས་གསུངས་མོད། སྤྱིར་བླ་མེད་ནས་གསུངས་པའི་རྩ་ལྟུང་འདི་དག་ཕལ་ཆེ་བ་རྒྱུད་སྡེ་འོག་མ་གསུམ་གྱི་སྔགས་པ་ལ་ཡང་རྩ་ལྟུང་ཉིད་དུ་འགྱུར་བར་སོགས་འཁྲུལ་སྤོང་གི་དགོངས་པས་ཀྱང་བཞེད་ཅིང༌། རྣལ་འབྱོར་རྒྱུད་ལ་ཡང་རྩ་ལྟུང་བཅུ་བཞི་བཤད་པ་དང་ངོས་འཛིན་གཉིས་ཀ་ཡོད་ཀྱང༌། དེ་དང་བླ་མེད་ཀྱི་བཅུ་བཞི་པ་དོན་གཅིག་པ་མ་ཡིན་ཏེ། དེ་ལྟར་སྟོན་བྱེད་ཀྱི་ལུང་ཚད་ལྡན་གཞན་མེད་པར་ནི་ཕྱོགས་གཉིས་ཀ་མཐུན་པས་གྲུབ་ལ། ཀཱ་མ་དྷེ་ནུའི་ལུང་དེས་ཀྱང་གཉིས་པོ་དོན་གཅིག་པར་མི་འགྲུབ་སྟེ། ལུང་དེ་ལས་ནི། རྡོ་རྗེ་མ་ལ་བརྙས་བཅུ་བཞི་པར་བཤད་པ་ཡིན་གྱི། བུད་མེད་དུ་གནས་པས་སྨོད་ན་བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་པར་བཤད་དོ། །ཞེས་པའི་དོན་དུ་གསལ་ལ། བུད་མེད་དུ་གནས་པས་སྨོད་པ་ནི་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་པ་མ་ཡིན་པར་ཁྱེད་རང་གིས་ཀྱང་གོང་དུ་ཁས་བླངས་མ་ཐག་པ་དེ་ཉིད་ཀྱི་ཕྱིར་རོ། །རྒོལ་བ་གཉིས་པའི་ལན་གདབ་པ་ལ་གསུམ་སྟེ། ཡུལ་གྱི་བརྟག་པ་མི་འཇུག་པའི་ལན། བྱེད་ལས་ཀྱི་བརྟག་པ་མི་འཇུག་པའི་ལན། ལྟུང་བར་འགྱུར་བའི་རྒྱུ་མཚན་ལ་སུན་འབྱིན་གྱི་བརྟག་པ་མི་འཇུག་པའི་ལན་ནོ། ༼རྒྱུ་མཚན་གྱི་བརྟག་པ་མི་འཇུག་པའི་ལན་ནོ། །ཞེས་པས་ཆོལ་བ་འདྲ། འོག་ནས་རྒྱས་བཤད་སྐབས་བྱེད་ལས་ལ་བརྟག་པའི་སུན་འབྱིན་ཟེར་བ་སྟོན་ཡོད་པ་བཞིན། འདི་ཆོལ་ནས་འདིར་ཡང་རྒྱས་བཤད་ལྟར་འགོད་མི་དགོས་སམ་སྙམ་པས་དཔྱད་གཟིགས་ཞུ།༽ དང་པོ་ལ། མཚན་གཞི་ངོས་འཛིན་གྱི་བརྟག་པ་མི་འཇུག་པར་བསྟན། མཚན་ཉིད་ངོས་འཛིན་གྱི་བརྟག་པ་མི་འཇུག་པར་བསྟན་པའོ། །དང་པོ་ནི། ཁྱེད་ཀྱིས་བརྗོད་པའི་སུན་འབྱིན་དང་པོ་དེའི་ཕྱོགས་སྔ་མ་འཁྲུལ་སྤོང་ལས་གསལ་བར་བཤད་པ་མེད་ཀྱང༌། སུན་འབྱིན་དེ་ཕྱོགས་སྔ་མ་སུ་ལའང་གནོད་བྱེད་དུ་སོང་བ་མ་ཡིན་ཏེ། རྡོ་རྗེ་ཕག་མོ་དང་རིག་བྱེད་མ་སོགས་ལ་རྟེན་བུད་མེད་ཀྱི་སྒོ་ནས་སྨད་ན་རྩ་ལྟུང་བཅུ་བཞི་པར་ཁས་ལེན་དགོས་ཤིང༌། བླངས་པ་ལ་ནི་སུན་འབྱིན་བརྗོད་པ་དེ་དག་འཇུག་པའི་ཕྱིར་དང༌། རྣལ་འབྱོར་མ་འདི་དག་ནི་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་བུད་མེད་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཅི་སྟེ་ཤེས་རབ་རང་བཞིན་ཞེས་པའི་གོ་དོན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ལ་བྱ་བ་མ་ཡིན་ཏེ། ཐབས་ཤེས་རབ་གཉིས་ཀྱི་ཟླས་ཕྱེ་བའི་ཤེས་རབ་ལ་འཆད་པས་སོ། །ཞེས་ཀྱང་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། དེའི་དུས་ཀྱི་ཤེས་རབ་དེ་ཅི་ལ་ཟེར། དེ་ནི་ཤེས་རབ་མ་ཡིན་པ་ཞིག་ལ་འདོད་རྒྱལ་ཐོག་མའི་བརྡ་སྦྱར་བ་ཡིན་ཏེ། ཆང་ལ་ཤེས་རབ་དང༌། ཤ་ཆེན་ལ་ཐབས་སུ་བཤད་པ་བཞིན་ནོ། །ཞེས་ཀྱང་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་བླ་མེད་ཀྱི་ཐེག་པ་འདིར་རྣལ་འབྱོར་པ་ཡབ་ཡུམ་ཐབས་ཤེས་སུ་བཞག་པའི་རྣམ་གཞག་ཇི་ལྟ་བ་ཐམས་ཅད་ཉམས་པར་འགྱུར་ཏེ། ཐབས་ཤེས་དངོས་མ་ཡིན་པ་ལ་དེར་བཏགས་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་ལས་འདས་པའི་ལྷ་མོ་ཡིན་ན་རྩ་ལྟུང་བཅུ་བཞི་པ་འདིའི་སྨོད་ཡུལ་དུ་འགལ་བར་འགྱུར་ཏེ། དེ་ཐམས་ཅད་ནི། ཇི་སྐད་དུ་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །སྔགས་དང་ལྷ་ལ་སྨད་མི་བྱ། །ཞེས་པའི་ནང་དུ་འདུས་པའི་ཕྱིར་འདོད་ན་ཧ་ཅང་ཐལ་བ་ཉིད་དོ། །ཡང་འཁྲུལ་སྤོང་ལ་སུན་འབྱིན་བྱེ་བྲག་ཏུ་བརྗོད་པ། འདྲ་ཆོས་ལ་མཚུངས་པར་ཐལ་བ་འཕངས་པ་དེ་ཡང་འཇུག་པ་མ་ཡིན་ཏེ། ཕྱིར་རྒོལ་བས་ཕྱོགས་སྔ་མའི་འདོད་པ་ལེན་པ་ནི། བུད་མེད་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། ཤེར་ཕྱིན་གྱི་ངོ་བོ་བདག་མེད་མ་ལས་ཐམས་ཅད་འབྱུང་བཞིན་དུ། བུད་མེད་ལས་ཀྱང་སེམས་ཅན་གྱི་ཁམས་འབྱུང་བའི་ཕྱིར། ཞེས་པའི་དོན་དུ་བླངས་ནས། འོ་ན་བུད་མེད་ཐབས་ཀྱི་རང་བཞིན་དུ་མཚུངས་ཏེ། ཐབས་ཀྱི་ངོ་བོ་དགྱེས་པ་རྡོ་རྗེ་ལས་འགྲོ་བ་ཐམས་ཅད་འབྱུང་བ་དང་མཚུངས་པར་བུད་མེད་ལས་ཀྱང་སེམས་ཅན་གྱི་ཁམས་འབྱུང་བའི་ཕྱིར། རྟགས་ནི། ཇི་སྐད་དུ། ཀྱཻ་རྡོ་རྗེས། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ཞེས་གསུངས་པས་སོ། །ཞེས་རྒོལ་བ་ཡིན་ལ། དེ་ནི་ཕྱོགས་སྔ་མའི་ཁས་ལེན་དང་མ་འབྲེལ་བ་ཉིད་དོ། །ཇི་ལྟར་ཞེ་ན། ཕྱོགས་སྔ་མའི་དོན་ནི་འདི་ཡིན་ཏེ་བུད་མེད་ལ་རྟེན་གྱི་སྒོ་ནས་སྨད་ན་རྩ་བའི་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། ཡུམ་ཤེར་ཕྱིན་ནི་བུད་མེད་ཀྱི་རྟེན་ཅན་ཉིད་དུ་སྟོན་པའི་ཕྱིར། དེ་ལྟར་སྟོན་པའི་རྒྱུ་མཚན་ནི། སེམས་ཅན་སོ་སོའི་མ་ནི་བུད་མེད་ཀྱི་རྟེན་ཅན་ཡིན་པ་བཞིན་དུ། རྒྱལ་བ་རྣམས་ཀྱི་ཡུམ་ནི་བུད་མེད་ཀྱི་རྟེན་ཅན་དུ་བསྟན་པ་ན་ཤེར་ཕྱིན་དེ་རྒྱལ་བའི་ཡུམ་དུ་གོ་ནུས་པའི་ཕྱིར། དེ་དེའི་ཡུམ་ཡིན་པའི་ཤེས་བྱེད་དུ། ཡུམ་འབུམ་པ་དང༌། བསྡུས་པ་ཚིགས་སུ་བཅད་པའི་ལུང་འདྲེན་པར་མཛད་པ་ཡིན་ནོ། །དེ་ལ་སུན་འབྱིན་འདྲ་ཆོས་ཀྱི་སྟོབས་མཚུངས་པ་ཞིག་འཇུག་ན། བུད་མེད་ཐབས་ཀྱི་རང་བཞིན་ཡིན་པར་ཐལ། ཐབས་ཀྱི་ངོ་བོ་དགྱེས་པའི་རྡོ་རྗེ་བུད་མེད་ཀྱི་རྟེན་ཅན་ཡིན་པའི་ཕྱིར་ཞེས་འཕེན་པར་མཛད་དུ་གསོལ། ཡང་གལ་ཏེ་ཤེས་རབ་ཀྱི་རང་བཞིན་ནི་བུད་མེད་ཡིན་ཞེས་པ་རྩ་ལྟུང་གི་གཞུང་འགྲེལ་གྱི་དགོངས་པར་མ་སོང་བས། བུད་མེད་ཤེས་རབ་ཀྱི་རང་བཞིན་ནི་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་སྨད་པའི་རྩ་ལྟུང་དུ་བཞག་པར་སོང་བས། རྒྱུ་མཚན་ཉིད་སྒྲུབ་དགོས་སོ་ཞེ་ན། དེ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་བུད་མེད་ལ་རྟེན་གྱི་སྒོ་ནས་སྨད་པ་རྩ་བའི་ལྟུང་བར་འགྱུར་བ་ཡིན་ཏེ། ངེས་དོན་གྱི་བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང༌། ཕྱག་རྒྱ་ཆེན་མོ་དང༌། ཇི་སྐད་དུ། ཕ་རོལ་བུད་མེད་བསྟེན་པར་བྱ། །ཞེས་པའི་ལུང་གིས་བསྟན་པའི་བུད་མེད་དེ་ཡིན་པའི་ཕྱིར། གལ་ཏེ་འདི་ངེས་དོན་གྱི་བུད་མེད་ལ་སྨོད་པ་རྩ་ལྟུང་དུ་སྟོན་བྱེད་མ་ཡིན་པས་རྩ་བར་ཁྱབ་པ་མ་ངེས་སོ་ཞེ་ན། སྤྱིར་བུད་མེད་ལ་རྟེན་གྱི་སྒོ་ནས་སྨད་ན་ངེས་དོན་གྱི་བུད་མེད་ལ་སྨད་པར་འགྱུར་བ་ཡིན་ཏེ། ངེས་དོན་དོན་དམ་པའི་བུད་མེད་རྣམས་ནི་སེམས་ཅན་གྱི་སྣང་ངོར་དྲང་དོན་ཀུན་རྫོབ་པའི་བུད་མེད་ཀྱི་རྟེན་ཅན་ཡིན་པའི་ཕྱིར། དཔེར་ན་ངེས་དོན་དོན་དམ་པའི་ཆོས་སྐུ་དེ་དྲང་དོན་ཀུན་རྫོབ་གཟུགས་ཀྱི་སྐུའི་རྟེན་ཅན་ཡིན་པའི་རྒྱུ་མཚན་གྱིས་གཟུགས་སྐུ་ལ་བསྟོད་པ་ན་ཆོས་སྐུ་ལ་བསྟོད་པར་འགྱུར་བ་བཞིན་ནོ། །ཡང་ཤེར་ཕྱིན་རྒྱལ་བ་རྣམས་ཀྱི་ཡུམ་ཡིན་པའི་ལུང་ཁུངས་སྨོས་པ་གང་གི་ཡང་ཤེས་བྱེད་དུ་མ་འབྲེལ་བ་ཡིན་ཏེ། ངེས་དོན་དོན་དམ་པའི་ཤེར་ཕྱིན་དེ་དྲང་འདོན་བུད་མེད་ཀྱི་རྟེན་ཅན་དུ་སྟོན་པའི་སྒྲུབ་བྱེད་དུ་འབྲེལ་བར་འདི་སྐད་ཅེས། དབང་དང་སྤྱོད་པའི་དུས་ཀྱི་རིག་མ་རྣམས་རྣམ་པ་བུད་མེད་རང་བཞིན་ཤེར་ཕྱིན་ཞེས་པའང་སྒྲུབ་པར་མི་ནུས་པ་དམ་བཅར་གཞག་སྟེ། དེ་ལྟར་ནི་སྨྲ་བ་པོ་སུ་ཞིག་གིས་སྒྲུབ་པར་བཟོད། སྒྲུབ་ན་ནི་དེ་དུས་ཀྱི་བུད་མེད་ཐམས་ཅད་འཇིག་རྟེན་ལས་འདས་པར་གཞག་དགོས་པའི་ཕྱིར་མཚན་ཉིད་དང་མི་ལྡན་པ་མི་སྲིད་པར་འགྱུར་རོ། །ཞེས་པ་འདི་འཁྲུལ་སྤོང་ལ་དངོས་སུ་འཕངས་པ་མ་ཡིན་ཀྱང་འདི་ཞལ་གྱིས་བཞེས་དགོས་པ་ཡིན་ཏེ། འདི་ལྟར་དབང་དུས་ཀྱི་རིག་མ་བདག་མེད་མར་བྱིན་གྱིས་བརླབས་པ་དེའི་ཚེ་རིག་མ་དེ་ལ། ཆོས་ཉིད་ཀྱི་ཆ་དང༌། ཆོས་ཅན་གྱི་ཆ་གཉིས་ལས། དང་པོ་ལ་ནི་ངེས་དོན་དམ་པའི་རིག་མ་ཞེས་བྱ་ལ། འདི་ནི་རང་བཞིན་ཤེར་ཕྱིན་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། ལྷ་མོ་ཞལ་ཕྱག་གི་རྣམ་པ་ཅན་དུ་བྱིན་གྱིས་བརླབས་པ་དེ་ཉིད་ཡིན་ལ། འདི་ཡང་ཤེར་ཕྱིན་གྱི་ངོ་བོ་ཡིན་ཏེ། མཚན་རྟོགས་ལས་ཡིད་སྐྱོབ་པར་བྱེད་པའི་བསྐྱེད་རིམ་གྱི་ཡེ་ཤེས་ཡིན་པས་ལམ་གྱི་ཤེར་ཕྱིན་དངོས་དང་རྗེས་མཐུན་པ་གང་རུང་ལས་མ་འདས་པའི་ཕྱིར། ཤེར་ཕྱིན་ཡིན་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་དགོས་པར་རྟོག་པ་ནི་རྒྱལ་བ་སྐྱེད་པའི་ཡུམ་རང་བཞིན་ཤེར་ཕྱིན་ཞེས་བྱ་བ་དེ་ལ་ངེས་པ་མ་རྙེད་པའི་གཏམ་དུ་བྱ་བ་ཡིན་ཏེ། ཇི་སྐད་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་པའི་བསྟོད་པའི་ཡུམ་དེ་གང་ལ་བྱ་བ་ངོས་བཟུང་དགོས་པའི་ཕྱིར་རོ། །གཉིས་པ་བྱེད་ལས་ལ་བརྟགས་པའི་སུན་འབྱིན་ནི། ཕྱོགས་སྔ་མ་ལ་མི་འཇུག་པར་མ་ཟད། ཕྱིར་རྒོལ་བ་ཉིད་སྐྱོན་དང་བཅས་པ་ཡིན་ཏེ། གསང་སྔགས་པས་དངོས་པོའི་དེ་ཁོ་ན་ལ་སྤྱོད་པའི་སྐབས་སུ་བུད་མེད་རྟེན་གྱི་སྒོ་ནས་སྨད་པར་བྱ་བ་ཡིན་ན་རྩ་ལྟུང་བཅུ་བཞི་པ་དང་དུ་བླངས་པར་ཐལ་བའི་ཕྱིར། དེ་ཡང་འདི་ལྟར། སྨད་པ་ནི་སྐྱོན་གྱི་སྒོ་ནས་ཡིན་ལ། བསྟེན་པ་ནི་ཡོན་ཏན་གྱི་ཆ་ནས་ཡིན་པས་གཉིས་པོ་གཞི་བུད་མེད་གཅིག་གིས་ཕན་ཚུན་སྤངས་ཏེ་མི་མཐུན་པའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་དང་ཕར་ཕྱིན་གྱི་ཐེག་པ་པ་དག་དང་འདི་མཚུངས་པ་ཡིན་ཏེ། དེར་ནི་མཆོག་སྒྲུབ་པ་ལ་དེ་མེད་མི་རུང་གི་ཡན་ལག་ཏུ་དགོས་པའི་ཐབས་ཁྱད་པར་ཅན་མེད་ཅིང༌། འདིར་ནི་དེ་ཡོད་པའི་ཕྱིར། དེར་ནི་ཤེར་རབ་ལ་བརྟེན་ནས་ཡེ་ཤེས་མངོན་དུ་བྱེད་པ་མེད་ལ་འདིར་ནི་དེ་ལ་བརྟེན་ནས་དེ་མངོན་དུ་མ་བྱས་ན་ཚེ་གཅིག་གིས་སངས་རྒྱས་མི་འགྲུབ་པའི་ཕྱིར་དང༌། དངོས་པོའི་དེ་ཁོ་ན་ལ་དཔྱོད་པའི་སྐབས་སུ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་རྟེན་གཉིས་ཀ་དེ་བཞིན་ཉིད་དུ་རོ་གཅིག་པར་འཆད་དགོས་ན། འདིར་ལྟ་ཅི་སྨོས་པའི་ཕྱིར། དེ་ལ་འདི་སྐད་ཅེས། ལྟུང་བ་འདི་སྐྱེད་པ་ལ་རྟེན་གྱི་སྒོ་ནས་སྨད་པ་ཙམ་གྱི་མི་ཆོག་པར་ཀུན་དཀྲིས་ཆེན་པོ་ཚང་དགོས་པ་ཡིན་ནོ། །ཞེས་འཆད་མོད། དེ་ལྟ་ན་སྔགས་པས་བུད་མེད་ལ་རྟེན་གྱི་སྒོ་ནས་སྨོད་པའི་ངག་གི་ལས་ཀུན་ནས་སློང་བྱེད་ཀྱི་ཀུན་དཀྲིས་ཆེན་པོ་དེ་ཉིད་རྩ་ལྟུང་དུ་ཐལ་བར་འགྱུར་ཏེ། དེར་རྩ་ལྟུང་གི་ངོས་འཛིན་གཞན་མ་དམིགས་པའི་ཕྱིར། ཁྱེད་ཀྱིས་ནི་དེ་མི་འདོད་ལ། ཁོ་བོ་ཅག་ལྟར་ན། རྟེན་གཉིས་ལ་བཟང་ངན་དུ་འཛིན་པའི་རྟོག་པ་ཉོན་མོངས་ཅན་དེ་ཉིད་ལ་ངོས་འཛིན་པ་ཡིན་གྱི། དེ་ལས་ལོགས་སུ་གྱུར་པའི་ཀུན་དཀྲིས་ཆེན་པོ་ཞེས་བྱ་བ་མི་འདོད་དོ། །ཡང་བུད་མེད་ལ་སེམས་ཀྱིས་དམན་པར་བཟུང་བ་ཙམ་གྱིས་རྩ་ལྟུང་དུ་འགྱུར་བ་ཡོད་པ་ལ་བརྗོད་པའི་སུན་འབྱིན་རྣམས་འཇུག་པ་མ་ཡིན་ཏེ། འཁྲུལ་སྤོང་གི་ལུགས་འདིར་ནི་ལུས་ངག་གི་རིག་བྱེད་ལ་མི་ལྟོས་པ་རྣམས་ལྟ་ཞོག ལུས་ངག་གི་རིག་བྱེད་ལ་ལྟོས་པ་རྣམས་ཀྱང་རྩ་ལྟུང་གི་ངོ་བོ་ནི་ཡིད་ཀྱི་ཉེས་པའི་ཆ་ནས་འཇོག་པར་ཞལ་གྱིས་བཞེས་པའི་ཕྱིར། དེ་བས་ན། ཇི་སྐད་དུ། ཡིད་རྩ་བ་ཡིན་ཞེས་གསུངས་པ་ལ་ཧ་ཅང་ཐལ་བ་ཅི་ཞིག་ཡོད། དོན་དེ་དག་ཀྱང་འཁྲུལ་སྤོང་དུ་རྩ་ལྟུང་བཅུ་བཞིའི་སྤྱི་དོན་འཆད་པའི་སྐབས་སུ་ངོ་བོ་ཉིད་ཀྱི་ཡན་ལག་ནི་ཡིད་ཀྱི་གཙོ་བོར་གྱུར་ཏེ། ལུས་ངག་ཁོའི་གྲོགས་སུ་གྱུར་པའོ། །ཞེས་དང༌། ད་ནི་ཞར་ལས་བྱུང་བ་ཉེས་པ་མེད་པ་བརྗོད་པར་བྱ་སྟེ། སྤྱིར་ཐེག་པ་ཆེན་པོ་མཐའ་དག་གི་ལུགས་ཀྱིས། ལས་ཐམས་ཅད་སེམས་ལས་བྱུང་བ་ཡིན་ཞིང༌། སེམས་ཀྱིས་གསོག་པ་ཡིན་ཏེ། ལུས་ངག་གི་ལས་ནི་ལུང་མ་བསྟན་ཡིན་ཞེས་གསུངས་སོ། །གསུམ་པ་ལྟུང་བར་གྱུར་པའི་རྒྱུ་མཚན་ལ་བརྗོད་པའི་སུན་འབྱིན་མི་འཇུག་པ་ནི། རྗེ་བཙུན་གྱིས་གསུངས་པ་དེ་ཧ་ཅང་མ་ངེས་པའི་རྒྱུ་མཚན་ལྟར་སྣང་ཡིན་ཞེས་པ། ལྟར་སྣང་ཇི་ལྟར་ཡིན་ཏེ། བུད་མེད་རྟེན་གྱི་སྒོ་ནས་སྨད་ན་ལྟུང་བར་འགྱུར་བ་ཡིན་ཏེ། དེ་ལ་དེས་སྨད་པ་ཡུམ་ཆེན་མོ་བུད་མེད་ཀྱི་རྣམ་པ་ཅན་དེ་ལ་སྨད་དོགས་པའི་ཕྱིར། ཞེས་པ་ཡིན་ལ། འདི་ལ་ཧ་ཅང་མ་ངེས་པ་སུ་ཞིག་གིས་ཚུལ་ཇི་ལྟར་དུ་སྟོན། སྔ་མ་ལ་དཔགས་པས་ཤེས་ཞེས་པའི་གོ་བ་སྐྱེས་པ་ལ་རྟེན་གྱི་སྒོ་ནས་སྨད་པས་ཀྱང་རྩ་ལྟུང་འབྱུང་བར་ཐལ། དེ་ལ་སྨད་ན་མཆོག་གི་སྤྲུལ་སྐུ་སྐྱེས་པའི་རྣམ་པ་ཅན་ལ་སྨད་པས་ཁྱབ་པའི་ཕྱིར། ཞེས་ཟེར་བ་ཡིན་ན་ནི། དེ་འདྲ་དེ་ནི་དོན་ལ་དཔྱོད་པའི་སྐབས་ཀྱི་སུན་འབྱིན་པ་ཡིན་ཏེ། འདི་ལྟར། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འོ་ན་གཞུང་ཉིད་དུ། ཐབས་ཀྱི་རང་བཞིན་སྐྱེས་པ་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་ཅིའི་ཕྱིར་མི་གསུང་སྟེ་ཤེས་རབ་ལ་ཉེས་པ་གང་ཡོད་པ་དེ་ཉིད་ཅིག་ཤོས་ལའང་མཚུངས་པའི་ཕྱིར། གལ་ཏེ་དེ་ལས་སངས་རྒྱས་ཀྱིས་རྩ་ལྟུང་བཅུ་བཞི་པའི་བཅས་པ་མ་མཛད་པའི་ཕྱིར་མི་མཚུངས་སོ་ཞེ་ན། སྔ་མའང་དེ་ཉིད་དོ། །གཉིས་པ་ནི། སྤྱིར་གསང་སྔགས་ལ་མ་ཞུགས་པའི་གྲུབ་མཐའ་སྨྲ་བ་དང་འཇིག་རྟེན་པ་མཐའ་དག་གི་ལུགས་ལ། རྟེན་གཉིས་ལ་བཟང་ངན་གྱི་ཁྱད་པར་ཆེ་བ་མཐུན་སྣང་དུ་གྲུབ་པ་ཡིན་ལ། འོ་ན་གསང་ཆེན་གྱི་ཚུལ་འདིར་ཡང་དེ་ལྟར་ཁས་ལེན་དུ་རུང་ངམ་ཞེ་ན། མ་ཡིན་ཏེ། འདིར་ནི་ཤེས་རབ་མ་ལ་མ་བརྟེན་པར་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱེད་མི་ནུས་པའི་ཕྱིར་དང༌། མཆོག་ཏུ་བསྔགས་པར་བྱ་བའི་གནས་ཡིན་ཏེ། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་མཆོག་ཏུ་བརྟེན་པར་བྱ་བ་ཡིན་པའི་ཕྱིར། ཞེས་པའོ། །འདིར་སྨྲས་པ། བགྲོད་ལྡན་མང་པོས་ངེས་བརྟགས་པའི། །སྲོལ་ཆེན་ལམ་དུ་མི་འཇུག་པར། །གློ་བུར་བཅོས་མའི་མགྱོགས་སྟབས་ཀྱི། །བགྲོད་བྱའི་གནས་སུ་ཕྱིན་ངེས་སམ། །དེ་ལྟར་ལྟུང་བ་བཅུ་བཞི་པོ་གཞུང་སོ་སོའི་དོན་བརྒལ་ལན་གྱིས་རྣམ་པར་གཏན་ལ་ཕབ་ཟིན་ནས། གཉིས་པ་སྤྱི་དོན་གྱི་སྐབས་སུ་འབྱུང་བའི་བརྒལ་ལན་གཏན་ལ་ཕབ་པ་ལ་གཉིས་ཏེ། འཁྲུལ་སྤོང་ལ་གཞན་གྱིས་བརྩད་པའི་བརྒལ་ལན་དང༌། འཁྲུལ་སྤོང་གི་གཞན་ལ་བརྩད་པའི་བརྒལ་ལན་ནོ། །དང་པོ་ནི། སྔགས་འདུལ་མཛད་པ་ན་རེ། རྩ་ལྟུང་འཁྲུལ་སྤོང་དུ། ཡན་ལག་དུས་ལྟུང་བ་རྫོགས་པར་འགྱུར་ཞེ་ན། བླ་མ་གོང་མ་རྣམས་ཡན་ལག་བཞི་ལས་མེད་ཅེས་གསུང་མོད་ཀྱང་རེ་རེ་ཞིང་ཡན་ལག་ལྔ་ལྔས་རྫོགས་པར་འགྱུར་ཏེ། རྟེན་གྱི་ཡན་ལག ཡུལ་གྱི་ཡན་ལག བསམ་པའི་ཡན་ལག དུས་སྐབས་ཀྱི་ཡན་ལག ངོ་བོ་ཉིད་ཀྱི་ཡན་ལག་གོ །དང་པོ་ནི། རང་ཉིད་དམ་ཚིག་དང་སྡོམ་ལྡན་ཡིན་ཞིང༌། ཤེས་པ་རང་བཞིན་དུ་གནས་པའོ། །གཉིས་པ་ནི། རྩ་ལྟུང་དང་པོ་ལ་མཚོན་བླ་མ་དེ་རྡོ་རྗེ་སློབ་དཔོན་ཇི་སྐད་དུ་བཤད་པ་ལྟ་བུའོ། །གསུམ་པ་ནི། ལྟུང་བ་སོ་སོའི་ངོ་བོ་ངོས་འཛིན་ནོ། །བཞི་པ་ནི། མི་ཤེས་པ་དང༌། བག་མེད་པ་དང༌། ཉོན་མོངས་མང་བ་དང༌། མ་གུས་པ་སྟེ། ལྟུང་བ་བྱུང་བའི་རྒྱུ་བཞིར་གྲགས་པ་རྣམས་སོ། །ལྔ་པ་ནི། བླ་མས་བརྙས་པར་དགོངས་ནས་ཐུགས་ཀུན་ཏུ་མ་རངས་པར་གྱུར་པ་ལྟ་བུ་མཐར་ཐུག་གི་སྐྱེད་མཚམས་རྣམས་ལ་བཤད་དོ། །ཞེས་ཕྱོགས་སྔ་བརྗོད་ནས་དེ་སུན་འབྱིན་པ་ནི། ལྟུང་བ་འབྱུང་བའི་རྒྱུ་བཞི་ལྟུང་བའི་ཡན་ལག་ནང་ནས་བསམ་པའི་ཡན་ལག་ཏུ་རྩི་བ་ནི། འདུལ་བ་འཛིན་པ་རྣམས་ཀྱི་ལུགས་ལས་འདས་པ་སྟེ། ལུགས་དེ་ལ་ནི་བསམ་པའི་ཡན་ལག་ཅེས་པ་འདུ་ཤེས་དང་ཀུན་སློང་གཉིས་སུ་འདུ་བ་ལས། བཞི་པོ་དེ་ནི་དེ་གཉིས་གང་དུ་ཡང་མི་འགྱུར་བས་སོ། །དེས་ན་རྒྱུ་བཞི་བསྟན་པ་ནི་བསྲུང་བའི་བར་ཆད་ངོས་བཟུང་བ་སྟེ། བར་ཆད་ཀྱི་ཤེས་པ་ལྟུང་བའི་ཡན་ལག་ཏུ་འཇོག་ན་ནི། བརྗེད་ངས་དང༌། ཤེས་བཞིན་མ་ཡིན་པ་དང༌། ངོ་ཚ་དང༌། ཁྲེལ་མེད་པ་སོགས་མང་པོ་ཞིག་གཞག་དགོས་པར་འགྱུར་རོ། །དེ་བཞིན་དུ་ལྟུང་བ་དངོས་ཀྱི་ཡན་ལག་གི་རྩི་བ་ལ། ལྟུང་བ་སྐྱེད་པའི་རྟེན་གྱི་ཡན་ལག་ཅེས་པ་རྣམ་པར་མ་ཕྱེད་པ་ཡིན་ལ། ཡན་ལག་དུས་ལྟུང་བར་འགྱུར་ཞེས་པར། ངོ་བོ་ཉིད་ཀྱི་ཡན་ལག་ཅེས་པའང་མཛེས་པ་མ་ཡིན་ཏེ། ངོ་བོ་ཉིད་ནི་ཡན་ལག་ཅན་གྱི་ལྟུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་དག་ཏུ་ལྟུང་བ་དངོས་ཀྱི་ཡན་ལག་རྩི་བར་འདོད་ན་ནི། གཞི་བསམ་པ་སྦྱོར་བ། མཐར་ཐུག་གི་ཡན་ལག་ཅེས་པ། གཞི་ཉིད་ཀྱིས་རྣམ་པར་འཇོག་པ་འདུལ་བ་སྤྱིའི་ཚུལ་འདི་ཉིད་འདིར་སྦྱར་བ་ལ་མ་ངེས་པ་དང་མི་འདུས་པ་ཅི་ཡང་མི་འབྱུང་བས་རྒྱ་ཆེན་པོའི་བཤད་པ་དེ་དག་དོན་བཞི་པོ་འདིར་བསྡུས་ནས་ཡན་ལག་ཞིབ་མོའི་དོགས་གཅོད་ལ་མཁས་པར་བྱའོ། །ཞེས་འཆད་དོ། །ཉེས་པ་དེ་མི་འཇུག་པའི་ཚུལ་ལ་གསུམ་སྟེ། བསམ་པའི་ཡན་ལག་ལ་བརྟགས་པའི་ཉེས་པ་མི་འཇུག་པ་དང༌། རྟེན་གྱི་ཡན་ལག་ལ་བརྟགས་པའི་ཉེས་པ་མི་འཇུག་པ་དང༌། ངོ་བོ་ཉིད་ཀྱི་ཡན་ལག་ལ་བརྟགས་པའི་ཉེས་པ་མི་འཇུག་པའོ། །དང་པོ་ནི། བསམ་པའི་ཡན་ལག་བོད་ཀྱི་འདུལ་བ་འཛིན་པ་རྣམས་ཀྱི་ལྟུང་བའི་ཡན་ལག་རྩིས་འཆད་ལུགས་དང་མ་མཐུན་ཀྱང་སྐྱོན་མེད་དེ། ཐེག་པ་ཆེན་པོ་པའི་ལུགས་འདིར་ནི། རྒྱུ་དུས་ཀྱི་བསམ་པ་གཙོ་ཆེ་བ་ཡིན་ལ། ཐེག་པ་ཆུང་ངུ་འདུལ་བར་ནི་དེ་དུས་ཀྱི་བསམ་པ་གཙོ་ཆེ་བས། བསམ་པའི་ཡན་ལག་ལ་འདུ་ཤེས་དང་ཀུན་སློང་གཉིས་བསམ་པའི་ཡན་ལག་ཏུ་འཇོག་གི ལྟུང་བ་འབྱུང་བའི་རྒྱུ་བཞི་པོ་བསམ་པའི་ཡན་ལག་ཏུ་མི་འཇོག་པའི་ཕྱིར། དེའི་རྒྱུ་ཤེས་བྱེད་ཀྱང་ཐེག་པ་འདིར་ནི་རྒྱུ་དུས་ཀྱི་ཀུན་སློང་ལ་རྒྱུ་བཞི་པོ་དེ་སྔོན་དུ་མ་སོང་བར། དེའི་འགལ་བ་མི་མཐུན་ཕྱོགས་ཀྱི་ཀུན་ནས་སླངས་ནས་དེ་དུས་ཀྱི་ཀུན་སློང་ཉོན་མོངས་པ་ཅན་ཡིན་ཀྱང་ལྟུང་བའི་གཟུགས་བརྙན་དུ་འགྱུར་ཞིང༌། དེ་ལས་ཟློག་ན་ལྟུང་བ་མེད་པའི་གཟུགས་བརྙན་དུ་འཇོག་པས་སོ། །དེ་སྐད་དུ་ཡང་འཁྲུལ་སྤོང་ཉིད་ལས། ཡང་ཁ་ཅིག དེ་ལ་དེར་འདུ་ཤེས་པ་ཡིན་ཞེས་བྱ་བ་ཞིག་དང་དྲུག་ཏུ་བྱེད་པ་འདི་མི་དགོས་ཏེ། བསམ་པའི་ཡན་ལག་གི་རྒྱུ་བཞིའི་རྗེས་ལ་འབྱུང་བ་རྣམས་དེར་འདུ་ཤེས་པ་ཉིད་ཡིན་ནོ། །དེ་ལྟ་ན་ཡན་ལག་ལྔས་ལྟུང་བ་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་དེའི་དོན་ལ་བརྟགས་པ་ན། འདིར་ལྟུང་བའི་རྒྱུ་བཞི་པོ་དེ་སྔོན་དུ་སོང་བ་ལས་བྱུང་བའི་ཉེས་པ་ལ་འདུལ་བ་པ་དག་གིས་འཆད་པའི་འདུ་ཤེས་དང་ཀུན་སློང་གི་ཡན་ལག་གཉིས་པོ་མེད་མི་རུང་གི་ཡན་ལག་ཏུ་མི་དགོས་པར་འཆད་པ་ཉིད་དུ་གསལ་བའི་ཕྱིར་རོ། །ཡང་ངོ་ཚ་མེད་པ་སོགས་དེར་གཞག་དགོས་པ་ལ་ཧ་ཅང་ཐལ་བ་མེད་དེ། ཉོན་མོངས་པ་མང་བ་ལྟུང་བའི་ཀུན་སློང་གི་ཡན་ལག་ཏུ་འཇོག་དགོས་པའི་ཕྱིར་རོ། །ཡང་ལྟུང་བ་དངོས་ཀྱི་ཡན་ལག་གི་རྩི་བ་འཇོག་པ་ན། རྟེན་གྱི་ཡན་ལག་མི་འཇོག་པར་འདོད་པ་དེ་བས་ཀྱང་རྣམ་པར་མ་ཕྱེད་པ་ཡིན་ཏེ། རྟེན་སྡོམ་པ་དང་ལྡན་པ་ནི་ལྟུང་བ་སྐྱེད་པའི་ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིར་དང༌། རྟེན་གྱི་ཡན་ལག་མི་རྩི་ན། ཡུལ་གྱི་ཡན་ལག་ཀྱང་མི་རྩི་བར་མཚུངས་པའི་ཕྱིར། ཡན་ལག་གི་རྩི་བ་འཇོག་པ་ན་རྟེན་གྱི་ཡན་ལག་ཁས་མི་ལེན་པ་དང༌། གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞིའི་སྒོ་ནས་བཤད་ན་གྲངས་མང་ཉུང་གི་སྐྱོན་མེད་པར་འཆད་པ་ཡང་འགལ་བ་ཡིན་ཏེ། གཞིའི་ཡན་ལག་ལ་རྟེན་དང༌། ཡུལ་དང༌། དངོས་པོ་གསུམ་དུ་དབྱེ་བ་ནི་འདུལ་བ་འཆད་པ་དག་གི་ལུགས་ཡིན་པའི་ཕྱིར། ཡང་ཡན་ལག་དུས་ལྟུང་བར་འགྱུར་བ་དཔྱོད་ན། ངོ་བོ་ཉིད་ཀྱི་ཡན་ལག་ཅེས་འཆད་པ་མི་མཛེས་པ་མ་ཡིན་ཏེ། འཁྲུལ་སྤོང་དུ་ངོ་བོ་ཉིད་ཀྱི་ཡན་ལག་ཅེས་བཤད་པ་དེ་དང་འདུལ་བ་དག་གི་སྦྱོར་བའི་ཡན་ལག་ཅེས་བཤད་པ་དེ་ནི་དོན་གཅིག་ལ་འདུ་བའི་ཕྱིར། དེ་སྐད་དུ་ཡང་འཁྲུལ་སྤོང་ཉིད་ལས། ངོ་བོ་ཉིད་ཀྱི་ཡན་ལག་ནི། ཡིད་གཙོ་བོར་གྱུར་པ་སྟེ། ལུས་ངག་ཁོའི་གྲོགས་སུ་གྱུར་པའོ། །ཕྱིར་རྒོལ་བས་ནི་ཕྱོགས་སྔ་མ་ཕྱིན་ཅི་ལོག་ཏུ་བླངས་པ་ཡིན་ཏེ། གསུམ་པ་ནི་ལྟུང་བ་སོ་སོའི་ངོས་འཛིན་ནོ། །ཞེས་ཕྱོགས་སྔ་མའི་འདོད་པ་བཤད་པ་ཡིན་ལ། འཁྲུལ་སྤོང་ལས་ནི་དེ་ལ་དེར་མི་བཞེད་པའི་ཕྱིར། འོ་ན་ཇི་ལྟར་བཞེད་ཅེ་ན། ཇི་སྐད་དུ། ལྟུང་བ་ཐམས་ཅད་ཀྱི་སྤྱིའི་དོན་ནི་འདི་ཡིན་ཏེ། རྩ་ལྟུང་བ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་བཞག་པ་དང༌། ཡན་ལག་དུ་ཞིག་གིས་རྩ་བའི་ལྟུང་བར་འགྱུར་བ་དང༌། ལྟུང་བར་འགྱུར་བའི་རྒྱུ་མཚན་དང༌། དེ་མི་འབྱུང་བའི་ཕྱིར་བསླབ་པ་དང༌། བྱུང་ན་ཕྱིར་བཅོས་པའི་ཐབས་དང༌། རྣམ་སྨིན་རྟོགས་པར་བྱ་བའི་ཕྱིར་ཆུང་འབྲིང་གི་རྣམ་པར་བཞག་པ་སྟེ་དྲུག་གོ །ཞེས་གསུངས་པ་ཡིན་ལ། དེ་དུས་ཀྱི་ངོ་བོ་ཉིད་རྣམ་པར་བཞག་པ་ནི་འདུལ་བ་པ་དག་གི་ལྟུང་བའི་ངོ་བོ་སྟེ་ཞེས་འཆད་པ་དང་དོན་གཅིག དེའི་འོག་མ་ནི་ཡན་ལག་རྩིས་དང་དོན་གཅིག དེའི་འོག་མ་ནི་དགག་བྱ་དང་དོན་གཅིག དེའི་འོག་མ་ནི་བསྲུང་ཐབས་ཡན་ལག་ལྔ་དང་དོན་གཅིག་པར་གསལ་ལོ། །དེའི་ཚེ་ལྟུང་བ་སོ་སོའི་ངོས་འཛིན་ནི་ངོ་བོ་ཉིད་ཀྱི་རྣམ་པར་བཞག་པ་ཞེས་པ་དེས་སྟོན་པར་བཞེད་པ་ཡིན་གྱི། ངོ་བོའི་ཡན་ལག་ཅེས་པ་དེས་སྟོན་པར་མི་བཞེད་པའི་ཕྱིར། དེས་ན་འདུལ་བ་པའི་གཞི་བསམ་སོགས་དང༌། འཁྲུལ་སྤོང་དུ་འབྱུང་བ་འདི་དོན་གཅིག་ཡིན་ཏེ། གཞི་ལ་རྟེན་དང་ཡུལ་གཉིས་སུ་ཕྱེ་ནས། བསམ་པའི་ཡན་ལག་ནི། རྒྱུའི་ཀུན་སློང་ལྟུང་བ་འབྱུང་བའི་རྒྱུ་བཞི་དང་སྦྱར་ཞིང༌། དུས་ཀྱི་ཀུན་སློང་རང་རང་སོ་སོའི་སྐབས་དང་སྦྱར་ནས་བཤད་ལ། སྦྱོར་བའི་ཡན་ལག་དང་ངོ་བོ་ཉིད་ཀྱི་ཡན་ལག་དོན་གཅིག་ཅིང༌། མཐར་ཐུག་གི་ཡན་ལག་དང༌། འདིར་དུས་སྐབས་ཀྱི་ཡན་ལག་ཅེས་བཤད་པ་གཉིས་ངེས་པར་དོན་གཅིག་ལ་འདུ་བའི་ཕྱིར་རོ། །འདིར་སྨྲས་པ། ཕྱོགས་སྔའི་བསམ་པ་ཇི་བཞིན་དུ། །མ་བརྟགས་པ་ཡི་རྒོལ་བ་ཡང༌། །ཕྱོགས་སྔའི་བསམ་པ་ཇི་བཞིན་དུ། །ཤེས་པ་ཉིད་ཀྱི་རྒྱུར་འགྱུར་རོ། །གཉིས་པ་འཁྲུལ་སྤོང་གིས་འགྲེལ་ཆེན་བཀག་པའི་བརྒལ་ལན་ལ་གསུམ་སྟེ། དེས་དེ་ཇི་ལྟར་བཀག་པའི་ཚུལ། བཀག་པ་ཉིད་སྔགས་འདུལ་མཛད་པས་སླར་ཡང་བཀག་པའི་ཚུལ། བཀག་པ་དེའི་ཚེར་མ་སླར་འབྱིན་པའི་ཚུལ་ལོ། །དང་པོ་ནི། སྔགས་འདུལ་མཛད་པ་ན་རེ། འགྲེལ་ཆེན་གྱི་བཤད་སྲོལ་འདི་དག་ལ། བོད་སྟོན་སྔ་རབས་པ་དག་འདི་ལྟར་རྒོལ་བ་ཡོད་དེ། འགྲེལ་ཆེན་དུ། འདི་ལྟར་ལྟུང་བ་བཅུ་བཞི་པོ་དག་ལ། ཕམ་པ་དང༌། ལྟུང་བ་དང༌། ལྕི་བ་དང༌། སྦོམ་པོ་དང༌། ཡན་ལག་དང༌། ཉེས་བྱས་དང༌། ཕྲ་མོ་དང༌། ཉེས་པ་མེད་པ་ཞེས་བྱ་བ་རྣམ་པ་བརྒྱད་དུ་ཕྱེ་སྟེ་སྟོན་པ་འདི་ནི་ལོག་པར་རྟོག་པ་ཡིན་པས། དེ་དག་སུན་ཕྱུང་བ་ནི། དེ་དག་ཅིའི་ཕྱིར་མི་འཐད་ན། རྩ་བ་དང་འགལ་བ་དང༌། གཞུང་གཞན་དང་འགལ་བ་དང༌། ཧ་ཅང་ཐལ་བ་དང༌། འགྲེལ་ཆེན་རང་གི་ཚིག་དང་འགལ་བའོ། །དང་པོ་ནི། རྩ་བའི་ཚིག་ལས། རྩ་བའི་ལྟུང་བ་བཅུ་བཞི་ནི། །ཞེས་འབྱུང་ལ། སྦོམ་པོ་དང་ལྕི་བ་སོགས་མི་སྣང་བའི་ཕྱིར་རོ། །མི་འཐད་པ་མེད་དེ། དབྱེ་བ་དེ་དག་རྩ་བའི་ལྟུང་བ་ཉིད་ཀྱི་དབྱེ་བ་ཡིན་ནོ་ཞེ་ན། གཉིས་པ་གཞུང་གཞན་དང་འགལ་བ་ནི། སྤྱིར་ཐེག་ཆེན་གྱི་གཞུང་རྣམས་ནས། རྩ་བ་དང་ཡན་ལག་ཅེས་བྱ་བ་གཉིས་ལས་བཤད་པ་མེད་ལ། དེ་ལ་ནི་ཕམ་པ་ཞེས་པ་དང༌། ཕམ་པ་དང་འདྲ་བ་ཞེས་པ་དང༌། རྩ་བའི་ལྟུང་བ་ཞེས་པ་ནི་མིང་གི་རྣམ་གྲངས་ཡིན་ཏེ། རྩ་བའི་ལྟུང་བ་གང་སྤྱད་ན་བླངས་པའི་སྡོམ་པ་དེ་ཡང་བཏང་ལ། གང་རྩ་བ་དེ་མ་སྤྱད་ན་ནི་ཡན་ལག་ཕྲ་མོ་དག་སྤྱད་ཀྱང་སྡོམ་པ་དེ་ཡོངས་སུ་མི་གཏོང་བ་ནི་ཐམས་ཅད་མཐུན་པར་སྨྲ་བ་ཡིན་པས་ན། འདིར་ཡང་རྩ་བར་བཤད་པའི་ཕྱིར་གང་སྤྱད་ན་སྡོམ་པ་དག་ཡོངས་སུ་གཏོང་བ་ཡིན་ནོ། །དེ་ལྟར་ཁོ་བོ་ཡང་སྨྲའོ། །ཞེ་ན། རྩ་བར་ཡང་སྨྲ་ཞིང་ཕམ་པ་གཅིག་ལས་མི་འདོད་པ་སོགས་རང་གི་ཚིག་དང་འགལ་ལོ། །གསུམ་པ་ཧ་ཅང་ཐལ་བ་ནི། གསུམ་གཅིག་ལ་ལྡན་པ་ལ་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་འགྱུར་ཏེ། མཚོན་ཆ་ལ་སོགས་པས་འཚོ་བ་འཕྲོག་པ་དང༌། ཞེས་སོགས་དང༌། གལ་ཏེ་སྦྱོར་བ་དེ་དག་དང་བྲལ་ན་ཚད་ལས་འདས་དེ་ཕམ་པའོ། །ཞེས་བླ་མ་གསུམ་ལྡན་སྦྱོར་བ་བདུན་རྫོགས་ཀྱིས་བཀྲོངས་ཀྱང༌། ལྟུང་བ་ཙམ་ལས་མ་ཡིན་ཞིང་བཤགས་ཚད་དང་པོ་གསུམ་འདས་ནས་གདོད་ཕམ་པར་འགྱུར་རོ། །ཞེས་འབྱུང་བ་འདི་ལྟ་བུ་ནི་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་ཐམས་ཅད་ལས་ཀྱང་གསུངས་པ་མེད་ལ། ཧ་ཅང་ཐལ་བས་འཇིགས་སུ་རུང་སྟེ། ཉན་པའི་ཡང་འོས་མ་ཡིན་ན། སྟེན་པ་ལྟ་ག་ལ་རུང༌། ཡང་དག་པའི་རྒྱུད་རྣམས་ཀྱང་དེ་ལོག་པར་རྟོག་པ་ཡིན་པར་སྟོན་ཏེ། རྡོ་རྗེ་གུར་དང༌། རྡོ་རྗེ་རྩེ་མོ་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །ཞེས་དང༌། དམ་པ་དང་པོ་ལས། དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང༌། །རི་བོང་འཛིན་པ་རུ་ནི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་རང་ཚིག་འགལ་བ་ནི། དེ་ཉིད་ལས། རྩ་བ་ནི་རྒྱུའི་དོན་ཏེ། དེ་འཆད་ན་འབྲས་བུ་ལྟུང་བའི་མཚན་ཉིད་དོ། །ཞེས་ཀྱང་བསྟན། ཡང་སྦྱོར་བ་བདུན་རྫོགས་ཀྱིས་བཤགས་ཚད་དུས་ལས་འདས་ན་ཕམ་པ་ཡིན་ལ། གཞན་ལ་ནི་ཕམ་པ་མེད་དོ། །ཞེས་ཀྱང་སྟོན་ནོ། །ཡང་དེ་ཉིད་ལས། རྩ་བ་དང༌། ཕམ་པ་དང༌། ཕམ་པ་དང་འདྲ་བ་གསུམ་ནི་མི་འདྲ་སྟེ། རྩ་བ་ནི་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྩ་བ་ཡིན་ལ། ཕམ་པ་ཞེས་པ་ནི་ཉན་ཐོས་དང་རྡོ་རྗེ་ཐེག་པའི་བྱེ་བྲག་ལས་རྡོ་རྗེ་ཐེག་པའི་གཞུང་ལ་མེད་ལ། ཕམ་པ་དང་འདྲ་བ་ནི་བྱང་ཆུབ་སེམས་དཔའི་གཞུང་ལས་གཞན་ལ་མེད་དོ། །ཞེས་ཟེར། དེ་ནི་མ་ཡིན་ཏེ། ཉན་ཐོས་རྣམས་ཀྱང་ཕམ་པ་བཞི་ལ་རྩ་བར་སྨྲ་ལ། མདོ་ནམ་མཁའི་སྙིང་པོ་ལས་ཀྱང་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལ་ཉི་ཤུར་བཤད་ཅིང༌། འདི་ཉིད་ལས་ཀྱང༌། རྩ་བའི་ལྟུང་བ་བཅུ་བཞི་ནི། །ཞེས་བཤད་པའི་ཕྱིར་རོ། །སྤྱིར་ཡང་གཞུང་ཐམས་ཅད་ནས་ཕམ་པ་དང་ཕམ་འདྲ་གཉིས་ཁྱད་མེད་ལ། འགྲེལ་ཆེན་ཉིད་ལས་ཀྱང་འདྲ་བར་བཤད་དེ། རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཞེས་སོགས་བཤད་པའི་ཕྱིར་རོ། །ཞེས་དང༌། གཞན་ཡང་འདི་ལྟ་བུའི་འགལ་བ་དག་སྨྲ་སྟེ། དེ་ཉིད་ལས། ལྟུང་བ་དང་ཕམ་པ་ལ། ཁྱད་པར་ཅི་ཡོད་ཅེ་ན། ཕམ་པ་ནི་སྦྱོར་བ་རྫོགས་ནས་མ་བཤགས་པའོ། །ལྟུང་བ་ནི་འཚོ་བ་དང་ཕྲལ་ནས་བཤགས་པའི་ཚད་འོག་ནས་འབྱུང་བ་བྱས་པའོ། །འོ་ན་ཅིའི་ཕྱིར་ལྟུང་བ་ཞེས་བྱ་ཞེ་ན། རྡོ་རྗེ་དམྱལ་བ་མ་ཡིན་པ་མྱོང་བའོ། །ཞེས་འབྱུང་ཞིང༌། ཡང་དེ་ཉིད་ལས། ཕམ་པར་འགྱུར་བ་ལ་ནི་ལོག་སྲེད་ཅན་ལ་བཤགས་པ་སྟེ། དེ་ནི་རྣམ་སྨིན་རྡོ་རྗེ་དམྱལ་བ་ནི་མྱོང་བ་མ་ཡིན་ནོ། །ཞེས་ཕམ་པས་ཀྱང་རྡོ་རྗེ་དམྱལ་བ་མི་སྐྱེད་པར་བཤད་པས་ན་འགལ་བ་འབའ་ཞིག་སྨྲ་བ་ཡིན་ནོ། །ཡང་སྦྱོར་བ་བདུན་རྫོགས་ནས་བཤགས་ཚད་དུས་འདས་ལས་གཞན་ལ་ཕམ་པ་མེད་པར་འདོད་ལ། ཡང་དེ་ཉིད་ཀྱི་ལྟུང་བ་བཞི་པའི་སྐབས་ནས། དྲི་མ་ལས་ལྡང་བར་མི་བྱེད་ན་འདིའི་ཕམ་པའི་ཉེས་པར་བསྡུའོ། །ཞེས་བཞི་པ་ལ་ཕམ་པ་ཡོད་པར་བཤད། ཡང་ལྟུང་བ་གཉིས་པའི་སྐབས་ནས། འདི་ལ་ནི་ཕམ་པ་མེད་དེ་དེ་མ་བཤགས་ན་ལྟུང་བའོ། །ཞེས་དངོས་སུ་བསྟན་པས་ན། ཤུགས་ལ་གཞན་ཐམས་ཅད་ལ་ཕམ་པ་ཡོད་པར་ཡང་མངོན་ཏེ། དེས་ན་ནང་འགལ་བ་འབའ་ཞིག་གོ །ཞེས་པ་ནས། དེ་ལྟར་ན་ཐེག་པ་ཆེན་པོའི་གཞུང་མཐའ་དག་ནས། རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བ་ཞེས་བྱ་བ་གཉིས་ལས། སྦོམ་པོ་དང་ལྕི་བ་ཞེས་སོགས་མིང་གི་རྣམ་གྲངས་གཞན་པ་མེད་དོ། །ཞེས་སོགས་རྒྱས་པར་གསུངས་སོ། །གཉིས་པ་ནི། སྔགས་འདུལ་མཛད་པ་ན་རེ། དེ་ལྟར་སུན་འབྱིན་པའི་རྣམ་པ་དུ་མ་དེ་རྣམས་ལས། འཇུག་པར་མངོན་པ་ཡང་འགའ་རེ་སྣང་མོད། མི་འཇུག་པར་མཐོང་བ་ནི་འདི་ལྟ་སྟེ། རེ་ཤིག་དང་པོར་གཞུང་དུ་རྩ་ལྟུང་བཅུ་བཞི་ཞེས་པ་ལས་མི་འབྱུང་བས། བཅུ་བཞི་པོ་རེ་རེ་ཞིང་རྣམ་པ་བརྒྱད་དུ་ཕྱེ་ནས་བཤད་པ་བྱེད་པ་མི་འཐད། ཅེས་པ་ལ་བརྗོད་པ། སོ་ཐར་གྱི་རྩ་བའི་མདོར་ཕམ་པར་འགྱུར་བ་བཞི་ཞེས་པ་ལས་མེད་པས། བཞི་པོ་དེའི་བཤད་པ་རེ་རེ་ཞིང་དངོས་གཞི་དང༌། ན་སྨད་དང༌། ཉེས་མེད་དང༌། བསླབ་བྱ་དང་ན་སྨད་ཉིད་ལའང་ཉེས་བྱས་སྦོམ་པོ་ལ་སོགས་པའི་རྣམ་གཞག་གི་འཆད་པ་མི་རིགས་པར་འགྱུར་ཏེ། རྩ་ཚིག་ལ་དེ་རྣམས་མི་སྣང་བའི་ཕྱིར་རོ། །དེ་འདོད་ན་མདོ་རྩ་བ་སོགས་འདུལ་བའི་སྡེ་སྣོད་ཆེན་པོ་རྣམས་ལ་སྐུར་པ་འདེབས་པའོ། །ཞེས་ཐེག་ཆེན་གྱི་གཞུང་ན་རྩ་བ་དང་ཡན་ལག་ཅེས་པ་གཉིས་ལས་བཤད་པ་མེད་ཅེས་པའང་རྣམ་པར་མ་བརྟགས་པ་ཆེན་པོ་སྟེ། སྡོམ་པ་ཉི་ཤུ་པར། འདོད་པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་པའི་འགྲེལ་པར། ཉེས་པ་ཞེས་ཐམས་ཅད་དུ་སྦྱར་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་ཉེས་བྱས་བྱེད་པ་ཉིད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཉེས་པའི་རིགས་སུ་ཟད་པར་འབྱུང་སྟེ། ཕམ་པའི་གནས་ལྟ་བུ་ཆོས་སུ་གཏོགས་པ་དང༌། ཉེས་བྱས་ཀྱི་ཆོས་གཏོགས་པའོ། །དགེ་སློང་གི་སྡོམ་པ་ལ་ཉེས་པའི་རིས་ལྔ་འབྱུང་བ་ལྟ་བུ་ནི་མ་ཡིན་ནོ། །ཞེས་སོགས་རྒྱས་པར་གསུངས་པ་རྣམས་ཀྱིས་ཁྱེད་ཀྱི་དམ་བཅའ་ལ་གནོད་དེ། ཉེས་པའི་རིས་གཉིས་སུ་བསྡུ་བ་ལ། དེ་ལྟར་གསུངས་ཀྱི། རྩ་བ་དང་ཡན་ལག་ཅེས་གསུངས་པ་མི་སྣང་བའི་ཕྱིར། ཡང་ཕམ་པ་ལྟ་བུའི་ཆོས་དེ་ཉིད་ལའང་ཀུན་དཀྲིས་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་ནས་ཆེན་པོས་སྡོམ་པ་གཏོང་བ་དང༌། གཉིས་པས་མི་གཏོང་བར་བཤད་པས་ཀྱང༌། ཁྱེད་ཀྱི་དམ་བཅའ་ལ་གནོད་དེ། ཕམ་པ་ལྟ་བུའི་ཆོས་ལ་སྡོམ་པ་གཏོང་མི་གཏོང་གི་དབྱེ་བ་སོ་སོ་ཕྱེ་བའི་ཕྱིར་རོ། །གཞན་ཡང་རྡོ་རྗེ་རྩེ་མོར། གང་ཚེ་ཉམས་འགྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་སོགས་ལྟ་བུ་སྦོམ་པོའི་ལྟུང་བ་སྟོན་པའི་གཞུང་ཚད་ལྡན་རྣམས་ལའང་མ་དཔྱད་པའོ། །གཞན་ཡང་གཉིས་ལས་མ་བཤད་པས་བདུན་དུ་དབྱེ་བ་མི་རིགས་ཞེས་པའི་རིགས་པའང་ལྟར་སྣང་ཡིན་ཏེ། འགྲེལ་ཆེན་དུ། རྡོ་རྗེ་ཐེག་པ་ལ་དམ་ཚིག་གི་དབྱེ་བ་ནི་གཉིས་ཏེ། རྩ་བ་དང༌། ཡན་ལག་གོ །རྣམ་པར་ཕྱེ་བ་ནི་དེའི་ཡན་ལག་གི་བྱེ་བྲག་གོ །ཞེས་དང༌། དེའི་ལུང་དུ། མཚོ་སྐྱེས་ཀྱིས། དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །རྩ་བ་དང་ནི་ཡན་ལག་གོ །ཞེས་སོགས་དྲངས་ནས། བསྡུ་ན་གཉིས་དང༌། ཕྱེ་ན་བདུན་གྱི་དབྱེ་བསྡུ་བྱས་པ་ཡིན་ལ། འདི་ལྟ་བུ་གསུང་རབ་ན་ཤིན་ཏུ་མང་བའི་ཕྱིར། ཡང་ཕམ་པ་དང༌། ཕམ་འདྲ་དང༌། རྩ་ལྟུང་ཞེས་པ་རྣམ་གྲངས་སུ་འཆད་པའང་དགེ་ཚུལ་གྱི་རྩ་ལྟུང་ལ་ཕམ་འདྲ་ཞེས་བརྗོད་ཀྱང་ཕམ་པ་ཞེས་བརྗོད་དུ་མི་རུང་བ་ལྟ་བུའི་བརྡ་ལན་བྱུང་བ་སྟེ། དེས་ན་དགེ་ཚུལ་ལ་རྩ་ལྟུང་འཆབ་བཅས་བྱུང་ན། དགེ་སློང་བཞིན་དུ་དགེ་ཚུལ་ཡང༌། །ཕྱིས་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་འཆབ་པ་དང་བཅས་པའི་ཉེས་པས་གསོར་མི་རུང་དུ་འགྱུར་བའི་སྒོ་ནས་དགེ་སློང་གི་ཕམ་པ་དང་འདྲ་བས་ཕམ་འདྲ་ཞེས་བརྗོད་ཀྱི། ཕམ་པ་ཞེས་དངོས་སུ་མི་བརྗོད་པ་བཞིན་དུ། ཕམ་ལྟུང་གི་ཁྱད་པར་འགྱོད་བཤགས་དུས་ལས་འདས་མ་འདས་ཀྱིས་འབྱེད་པ་ལའང་གནོད་པ་བསྟན་དུ་མེད་དོ། །འོན་ཏེ་དེ་ལྟ་ན་ཡང་བཤགས་པ་མེད་མཉམ་ལ། ལྟུང་བ་དང་པོ་ལ་ཕམ་པ་དང༌། གཉིས་པ་སོགས་ལ་ཕམ་འདྲ་ཞེས་པའི་ཁྱད་པར་ཡང་ཅི་ཞིག རེས་འགའ་ནི་འོག་མ་དག་ཏུ་ཡང་ཕམ་པའི་སྒྲས་བསྟན་པར་འགལ་བར་མི་འགྱུར་བ་གང་ཞེ་ན། བཤགས་བྱ་རྩ་ལྟུང་ལྕི་ཡང་ལས་ཡིན་ཏེ། དང་པོ་འདི་ཐམས་ཅད་ཀྱི་ནང་ནས་ཆེས་ལྕི་བ་ཡིན་པའི་ཕྱིར་ཏེ། ཡུལ་རྡོ་རྗེ་སློབ་དཔོན་ནི་ཕན་གནོད་ཀྱི་ཡུལ་དུ་སངས་རྒྱས་ཐམས་ཅད་དང་འདྲ་བར་ལུང་གི་ཚད་མ་དྲངས་པས་འགྲུབ་པའི་ཕྱིར་དང༌། དེ་སྟེན་པ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བའི་ཡང་རྩ་བར་གསུངས་པའི་ཕྱིར། དེ་ལ་དགོངས་ནས། སྙིང་པོ་རྒྱན་དུ་བླ་མ་སྟེན་པའི་ལེའུ་ལ་རྩ་བ་ཞེས་གསུངས་པའོ། །ཅི་སྟེ་དེ་ལྟ་ན་དེ་ལས་ཡན་ལག་བདུན་ལྡན་གྱིས་འཚོ་བ་དང་ཕྲལ་ཙམ་རྩ་ལྟུང་ཞེས་དང༌། དེ་ལས་ཕམ་པར་འགྱུར་བ་འགྱོད་བཤགས་གཏན་མེད་ལ་ལྟོས་དགོས་པར་འཆད་པ་མི་འཐད་དོ། །གནོད་པ་བྱས་ཙམ་གྱིས་ཕམ་པར་གྱུར་པ་དང༌། དེས་རྡོ་རྗེ་དམྱལ་བར་ལྟུང་དགོས་ཞེས་འཆད་པ་རིགས་སོ་ཞེ་ན། དེ་ལྟ་བུ་ནི་བཅས་པའི་དབང་ལས་ཡིན་ཏེ། བཅས་པ་ལ་རིགས་པ་དེ་ལྟ་བུ་མི་འཇུག་པ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ། དགེ་འདུན་དབྱེ་ཕྱིར་རྫུན་སྨྲ་བ། །ཁ་ན་མ་ཐོ་ལྕི་བར་འདོད། །ཅེས་མིའི་ཆོས་བླ་མ་ལས་ཆེས་ལྕི་ནའང༌། བཅས་པ་ལ་བླ་མའི་རྫུན་ཕམ་པ་དང༌། དབྱེན་བྱེད་ཀྱི་རྫུན་ལྷག་མར་བཞག་པ་བཞིན་ནོ། །འོན་ཀྱང་རྩ་ལྟུང་ཞེས་པ་ཆུང་བར་སེམས་དགོས་པ་མ་ཡིན་ཏེ། རྩ་ལྟུང་རྣམས་ཀྱིས་ནང་ནས་འདི་ཆེས་ལྕི་བར་གཞག་དགོས་པའི་ཕྱིར། འོ་ན་རྡོ་རྗེ་དམྱལ་བར་མི་ལྟུང་བ་ཅི་ཞེ་ན། ཕམ་པ་དེ་ནི་རྩ་ལྟུང་ཉིད་པས་ཀྱང་ཆེས་ལྕི་བས་ལྕི་བའི་མཐར་ཐུག་པ་སྟེ། གསོར་མི་རུང་བས་སྒྲུབ་ཏུ་མེད་པའི་ལྟུང་བའི་ནང་ནས་ཆེས་ལྕི་བའི་མཐར་ཐུག་པ་ཡིན་པའི་ཕྱིར། དེས་ན་དེ་ཉིད་རྣམ་སྨིན་ཀྱང་མི་ཟད་པའི་མཐར་ཐུག་པ་དང་འབྲེལ་ལོ། །ཅི་སྟེ་ཕམ་པ་ཉིད་ཀྱང་རྩ་ལྟུང་དུ་སྨྲ་དགོས་ན། རྩ་ལྟུང་དུ་འདྲ་བ་ལ་རྡོ་རྗེ་དམྱལ་བར་ལྟུང་མི་ལྟུང་གི་ཁྱད་པར་མི་རིགས་སོ། །ཞེ་ན། དེ་ལྟར་འབྱེད་པ་ནི་སྤྱིའི་ཚུལ་ལ་ཡང་ཡོད་པར་ངེས་ཏེ། རྩ་ལྟུང་སྤྱིའི་ཉེས་པ་གསུང་བ་ན། ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་གྱུར་ཏེ། །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་གསུངས་ནས། བྱེ་བྲག་ཏུ་སློབ་དཔོན་ལ་སྨོད་པའི་ཉེས་པ་འཆད་པ་ན། མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་གསུངས་པའི་ཚིག་གི་ནུས་པས་ཤེས་སོ། །མནར་མེད་ལ་སོགས་ཞེས་པའི་སོགས་སྒྲས་ནི་རྡོ་རྗེའི་དམྱལ་བ་འདོན་པའང་སྲིད་ལ། རྡོ་རྗེའི་དམྱལ་བ་ཞེས་པ་ནི། དུས་འཁོར་དུ། རྡོ་རྗེ་ཁབ་རྩེའི་དམྱལ་བ་ཞེས་གསུངས་པ་དེ་ཡིན་པར་ངེས་ལ། དེ་ནི་མནར་མེད་ཀྱི་བཤད་པ་གསུང་རབ་ན་ཡོད་པ་རྣམས་ལས་ཤིན་ཏུ་འཇིགས་སུ་རུང་བར་བཤད་པས་སོ། །དེ་ལ་བསམ་ན་སྦྱོར་བ་བདུན་རྫོགས་ཀྱི་བཀྲོངས་པ་ཙམ་རྩ་ལྟུང་དུ་འཆད་པ་མཉན་དུ་ཡང་མི་རུང་ན། སྟེན་དུ་ག་ལ་རུང་ཞེས་ཧ་ཅང་ཐལ་བས་འཇིགས་པའི་གནས་སུ་སེམས་པའང་མ་དཔྱད་པ་སྟེ། མནར་མེད་དུ་ལྟུང་བའི་ཉེས་པ་ཡོད་ན་དེ་ཉིད་ཀྱི་ཉེས་པ་ཆེས་མི་བཟད་པ་ཉིད་དུ་འགྲུབ་པ་ཡིན་ན། དེ་ལ་ཉེས་པ་ཆུང་བས་ཧ་ཅང་ཐལ་བར་སེམས་པའི་གནས་ག་ལ་ཡོད་དེ་མཐུར་དུ་བལྟས། ཞེས་པ་ལ་ཉིད་ཀྱིས་ཀྱང༌། ལུང་དེ་ཉིད་ལས་སོགས་སྐབས་ཕྱེ་ནས་འབར་བཞིན་དུ། མནར་མེད་པའི་སེམས་ཅན་དམྱལ་བར་འགྱུར་ཞེས་བཤད་པ་མཛད་པས་སོ། །དེའི་ཕྱིར་རྩོད་པ་དེ་ཡང་ལྟར་སྣང་ཡིན་ལ། རྒྱུད་དང་འགལ་བ་སྟོན་པ་ན། །བླ་མ་སྨད་པར་མི་བྱ་སྟེ། །ཞེས་དྲངས་པ་ལའང་དཔྱད་པར་བྱ་དགོས་ཏེ། ཚིག་འདི་དག་རྩ་ལྟུང་ལ་སྦྱོར་བ་བདུན་ལྡན་རྫོགས་དགོས་པ་དང་འགལ་ལམ། ཕམ་པ་ལ་བཤགས་པ་དུས་འདས་དགོས་པ་དང་འགལ། དང་པོ་ལྟར་ན། ཉིད་ཀྱིས་ཀྱང་ཡན་ལག་ལྔས་རྫོགས་དགོས་པར་བཤད་པ་དང་འགལ་བར་འགྱུར། ཞེས་ཀུན་ཏུ་མཚུངས་སོ། །གཉིས་པ་ལྟར་ན། འདི་དང་འགལ་དོགས་པའི་རིགས་པའི་རྩ་བ་ནི་གང་ཞིག་ཅེས་དྲིས་ན། རྩ་ལྟུང་སྟོན་པའི་ཚིག་རིགས་ལའང་འདི་ཙམ་ལས་མི་སྣང་བས་སོ། །ཞེས་སེམས་པ་ཁོ་ནར་ཟད་པས། དེ་ལྟ་ན་ནི་ཧ་ཅང་ཐལ་བ་མང་པོར་འགྱུར་ཏེ། ལྔས་རྫོགས་ཀྱང་མི་དགོས་པར་ཐལ་བ་དང༌། སྨོད་པ་རྩ་ལྟུང་དུ་བཤད་པ་དེར་བརྙས་པ་སོགས་རྩ་ལྟུང་དུ་འཆད་པས་ཁ་སྐོང་མི་རིགས་པར་ཐལ་བ་དང༌། གསོད་པའི་ཕམ་པ་ཞེས་པའི་ཚེ་གསད་ཙམ་ཕམ་པར་ཐལ་བ་སོགས་མཐའ་ཡས་པར་འགྱུར་རོ། །ཅི་སྟེ་ཚིག་འདི་ལྟ་བུས་སྨོད་པ་སོགས་ལ་རྩ་ལྟུང་དུ་བཤད་ཀྱི་བཀྲོངས་པ་ལ་མ་བཤད་པས་དེའི་ཕྱིར་འགལ་ལོ་ཞེ་ན། ཕྱོགས་སྔ་མའི་འདོད་པ་ལ་ལྟོས་ནས་ནི་མ་བརྟགས་པའི་དགག་པ་སྟེ། དེའི་འདོད་པ་གང་ཞེ་ན། དེར་འཚོ་བ་འཕྲོག་པ་ཞེས་བཤད་པ་ནི་སྲོག་དང་ཕྲལ་བ་ཁོ་ན་ལ་བྱ་བར་མ་ངེས་ཏེ། སྙིང་པོ་རྒྱན་ལས། སྲོག་དང་ལུས་དང་ལོངས་སྤྱོད་དང༌། །ཞེས་འཚོ་བ་འཕྲོག་པའི་དབྱེ་བ་རྣམ་པ་གསུམ་གསུངས་པའི་དོན་ལ་བརྟགས་ནས་འགྲེལ་ཆེན་དུ་བཤད་པར་གསལ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་འཚོ་བ་འཕྲོག་པ་ཞེས་པ་སྲོག་གཅོད་པ་ཁོ་ན་ལ་བསམ་ནས་དགག་པ་མཛད་པ་རྣམས་ནི་རྣམ་པར་མ་བརྟགས་པའོ། །ཡང་འདི་སྐད་དུ། རྩ་བ་བཅད་ནས་སྡོམ་པ་གཏོང་བ་ཐམས་ཅད་མཐུན་པ་ཡིན་ནོ། །ཞེས་པ་ལའང་ཞིབ་ཏུ་དཔྱད་དགོས་ཏེ། ཐེག་པ་ཐམས་ཅད་དམ། གྲུབ་མཐའ་ཐམས་ཅད་དམ། སྔགས་མཚན་ཉིད་ཐམས་ཅད་མཐུན་ཞེས་བྱ། དང་པོ་གཉིས་མི་འཐད་དོ། །ཉན་ཐོས་ཀྱི་ཐེག་པར་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། ཉམས་པ་དང་མ་ཆགས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་པ་ཕམ་པ་འཆབ་བཅས་ཀྱིས་སྡོམ་པ་མི་གཏོང་བའི་གཞུང་ཡིན་ཏེ་མི་གཏོང་བའི་སྒྲུབ་བྱེད་ལྔ་དང་སྦྱར་ནས་ཤེས་པར་བྱ་དགོས་པ་ལས་འདི་མ་བརྗོད་པར་བྱ་བ་མང་ངོ༌། །དེས་ན་ཐེག་པ་དང་གྲུབ་མཐའ་གང་ལྟར་ཡང་ཚིག་དེ་འོལ་ཚོད་ཆེས་པའོ། །ཅི་སྟེ་མོད་སྡེ་པའི་གྲུབ་མཐའ་ལས་ཕམ་པས་སྡོམ་པ་གཏོང་བར་འདོད་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་ཙམ་གྱིས་གྲུབ་མཐའ་ཐམས་ཅད་འདོད་པར་མི་འགྱུར་ཏེ། གྲུབ་མཐའི་ཕྱོགས་གཅིག་ཏུ་ཟད་པའི་ཕྱིར། དེ་ལྟར་ན་ནི་འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པར་འདོད་ལ། དེ་བཞིན་དུ་འདིར་ཡང་འདོད་དམ། འོན་ཀྱང་འདིར་ཕམ་པའི་ཡན་ལག་ཏུ་འགྱོད་བཤགས་ཀྱི་བློ་མེད་པ་དགོས་ཞེས་སོགས་ནི་མཁས་པའི་གྲུབ་མཐའི་ཚུལ་གཅིག་ཏུ་འོང་བ་ལ་ནི་མདོ་སྡེའི་གྲུབ་མཐའ་འདི་ལྟ་བུ་ཡང་དཔེར་འགྱུར་བས། འདི་ལྟར་འདོད་པ་ལ་མཚན་མ་ངན་པ་ལྟར་འཇིགས་དགོས་པ་མ་ཡིན་ནོ། །ཅི་སྟེ་སྔགས་མཚན་ཉིད་ཐམས་ཅད་མཐུན་ནོ་ཞེ་ན། ཤིན་ཏུ་ཡང་སྒྲུབ་པར་དཀའ་སྟེ། སྔགས་ཀྱི་ཚུལ་ཉིད་ལ་ཡང་རྩ་ལྟུང་གང་རུང་འབྱུང་བས་སྔགས་ཀྱི་སྡོམ་པ་གཏོང་བར་སྨྲ་བའི་བོད་མང་ཡང༌། ལུང་རིགས་གང་ཡང་བསྟེན་དུ་ཡོད་པ་མ་ཡིན་ཏེ། འདིའི་དཔྱད་པ་ནི་ཕྱིས་བྱའོ། །ཡང་དེ་བཞིན་དུ་ནམ་མཁའི་སྙིང་པོ་ལས། བྱང་ཆུབ་སེམས་ཀྱི་རྩ་ལྟུང་ཉི་ཤུ་བཤད། །ཅེས་པའང་ཆ་མ་མཆིས་པའི་གསུང་སྟེ། མདོ་དེ་ལས་ནི། བློན་པོ་ལ་འབྱུང་བ་ལྔ་དང༌། ལས་དང་པོ་པ་ལ་འབྱུང་བ་བརྒྱད་ཅེས་པ་ལས་མི་འབྱུང་ན་ལྷག་མ་བདུན་གང་ལས་བཙལ་བར་བྱ། ཡང་འགལ་བ་བརྗོད་པ་ན། འདི་ལ་ཕམ་པ་ནི་མེད་དེ། ཞེས་པས་གཞན་ཐམས་ཅད་ལ་ཡོད་པར་བསྟན་ཞེས་པའང་ཧ་ཅང་རྩིང་བའི་རིགས་པའོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་བཀག་པ་དེའི་ཚེར་མ་ཕྱུང་པ་ལ་གཉིས་ཏེ། ངག་དོན་བསྡུས་པའི་ཚུལ་གྱིས་མདོར་བསྟན་པ་དང༌། སུན་འབྱིན་པ་སོ་སོའི་དངོས་ལན་སོ་སོར་བཏབ་པའོ། །དང་པོ་ལ་རྩ་ལྟུང་ལ་བརྒྱད་དུ་དབྱེ་བ་མི་འཐད་པའི་ངག་དོན། ཐེག་པ་ཆེན་པོའི་ལྟུང་བ་ཐམས་ཅད་རྩ་ལག་གཉིས་སུ་འདུས་པའི་ངག་དོན། ཕམ་པར་འཇོག་པ་དུས་འདས་ལ་མི་ལྟོས་པའི་ངག་དོན་ནོ། །དང་པོ་ནི། རྩ་ལྟུང་བཅུ་པོ་རེ་རེའི་སྐབས་སུ་བརྒྱད་བརྒྱད་དུ་ཕྱེ་བའི་དུས་ཀྱི་ཐ་མ་ཉེས་མེད་ཟུར་དུ་གཞག་ནས། དང་པོ་བདུན་པོ་དེ་རྩ་ལྟུང་གི་དབྱེ་བ་ཡིན་ནམ་མིན། ཡིན་ན་ཕམ་པ་དང་འདྲ་བ་དང་ལྟུང་བ་གསུམ་པོ་གང་རུང་ལས་ལོགས་སུ་དབྱེ་བ་མི་འཐད་དེ། རྩ་བའི་ལྟུང་བ་ཉིད་ཡིན་པའི་ཕྱིར། མིན་ན་བདུན་པོའི་ནང་ནས་ཕམ་པའི་མིང་ཅན་དེ་མ་གཏོགས་གཞན་དྲུག་པོ་རྩ་ལྟུང་གི་སྐབས་འདིར་འཆད་རིགས་པ་མ་ཡིན་ཏེ། གཅིག་པོ་དེ་མ་གཏོགས་གཞན་རྣམས་ཡན་ལག་གི་ལྟུང་བའི་ནང་དུ་འདུ་བའི་ཕྱིར། གཏན་ཚིགས་སྔ་ཕྱི་གཉིས་ཀའི་རྟགས་དང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་སྟེ། ལྕི་བ་དང་སྦོམ་པོ་སོགས་བཞི་ནི། རྩ་ལྟུང་གི་ཡན་ལག་མ་ཚང་བ་ལས་གྱུར་པའི་ལྟུང་བ་ཕྲ་རགས་ལ་འཇོག་པར་ཁས་བླངས་ཤིང༌། རྩ་ལྟུང་གི་རྣམ་སྨིན་དངོས་ཀྱི་རྒྱུ་ནི་ཕམ་པ་ཉིད་ཡིན་པར་ཁས་བླངས་པའི་ཕྱིར། གཉིས་པ་ནི། སྤྱིར་ཐེག་པ་ཆེན་པོ་དང་ཁྱད་པར་རྡོ་རྗེ་ཐེག་པའི་ལྟུང་བ་ཐམས་ཅད་རྩ་ལག་གཉིས་སུ་འདུས་པ་ཡིན་ཏེ། རྩ་ལྟུང་དུ་མ་འདུས་པའི་ཕམ་པའི་བཤད་པ་ཐེག་པ་ཆེན་པོ་པ་དག་ལ་མེད་ཅིང༌། སྦོམ་པོ་སོགས་བཞི་ནི་འགྲེལ་ཆེན་རང་གི་ངོས་འཛིན་ལ་བརྟགས་ན་རྩ་ལྟུང་རང་གི་ཡན་ལག་མ་ཚང་བའི་ཉེས་པར་བཤད་པས་ཡན་ལག་གི་ལྟུང་བའི་ནང་དུ་འདུས་པ་ལས་འོས་མེད་པའི་ཕྱིར། ཡན་ལག་གི་ལྟུང་བ་བརྒྱད་སྟོན་པའི་གཞུང་ལ་སྦོམ་པོ་བརྒྱད་ཅེས་ཚད་ལྡན་མང་པོ་ལ་གྲགས་པའི་ཕྱིར། གསུམ་པ་ནི། འགྲེལ་ཆེན་གྱི་རྗེས་འབྲང་དག་ན་རེ། ཕམ་པ་དང་རྩ་ལྟུང་དོན་གཅིག་པ་མ་ཡིན་ཏེ། རྩ་ལྟུང་གི་ཡན་ལག་རྫོགས་ནས་འགྱོད་བཤགས་ཀྱི་བློ་མེད་པ་ལ་ཕམ་པ་དང༌། ཡོད་པ་ལ་རྩ་ལྟུང་དུ་འཇོག་པ་ཡིན་པས་སོ། །ཞེས་ཟེར། འདི་ལ་ནི་སྒྲུབ་བྱེད་མེད་ཅིང༌། གནོད་བྱེད་དང་བཅས་པའོ། །དང་པོ་ནི། དེ་ལྟར་འདོད་པ་དེ་ལ་ནི་རྡོ་རྗེ་ཐེག་པ་པ་དག་གི་ལུང་མེད་པ་ཁོ་ནར་མ་ཟད། ཐེག་ཆེན་སྤྱི་དང་ཉན་ཐོས་སྡེ་པ་ལ་གྲགས་པའི་ཆ་མཐུན་གྱི་ལུང་ཡང་མེད་དོ། །དང་པོ་ནི། ཐེག་པ་ཆེན་པོ་ནས་ཕམ་པ་ཞེས་པའི་ཐ་སྙད་ཉིད་ཀྱང་དཀོན་ན། ཕམ་པ་དང་རྩ་ལྟུང་གི་ཁྱད་པར་དབྱེ་བ་ལྟ་ཅི་སྨོས་པའི་ཕྱིར་དང༌། གཏན་ཚིགས་གཉིས་པ་ནི། ཉན་ཐོས་སྡེ་པའི་ལུང་ན་ཕམ་པ་ལ་འཆབ་བཅས་དང་འཆབ་མེད་གཉིས་སུ་འབྱེད་པའི་ལུང་ཡོད་པ་ཡིན་གྱི། ཕམ་པ་ལ་འཆབ་བཅས་ཀྱིས་ཁྱབ་པའི་ལུང་མེད་དོ། །མདོ་སྡེ་པའི་གྲུབ་མཐའ་ལ་དེས་ཁྱབ་པར་འདོད་དོ་ཞེས། ལུང་མེད་པ་དེ་ཉིད་དེས་འདོད་དུ་ཟད་མོད་དེས་ཕམ་པ་འཆབ་མེད་དེ་ཕམ་པར་འདོད་དམ་མི་འདོད། འདོད་ན་དངོས་སུ་འགལ་མི་འདོད་ན་དེས་དེ་ལྟུང་བ་སྡེ་ལྔ་པོ་གང་དུ་འདོད། ཕམ་པར་གཏོགས་པའི་སྦོམ་པོའོ། །ཞེས་ཟེར་བ་ལས་འོས་མེད་པས། དེ་ཆོས་ཅན། རྩ་ལྟུང་མ་ཡིན་པར་ཐལ། ལྟུང་བ་སྦོམ་པོ་ཉིད་ཡིན་པའི་ཕྱིར་མདོ་སྡེ་པས་ཕམ་པ་འཆབ་མེད་རྩ་ལྟུང་དུ་མི་འདོད་པ་དེ་འདྲ་མཚུངས་ཀྱི་ལུང་དང་སྦྱར་ནས། རྡོ་རྗེ་ཐེག་པའི་སྐབས་འདིར་འཆབ་སེམས་ཡོད་མེད་ཀྱིས་ཕམ་པ་དང་རྩ་ལྟུང་སོ་སོར་འབྱེད་པའི་ཤེས་བྱེད་དུ་ཇི་ལྟར་རུང༌། གཉིས་པ་གནོད་བྱེད་ནི། འགྲེལ་ཆེན་མཁན་པོའི་འདོད་པ་དེ་ལྟ་ན། ཕམ་པ་དང་རྩ་ལྟུང་ཕན་ཚུན་སྤངས་འགལ་དུ་སོང་བས། དེ་སྐབས་ཀྱི་ཕམ་པ་ཆེན་པོ། རྩ་ལྟུང་སྐྱེད་བྱེད་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི་མཐར་ཐུག་གི་ལྟུང་བ་གང་ཞིག རྩ་ལྟུང་གི་རྣམ་སྨིན་དངོས་སུ་བཤད་པ་དེའི་རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། ཕམ་པ་མ་ཡིན་པའི་རྩ་ལྟུང་ཆོས་ཅན། རྩ་ལྟུང་མ་ཡིན་པར་ཐལ། རང་འབྲས་རྩ་ལྟུང་གི་རྣམ་སྨིན་འབྱིན་བྱེད་མ་ཡིན་པའི་ཕྱིར། རྩ་ལྟུང་གི་རྣམ་སྨིན་དམྱལ་བ་ཙམ་ལ་འཆད་པ་དེ་ལྟ་ན། རྡོ་རྗེ་ཐེག་པའི་རྩ་ལྟུང་དང༌། ཉན་ཐོས་ཐེག་པའི་རྩ་ལྟུང་གཉིས་ལ་འགལ་ཟླ་སྡོམ་པའི་ཁྱད་པར་དང༌། བྱེད་པ་པོ་ཉེས་པ་ལྕི་ཡང་གི་ཁྱད་པར་དང༌། བསྲུངས་ན་ཕན་ཡོན་གྱི་ཁྱད་པར་སོགས་ཆེ་ཆུང་ཡོད་པ་མ་ཡིན་པར་འགྱུར་ཏེ། མ་བསྲུངས་པའི་ཉེས་དམིགས་སུ་གྱུར་པའི་རྣམ་སྨིན་གྱི་ངོ་བོ་ལ་ལྕི་ཡང་གི་ཁྱད་པར་མ་དམིགས་པའི་ཕྱིར། གཉིས་པ་སུན་འབྱིན་སོ་སོའི་དངོས་ལན་བཏབ་པ་ལ། སྔགས་འདུལ་མཛད་པས་རྗེ་བཙུན་ཆེན་པོའི་བཞེད་པ་སུན་འབྱིན་པར་བྱེད་པའི་རྣམ་གྲངས་ཀྱི་རྣམ་པ་བཅོ་ལྔ་ལས། དང་པོའི་ལན་གདབ་པ་ནི། སོ་ཐར་གྱི་རྩ་བའི་མདོར། ཕམ་པ་བཞི་བཤད་པ་དེ་འགྲེལ་པ་མཁན་གྱི་རྣམ་པར་འགྲེལ་བ་ན། རེ་རེའི་སྐབས་སུའང་དངོས་གཞི་དང༌། སྦོམ་པོ་དང་ཉེས་བྱས་ཏེ་གསུམ་གྱི་སྒོ་ནས་འཆད་པ་དང་འདི་མཚུངས་པ་མ་ཡིན་ཏེ། དེའི་སྐབས་ཀྱི་སྦོམ་པོ་དང་ཉེས་བྱས་ནི་སྟོན་པ་སངས་རྒྱས་ཀྱིས་རྩ་བའི་ལུང་ཉིད་དུ་གསལ་བར་གསུངས་པ་ཡིན་ལ། ཁྱེད་འཆད་པ་འདི་ལ་ནི། རྒྱུད་དང་ཁུངས་ཐུབ་ཀྱི་རྒྱ་གཞུང་ལས། རྩ་ལྟུང་རེ་རེའི་སྐབས་སུ་དངོས་པོའི་ལྟུང་བ་ལས་ལོགས་སུ་ལྟུང་བ་དྲུག་ཚན་ལྟ་ཞོག སྦོམ་པོ་ལྟ་བུ་རེ་རེའི་བཤད་པ་ཡང་མེད་པའི་ཕྱིར་དང༌། འདུལ་བར་ནི། དེ་དག་སྐབས་དེར་བཤད་ན་ལྟུང་བ་སྡེ་ལྔའི་སྡེ་ཚན་གཞན་དུ་བསྡུས་པར་མི་ནུས་ལ། འདིར་ནི་ཕམ་པ་ལ་རྩ་ལྟུང་གི་ནང་དུ་དང༌། ལྷག་མ་རྣམས་ཡན་ལག་གི་ལྟུང་བའི་ནང་དུ་འདུས་པར་ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར་དང༌། འདུལ་བར་ནི་ཕམ་པ་བཞིའི་བཤད་པ་མཛད་པ་ན་ཕམ་པ་ལས་ལྕི་བའི་བཅས་ལྟུང་མི་འཆད་ལ། ཁྱེད་ཀྱིས་ནི་རྩ་ལྟུང་གི་རྣམ་གཞག་འཆད་པ་ནི། རྩ་ལྟུང་སྟོན་བྱེད་ཀྱི་གཞུང་གིས་བསྟན་པའི་རྩ་ལྟུང་དེ་ལྟུང་བ་ཕམ་པ་ཞེས་པའི་མིང་ཅན་གཞུང་ལས་མ་བཤད་པ་ཞིག་ལྷག་པར་བསྣན་ནས་འཆད་པའི་ཕྱིར། སུན་འབྱིན་གཉིས་པར་ཐེག་པ་ཆེན་པོའི་གཞུང་ནས་བཤད་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་གཉིས་སུ་མ་འདུས་པའི་ལྟུང་བ་བཤད་པའི་ཤེས་བྱེད་དུ། སྡོམ་པ་ཉི་ཤུ་པར་ཉེས་བྱས་བཞི་བཅུ་ཞེ་དྲུག་བཤད་པའི་ཕྱིར་ཞེས་ཟེར་བ་དེ་ནི། ཁྱབ་པ་འགལ་བའི་ལྟག་ཆོད་ཡིན་ཏེ། ཉེས་བྱས་ཞེ་དྲུག་པོ་ཡན་ལག་གི་ལྟུང་བ་དངོས་ཡིན་པའི་ཕྱིར། དེ་ལས་གཞན་དུ་ཡན་ལག་གི་ལྟུང་བ་ཡིན་པས་ཉེས་བྱས་སུ་འགལ་ན། ཁྱེད་རང་གི་བཤད་མ་ཐག་པའི་ཉེས་བྱས་དང་ཉེས་བྱས་ཕྲ་མོ་རྣམས་ཆོས་ཅན། ཡན་ལག་གི་ལྟུང་བ་མ་ཡིན་པར་ཐལ། ཉེས་བྱས་ཡིན་པའི་ཕྱིར། འདོད་ན་རྩ་བའི་ལྟུང་བར་ཐལ། རྡོ་རྗེ་ཐེག་པའི་ལྟུང་བ་གང་ཞིག ཡན་ལག་གི་ལྟུང་བ་མ་ཡིན་པའི་ཕྱིར། ཁྱབ་པ་ཡང་ཁས་བླངས་མ་ཐག་པ་དེ་ཉིད་དོ། །སྡོམ་པ་ཉི་ཤུ་པའི་འགྲེལ་པའི་ལུང་དྲངས་པ་དེ་ནི་འཁྲུལ་སྤོང་ལ་སྒྲུབ་བྱེད་དུ་སོང་བ་ཡིན་ཏེ། ལུང་དེར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ལྟོས་པའི་ཉེས་པའི་རིགས་ཐམས་ཅད་ཕམ་པ་ལྟ་བུའི་ཆོས་དང༌། ཉེས་བྱས་གཉིས་ལས་གང་རུང་དུ་འདུས་པར་ཚིག་ཟིན་ལ་བསྟན་པའི་ཕྱིར། བསྟན་མོད་དེ་ལས་ཅི་ལྟར་འགྱུར་ཞེ་ན་ལུང་དེ་ཁྱེད་ལ་གནོད་བྱེད་དུ་སོང་བའི་ཚུལ་འདི་ལྟར། རྩ་ལྟུང་ལྔ་པ་ལ་བརྒྱད་དུ་ཕྱེ་བའི་དུས་ཀྱི་རྩ་ལྟུང་དང༌། ལྕི་བ་དང༌། སྦོམ་པོ་དང༌། ཡན་ལག་ཅེས་བྱ་བའི་ལྟུང་བ་དེ་རྣམས་ཆོས་ཅན། ལྟུང་བའི་རིགས་གཉིས་པོ་གང་རུང་དུ་ཐལ། བྱང་སེམས་ཀྱི་སྡོམ་པ་ལ་ལྟོས་པའི་ལྟུང་བ་ཡིན་པའི་ཕྱིར། འདིར་ལུང་དེ་ཚད་མར་མི་བྱེད་ཅེ་ན། ཁྱེད་ཀྱིས་ལུང་ཚད་མར་དྲངས་ཟིན་པ་དེ་ཉིད་དོ། །ཐེག་ཆེན་སྤྱིའི་དབང་དུ་བྱས་སོ་ཞེ་ན། ལེགས་པར་སྨྲས་པ་ཉིད་དེ། ཐེག་ཆེན་སྤྱིའི་ལྟུང་བ་ལ་དེར་ངེས་དགོས་ན། རྡོ་རྗེ་ཐེག་པའི་ལྟུང་བ་ལ་གཉིས་པོ་དེར་ངེས་དགོས་པའི་ཕྱིར། སུན་འབྱིན་གསུམ་པ་རྡོ་རྗེ་ཐེག་པའི་རྩ་ལྟུང་ལ་ཉེས་པའི་ཆ་མང་པོ་དབྱེར་རུང་བའི་ཤེས་བྱེད་དུ། སྡོམ་པ་ཉི་ཤུ་པར་ཕམ་པ་ལྟ་བུའི་ཆོས་རེ་རེ་ལ་ཀུན་དཀྲིས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་དབྱེ་བས་གསུམ་དུ་བཤད། ཅེས་འདྲེན་པ་དེ་ལུགས་དེའི་སྒྲུབ་བྱེད་དུ་མ་འབྲེལ་བར་མ་ཟད་གནོད་བྱེད་དུ་སོང་བ་ཡིན་ཏེ། དེ་སྐབས་ཀྱི་ཀུན་དཀྲིས་ཆུང་འབྲིང་གིས་ཕམ་པ་ལྟ་བུའི་ཆོས་བྱས་པ་དེ་ཉེས་བྱས་དང༌། ཅིག་ཤོས་ཕམ་པ་ལྟ་བུའི་གནས་སུ་བཤད་ནས། གསུམ་པོ་དེ་གཉིས་པོ་གང་རུང་གི་ནང་དུ་འདུས་པར་བཤད་ལ། ཁྱེད་ཀྱི་ཕྱོགས་ལ་དེ་མི་རུང་བའི་ཕྱིར། སུན་འབྱིན་བཞི་པ་རྡོ་རྗེ་ཐེག་པའི་ལྟུང་བ་ལ་རྩ་ལག་གཉིས་སུ་མ་འདུས་པའི་སྦོམ་པོ་བཤད་པའི་ཤེས་བྱེད་དུ། རྡོ་རྗེ་རྩེ་མོར། ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་སོགས་སྦོམ་པོའི་ལྟུང་བ་སྟོན་པའི་གཞུང་ཚད་ལྡན་ཡིན་པའི་ཕྱིར། ཞེས་པ་དེ་ཡང་གཏན་ཚིགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་ཡིན་ཏེ། ལུང་དེའི་གོང་གི་འཕྲོས་ལ་ལྟས་ན། རྩ་ལྟུང་གི་བཤགས་སྦྱང་ཐུན་ཚོད་ལས་འདས་ན་དེ་ཁ་ན་མ་ཐོ་བ་སྦོམ་པོ་དེ་ཆེན་པོར་འགྱུར་ཞེས་པའི་དོན་དུ་གསལ་བའི་ཕྱིར་རོ། །ཇི་སྐད་དུ། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤངས་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་ཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་ལ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་གསུངས་པའི་ཕྱིར། སུན་འབྱིན་ལྔ་པ། བསྡུ་ན་རྩ་ལག་གཉིས་སུ་འདུས་པ་དང༌། ཕྱེ་ན་བདུན་དུ་དབྱེ་བ་མི་འགལ་ཞེས་པ། སྤྱིར་དེ་ལྟ་བུ་སྲིད་ཀྱང་ཁྱེད་ལ་ནི་མི་རུང་སྟེ། འདི་ལྟར། དེ་སྐབས་ཀྱི་ཕམ་པ་ཆོས་ཅན། རྩ་ལག་གང་རུང་གི་ལྟུང་བར་ཐལ། རྡོ་རྗེ་ཐེག་པའི་ལྟུང་བ་ཡིན་པའི་ཕྱིར། འདོད་ན་ཡན་ལག་གི་ལྟུང་བ་མ་ཡིན་ཏེ། ཕམ་པ་ཡིན་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ་པར་མ་ཟད་ཁས་ཀྱང་བླངས་ཏེ། ཡན་ལག་གི་ལྟུང་བ་ཡིན་ན་རྩ་ལྟུང་མ་ཡིན་པར་ཁས་བླངས་པ་གང་ཞིག ཕམ་པ་ཡིན་ན་རྩ་ལྟུང་དུས་འདས་ཀྱི་ལྟུང་བར་འཆད་པའི་ཕྱིར། རྩ་བའི་ལྟུང་བ་ཡིན་པར་ཐལ། ཕམ་ལྟུང་གཉིས་པོ་ཕན་ཚུན་སྤངས་འགལ་དུ་འདོད་པ་ཁྱེད་ཀྱི་རྩ་བའི་གྲུབ་མཐའ་ཡིན་པའི་ཕྱིར། སུན་འབྱིན་དྲུག་པ། ཕམ་པ་དང༌། ཕམ་འདྲ་དང༌། རྩ་ལྟུང་གསུམ་དོན་མི་གཅིག་པའི་ཤེས་བྱེད་དུ། དགེ་ཚུལ་གྱི་རྩ་ལྟུང་ཕམ་འདྲ་ཡིན་ལ། ཕམ་པ་ཞེས་བརྗོད་དུ་མི་རུང་བའི་ཕྱིར། ཞེས་པ་ཡང་འཁྲུལ་སྤོང་གི་ལུགས་ལ་སུན་འབྱིན་དུ་འཇུག་པ་མ་ཡིན་ཏེ། འཁྲུལ་སྤོང་ན་ནི་སྤྱིར་ཐེག་པ་ཆེན་པོའི་གཞུང་རྣམས་ནས། ཤེས་པ་ཁྱད་གཞིར་གཞག་ནས། གསུམ་པོ་དོན་གཅིག་པ་ཁྱད་ཆོས་སུ་བཤད་པའི་ཕྱིར་དང༌། གསུམ་པོ་རྣམ་གྲངས་ཡིན་ཞེས་པའི་གོ་བ་ཡང་གསུམ་པོ་དེ་རང་རང་གི་དངོས་ཀྱི་འགལ་ཟླར་གྱུར་པའི་སྡོམ་པ་ལ་ལྟོས་པའི་རྩ་བའི་ལྟུང་བར་འཇོག་མཉམ་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། འདི་གསུམ་རྣམ་གྲངས་སུ་བཤད་པས་འགྲེལ་ཆེན་གྱི་ལུགས་ལ་གནོད་པའི་ཤེས་བྱེད་ཀྱང༌། རྩ་ལྟུང་ལས་ཕམ་འདྲ་ལྕི་བ་དང༌། དེ་ལས་ཕམ་པ་ལྕི་བར་འཆད་པ་ལ་གནོད་བྱེད་སྟོན་པར་བཞེད་པ་ཡིན་ལ། དགེ་ཚུལ་གྱི་ཕམ་འདྲ་ལས་ཕམ་པ་ལྕི་བའི་ཤེས་བྱེད་ཀྱི་ལུང་རིགས་མེད་པའི་ཕྱིར། གཞན་ཡང་ཁྱེད་ལྟར་ན་ཐེག་པ་ཆེན་པོའི་སྐབས་འདིར་ཕམ་འདྲ་དང་ཕམ་པ་འགལ་བར་ཐལ། འདུལ་བའི་རང་ལུགས་ལ་དེ་གཉིས་འགལ་བའི་ཕྱིར། ཁྱབ་པ་ཁས་བླངས་པའི་ཤེས་བྱེད་ནི། ཐེག་ཆེན་དུ་གསུམ་པོ་མི་གཅིག་པའི་ཤེས་བྱེད་དུ་འདུལ་བར་དོན་གཅིག་པ་གཏན་ཚིགས་སུ་བཀོད་པ་དང༌། རྟགས་ཚད་མས་ཀྱང་གྲུབ་ཅིང༌། འདོད་ན་དེ་ལས་གཞན་པ་བཅུ་བཞི་ནི། །ཞེས་སོགས་གོང་དུ་དྲངས་མ་ཐག་པའི་ལུང་དང་འགལ། ཐེག་ཆེན་གཞིར་བྱས་ལ་གསུམ་པོ་དོན་གཅིག་པར་རྗེ་བཙུན་གྱིས་བཤད་པའི་དགོངས་པ་ཡང་སེམས་བསྐྱེད་ཀྱི་སྡོམ་པ་དང་རིག་འཛིན་གྱི་སྡོམ་པའི་འགལ་ཟླ་ལ་དགོངས་པ་ཡིན་ཏེ། འཁྲུལ་སྤོང་དུ་གསུམ་པོ་དོན་གཅིག་པའི་ཁྱད་གཞི་འཆད་པ་ན། སྤྱིར་ཐེག་ཆེན་གྱི་གཞུང་རྣམས་ནས། ཞེས་གསུངས་ལ། ཐུན་མོང་འདུལ་བ་ནི་ཐེག་ཆེན་གྱི་གཞུང་དུ་འཆད་མི་ནུས་པའི་ཕྱིར་རོ། །སུན་འབྱིན་བདུན་པ་ཕམ་ལྟུང་གི་ཁྱད་པར་བཤགས་དུས་ལས་འདས་མ་འདས་ཀྱི་ཤེས་བྱེད་ཀྱི་དཔེར། དགེ་ཚུལ་གྱི་རྩ་ལྟུང་འཆབ་བཅས་གསོར་མི་རུང་བའི་རྒྱུ་མཚན་གྱིས་ཕམ་པ་དང་འདྲ་བ་ཞེས་བརྗོད་པ་བཞིན་ནོ། །ཞེས་གསུངས་པ་ནི། བསྒྲུབ་བྱ་ལ་ཚད་མའི་བསལ་བ་བསྟན་ཟིན་པར་མ་ཟད། སྒྲུབ་བྱེད་ཀྱི་དཔེ་ལ་འདྲ་བ་ཙམ་ཡང་མེད་པས་འདོད་རྒྱལ་བ་ཁོ་ནའོ། །དེ་ཡང་འདི་ལྟར་རྡོ་རྗེ་ཐེག་པའི་ཕམ་པ་དེ་སླར་གསོར་མི་རུང་བར་ཐལ། ཉན་ཐོས་ཐེག་པའི་ཕམ་པ་དང་ཕམ་འདྲ་འཆབ་བཅས་སླར་གསོར་མི་རུང་བའི་ཕྱིར། ཉན་ཐོས་ཐེག་པའི་རྩ་ལྟུང་འཆབ་བཅས་རྩ་ལྟུང་མ་ཡིན་པར་ཐལ། རྡོ་རྗེ་ཐེག་པའི་རྩ་ལྟུང་འཆབ་བཅས་དེ་རྩ་ལྟུང་མ་ཡིན་པའི་ཕྱིར། འདི་དག་ཁྱབ་པ་ཞེ་འདོད་ལ་ཁས་ལེན་དགོས་པའི་ཤེས་བྱེད། ཉན་ཐོས་ཀྱི་ཐེག་པར་རྩ་ལྟུང་ལ་འཆབ་བཅས་དང་འཆབ་མེད་གཉིས་སུ་ཕྱེ་ནས་སླར་གསོར་རུང་གི་ཁྱད་པར་ཡོད་པ་དང་འདྲ་བའི་དཔེ་དང་མཚུངས་པའི་སྒྲུབ་བྱེད་དུ་བཀོད་པས་སོ། །ཡང་རྡོ་རྗེ་ཐེག་པ་འདིར་ཕམ་པ་གསོར་མི་རུང་བ་མ་ཡིན་པར་ཐལ། ཕམ་པ་ལ་འགྱོད་བཤགས་ཀྱི་བློ་སྐྱེས་པས་རྩ་ལྟུང་དུ་གནས་འགྱུར་བ་ཉིད་དུ་ཞལ་གྱིས་བཞེས་པ་གང་ཞིག་རྩ་ལྟུང་ནི་གསོར་རུང་བའི་ཚུལ་ཕམ་པ་འཆབ་མེད་དང་འདྲ་མཚུངས་སྦྱོར་བར་བཞེད་པའི་ཕྱིར། སུན་འབྱིན་བརྒྱད་པ་རྩ་ལྟུང་དང་པོའི་དུས་འདས་ཕམ་པ་དང༌། གཉིས་པ་སོགས་ཀྱི་དུས་འདས་ལ་ཕམ་འདྲར་འཇོག་པའི་ཤེས་བྱེད་དུ། རྩ་ལྟུང་དང་པོའི་ཡུལ་རྡོ་རྗེ་སློབ་དཔོན་ནི་རྩ་ལྟུང་ཕྱི་མ་རྣམས་ཀྱི་ཡུལ་ལས་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས། རྩ་ལྟུང་དང་པོ་འདི་ཕྱི་མ་རྣམས་ལས་ཆེས་ལྕི་བ་ཡིན་ལ། རྩ་ལྟུང་ལྕི་བ་ན་དུས་འདས་ཀྱི་ལྟུང་བ་ཡང་ལྕི་བའི་རྒྱུ་མཚན་གྱིས་ཕམ་པར་འཇོག་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། རིགས་པ་དང་འགལ་བ་དང༌། ཁས་བླངས་ནང་འགལ་བའོ། །དང་པོ་ནི། འོ་ན་བཅུ་བཞི་པོ་ལ་རྩ་ལྟུང་ཡིན་མིན་གྱི་ཁྱད་པར་ཡོད་པར་ཐལ། དེ་སྐྱེད་པའི་ཡུལ་ལ་བཟང་ངན་གྱི་ཁྱད་པར་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས་ཀྱིས་གྲུབ། ཡང་བཅུ་བཞི་པོ་ཆོས་ཅན། རྩ་ལྟུང་ཡིན་མིན་གྱི་ཁྱད་པར་ཅན་དུ་ཐལ། དུས་འདས་ཀྱི་ལྟུང་བ་ཕམ་པ་ཡིན་མིན་གྱི་ཁྱད་པར་ཅན་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་དགེ་འདུན་དབྱེན་གྱི་རྫུན་ཏེ་མི་ཆོས་བླ་མའི་རྫུན་ལས་ཆེས་ལྕི་བའི་ཕམ་པ་ཉིད་དུ་འཇོག་རིགས་པར་ཐལ། དེ་ཅིག་ཤོས་ལས་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར། མ་ཁྱབ་སྟེ། བཅས་པའི་དབང་ལས་སོ། །ཞེ་ན། ཉེས་པ་ཆེ་བ་ལ་བཅས་པ་ཆུང་བར་འཇོག་སྲིད་པ་དེ་ལྟ་ན་ཁྱེད་ཀྱི་རྩ་བའི་དམ་བཅའ་ཉམས་སོ། །སུན་འབྱིན་དགུ་པ། ཡན་ལག་བདུན་ལྡན་གྱི་སྦྱོར་བས་རྡོ་རྗེ་སློབ་དཔོན་འཚོ་བ་དང་ཕྲལ་ཙམ་གྱིས་རྡོ་རྗེ་དམྱལ་བར་ལྟུང་དགོས་པ་མ་ཡིན་པའི་ཤེས་བྱེད་དུ། དེ་ལྟ་བུ་ནི་བཅས་པའི་དབང་ལས་ཡིན་ཏེ། མི་ཆོས་བླ་མའི་རྫུན། དགེ་འདུན་དབྱེན་གྱི་རྫུན་བཞིན་ནོ། །ཞེས་གསུངས་པ་ནི་མཐིལ་ཕྱིན་པ་མ་ཡིན་ཏེ། ལྟུང་བ་ཆེ་ཆུང་དུ་བཅས་པ་རྣམ་འཇོག་ལ་རག་ལས་ཀྱང༌། རྣམ་སྨིན་འབྱིན་པ་བཅས་པ་རྣམ་འཇོག་ལ་རག་ལས་པ་མ་ཡིན་པའི་ཕྱིར། དཔེར་ན། དགེ་འདུན་དབྱེན་གྱི་རྫུན་དང་མི་ཆོས་བླ་མའི་རྫུན་གཉིས་ལྟུང་བ་ཆེ་ཆུང་དུ་གཞག་ཀྱང༌། ལྟུང་བ་ཆུང་བ་དེས་རྣམ་སྨིན་ཆེ་བ་དེའི་རྒྱུ་བྱེད་པ་ནི་དངོས་པོ་གནས་ཚོད་ལ་རག་པ་བཞིན་ནོ། །གཞན་ཡང་འདི་ལྟར། དགེ་སློང་རྡོ་རྗེ་འཛིན་པས་སྦྱོར་བ་བདུན་ལྡན་གྱིས་རྡོ་རྗེ་སློབ་དཔོན་གྱི་སྲོག་འཚོ་བ་དང་ཕྲལ་བའི་ལྟུང་བ་འགྱོད་བཤགས་དུས་ལ་འདས་པ་དེ་ཆོས་ཅན། ཕམ་པ་ཡིན་ཏེ། སྲོག་གཅོད་ཀྱི་ཕམ་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན་རང་གི་རྣམ་སྨིན་རྡོ་རྗེའི་དམྱལ་བ་འབྱིན་རུང་ཡིན་ཏེ། རྡོ་རྗེ་ཐེག་པའི་རྩ་ལྟུང་རྣམས་ཀྱི་ལྕི་ཤོས་མཐར་ཐུག་པ་དེ་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱིས་རྗེས་སུ་དཔག་པའི་ཚད་མ་འདྲེན་པར་མི་ནུས་སམ། གཏན་ཚིགས་གཉིས་པ་དེའི་ཁྱབ་པ་ལ་ཚེར་མ་མི་འཇུག་པའི་ཤེས་བྱེད་ཀྱང༌། རྡོ་རྗེའི་དམྱལ་བ་དེ་རང་རྒྱུ་རྩ་ལྟུང་གི་རྣམ་སྨིན་མ་ཡིན་པར་འགྱོད་བཤགས་དུས་འདས་ཀྱི་རྣམ་སྨིན་ཉིད་དུ་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་ན་འགྱོད་བཤགས་དུས་འདས་ཀྱི་བློ་ལུང་མ་བསྟན་མི་སྲིད་པར་ཐལ་བ་དང༌། དུས་འདས་ཀྱི་བློ་དེ་ཉིད་རྩ་ལྟུང་དུ་ཐལ་བར་འགྱུར་ཏེ། རྣམ་སྨིན་དེ་འདྲ་འབྱིན་བྱེད་ཀྱི་ལྟུང་བ་ཡིན་པའི་ཕྱིར། སུན་འབྱིན་བཅུ་པ། རྩ་ལྟུང་གིས་རྡོ་རྗེ་དམྱལ་བ་མི་སྐྱེད་པའི་ཤེས་བྱེད་དུ། རྡོ་རྗེ་དམྱལ་བ་ནི་རྣམ་སྨིན་སྡུག་བསྔལ་རྣམས་ཀྱི་ནང་ནས་ལྕི་ཤོས་ཡིན་པས། དེའི་རྒྱུ་ཡང་རྡོ་རྗེ་ཐེག་པའི་ཉེས་པ་རྣམས་ཀྱི་ནང་ན་ཤིན་ཏུ་ལྕི་ཤོས་ཤིག་དང་རྒྱུ་འབྲས་སུ་འབྲེལ་དགོས་པའི་ཕྱིར། དེའི་ཁྱབ་འབྲེལ་ཡང་རྡོ་རྗེ་ཐེག་པའི་རྩ་ལྟུང་ལས་དེའི་ཕམ་པ་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར། ཞེས་གསུངས་པ་ནི་སྒྲུབ་བྱེད་འཁྲུལ་བ་དང༌། བསྒྲུབ་བྱ་ཚད་མས་བསལ་བ་གཉིས་ཀ་དང་བཅས་པའོ། །དང་པོ་ནི། འོ་ན་རྩ་ལྟུང་དང་པོ་ལ་ལྟོས་པའི་ཕམ་པ་གཅིག་ཁོ་ནས་རྣམ་སྨིན་དེ་མི་འབྱིན་པར་ཐལ། དེ་བས་ཀྱང་ཉེས་པ་ཆེ་བའི་རྡོ་རྗེ་ཐེག་པའི་ཕམ་པ་བཞི་ཡོད་པ་ཁས་ལེན་དགོས་པའི་ཕྱིར། གཉིས་པ་ནི། རྩ་ལྟུང་དང་པོ་འཆབ་ཉེས་དེ་ཆོས་ཅན། རྩ་ལྟུང་དང་པོ་ལས་ལྕི་བ་མ་ཡིན་ཏེ། རྩ་ལྟུང་དང་པོ་ནི་དག་བྱེད་ཀྱི་གཉེན་པོ་སྟོབས་ལྡན་ཞིག་གིས་དག་པར་བྱེད་དགོས་ལ། ཁྱོད་དག་བྱེད་ཀྱི་གཉེན་པོ་ནི་རྩ་ལྟུང་དང་པོ་ལ་འགྱོད་བཤགས་སྐྱེས་པ་ཙམ་གྱིས་ཆོག་པར་ཁས་བླངས་པའི་ཕྱིར། དཔེར་ན་ཕམ་པ་རྩ་ལྟུང་དུ་གནས་གྱུར་པའི་ཚུལ་ཁས་ལེན་པ་དེའི་ཚེ་བཞིན་ནོ། །སུན་འབྱིན་བཅུ་གཅིག་པ་ཕམ་པ་དང་རྩ་ལྟུང་ལ་རྡོ་རྗེ་དམྱལ་བར་ལྟུང་མི་ལྟུང་གི་ཁྱད་པར་ཡོད་པའི་ཤེས་བྱེད་དུ། རྩ་ལྟུང་སྤྱིའི་ཉེས་པ་གསུང་བ་ན་གཞུང་ལས། མཐུར་དུ་ལྟུང་སྟེ་དམྱལ་བར་འགྲོ། །ཞེས་གསུངས་ཤིང༌། རྡོ་རྗེ་སློབ་དཔོན་ལ་སྨོད་པ་ཉེས་པ་ལ། མནར་མེད་ལ་སོགས་འཇིགས་རུང་བའི། །ཞེས་སོགས་ཀྱི་སྒྲ་ཡོད་ལ། སོགས་ཁོངས་ནས་རྡོ་རྗེ་དམྱལ་བ་འདོན་སྲིད་པའི་ཕྱིར། ཞེས་གསུངས་པ་ནི་རྒོལ་བ་ཉིད་ལ་གནོད་བྱེད་དུ་འཇུག་པ་ཡིན་ཏེ། རྡོ་རྗེ་སློབ་དཔོན་ལ་སྨོད་པའི་རྩ་ལྟུང་རྡོ་རྗེ་དམྱལ་བའི་རྒྱུར་ཁས་བླངས་པའི་ཕྱིར། དེ་ཕམ་པ་ལ་དགོངས་སོ་ཞེ་ན། འོ་ན་རྩ་ལྟུང་སྤྱིའི་ཉེས་པ་དེ་ཡང་ཕམ་པ་ལ་དགོངས་སོ། །སྤྱིར་ཡང་དམྱལ་བར་འགྲོ། །ཞེས་པ་དང༌། མནར་སོགས་སུ་འགྲོ་ཞེས་པ་གཉིས་ལ་སྤྱི་བྱེ་བྲག་གི་ཁྱད་པར་ཡོད་པ་ཡིན་ཀྱང༌། སྤྱིར་བཏང་དང་དམིགས་བསལ་གྱི་དོན་ཡོད་པ་མ་ཡིན་པ་དང༌། ལུང་སྔ་མ་རྩ་ལྟུང་དང་ཕྱི་མ་ཕམ་པའི་དབང་དུ་བྱས་པ་མ་ཡིན་པས་གང་ལ་ཡང་མ་ཕན་པའི་ཕྱིར་ཅི་ཡང་མ་ཡིན་པའི་ལུང་ངོ༌། །སུན་འབྱིན་བཅུ་གཉིས་པ་སྦྱོར་བ་བདུན་ལྡན་གྱི་བཀྲོངས་པ་ཙམ་རྩ་ལྟུང་དུ་བཤད་པ་མཉན་དུ་མི་རུང་ཞེས་གསུང་དགོས་མ་ཡིན་ཏེ་མནར་མེད་དུ་ལྟུང་བའི་ཉེས་པ་ཡོད་པར་བཤད་པའི་ཕྱིར། ཞེས་འཆད་པ་དེ་ཡང་སུན་འབྱིན་དུ་འཇུག་པ་མ་ཡིན་ཏེ། རྗེ་བཙུན་གྱིས་ནི་དེ་འདྲ་དེ་རྩ་ལྟུང་དུ་བཤད་པ་ལ་དཔྱས་གདགས་པ་མ་ཡིན་གྱི། སྦྱོང་བ་བདུན་ལྡན་གྱིས་རྡོ་རྗེའི་སློབ་དཔོན་འཚོ་བ་དང་ཕྲལ་ནས་ལོ་གསུམ་མ་འདས་ཀྱི་བར་དུ་ཕམ་པར་མི་འགྱུར་ཞེས་སྨྲ་བ་དེ་ལ་ཐུགས་ཤིན་དུ་འཁུ་བར་མཛད་པ་ཡིན་པའི་ཕྱིར་རོ། །ཡང་འཚོ་བ་དང་ཕྲལ་ཞེས་པ་འཚོ་བ་གསུམ་པོ་གང་རུང་དང་ཕྲལ་བ་ལ་བྱེད་པ་ཡིན་ཞེས་པའི་སྐྱོན་སྤོང་དེ་ནི་ཅིར་ཡང་མི་རུང་སྟེ། ཕྱོགས་སྔ་ཕྱི་གཉིས་ལ་ཕན་གནོད་གང་དང་འབྲེལ་བ་མེད་པའི་ཕྱིར། འབྲེལ་བ་ཡོད་ན། སྲོག་འཚོ་བ་དང་ཕྲལ་ན་ཕམ་པ། ཉོན་མོངས་ཀྱི་འཚོ་བ་དང་ཕྲལ་ན་ཕམ་པ་མ་ཡིན་ཞེས་འཆད་དགོས་པར་འགྱུར་རོ། །དེ་ལྟ་ན་ནི་འགྲེལ་ཆེན་གྱི་བཤད་པ་འདི་སྲོག་གི་དབང་དུ་བྱས་པ་ལས་འོས་མེད་དེ། མཚོན་ཆ་ལ་སོགས་པས་འཚོ་བ་འཕྲོག་པ་ཞེས་པ་སྦྱོར་བ་བདུན་པོའི་གཞི་རུ་བཤད་པའི་ཕྱིར། ཡང་ཕམ་ལྟུང་གི་ཁྱད་པར་འགྱོད་བཤགས་ཡོད་མེད་ཀྱི་འབྱེད་པ་དང༌། རྩ་ལྟུང་ཙམ་ལ་སྦྱོར་བ་བདུན་རྫོགས་དགོས་པར་འཆད་པ་འགལ་བ་ཡིན་ཏེ། སྦྱོར་བ་བདུན་གྱི་ངོས་འཛིན། ཡོངས་སུ་ཤེས་ཤིང་འགྱོད་པ་མེད་པ་དང༌། རྗེས་སུ་ཡི་རང་བ་དང་ལྡན་པ་ཞེས་པ་གཉིས་ཀྱང་བཤད་ལ། དེ་ལ་ནི་འགྱོད་བཤགས་མེད་པའི་དོན་ཚང་བའི་ཕྱིར་རོ། །སུན་འབྱིན་བཅུ་གསུམ་པ་མི་འཇུག་པའི་ཚུལ་ལ། རྣལ་ལན་མདོར་བསྟན་པ་དང༌། སྤྲོས་པ་ཅན་སོ་སོའི་བཤད་པའོ། །དང་པོ་ལ་ནི། རྩ་ལྟུང་སྤྱད་ན་སྡོམ་པ་གཏོང་བ་ཐམས་ཅད་མཐུན་པ་ཡིན་ནོ། །ཞེས་པ་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་དབང་དུ་བྱས་པར་གསལ་ཏེ། རྩ་ལྟུང་བཅུ་བཞི་པ་འདི་ཉིད་ན་བཅུ་བཞི་པོ་བསྲུངས་པའི་ཕན་ཡོན་དང༌། མ་བསྲུངས་པའི་ཉེས་དམིགས་བསྟན་པ་ལས་གསལ་བའི་ཕྱིར། འདིའི་སྤྲོས་པ་ལྷག་མ་ཡང་འོག་ཏུ་དཔྱད་པར་བྱའོ། །གཉིས་པ་ལ། ཇི་སྐད་དུ། ཉམས་པ་དང༌། མ་ཆགས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ་ཞེས་པ་བྱེ་བྲག་ཏུ་སྨྲ་བའི་གཞུང་ཡིན་ཞེས་པ་ནི་དེ་ལྟར་མ་ཡིན་ཏེ། གཞུང་དེ་ནི་བྱེ་མདོ་གཉིས་ཀས་ཐུན་མོང་དུ་ཁས་ལེན་དགོས་པའི་གཞུང་ཡིན་པའི་ཕྱིར་དང༌། ལུང་ཞུ་བའི་གཞུང་ཇི་ལྟ་བ་བཞིན་བཀོད་པ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལུང་དེ་ཤེས་བྱེད་དུ་འདྲེན་པ་ནི། བསྒྲུབ་བྱ་དང་འབྲེལ་བའི་ལུང་ཡོད་བཞིན་དུ་གནོད་བྱེད་ཀྱི་ལུང་དྲངས་པ་ཡིན་ནོ། །ཡོད་པ་དེ་གང་ཞེ་ན། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་གསུངས་པ་དེས་ཕམ་པས་སྡོམ་པ་མི་གཏོང་བའི་དོན་བསྟན་པ་ཡིན་ཏེ། ཕམ་པ་འཆབ་མེད་ཀྱི་ཕམ་པའི་གོ་ཆོད་པ་ནི་བྱེ་སྨྲའི་ལུགས་རྩོད་མེད་ཡིན་པའི་ཕྱིར། ཡང་གལ་ཏེ་མདོ་སྡེ་པའི་གྲུབ་མཐའ་ལ་ཕམ་པས་སྡོམ་པ་གཏོང་བ་དེ་ཤེས་བྱེད་དུ་འགོད་ན་ནི་ལུགས་དེར་ཕམ་པ་ལ་འཆབ་བཅས་ཀྱིས་ཁྱབ་པར་ཁས་ལེན་པས་འདིར་ཡང་རྩ་ལྟུང་ལ་འཆབ་བཅས་ཀྱིས་ཁྱབ་པ་ཁས་ལེན་དགོས་པར་འགྱུར་རོ། །ཞེས་པའི་ཐལ་བ་སུན་འབྱིན་དུ་འཇུག་པ་མ་ཡིན་ཏེ། མདོ་སྡེ་པ་དང་རྡོ་རྗེ་ཐེག་པ་གཉིས་ཀ་ཕམ་པས་སྡོམ་པ་གཏོང་བར་ཁས་ལེན་མཉམ་དུ་འཇོག་པ་ཡིན་གྱི། གཅིག་གི་ཕམ་པའི་ཡན་ལག་ཏུ་གང་ཡོད་ཅིག་ཤོས་ཀྱི་ཕམ་པའི་ཡན་ལག་ཏུ་ཁས་ལེན་དགོས་པ་མ་ཡིན་པའི་ཕྱིར། ཡང་མདོ་སྡེ་པ་ཕམ་འཆབ་བཅས་སུ་འདོད་པ་ལ་ཡང་རྗེ་བཙུན་ཆེན་པོ་འཇིགས་དགོས་པར་ཐལ། རྩ་ལྟུང་འགྲེལ་ཆེན་གྱིས་ཕམ་པ་ལ་འཆབ་བཅས་ཀྱིས་ཁྱབ་པ་ཁས་བླངས་པ་ལ་འཇིགས་པའི་ཕྱིར། ཞེས་པ་ཡང་རྟགས་ཁས་བླངས་མེད་ན་མ་གྲུབ་པ་ཡིན་ཏེ། རྗེ་བཙུན་གྱིས་ནི་ཕམ་པ་ལ་འཆབ་བཅས་ཀྱིས་ཁྱབ་ཅེས་ཟེར་བ་ཡང་བའི་གནས་སུ་མཛད་པ་མ་ཡིན་གྱི། ཡུལ་རྡོ་རྗེ་སློབ་དཔོན་ལ་སྦྱོར་བ་བདུན་རྫོགས་ཀྱང་རྩ་ལྟུང་དུ་མི་འགྱུར་ཞེས་ཟེར་བ་ལ་ཐོས་སུ་མི་རུང་བའི་གཏམ་དུ་མཛད་པའི་ཕྱིར། སུན་འབྱིན་བཅུ་བཞི་པ། རྒྱ་ཆེར་འགྲེལ་ལ་རྒྱུད་དང་འགལ་བ་སྟོན་པ་ན། སློབ་དཔོན་སྨད་པར་མི་བྱ་སྟེ། །ཞེས་སོགས་དྲངས་པ་འདིས་གང་ལ་གནོད་པ་ཡིན་ཞེས་སོགས་བརྟགས་པའི་སུན་འབྱིན་འདི་ཡང་འཇུག་པ་མ་ཡིན་ཏེ། རྒྱུད་ཀྱི་ལུང་དེས་སློབ་དཔོན་ལ་སྨད་པའི་ཕམ་པ་ལ་འཆབ་སེམས་དགོས་པར་མ་བསྟན་པའི་ཕྱིར་དང༌། ལུང་དེས་རྩ་ལྟུང་དང་པོར་འགྱུར་བ་ལ་སྦྱོར་བ་བདུན་ལྡན་གྱིས་བཀྲོངས་པ་དགོས་པར་མ་བཤད་པའི་ཕྱིར། ཞེས་པ་ཡིན་ལ། དེ་ལྟར་ན་འདི་ཡང་འཇིགས་སུ་རུང་བའི་གནས་གཅིག་སྟེ། རྡོ་རྗེའི་སློབ་དཔོན་གྱི་སྲོག་འཚོ་བ་དང་མ་ཕྲལ་ན་གཞན་གྱིས་ཐུགས་ཇི་ཙམ་དཀྲུགས་ཀྱང་རྩ་ལྟུང་དུ་མི་འགྱུར་བར་ཁས་ལེན་པའི་ཕྱིར། ཇི་ལྟར་ཞེ་ན། འགྲེལ་ཆེན་དུ་རྩ་ལྟུང་དང་པོའི་ཚད་འཛིན་པ་ན། བླ་མ་གསུམ་ལྡན་ཞིག་ལ་སྦྱོར་བ་བདུན་རྫོགས་དགོས་པར་བཤད་ཅིང༌། བདུན་ནི་གསུམ་ལྡན་ཡིན་པ། ཉོན་མོངས་པས་ཀུན་ནས་བསླངས་པའོ། །ལུས་ངག་གི་སྦྱོར་བ་དང༌། འབྲེལ་བ་མཚོན་ཆ་ལ་སོགས་པས་འཚོ་བ་འཕྲོག་པ། ཡོངས་སུ་ཤེས་ཤིང་འགྱོད་པ་མེད་པ། རྗེས་སུ་ཡི་རང་བ་དང་ལྡན་པ། བདག་ཉིད་མ་འཁྲུལ་བར་གནས་པའོ། །ཞེས་འཆད་པ་ཡིན་པས་སོ། །སུན་འབྱིན་བཅོ་ལྔ་པ། མདོ་ནམ་མཁའི་སྙིང་པོ་ལས། བྱང་ཆུབ་སེམས་ཀྱི་རྩ་ལྟུང་ཉི་ཤུ་བཤད་ཅེས་པ་ཆ་མ་མཆིས་པའི་གསུང་ཡིན་ཞེས་སོགས་ཀྱང་ལྟག་ཆོད་ཁོ་ན་སྟེ། བསྒྲུབ་བྱ་འཁྲུལ་བ་དང་སྒྲུབ་བྱེད་ལ་གནོད་བྱེད་ཡོད་པའོ། །ནམ་མཁའི་སྙིང་པོའི་མདོར་རྩ་བའི་ལྟུང་བ་ཉི་ཤུ་བཤད་པ་ཡིན་ཏེ། མདོ་དེར་བྱང་སེམས་རྒྱལ་བློན་ལ་འབྱུང་བའི་ལྟུང་བ་ལྔ་ལྔ་སྟེ་བཅུ། ལས་དང་པོ་པ་ལ་འབྱུང་བ་བརྒྱད། མཚམས་མེད་ལྔ་པོ་སོ་སོར་ཕྱེ་བ་ཉི་ཤུ་རྩ་གཉིས་འབྱུང་བ་རྗེ་བཙུན་གྱིས་བཞེད་པའི་ཕྱིར་ཏེ། འཁྲུལ་སྤོང་ལས། བཞི་པོ་ཉིད་ཀྱི་ཁོངས་སུ་བཅོ་བརྒྱད་དམ། མཚམས་མེད་སོ་སོར་ཕྱེ་ནས་ཉི་ཤུ་གཉིས་ཏེ། དེ་འདིར་འདུ་བ་ཡིན་པས་ན། ཞེས་གསུངས་པའི་ཕྱིར། རྗེ་བཙུན་གྱིས་ནི་ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བའི་རྩ་ལྟུང་ལ་ཁྱེད་མི་འདོད་པ་དགུ་ལྷག་པོར་རྙེད་ཟིན་ན་བདུན་གང་ལས་བཙལ་བ་ནི་རྙེད་སླ་བ་ཡིན་ནོ། །ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བའི་རྩ་ལྟུང་བཅོ་བརྒྱད་དུ་འཆད་པ་ནི་བསླབ་བཏུས་ཀྱི་གཞུང་འཆད་པ་པོའི་སྔ་རབས་པ་ཀུན་ལ་མཐུན་པར་གྲུབ་ཅིང༌། རྗེ་བཙུན་འདི་དག་གིས་ནི་བཅོ་བརྒྱད་པོ་བཅུ་བཞིར་བསྡུ་བ་ཡང་མཛད་དེ། རྒྱལ་བློན་གྱི་བཅུ་པོ་རྫས་ཀྱི་ཆ་ནས་དྲུག་ཏུ་འདུས་ཤིང༌། ལས་དང་པོ་པའི་བརྒྱད་སོ་སོར་བགྲངས་པས་སོ། །དེ་ལ་བསམ་ནས་ཇི་སྐད་དུ། དེ་ལས་གཞན་པ་བཅུ་བཞི་ནི། །ཞེས་གསུངས་པས་སོ། །ཡང་ན་ནི་ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ་ངུར་སྨྲིག་འཕྲོག་པ་ལ་སོགས་གསུམ་པོ་སོ་སོར་བགྲངས་པས་ཉི་ཤུ་ལྷག་ཆད་མེད་པར་འབྱུང་ངོ༌། །གཉིས་པ་ནི། ཆ་མ་མཆིས་པའི་ཉེས་པ་ནི་ཕྱིར་རྒོལ་བ་ཉིད་ལ་བྱུང་བ་ཡིན་ཏེ། མདོ་དེའི་ཚིག་ཟིན་ལ་ནི། བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་ལྔ་དང༌། ལས་དང་པོ་པའི་བརྒྱད་དང༌། གྲོང་འཇོམས་པ་ཞེས་བྱ་བ་གཅིག་དང་བཅུ་བཞི་དངོས་སུ་བཤད་པ་ལ་སྔོན་དུ་མེད་པས་བཅུ་གསུམ་ལས་མ་བཤད་ཅེས་པ་ཆ་མ་མཆིས་པར་སོང་བའི་ཕྱིར་དང༌། མདོ་ཉིད་ན་རྩ་ལྟུང་དང་པོ་ལྔའི་རྟེན་གྱི་གང་ཟག་ངོས་འཛིན་པ་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། ཞེས་གསུངས་པ་དག་ཡོད་ཀྱི། བློན་པོའི་མིང་ཙམ་ཡང་མེད་པས་བློན་པོ་ལ་འབྱུང་བ་ལྔ་ཁོ་ན་བཤད་ཅེས་པ་ཆ་མ་མཆིས་པར་སོང་བའི་ཕྱིར། ལྷག་མ་བདུན་གང་ལ་བཙལ་ཞེས་པ་ནི་ཤིན་ཏུ་རྙེད་སླ་བ་ཡིན་ཏེ། མདོ་དེ་ནས་གསུངས་པའི་རྩ་ལྟུང་གི་རིགས་ཀྱི་དབྱེ་བ་བཅུའམ་བཅོ་བརྒྱད་དུ་འདུས་ཀྱང༌། རྫས་ཀྱི་དབྱེ་བ་སོ་སོ་ཕྱེ་ན་ཤིན་ཏུ་མང་བའི་ཕྱིར་དང༌། དེ་ལྟར་གྲུབ་པ་ན་འགྲེལ་ཆེན་མཁན་པོས། ཕར་ཕྱིན་ཐེག་པར་རྩ་ལྟུང་གི་རྣམ་གཞག་བཤད་པ་མེད་དོ་ཞེས་པ་ལ་གནོད་བྱེད་ཡང་དག་ཏུ་འཇུག་པའི་ཕྱིར་རོ། །འདིར་སྨྲས་པ། རྗེ་བཙུན་གྲགས་པས་བཞེད་པའི་གཞུང༌། །ལོག་པར་འཆད་ལས་རྣམ་ཕྱེ་ནས། །དེ་ཡི་ཀླན་ཀ་བརྒྱ་སྤངས་སོ། །གལ་ཏེ་འོ་ན་རྩ་ལྟུང་ལས་ལྷག་པའི་ཕམ་པ་མི་འཆད་པ་དེའི་ཚེ། ཚད་ལྡན་གྱི་གཞུང་དག་ལས་རྩ་ལྟུང་དུས་ལས་མ་ཡོལ་བར་བཤགས་པ་སྔ་མ་བྱེད་དགོས་པར་མཐུན་ན། དེ་དུས་ལས་ཡོལ་བའི་ཚེ་ཉེས་པ་ཅི་ཞིག་འབྱུང༌། དུས་ལས་ཡོལ་བ་དང་མ་ཡོལ་བའི་རྩ་ལྟུང་གཉིས་པོའི་ཁྱད་པར་ཅི། རྩ་ལྟུང་དུ་འཇོག་པ་ཐུན་ཚོད་ཀྱི་དུས་ཐལ་བ་ལ་ལྟོས་པར་འདོད་དམ་ཞེ་ན། རྗེ་བཙུན་གྱི་བཞེད་པ་ནི་འདི་ལྟར། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ནི་རིགས་གཉིས་ཏེ། ལུས་ངག་གི་སྦྱོར་བ་རྫོགས་པ་ལ་ལྟོས་པ་དང༌། སེམས་ཁོ་ནས་རྫོགས་པའོ། །དང་པོ་ནི། དུས་ཀྱི་དྲུག་ཆ་འདས་པ་ལ་མི་ལྟོས་ཏེ། དེ་དང་དེར་བྱེད་པའི་ལུས་ངག་གི་སྦྱོར་བ་རྫོགས་པའི་དུས་ཉིད་ནས་རྩ་བའི་ལྟུང་བ་གྲུབ་པའི་ཕྱིར། གཉིས་པ་ལ་ནི། ཐུན་ཚོད་ལས་འདས་པ་དགོས་ཏེ་དཔེར་ན་བྱང་སེམས་ཀྱི་སྨོན་པ་བཏང་བའི་རྩ་ལྟུང་བཞིན་ནོ། །འོ་ན་སེམས་བསྐྱེད་ཀྱི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་ཡིད་ཁོ་ནའི་སྦྱོར་བ་ལ་ལྟོས་པར་ཁས་ལེན་ནམ་ཞེ་ན། དེ་ཡང་དེ་ལྟར་ཁས་ལེན་ཏེ། སེམས་བསྐྱེད་ཀྱི་སྡོམ་པ་ལ་ལྟོས་པའི་འགལ་ཟླ་ཡིན་པའི་ཕྱིར། དེ་བས་ཐུན་མོང་གི་སོ་སོར་ཐར་པའི་སྡོམ་པ་ནི་ལུས་ངག་གི་ལས་ཀྱི་ངོ་བོ་དང༌། དེའི་འགལ་ཟླ་ཡང་ལུས་ངག་གི་ལྟུང་བའོ། །སེམས་བསྐྱེད་ཀྱི་ངོ་བོ་ནི་ཡིད་ཀྱི་ལས་དང༌། དེའི་འགལ་ཟླ་ནི་ཡིད་ཀྱི་ལྟུང་བའོ། །རིག་པ་འཛིན་པའི་སྡོམ་པ་དང་དེའི་འགལ་ཟླ་གཉིས་ཀ་ཡང་ཡིད་གཙོ་བོ་གྱུར་པའི་སྒོ་གསུམ་ཆར་གྱི་ལས་ཡོད་དོ། །སྡོམ་པ་གོང་མ་གཉིས་ཀྱི་རྩ་ལྟུང་ཡིད་གཙོ་བོར་གྱུར་པའི་ཆ་ནས་འཇོག་པ་འདྲ་ན། བྱང་སེམས་ཀྱི་རྩ་ལྟུང་ལུས་ངག་གི་སྦྱོར་བས་རྫོགས་དགོས་པ་རྣམས་ཀྱང་ཐུན་ཚོད་ལ་ལྟོས་དགོས་ལ། ཅིག་ཤོས་ཀྱི་དེ་འདྲ་དེ་དེ་ལ་མི་ལྟོས་པའི་ཁྱད་པར་ཅི་ཞེ་ན། བྱང་སེམས་ལ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་དེ་ལྟར་བཅས་པ་མཛད་ཅིང༌། ཅིག་ཤོས་ལ་དེ་ལྟར་མེད་པའི་རྒྱུ་མཚན་གྱིས་སོ། །རྩ་ལྟུང་དུས་ལས་འདས་མ་འདས་ཀྱི་ཁྱད་པར་ནི། དུས་ལས་མ་འདས་ཀྱི་བར་འཕེལ་བ་མེད་ལ། བྱིན་གྱིས་རློབས་པ་དང༌། བཤགས་སྡོམ་གང་ཡང་མེད་པར་དུས་ལས་འདས་ན་ལྟུང་བ་དེ་འཕེལ་བའོ། །འཕེལ་བའི་ཁྱད་པར་ཡང༌། ལུང་གཞན་ལས་འབྱུང་བའི་རིགས་པ་སྦྱར་ན། ཐུན་ཚོད་གཅིག་འདས་པ་ན་ལྟུང་བ་དེ་གཉིས་སུ་འཕེལ། ཐུན་ཚོད་གཉིས་འདས་པ་ན་ལྟུང་བ་དེ་བཞི་དང༌། གསུམ་འདས་པ་ན་བརྒྱད་དུ་འཕེལ་བ་སོགས་སོ། །དེ་ལྟར་བཤད་པ་ཐུན་ཚོད་ལས་འདས་མ་འདས་དང༌། ཐུན་ཚོད་འདས་དུས་མང་ཉུང་ལ་ལྟོས་པའི་ལྟུང་བ་རྣམས་ཀྱི་ཁྱད་པར་ཡང་གོ་ནུས་ཏེ། ཐུན་ཚོད་མ་འདས་གོང་གི་ལྟུང་བ་གཅིག་པོ་དེ་རྣམ་སྨིན་གྱི་ཚད་གང་ཡོད་པ་དེ་ཐུན་ཚོད་གཅིག་འདས་པའི་ཚེ་ན་ཉིས་འགྱུར་ལ་སོགས་པར་དོན་གྱིས་གོ་བའི་ཕྱིར། དེའི་ཕྱིར་དུས་ལས་མ་ཡོལ་བར་ལྟུང་བ་སྦྱོང་བ་དང༌། ཚོགས་སོག་པ་དང༌། སྡོམ་པ་བླང་བ། སླར་ལེན་པ་མ་གྲུབ་ནའང༌། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང༌། འགྱོད་སྡོམ་དང༌། བྱང་ཆུབ་ཀྱི་སེམས་དང༌། སྟོང་པ་ཉིད་ཀྱི་ལྟ་བ་སོགས་ཀྱིས་བྱིན་གྱིས་བརླབས་པར་བྱའོ། །འདིར་སྨྲས་པ། རྡོ་རྗེ་ཐེག་པའི་ངེས་པའི་དོན། །རྗེ་བཙུན་གྱིས་ནི་གང་བཞེད་པ། །གང་འདིར་བརྟགས་པ་འདི་ཁོ་ན། །རྡོ་རྗེ་ཐེག་པའི་ངེས་པའི་དོན། །གཉིས་པ་ཡན་ལག་གི་ལྟུང་བའི་བརྒལ་ལན་བཤད་པ་ལ། སྤྱིར་ཡན་ལག་གི་ལྟུང་བའི་རྣམ་གཞག་འཆད་པའི་ཁུངས་གཏན་ལ་ཕབ་པ་དང༌། དེ་ཉིད་ལ་བརྒལ་ལན་ཇི་ལྟར་འབྱུང་བའི་ཚུལ། དང་པོ་ནི། འོ་ན་ཡན་ལག་གི་ལྟུང་བ་བརྒྱད་ཅེས་ཡོངས་སུ་གྲགས་པ་འདི་རྩ་བའི་ལྟུང་བ་བཅུ་བཞིའི་འཆད་ཚུལ་དང་འདྲ་བར་ཁུངས་ཐུབ་ཀྱི་རྒྱུད་ནས་གསལ་བར་འབྱུང་བ་ཞིག་གམ། རྒྱུད་སོ་སོ་ནས་འབྱུང་བ་བསྟན་བཅོས་མཁན་པོ་ཚད་ལྡན་ཞིག་གིས་ཡན་ལག་གི་ལྟུང་བ་བརྒྱད་སྟོན་པའི་གཞུང་འདི་བཀོད་པ་ཡིན་ཞེས་པའི་དྲི་བ་ཐོག་མར་བཀོད་ནས། དེའི་ལན་ནི་འདི་ལྟར་གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས་བཞི་པོ་དེ་དང་འབྲེལ་ཆགས་པར་གསུངས་པའི་ཡན་ལག་གི་ལྟུང་བ་ནི་བཞི་ཁོ་ན་ཡིན་ཏེ། ཇི་སྐད་དུ། ཡན་ལག་གི་ལྟུང་བ་བཞི་སྤོང་བའི་དམ་ཚིག་ཀྱང་གསུངས་པ། རྣལ་འབྱོར་སློང་མོས་རྒྱུ་མི་བྱ། །རྣལ་འབྱོར་སྤོང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླ། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །ཞེས་གསུངས་ཤིང༌། དེ་ལས་ལྷག་པ་མ་གསུངས་ལ། བཞི་པོ་འདི་ལ་ཤཱནྟི་པ་དང༌། ནག་པོ་པས་འགྲེལ་པ་མཛད། བསྟན་བཅོས་མཁན་པོས་ཇི་ལྟར་མཛད་པ་ལ་གསུམ་སྟེ། བཞི་ཚན་དུ་བཤད་པ་དང༌། བརྒྱད་ཚན་དུ་བཤད་པ་དང༌། ཉི་ཤུ་རྩ་བརྒྱད་ཀྱི་སྡེ་ཚན་དུ་བཤད་པའོ། །དང་པོ་ནི། སྙིང་པོའི་ཞབས་ཀྱི་གཞུང་ལས། ཡན་ལག་དམ་ཚིག་བསྟན་པ་ནི། །རྣལ་འབྱོར་པ་ནི་སྔགས་པ་ཡིས། །སྔགས་མ་ནན་གྱི་ལེན་པ་ནི། །ནན་གྱི་ལེན་པ་བཞི་རུ་བཤད། །གཞན་གྱིས་བུད་མེད་ལེན་པ་དང༌། །རང་གི་རྣལ་འབྱོར་མ་ཉིད་ལ། །ཆགས་པའི་དབང་གིས་འཇུག་པ་དང༌། །བྱིན་གྱིས་རླབ་པར་མི་བྱེད་པ། །ཐ་མལ་སྤྱོད་པར་འཇུག་པ་དང༌། །རྟགས་དང་མི་ལྡན་འཇུག་པ་ནི། །རྣལ་འབྱོར་ཆགས་པའི་ལམ་པས་ནི། །དང་པོ་ཆགས་པ་གདུལ་བ་དང༌། །ཟབ་མོའི་དོན་ལ་འཇུག་པའི་ཕྱིར། །ཤིན་ཏུ་ཆག་པ་ཆེ་གྱུར་ལ། །བདེ་བར་གཤེགས་པས་བསྟན་པ་ཡིན། །རྣལ་འབྱོར་གྲོལ་བའི་ལམ་པ་ལ། །གོང་མའི་དེ་བཞིན་མ་བསྟན་ཏེ། །ལས་དང་རྣལ་འབྱོར་དུས་སུ་ནི། །ཡིད་ཀྱི་ལྷ་མོ་གཟུགས་མཛེས་མ། །ཚོགས་ཀྱི་འཁོར་ལོའམ་སྤྱོད་དུས་སུ། །མོས་པས་དེ་བས་དམ་ཚིག་ཡིན། །རྟགས་ལྡན་བརྟན་པ་ཐོབ་ནས་ནི། །ལུས་ལ་ཕན་པར་གྱུར་ནས་ཀྱང༌། །ཏིང་འཛིན་གྲོགས་སུ་གྱུར་པ་ན། ཉམས་པར་མི་འགྱུར་བདེ་གཤེགས་གསུངས། །ཞེས་ཕྱག་རྒྱ་བསྟེན་པའི་ཚུལ་རྣམ་པར་དག་པ་མ་ཡིན་པ་བཞི་པོ་དེ་ལས་ཡན་ལག་གི་ལྟུང་བར་བཤད་དོ། །གཉིས་པ་བརྒྱད་ཚན་ལ། སྦོམ་པོའི་མིང་གིས་བསྟེན་པ་དང༌། ཡན་ལག་གི་མིང་གིས་བསྟན་པ་གཉིས་སོ། །དང་པོ་ནི་ཀླུ་སྒྲུབ་ཞབས་ཀྱིས་མཛད་དོ་ཞེས་གྲགས་པའི་གཞུང་ལས། བླ་མའི་ཞབས་ཀྱིས་པདྨ་ལ། །ཀུན་ནས་དྭང་བས་ཕྱག་འཚལ་ཏེ། །སྦོམ་པོ་ལྟུང་བ་རྣམ་པ་བརྒྱད། །རྒྱུད་དུ་གསུངས་པ་བྲི་བར་བྱ། །ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། །དེའི་བདུད་རྩིའི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་གསང་བསྟན་དང༌། །ཚོགས་ཀྱི་ནང་དུ་རྩོད་པ་དང༌། །དད་ལྡན་ལ་གཞན་ཆོས་སྟོན་དང༌། །ཉན་ཐོས་ནང་དུ་ཞག་བདུན་གནས། །རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། །དད་མེད་མི་ལ་ཆོས་སྟོན་པ། །འདི་རྣམས་སྦོམ་པོའི་ལྟུང་བར་བཤད། །ཅེས་གསུངས་སོ། །དོན་འདི་ལ་སྙེ་མ་མཁན་པོའི་གསུང་གིས། འདི་ནས་ཇི་ལྟར་བཤད་པ་བཞིན་མན་ངག་སྙེ་མ་དང༌། བསྟན་པའི་ནོར་ཐམས་ཅད་པའི་སྒྲུབ་ཐབས་དང༌། སྡོམ་འབྱུང་གི་འགྲེལ་པ་རྣམས་སུ་སྦོམ་པོ་བརྒྱད་དུ་མཛད་ལ། རྟ་དབྱངས་ཀྱི་སྦོམ་པོའི་གཞུང་དང་ཡང་མི་མཐུན་པ་མི་སྣང་ངོ༌། །རྡོ་རྗེ་སྙིང་པོའི་རྒྱན་གྱི་ལེའུ་བཅུ་གཉིས་པ་ལས། དམ་ཚིག་མི་ལྡན་རིག་མར་བསྟེན། །ཚོགས་ཀྱི་འཁོར་ལོ་རྩོད་པ་བྱེད། །གསང་བའི་ཆོས་ནི་སྟོན་པ་དང༌། །དད་ལྡན་རྣམས་ལ་གཞན་དུ་སྟོན། །ཉན་ཐོས་ནང་ན་ཡུན་རིང་གནས། །སྣོད་མི་རུང་ལ་གསང་བ་བསྟན། །སྔགས་པ་དེ་ཡི་དམ་སྡོམ་ཟད། །ཟད་པ་འགྲུབ་པར་ཡོད་མི་འགྱུར། །དེ་བས་ཉིན་རེ་ལན་གསུམ་དུ། །ཁ་བཏོན་གྱིས་ཀྱང་བཀླག་པར་བྱ། །ཞེས་སྦོམ་པོའི་ལྟུང་བས་ཀྱང་དངོས་གྲུབ་གྲུབ་ཏུ་མི་སྟེར་བ་དང༌། སྔར་དྲངས་པ་ལྟར་དམྱལ་བ་ཆེན་པོར་འཕེན་པ་རྩ་ལྟུང་དང་འདྲ་བར་གསུངས་སོ། །འདིར་སྦོམ་པོ་དྲུག་ལས་མ་བསྟན་ཀྱང་དང་པོའི་ནང་དུ། ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། དེའི་བདུད་རྩི་སྟོབས་ཀྱིས་ལེན་པ་གཉིས་འདུས་པའི་ཕྱིར་དང༌། གསང་བའི་ཆོས་སྟོན་པ་ལ་བྲིས་སྐུ་དང་ཕྱག་རྒྱ་སོགས་སྟོན་པ་དང༌། རྣལ་འབྱོར་པར་ང་རྒྱལ་བྱས་ནས་བསྟན་པ་གཉིས་སུ་ཡོད་པའི་ཕྱིར། སྦོམ་པོ་དེ་རྣམས་ཕལ་ཆེར་རྣལ་འབྱོར་རྒྱུད་ལའང་ཤེས་པར་བྱའོ། །ཞེས་གསུང་ངོ༌། །གཉིས་པ་ཡན་ལག་བརྒྱད་པའི་གཞུང་ལ་གཉིས་ཏེ། སྦོམ་པོ་བརྒྱད་པའི་གཞུང་དང་གསུམ་ཙམ་མི་འདྲ་བ་དང༌། གཅིག་ཙམ་མི་འདྲ་བའོ། །དང་པོ་ནི། ཇི་སྐད་དུ། ཡན་ལག་དམ་ཚིག་ཅེས་བྱ་བ། །རིག་མ་བསྟེན་པར་དགའ་བ་དང༌། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང༌། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང༌། །སྦྱོར་བ་ལེགས་པར་མ་བྱས་པའི། །སྐལ་མིན་གསང་བ་སྟོན་པ་དང༌། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང༌། །ཞེས་པའོ། །འདིའི་ལྔ་པ་བདུན་པ་བརྒྱད་པ་གསུམ་གོང་དུ་དྲངས་པའི་སྦོམ་པོ་བརྒྱད་པའི་གཞུང་དང་མ་མཐུན་པའོ། །འཁྲུལ་སྤོང་ལས་ནི། གསང་བའི་ཆོས་ནི་སྟོན་པ་དང༌། །ཞེས་པའི་རྐང་པ་གཅིག་ལྷག་པོར་བསྣན་ནས་དགུར་བཤད་དོ། །གཉིས་པ་ནི། རྩ་ལྟུང་འགྲེལ་ཆེན་གྱི་ནང་དུ་ཡན་ལག་གི་ལྟུང་བ་བརྒྱད་སྟོན་པའི་གཞུང་དེ་དག་ནི་གོང་དུ་དྲངས་པའི་སྦོམ་པོ་བརྒྱད་པའི་གཞུང་དང༌། གཅིག་མ་གཏོགས་ཐམས་ཅད་མཐུན་པ་ལས་སྣོད་མིན་ལ་གསང་བ་བསྟན་པ་དང༌། སྣོད་ལྡན་ལ་མི་སྟོན་པ་གཉིས་གོ་བསྒྱུར་བ་ཙམ་མོ། །ཞེས་གསུང་ངོ༌། །གསུམ་པ་ཉི་ཤུ་རྩ་བརྒྱད་པའི་སྡེ་ཚན་ནི། ཡན་ལག་གི་ལྟུང་བ་ལ་བཅོ་ལྔ་པ་དང༌། བདུན་པ་དང༌། དྲུག་པ་ཞེས་བྱ་བའི་སྡེ་ཚན་གསུམ་ལས། དང་པོའི་གཞུང་ནི། རང་ལྷ་བླང་དོར་ལྟུང་བ་མིག །དེ་ཉིད་དུས་འདས་རི་བོང་ཅན། །ལྷ་གཞན་དགའ་བའི་ཡོན་ཏན་ནོ། །རིག་བྱེད་དངོས་ལ་ཞེན་པ་ཡིན། །མ་རྫོགས་རྫོགས་བྱེད་ལྔ་ཡིན་ནོ། །འཇིགས་རྟེན་ཆོས་ཕྱིར་དབང་པོ་སྟེ། །ཁྱད་དུ་གསོད་པ་ཡང་ནི་རི། །གོང་མིན་ཚུལ་དོན་བཀྲ་ཤིས་སོ། །ཕྲིན་ལས་མ་གཏོགས་གཟའ་ཞེས་གྲགས། །དོན་མེད་གནས་པ་ཕྱོགས་ཡིན་ནོ། །བརྩེ་བས་གཏོང་བ་དྲག་པོ་སྟེ། །དམན་པའི་སྤྱོད་པ་ཉི་མའོ། །ཟང་ཟིང་རྟོག་པ་ཡན་ལག་གོ །ཡོངས་སུ་མི་འཛིན་པ་ཞེས་བྱ། །རང་སྤྱོད་འདོར་བ་ཚེས་ཞེས་གྲགས། །ཞེས་འབྱུང་བ་དང༌། བདུན་ཚན་ནི། དམ་པ་ཉེར་བསྟེན་ཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟག །འདོད་ཕྱིར་གཞན་ལ་གནོད་པ་སྤང༌། །དཀོན་མཆོག་ལ་སོགས་ནོར་ལ་མིན། །གཞན་དོན་སྐད་ཅིག་ཡལ་མི་འདོར། །བྱང་ཆུབ་མིན་པར་དགེ་མི་འཇུག །རྣམ་ཤེས་འཕོ་བའི་དེ་ཉིད་ཤེས། །གཞན་དུ་ཡན་ལག་ཉེས་པའོ། །ཞེས་འབྱུང་བ་དང༌། དྲུག་ཚན་ནི། གཞན་ཡང་སྔགས་ཀྱི་ཐེག་པར་བལྟ་བར་བྱ་བ་དང༌། བརྗོད་པ་ངེས་པར་གནས་པ་ལ་ཐེ་ཚོམ་སྐྱེད་པ་དང༌། ཐེག་པ་གསུམ་གྱི་གདུལ་བྱའི་རིམ་པ་དང་སྦྱར་ནས་མི་འདུལ་བར་གཅིག་ཏུ་སྦྱོར་བ་དང༌། དེ་ཁོ་ན་ཉིད་བཅུ་ལ་མི་གནས་པར་དཀྱིལ་འཁོར་གྱི་ལས་དང༌། སློབ་མ་སྨིན་པར་བྱེད་པ་དང༌། བདུད་བརྟག་པའི་ཐབས་ལ་མཁས་པར་མི་བྱེད་པ་དང༌། རྩ་བ་དང་ཡན་ལག་གི་སྡོམ་པ་ཞིག་གམ་མ་ཞིག་བསམ་པར་བྱ་བ་དུས་ལས་འདས་པ་དང༌། ཕྲ་མོའི་ཉེས་བྱས་ཀྱང་ཁྱད་དུ་བསད་དེ་མི་བཤགས་པར་དུས་བཞི་དེ་ལས་འཕེལ་བ་ཡང་ཆུང་ངུས་རྨ་མཆེད་པ་བཞིན་ཏེ། དེ་བས་དེ་དག་ཀྱང་ཡན་ལག་གི་ཉེས་པའོ། །ཞེས་འབྱུང་ངོ༌། །གཉིས་པ་ལ་གསུམ་ལས། དང་པོ་འཁྲུལ་སྤོང་གི་དགོངས་པ་ནི། རྩ་བ་དང་ཡན་ལག་གི་ལྟུང་བ་གཉིས་ལས་མ་གཏོགས་པའི་སྦོམ་པོ་ཞེས་བྱ་བའི་རྣམ་གཞག་མི་བཞེད་ཅིང༌། སྦོམ་པོ་ཞེས་བྱ་བའི་ཐ་སྙད་ཀྱང་འགོག་པ་མ་ཡིན། རེས་འགའ་ནི་ཇི་སྐད་དུ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་གསུངས་པ་ལྟ་བུ། རྩ་ལྟུང་དངོས་གཞི་ལ་སྦོམ་པོའི་མིང་གིས་བཏགས་པ་ཡང་ཡོད། རེས་འགའ་ནི་སྦོམ་པོ་བརྒྱད་པའི་གཞུང་ལས་འབྱུང་བ་ལྟར། རྩ་ལྟུང་གི་ཡན་ལག་མ་ཚང་བ་ལ་སྦོམ་པོའི་མིང་གིས་བཏགས་པ་ཡང་ཡོད་མོད། ངེས་པའི་དོན་དུ་ན་སྦོམ་པོ་བརྒྱད་པའི་གཞུང་དང་ཡན་ལག་གི་ལྟུང་བ་བརྒྱད་སྟོན་པའི་གཞུང་སོ་སོར་འབྱེད་མི་དགོས་ཏེ། གཉིས་པོ་དོན་གཅིག་ལ་འདུ་བའི་ཕྱིར། ཞེས་བཞེད་པ་ཡིན་ཞིང༌། འགྲེལ་ཆེན་ལས་འབྱུང་བའི་ཡན་ལག་གི་ལྟུང་བ་ཉི་ཤུ་རྩ་བརྒྱད་ནི་བཏང་སྙོམས་སུ་མཛད་དོ། །གཉིས་པ་སྙེ་མ་མཁན་པོའི་གསུང་གིས་ནི་འདི་ལྟར་འཆད་དེ། སྦོམ་པོ་བརྒྱད་པའི་གཞུང་ནི་ཁུངས་བཙུན་པར་བཤད་ཟིན་པ་དེ་ཡིན་ལ། ཡན་ལག་གི་ལྟུང་བ་སྟོན་པའི་གཞུང་ཚིག་འདི་དག་ལ་ལཀྵྨི་ཀཱ་རས་འགྲེལ་པ་མཛད་ཅིང༌། འདི་དང་ཚིག་རེ་རེ་ཙམ་མི་འདྲ་བ་མ་གཏོགས། དམ་ཚིག་གི་ཆོ་ག་ཀུན་ལས་བཏུས་པ་ལས་འབྱུང་སྟེ། རྒྱུད་གང་ལས་བཏུས་མ་ཤེས་སོ། །རྒྱ་ཆེར་འགྲེལ་ལས་འདི་དང་ཅུང་མི་འདྲ་བའི་ཡན་ལག་གི་ཉེས་པ་བརྒྱད་དང༌། བཅོ་ལྔ་དང༌། བདུན་པ་ལ་ཕྱི་མ་གཉིས་དམ་ཚིག་གི་ཆོ་ག་ཀུན་ལས་བཏུས་ལས་ཀྱང་འབྱུང་མོད། བཅོ་ལྔ་པོ་དུས་འཁོར་ལས་གསུངས་པའི་རྩ་བའི་དམ་ཚིག་ཏུ་བཤད་སྣང་བ། དེ་དག་ལ་རྩ་བའི་དམ་ཚིག་གི་དོན་མེད་ཅིང༌། ཁུངས་ལ་ཡིད་བརྟན་མི་སྣང་བ་དང༌། མཁས་པའི་གཞུང་གཞན་ལས་ཀྱང་མ་མཐོང་བས་འདིར་མ་བྲིས་སོ། །ཞེས་གསུང་ངོ༌། །ལུགས་གསུམ་པ་སྔགས་འདུལ་མཛད་པ་ན་རེ། འདི་སྐད་ཅེས། འདིར་བཤད་གཞིར་བཀོད་པའི་ཡན་ལག་བརྒྱད་པའི་གཞུང་དང༌། འགྲེལ་ཆེན་གྱི་བརྒྱད་དང་བཅོ་ལྔ་དང་བདུན་པའི་གཞུང་ལ་བཤད་དགོས་མི་དགོས་འབྱེད་པ་ནི་དགོངས་ཞིབ་སྔོན་དུ་མ་གཏང་བར་སེམས་ཏེ། ཞིབ་མོར་བརྟགས་ན་ནི་འདི་དག་ལ་བཤད་ཁུངས་མང་ཉུང༌། ཁུངས་བཙན་མི་བཙན། རྒྱུད་ཀྱིས་ཟིན་མ་ཟིན། བཅས་མཚམས་རིགས་སོགས་གང་གི་སྒོ་ནས་ཀྱང་རྣམ་པ་ཐམས་ཅད་དུ་མཚུངས་པ་ཁོ་ན་ཡིན་ནོ། །ཞེས་མདོར་བསྟན་པ་དེ་ཉིད་རྒྱས་པར་འཆད་པ་ན། རྒྱ་ཆེར་འགྲེལ་པར་བཤད་པའི་ཡན་ལག་གི་ལྟུང་བ་ནི། དྲུག་ཚན་དང༌། བདུན་ཚན་དང༌། བརྒྱད་ཚན་དང༌། བཅོ་ལྔ་ཚན་ཏེ། སུམ་ཅུ་རྩ་དྲུག་འབྱུང་ལ། དེའི་སྟེང་དུ་རྩ་ལྟུང་བཅུ་བཞི་བསྣན་པས་ལྔ་བཅུ། དེའི་སྟེང་དུ་ཉེས་པའི་གནས་ལ་བསྲུང་བའི་གོ་ཆ་བགོ་བ་དང༌། དག་པའི་གནས་ལ་མཁས་པའི་གནས་པར་བྱ་བ་གཉིས་ཏེ། ལྔ་བཅུ་རྩ་གཉིས་འབྱུང་ལ། དེ་ཡང་རྩོད་མེད་ཀྱི་གཞུང༌། གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོ་རྒྱན་ཞེས་གྲགས་པ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་དེ་ལས། ཇི་སྐད་དུ། དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ལྔ་བཅུ་རྩ་གཉིས་སྦྱོར་བ་དག །སྒྲུབ་པ་པོ་ཡིས་བཟུང་བར་བྱ། །ཞེས་གསུངས་པའི་ལྔ་བཅུ་རྩ་གཉིས་ནི་འགྲེལ་ཆེན་དུ་བཤད་མ་ཐག་པ་དེ་ལས་ངོས་བཟུང་རྒྱུ་གཞན་མེད་པའི་ཕྱིར། དེ་ཉིད་སློབ་དཔོན་འཇམ་དཔལ་གྲགས་པའི་དགོངས་པ་ཡིན་ཞེས་འཆད་པར་བྱེད་དོ། །འདིར་སྨྲས་པ། བཤད་པ་དེ་དག་ཡན་ལག་གི །དམ་ཚིག་བཤད་པ་མཁས་ཕྱིར་ཏེ། །གྲུབ་མཐའི་རྩ་བ་མི་མཐུན་པ། །མེད་ཕྱིར་རྩོད་ལན་མ་བཀོད་དོ། །གཉིས་པ་ཉམས་པ་ཕྱིར་གསོ་བའི་བརྒལ་ལན་བཤད་པ་ལ། རྩ་བའི་ལྟུང་བས་སྡོམ་པ་ཇི་ལྟར་ཉམས་པའི་བརྒལ་ལན། ཉམས་པ་ཕྱིར་གསོ་བའི་ཐམས་ཀྱི་བརྒལ་ལན་ནོ། །དང་པོ་ལ་གསུམ་སྟེ། ཕྱོགས་སྔ་མ་དང༌། རྒོལ་བ་དང༌། དེའི་ཚེར་མ་ཕྱུང་བའོ། །དང་པོ་ནི། འཁྲུལ་སྤོང་ལས། རྩ་ལྟུང་བྱུང་ནས་སྡོམ་པ་བཏང་ན། སླར་ཡང་ལེན་པ་ལ། ཞེས་དང་རྩ་བའི་ལྟུང་བ་བྱུང་ན་སྡོམ་པ་གཏོང་བར་ཀུན་མཐུན། ཞེས་གསུངས་སོ། །གཉིས་པ་ནི། སྙེ་མ་མཁན་པོ་ནི་བཞེད་པ་མཐུན་པས་མི་རྒོལ་ཞིང༌། སྔགས་འདུལ་མཛད་པ་ན་རེ། རྩ་ལྟུང་དང་ཕམ་པ་གང་ལྟར་ཡང་རུང༌། འདི་དག་ལས་གང་རུང་ཞིག་བྱུང་ན་དམ་ཚིག་གི་སྡོམ་པ་རྩ་བ་ནས་འབྱིན་པས་གཏན་མེད་པར་བྱེད་པ་མ་ཡིན་ཏེ། རྩ་ལྟུང་ཙམ་གྱིས་དབང་བསྐུར་མི་གཏོང་བ་གང་ཞིག དབང་བསྐུར་མ་བཏང་ན་དམ་ཚིག་གཏོང་དོན་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ་དབང་བསྐུར་གཏོང་བའི་རྒྱུ་ནི་འཇམ་དཔལ་རྩ་རྒྱུད་དུ་གསུངས་པའི་ལྔ་པོ་དེ་ལས་གཞན་གསུངས་པ་མེད་པའི་ཕྱིར། རྟགས་གཉིས་པའི་དོན་ཀྱང་འདི་ཡིན་ཏེ། དམ་ཚིག་རྩ་བ་ནས་བཏང་ན་སྔགས་ཀྱི་ལྟུང་བ་སྐྱེད་དོན་མེད་དེ། སོ་ཐར་གྱི་སྐབས་བཞིན་ནོ། །དེས་ན་དབང་བསྐུར་མ་བཏང་བ་རྣམས་ནི་རྩ་ལྟུང་ཇི་ལྟ་བ་བཞིན་འབྱུང་སྟེ། དུས་འཁོར་འགྲེལ་ཆེན་དུ། རྩ་བའི་ལྟུང་བ་གང་དག་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལ་སྟེ། དབང་བསྐུར་བ་རྣམས་ལའོ། །རྡོ་རྗེ་འཛིན་པའི་ངེས་པའོ། །ཞེས་གསུངས་པས་སོ། །གལ་ཏེ་རྩ་ལྟུང་གིས་དམ་ཚིག་གི་སྡོམ་པ་མི་གཏོང་ན། ད་རི་ཀཱ་པས་བཅུ་བཞི་པོ་རྒྱུད་ལས་གསུངས་པ་ལྟར་མ་བསྐྱངས་ན་ཤིང་ཏ་ལའི་མགོ་བོ་བཅད་ནས་སླར་ཞིང་སྐྱེ་བའི་སྐལ་བ་མེད་དེ། ལྟུང་བར་འགྱུར་བ་ལྟར་རྡོ་རྗེ་འཆང་གི་གནས་ལས་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ་ཞེ་ན། དེ་ནི་ཉན་ཐོས་ཀྱི་ཚུལ་ལ་ཕམ་པ་འཆབ་བཅས་ཀྱིས་སྡོམ་པ་དགོས་པ་སྒྲུབ་ནུས་སུ་མེད་པར་བྱེད་པར་འདིར་ཡང་དགོས་པ་སྒྲུབ་ནུས་ཀྱི་དམ་ཚིག་ཅན་དུ་གསོར་མེད་ཅེས་པའི་དོན་ཏེ། དགོས་པ་ནི་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའོ། །འོ་ན་སླར་གསོར་མེད་ན། གཞུང་ལས། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །ཞེས་སྡོམ་པ་སླར་ཡང་ལེན་པར་བཤད་པ་མ་ཡིན་ནམ་ཞེ་ན། སླར་གསོར་གཏན་ནས་མེད་ཅེས་ནི་སུ་ཞིག་གིས་སྨྲ་བར་ནུས་ཏེ། བྱང་ཆུབ་སེམས་ཀྱི་ལའང་སྡོམ་པ་སླར་ཡང་བླང་བར་བྱ། ཞེས་གསུངས་ན། འདིར་ཐབས་ཀྱིས་ཆེ་བས་སོ། །དེས་ན་དགོས་པ་སྒྲུབ་ནུས་ཀྱི། །ཞེས་དང༌། དགོས་པའང་མཆོག་གི་དངོས་གྲུབ་ལ་དང༌། དེ་ཡང་ཚེ་འདི་ཉིད་དུ་མི་འགྲུབ་ཅེས་པའི་ཁྱད་པར་གསུམ་སྨོས་པའོ། །དེ་ཡང་དཔེར་ན་བྱང་སེམས་ཀྱི་སྡོམ་པ་སླར་བླང་དུ་ཡོད་པར་གསུངས་ཀྱང༌། ཕམ་པ་བཞི་པོ་གང་རུང་བྱུང་ན་ཚེ་དེ་ལ་ས་ཐོབ་པའི་སྐལ་བ་མེད་པར་ཚུལ་ཁྲིམས་ལེའུ་ལས་གསུངས་པ་དང༌། སོ་ཐར་གྱི་ཕམ་པས་ཚེ་དེ་ལ་འབྲས་བུ་ཐོབ་པའི་སྐལ་བ་འཕྲོག་པ་དང༌། སྔགས་ཀྱི་ཕམ་པས་ཚེ་དེ་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་སྐལ་བ་འཕྲོག་པར་བྱེད་དོ། །ཞེས་པ་ནི་རྩ་ལྟུང་གསུམ་པོའི་བྱེད་ལས་ཀྱི་ཁྱད་པར་ཡིན་ནོ། །དབང་བསྐུར་གཏོང་བའི་རྒྱུར་གསུངས་པ་དེ་དག་གིས་ནི་དམ་ཚིག་གི་སྡོམ་པ་རྩ་བ་ནས་གཏོང་ཞེས་བྱ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས། དབང་བསྐུར་བ་བཏང་ན་དེ་མ་ཐག་ཏུ་སྔགས་པའི་དམ་ཚིག་མཐར་ཐུག་ཅིང་རྣམ་པར་ཉམས་ཞེས་དང༌། འདི་ན་ཁ་ཅིག་མི་དགེ་བའི་བཤེས་གཉེན་བསྟེན་པའམ། བདུད་ཀྱིས་བྱིན་གྱིས་བརླབས་ཏེ། གསང་སྔགས་ཀྱི་སྤྱོད་པ་ལས་ཡིད་ཕྱིར་ཕྱོགས་ཤིང༌། དབང་བསྐུར་བ་ལ་སྨོད་པ་སྤོང་ཞིང་གཤུང་བར་བྱེད་པ་དང༌། ཡང་ཁ་ཅིག་བླ་མ་སྤོང་ཞིང་སྨོད་ལ་སུན་འབྱིན་པར་བྱེད་པ་དང༌། ཁ་ཅིག་ཆད་པར་ལྟ་བ་ཁས་ལེན་པ་དང༌། དཀོན་མཆོག་གསུམ་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་འདོར་བ་སྟེ། དེ་ལ་དང་པོས་ནི་རང་གི་གཏང་བ་བརྗོད་དོ། །ལྷག་མ་རྣམས་ནི་བཙན་ཐབས་སུ་ཤོར་བར་ཤེས་པར་བྱའོ། །དེའི་ཕྱིར་ངས་འདིར་ཆད་པར་ལྟ་བ་དང༌། དཀོན་མཆོག་གསུམ་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་འདོར་བ་དང༌། དབང་བསྐུར་བ་སྤོང་བ་དང༌། བླ་མ་འཁུ་བ་ཞེས་བྱ་བ་ལྔ་པོ་འདི་ནི་རྩ་བའི་ལྟུང་བ་ཡིན་པར་བསྟན་ཏེ། ཆོས་དེ་དག་ལས་གང་ཡང་རུང་བ་ཞིག་སྤྱོད་ན་དེ་ལྟར་སྦྱོང་བར་མ་བྱས་ན་སྔགས་པའི་ཐ་སྙད་མེད་ཅིང་དངོས་གྲུབ་ཀྱི་ས་བོན་སྐམ་པ་དང༌། ཚིག་པ་དང༌། རུལ་བར་བརྗོད་དོ། །ཞེས་གསུངས་སོ། །ཅི་དབང་བསྐུར་བཏང་བ་དེ་སླར་དབང་བླང་དུ་རུང་ངམ་མི་རུང་ཞེ་ན། རུང་ཞེས་བྱ་ཞིང༌། ཚེ་དེའི་སྐལ་ལྡན་དེར་མི་འགྱུར་ཡང་དོན་མེད་པ་མིན་པ་ནི་དམ་ཚིག་སོས་པས་རྣམ་སྨིན་མི་མྱོང་བར་བྱེད་པ་དང༌། དཀྱིལ་འཁོར་མཐོང་བ་སོགས་ཀྱིས་སྔོན་གྱི་སྡིག་པ་མང་པོ་ཟད་པར་བྱེད་པ་དང༌། ཚེ་རབས་གཞན་ལ་དངོས་གྲུབ་ཀྱི་སྐལ་ལྡན་དུ་བྱེད་པ་དང༌། ཚེ་འདིར་དམ་ཚིག་སོར་ཆུད་པས་བསོད་ནམས་མང་དུ་འཕེལ་བ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་བའོ། །དེ་ལྟར་ལོག་པར་ལྟ་བ་འཛིན་པ་ལ་སོགས་པའི་ཉེས་པ་ལྕི་བས་དབང་བསྐུར་གཏོང་བར་བཤད་པའི་རིགས་པ་འདི་ཉིད་ཀྱི་ཤུགས་ཀྱིས། དཔུང་བཟང་ལས། ཕམ་པ་ལྟ་བུར་བཤད་པ་རྣམས་ཀྱི་ནང་ནས། མཚམས་མེད་པ་དང༌། ཉེ་བའི་དང༌། ཆོས་སྤོང་དང༌། རབ་བྱུང་གསོད་པ་རྣམས་ཀྱང་དབང་བསྐུར་གཏོང་བའི་རྒྱུར་གཞག་དགོས་ཏེ། འདི་དག་ནི་བྱང་སེམས་ཀྱི་སྐབས་སྔོན་གྱི་དགེ་བའི་རྩ་བ་ཐལ་བར་རློག་བྱེད་པར་གསུངས་ནས་རྩ་ལྟུང་དུ་བཞག་ལ། དེ་ལྟར་ན་སྔགས་ཀྱི་སྐབས་སུ་སྡོམ་པ་ན་འཕར་བས་ཉེས་པ་ཆེས་ཤིན་ཏུ་ལྕི་བས་དགེ་རྩ་འཇོམས་པར་བཞག་སྟེ། དེའི་ཕྱིར་ལོག་ལྟ་འཛིན་པ་དང་ཉེས་པ་འདྲ་བས་དབང་བསྐུར་གཏོང་ཞེས་བརྗོད་རིགས་ཉིད་དོ། །དེ་ལྟར་ན་རྩ་ལྟུང་གི་མིང་གིས་བསྟན་པ་དེ་རྣམས་ལ་སྡོམ་པ་གཏོང་བའི་བྱེད་པ་ཡོད་མེད་ཀྱི་བཞག་མཚམས་རྣམ་པར་ངེས་པ་ནི། རྩ་ལྟུང་དང་ཕམ་པའི་སྒྲ་དོན་བཤད་པ་དང༌། སྤྱི་དང་ཁྱད་པར་གྱི་བྱེད་ལས་བསམ་པ་དང༌། དེ་ལྟ་བུའི་སྒོ་ནས་རྣམ་དབྱེ་ལ་མཁས་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་ལ་གསུམ་སྟེ། རྩ་ལྟུང་གི་སྡོམ་པ་མི་གཏོང་བའི་སྒྲུབ་བྱེད་འཁྲུལ་བ་དང༌། རྩ་ལྟུང་སླར་གསོར་མི་རུང་བའི་བསྒྲུབ་བྱ་ལ་སྐྱོན་ཞུགས་པ་དང༌། དབང་སྐུར་གྱི་སྣོད་དུ་རུང་བ་དང་ཚེ་དེ་ལ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་ལྡན་མ་ཡིན་པ་ནང་འགལ་བསྟན་པའོ། །དང་པོ་ནི། དབང་བསྐུར་གཏོང་བའི་རྒྱུ་ལྔ་ལས་མ་བཤད་ཅེས་པ་དེ། རྒྱུད་སྡེ་འོག་མ་ནས་མ་བཤད་ཅེས་ཟེར་བ་ཡིན་ནམ། རྒྱུད་སྡེ་གོང་མ་ནས་ཀྱང་མ་བཤད་ཅེས་ཟེར་བ་ཡིན། དང་པོ་ལྟར་ན་ཁྱབ་པ་འཁྲུལ་བ་དང༌། གཏན་ཚིགས་ཁས་བླངས་དང་འགལ་བའོ། །དང་པོ་ནི། འོ་ན་བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་པོ་འདིས་ཀྱང་སྔགས་ཀྱི་སྡོམ་པ་གསོར་མི་རུང་དུ་བྱེད་པ་མ་ཡིན་པར་འགྱུར་ཏེ། བྱ་བའི་རྒྱུད་ནས་སྔགས་སྡོམ་གསོར་མི་རུང་བྱེད་པའི་རྩ་ལྟུང་དེ་དག་གི་ནང་དུ་བཅུ་བཞི་པོ་འདི་མི་འདུ་བའི་ཕྱིར། གཉིས་པ་ནི། ལྔ་པོ་དེ་ལས་གཞན་མ་བཤད་པར་འདོད་པ་དང༌། དཔུང་བཟང་ལས་རྩ་ལྟུང་དུ་བཤད་པའི་མཚམས་མེད་ལ་སོགས་བཞི་པོ་དེ། དབང་བསྐུར་གཏོང་བའི་རྒྱུ་ཡིན་ཞེས་འཆད་པ་འགལ། དཔུང་བཟང་ནས་བཤད་པ་དེ་དག་གིས་དབང་བསྐུར་གཏོང་བའི་ཤེས་བྱེད་དུ་བཀོད་པ་དེ་ལ་ཁྱབ་པ་མ་ངེས་པའི་ཚུལ་འདི་ལྟར་བྱང་སེམས་ཀྱི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་ཐམས་ཅད་ཀྱིས་དབང་བསྐུར་གཏོང་བར་ཐལ། དེ་དག་བྱང་སེམས་ཀྱི་སྐབས་སུ་སྔོན་གྱི་དགེ་རྩ་ཐལ་བར་རློག་བྱེད་དུ་གསུངས་པ་གང་ཞིག སྔགས་ཀྱི་སྐབས་སུ་སྡོམ་པ་ན་འཕར་བས་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར། དེ་འདོད་ན་བླ་མེད་ནས་གསུངས་པའི་རྩ་ལྟུང་བཅུ་བཞིས་བླ་མེད་ཀྱི་སྡོམ་པ་མི་གཏོང་ལ། བྱང་སེམས་ཀྱི་རྩ་ལྟུང་མཐའ་དག་གིས་སྔགས་སྡོམ་གཏོང་ཞེས་ཁས་ལེན་པ་ནི་སྡོམ་པ་སོ་སོའི་འགལ་ཟླའི་འཇོག་མཚམས་འཆོལ་བར་འགྱུར་བ་མ་ཡིན་ནམ། དེར་མ་ཟད་བྱང་སེམས་ཀྱི་རྩ་ལྟུང་མཐའ་དག་གིས་སྔགས་སྡོམ་གཏོང་བ་མ་ཡིན་པར་ཐལ། དེ་ཙམ་གྱི་དབང་བསྐུར་མི་གཏོང་བ་གང་ཞིག དབང་བསྐུར་མ་བཏང་ན་དམ་ཚིག་གཏོང་དོན་མེད་པའི་ཕྱིར། རྟགས་དང་པོ་ཁས་བླངས་ཀྱིས་གྲུབ་སྟེ། དབང་བསྐུར་གཏོང་བྱེད་ཀྱི་རྒྱུ་ནི་འཇམ་དཔལ་རྩ་རྒྱུད་ཀྱི་ལྔ་པོ་དེ་ལས་གཞན་མ་གསུངས་པའི་ཕྱིར། གཉིས་པ་ལྟར་ན། བླ་མེད་ནས་དབང་བསྐུར་གཏོང་བྱེད་ཀྱི་རྩ་ལྟུང་མ་གསུངས་པར་ཐལ། འཇམ་དཔལ་རྩ་རྒྱུད་ཀྱི་ལྔ་པོ་དེ་ནི་བླ་མེད་ཀྱི་གཞུང་དུ་དབང་བསྐུར་གཏོང་བྱེད་ཀྱི་རྒྱུར་མ་གསུངས། དེ་ལས་གཞན་ཡང་གསུངས་པ་མེད་པའི་ཕྱིར། ལྔ་པོ་དེ་གཏོང་བྱེད་ཀྱི་རྒྱུར་བླ་མེད་དུ་གསལ་བར་མ་གསུངས་ཀྱང་དོན་གྱིས་གྲུབ་སྟེ། བླ་མ་སྤོང་བ་དང་བྱང་ཆུབ་ཀྱི་སེམས་གཏོང་བ་དབང་བསྐུར་གཏོང་བྱེད་དུ་འཇམ་དཔལ་རྩ་རྒྱུད་ལས་གསུངས་པའི་དོན་གྱིས་སོ། །ཞེ་ན། འོ་ན་རྩ་ལྟུང་གཞན་རྣམས་ཀྱིས་ཀྱང་དབང་བསྐུར་གཏོང་བྱེད་དུ་ཐལ། གཉིས་པོ་དེ་དབང་བསྐུར་དོན་གྱིས་གྲུབ། གཉིས་པོ་དེ་དག་རྩ་ལྟུང་གཞན་རྣམས་སྡིག་པ་ཆེ་ཆུང་གི་དབང་གིས་རྣམ་སྨིན་ལ་ལྕི་ཡང་གི་ཁྱད་པར་ཡོད་ཀྱང༌། བཅས་པ་རྣམས་འཇོག་ལ་རྩ་ལྟུང་དུ་གཞག་པ་ལ་ཁྱད་པར་མེད་པའི་ཕྱིར། དེས་ན་གང་འཆབ་བཅས་སམ་འཆབ་མེད་དུ་ཁྱད་པར་མེད་པའི་རྩ་ལྟུང་ཡིན་ན། རང་གི་འགལ་ཟླར་གྱུར་པའི་སྡོམ་པ་དེ་གཏོང་མི་གཏོང་གི་རྣམ་དབྱེ་འབྱེད་མི་ནུས་པས་ཁྱབ། དཔེར་ན་སོ་ཐར་དང་བྱང་སེམས་ཀྱི་རྩ་ལྟུང་བཞིན། རྒྱུད་སྡེ་ནས་གསུངས་པའི་རྩ་ལྟུང་མཐའ་དག་ཀྱང་རང་གི་འགལ་ཟླ་དེ་ལ་ལྟོས་པའི་རྩ་ལྟུང་ཡིན་ནོ། །ཞེས་པ་ནི་ཚད་མས་གནོད་པའི་འགལ་བ་དམིགས་པའོ། །ཞེས་པའི་སྒྲུབ་བྱེད་དུ་མ་ཟད། ལོག་ཕྱོགས་ལ་གནོད་བྱེད་ཀྱང་འདི་ལྟར། དབང་བསྐུར་བཏང་བའི་རྩ་ལྟུང་དང༌། མ་བཏང་བའི་རྩ་ལྟུང་གཉིས་ཕྱིར་སོར་ཆུད་པ་སླར་ཡང་དབང་བསྐུར་ནོད་པ་ལ་ལྟོས་མི་ལྟོས་ཀྱི་ཁྱད་པར་ཡོད་པར་ཐལ། རྩ་ལྟུང་དེ་གཉིས་ལ་དབང་བསྐུར་བཏང་མ་བཏང་གི་ཁྱད་པར་དམིགས་པའི་ཕྱིར། གཞན་ཡང་རྩ་ལྟུང་གིས་དབང་བསྐུར་མི་གཏོང་བའི་ཤེས་བྱེད་དུ། རྩ་ལྟུང་གང་འབྱུང་བ་ཐམས་ཅད་དབང་བསྐུར་མ་བཏང་བ་ཁོ་ན་ལ་འབྱུང་བའི་ཕྱིར། ཞེས་དང༌། དེའི་རྒྱབ་རྟེན་དུ་དུས་འཁོར་རྒྱུད་འགྲེལ་གྱི་ལུང་དང་སོ་ཐར་གྱི་རིགས་པ་དང་བཅས་ཏེ་འཆད་པ་ནི། ཁྱབ་པ་མ་ངེས་པ་དང༌། ལུང་རིགས་གཉིས་ཀ་རང་གང་གི་སྒྲུབ་བྱེད་དུ་བཀོད་པའི་དམ་བཅའ་དེའི་ལོག་ཕྱོགས་སྒྲུབ་བྱེད་དུ་སོང་བའི་ཕྱིར་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དང་པོ་ནི། འོ་ན་དབང་བསྐུར་གཏོང་བའི་རྩ་ལྟུང་དེས་ཀྱང་དབང་བསྐུར་མི་གཏོང་བ་ཐལ། དེ་འདྲ་དེ་ཡང་དབང་བསྐུར་མ་གཏང་བ་ཁོ་ན་ལ་རྩ་ལྟུང་དུ་འགྱུར་བ་ཡིན་གྱི་གཞན་ལ་མ་ཡིན་པའི་ཕྱིར། སོ་ཐར་གྱི་ཕམ་པ་འཆབ་བཅས་ཀྱིས་ཀྱང་སོ་ཐར་གྱི་སྡོམ་པ་ཉམས་པར་བྱེད་པ་མ་ཡིན་པར་ཐལ། ཕམ་པ་འཆབ་བཅས་ནི་དེ་མ་ཉམས་པའི་རྟེན་ཁོ་ན་ལ་འབྱུང་བའི་ཕྱིར། གཉིས་པ་ནི། ལུང་རིགས་དེ་གཉིས་ཀ་རྩ་ལྟུང་གིས་སྡོམ་པ་གཏོང་བའི་ཤེས་བྱེད་དུ་འབྲེལ་བ་ཡིན་ཏེ། རྩ་ལྟུང་བཅུ་བཞི་པོ་ཐམས་ཅད་རྡོ་རྗེ་ཐེག་པར་དབང་བསྐུར་བ་ཁོ་ན་ལ་ལྟོས་པའི་རྩ་ལྟུང་དུ་བཤད་པའི་ཕྱིར་དང༌། སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་དེ་སྲོག་གཅོད་ཀྱི་སྡོམ་པ་རྣམ་དག་ལ་ལྟོས་པའི་རྩ་ལྟུང་ཡིན་ན་དེས་དེ་མེད་པར་བྱེད་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྒྲུབ་བྱེད་འཁྲུལ་བ་དང༌། བསྒྲུབ་བྱ་ལ་སྐྱོན་ཡོད་པའོ། །དང་པོ་ནི། སོ་ཐར་དང་བྱང་སེམས་ཀྱི་རྩ་ལྟུང་ནི་ཚེ་དེ་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པའི་སྐལ་པ་མེད་པ་དང༌། ཚེ་དེ་ལས་ཐོབ་པའི་སྐལ་པ་མེད་པར་བྱས་པ་དེ་སྔགས་ཀྱི་རྩ་ལྟུང་སླར་གསོར་མི་རུང་བའི་ཤེས་བྱེད་ཀྱི་དཔེ་མ་ཡིན་ཏེ། དེ་ཉིད་མི་འགྲུབ་པའི་ཕྱིར། འདུལ་བ་ལས་ཕམ་པ་འཆབ་མེད་ཅན་ཚེ་དེ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་སྐལ་པ་ཡོད་པར་གསུངས་པ་དང༌། ཉེ་བར་འཁོར་གྱི་ཞུས་པ་ལས། ཉན་ཐོས་ཀྱི་ཉེས་པ་རྣམས་ནི་སྔར་བཅོས་སུ་མེད་པར་ཟུང་ཅིག བྱང་ཆུབ་སེམས་དཔའི་ཉེས་པ་རྣམས་ནི་སླར་བཅོས་སུ་ཡོད་པར་ཟུང་ཅིག ཅེས་གསུངས་པའི་ཕྱིར་དང༌། དཱ་རི་ཀཱ་པའི་རྡོ་རྗེ་ཚིག་འབྱེད་ཀྱི་ལུང་དོན་ཁྱེད་ཀྱི་བཤད་པ་དེ་ཡང་ཕྱིན་ཅི་ལོག་པ་ཡིན་ཏེ། དུས་ཀྱི་འཁོར་ལོ་དང་འགལ་བའི་ཕྱིར་དང༌། སྔགས་ཀྱི་སྡོམ་པ་ལ་ཕྱིར་བཅོས་མེད་པའི་ཤེས་བྱེད་ཀྱི་དཔེར་ཉན་ཐོས་ཀྱི་ཚུལ་ལ་དེ་མེད་པ་བཀོད་པས་ཤེས་བྱེད་དང་བསྒྲུབ་བྱ་འགལ་བའི་ཕྱིར། ཚུལ་ཁྲིམས་ལེའུའི་ལུང་ཁྱེད་ཀྱིས་དྲངས་པ་དེ་ཡང་དེའི་ཤེས་བྱེད་མ་ཡིན་ཏེ། བྱང་ཆུབ་སེམས་དཔས་ཕམ་པ་ལྟ་བུའི་ཆོས་རང་རྒྱུད་ལ་བྱུང་བ་ཕྱིར་བཅོས་མ་བྱས་ན་ཚེ་དེ་ལ་ས་ཐོབ་པ་ལ་སོགས་པའི་ཕན་ཡོན་རྣམས་མི་འབྱུང་བར་སྟོན་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤྱིར་རྩ་ལྟུང་དགོས་པ་སྒྲུབ་ནུས་གསོར་མི་རུང་བ་མི་འཐད། བྱེ་བྲག་སྡོམ་པ་མི་གཏོང་བའི་རྩ་ལྟུང་རྣམས་དགོས་པ་སྒྲུབ་ནུས་སུ་གསོར་མི་རུང་བ་མི་འཐད་པའོ། །དང་པོ་ནི། རྩ་ལྟུང་ཅན་སླར་གསོ་བའི་ཆོ་ག་བཅས་པ་ལ་དགོས་པ་མེད་པར་ཐལ། གསོ་བའི་ཆོ་ག་བྱས་ཀྱང་ཚེ་དེ་ལ་མཆོག་སྒྲུབ་པའི་སྐལ་པ་ཡོད་མི་སྲིད་པའི་ཕྱིར། དེ་མི་སྲིད་ཀྱང་དགོས་པ་གཞན་ཡོད་དོ་ཞེས་སྨྲས་ཟིན་པ་མ་ཡིན་ནམ་ཞེ་ན། འོ་ན་འགྱོད་བཤགས་ཀྱི་ཆོ་ག་དེ་དག་གིས་རྩ་ལྟུང་གི་ཉེས་པ་འདག་ནུས་སམ་མི་ནུས། མི་ནུས་ན་དགོས་པ་མེད་པའི་ཉེས་པ་སོ་ན་འདུག ནུས་ན་ཉེས་པ་དག་རྗེས་སུ་སླར་བླང་བའི་སྔགས་སྡོམ་དེ་སྔོན་གྱི་རྩ་ལྟུང་གི་ཉེས་པ་དང་བཅས་པ་ཡིན་ནམ་མིན། ཡིན་ན་ཉེས་པ་དག་པར་འགལ། མིན་ན་སྔར་རྩ་ལྟུང་མ་བྱུང་བའི་དུས་ཀྱི་སྡོམ་པ་དེ་དང་ཁྱད་པར་ཡོད་དམ་མེད། ཡོད་ན་ཁྱད་པར་དེ་ཡོད་དགོས། མེད་ན་དགོས་པ་སྒྲུབ་ནུས་མ་ཡིན་པར་འགལ། གཉིས་པ་ནི། གཞན་ཡང་དབང་བསྐུར་མ་གཏང་བའི་རྩ་ལྟུང་ཅན་སླར་གསོ་བ་དེའི་ཚེ་ན་སྡོམ་པ་ལེན་ནམ་མི་ལེན། མི་ལེན་ན། གཞུང་ལས་ལེན་པར་བཤད་པ་དང་འགལ། ལེན་ན་སྔར་མེད་པ་ཞིག་ཐོབ་པ་ཡིན་ནམ། སྔར་ཡོད་པ་དེ་ཉིད་གསོ་བ་ཡིན། དང་པོ་ལྟར་ན། དེར་ཐོབ་པའི་སྡོམ་པ་དེ་དགོས་པ་སྒྲུབ་ནུས་ཀྱི་སྡོམ་པར་འགྱུར་ཏེ། རྩ་ལྟུང་གི་ཉེས་པ་དང་བྲལ་བའི་སྡོམ་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། སྡོམ་པ་བླངས་པ་ལ་དགོས་པ་མེད་པར་འགྱུར་ཏེ། བླངས་ཀྱང་སྔར་གྱི་སྡོམ་པ་ནུས་མེད་དེ་ལས་སྐྱེ་རྒྱུ་ལྷག་པ་མེད་པའི་ཕྱིར། ཡང་དབང་བསྐུར་མ་གཏང་བའི་རྩ་ལྟུང་ཅན་གྱིས་སླར་གསོས་པའི་སྡོམ་པ་དེ་ལས་ཅིག་ཤོས་ཀྱིས་སླར་བླངས་པའི་སྡོམ་པ་དེ་བཟང་བར་འགྱུར་ཏེ། འདི་ལ་ནི་སྔར་གྱི་སྡོམ་པ་དེ་ལས་ལྷག་པ་ཐོབ་རྒྱུ་མེད། ཅིག་ཤོས་ལ་སྡོམ་པ་གཙང་མ་ཞིག་ཐོབ་རྒྱུ་འདུག་པའི་ཕྱིར། དཔེར་ན་སོ་ཐར་གྱི་སླབ་པ་ཕུལ་ནས་བླངས་པ་དང༌། ཕམ་པ་འཆབ་བཅས་ཅན་གྱིས་བླངས་པའི་ཁྱད་པར་བཞིན་ནོ། །གསུམ་པ་ནི། རྩ་ལྟུང་གིས་སྡོམ་པ་གཏང་ཟིན་པ་སླར་བླངས་པ་དེའི་ཚེ་དབང་བསྐུར་ལེན་ནམ་མི་ལེན། མི་ལེན་ན་དམ་ཚིག་གི་སྡོམ་པ་མི་ལེན་པར་འགྱུར་ཏེ། དབང་མེད་པ་ལ་དམ་ཚིག་མེད་པའི་ཕྱིར་རོ། །ལེན་ན་བླངས་པའི་ཚེ་ཇི་ཙམ་བླངས་པའི་དབང་དེ་སྐྱེས་སམ་མ་སྐྱེས། མ་སྐྱེས་ན་ལེན་པའི་དགོས་པ་ཅི། སྐྱེས་ན་དེ་ལམ་རིམ་པ་གཉིས་སྒོམ་པའི་སྐལ་པ་ཅན་ཡིན་ནམ་མིན། མིན་ན་དབང་བཞི་རྒྱུད་ལ་སྐྱེས་པར་འགལ། ཡིན་ན་དགོས་པ་སྒྲུབ་ནུས་མ་ཡིན་པར་འགལ། གཞན་ཡང་དེ་དུས་ཀྱི་སྔགས་སྡོམ་དེ་རྩ་ལྟུང་གི་ཉེས་པ་མ་བྱུང་བར་བླངས་པ་དང་ཐོབ་པའི་སྡོམ་པར་ཐལ། དེ་འདྲ་དེ་རྩ་ལྟུང་གི་ཉེས་པ་དང་བཅས་བཞིན་པའི་སྡོམ་པ་ཡིན་པའི་ཕྱིར། ཉེས་པ་དང་བྲལ་ན་ནི་དགོས་པ་སྒྲུབ་པ་ལ་ཅི་ཞིག་གིས་གེགས་བྱས་པར་འདོད། རྩ་བར་འདོད་མི་ནུས་ཏེ། ཉེས་པ་བྱང་བའི་ཚད་དུ་མ་སླེབ་པར་སྡོམ་པ་ལེན་པ་དང་སྟེར་བ་གཉིས་ཀ་བཀག་པའི་ཕྱིར། དཔེར་ན་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཆད་ལས་ཀྱི་ཚད་དུ་མ་སླེབ་པར་དབྱུང་བ་མི་སྟེར་བ་བཞིན། དེ་ལྟ་བས་ན་ཉན་ཐོས་ཀྱི་ཐེག་པར་ནི་ཕམ་པ་འཆབ་བཅས་ལ་དག་བྱེད་མ་གསུངས་ཤིང༌། ཐེག་པ་ཆེན་པོ་ཐབས་ལ་མཁས་པས་སྡོམ་པ་གོང་མ་གཉིས་ཀྱི་ཕམ་པ་འཆབ་བཅས་ལ་དག་བྱེད་གསུངས་ཤིང༌། དེ་དག་པའི་ཚད་དུ་ཕྱིན་པ་ན་སྔར་ཇི་ཙམ་ནོད་པའི་སྡོམ་པ་སླར་ལེན་ཞིང༌། དེ་ལྟར་བླངས་པ་དེ་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་རྣམ་དག་ཡིན་མོད། དེ་ལྟ་ན་ཡང་ཉེས་པ་དག་བྱེད་ལ་ཡུན་རིང་པོ་འགོར་བས་མཆོག་སྒྲུབ་པ་དང་ས་ཐོབ་པ་ལ་དུས་རིང་དུ་ཐོགས་པ་ཡིན་ནོ། །དེའི་ཕྱིར་རྩ་ལྟུང་གིས་སྡོམ་པ་མི་གཏོང་བ་དང༌། རྩ་ལྟུང་བྱུང་བ་སླར་དགོས་པ་སྒྲུབ་ནུས་སུ་གསོ་བའི་ནུས་པ་མེད་དོ། །ཞེས་གསུངས་པ་གཉིས་ཀ་ངེས་པར་ནོར་བ་ཡིན་ནོ། །གཉིས་པ་ཉམས་པ་ཕྱིར་གསོ་བའི་ཐབས་ཀྱི་བརྒལ་ལན་ལ། ཕྱོགས་སྔ་མ་བཞག་པ་དང༌། དེ་ལ་རྒོལ་བ་ཇི་ལྟར་ཡོད་པ་དང༌། དེའི་ཚེ་མ་ཕྱུང་བའོ། །དང་པོ་ནི་གཞུང་ལས། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་གྱུར་ཏེ། །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་པ་ནི་རྩ་ལྟུང་གང་བྱུང་ཀྱང་སྡོམ་པ་གཏོང་བར་བསྟན་པ་ཡིན་ཏེ། གཞན་དུ་ན་སྔགས་སྡོམ་དང་བཅས་བཞིན་དུ་དམྱལ་བར་འགྲོ་བ་ཞིག་ཀྱང་གཞུང་དེས་བསྟན་པར་འགྱུར་རོ། །ཕྱིར་བཅོས་དངོས་ཀྱི་གཞུང་ནི། མཉམ་པར་གཞག་པས་བླ་མ་ལ། །ཅི་འབྱོར་བ་ཡིས་མཆོད་བྱས་ནས། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །ཞེས་འབྱུང་ལ། གཞུང་འདི་ལ་སྡོམ་པ་བཟུང་བ་མ་གཏོགས་ཕྱིར་བཅོས་སྟོན་བྱེད་ཀྱི་ཚིག་གསལ་པོ་མ་བྱུང་ལ། འགྲེལ་ཆེན་གྱི་རྩ་ཚིག་ཏུ། གལ་ཏེ་ཉམས་ནས་བླ་མ་ལ། །ཕུལ་ལ་སོགས་པས་དྲི་མི་དག །བདག་ཉིད་གཞན་ལ་ཕན་འདོད་པས། །བླ་མ་དཀོན་མཆོག་མཆོད་བྱ་ཞིང༌། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བསོད་ནམས་ཚོགས་ནི་ཉེར་བསགས་ནས། །བྱང་ཆུབ་སེམས་ལ་སོགས་པ་ཡི། །སྡོམ་པ་ཐམས་ཅད་བཟུང་བར་བྱ། །ཞེས་གསུངས་པ་ལྟར་བཤད་ན་གོ་བདེ་བའོ། །དོན་འདི་དག་ལ་འཁྲུལ་སྤོང་དུ་འདི་ལ་གཉིས་ཏེ། ལྟུང་བ་ལས་ལྡང་བ་དང༌། དམ་ཚིག་དང་སྡོམ་པ་བླང་པའོ། །དང་པོ་ནི། རྐང་པ་གཉིས་ཀྱིས་བསྟན་ཏེ། ཡན་ལག་མ་ཚང་བ་རྣམས་བཤགས་པར་བྱ་བ་ཉིད་དང༌། དེ་ཡང་མཉམ་པར་བཞག་པ་ཞེས་པས། དྲན་ཤེས་བཞིན་གྱིས་ཟིན་པའི་དོན་ཏེ། བླ་མ་ལ་ཞེས་པ་ནི་རྡོ་རྗེ་ཐེག་པའི་སྒོར་སྨིན་བྱེད་དང་ལམ་སྟོན་བྱེད་དོ། །ཁ་སྦྱོར་ཕྱི་མ་ལས། བླ་མ་ནི། སྔགས་དང༌། རྒྱུད་དང༌། མན་ངག་ཅན་ནོ། །ཞེས་སོ། །དེ་ནི་བཤགས་པར་བྱ་བའི་ཡུལ་དང༌། ཚོགས་གསགས་པར་བྱ་བའི་ཡུལ་མཆོག་ཏུ་གྱུར་པ་སྟེ། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོ། །དེས་ན་ཉེས་པ་ཆེན་པོ་རྣམས་ཀྱི་བཤགས་པའི་རྟེན་ཡིན་པས་གཞུང་དུ་བསྟན་མོད། ཉེས་པ་ཕྲ་མོ་བྱུང་ཞིང་བླ་མ་དང་ཡུལ་མ་འཛོམ་པར་རིང་དུ་གྱུར་ན། དམ་ཚིག་གི་ཉེས་པ་མེད་པའི་རྡོ་རྗེ་སྤུན་ཡང་བཤགས་པའི་རྟེན་དུ་རུང་བར་ཤུགས་ལ་བསྟན་ནོ། །ཅི་འབྱོར་བ་ཡིས་མཆོད་བྱས་ཏེ། །ཞེས་པ་ཚོགས་འཁོར་སོགས་ལ་བདོག་པ་ཐམས་ཅད་གཏོང་བའི་བར་བྱས་ཏེ། དེ་ནས་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་ཡིན་ནོ། །འདི་ཙམ་གྱིས་ལྟུང་བ་ལས་ལྡང་བའང་གཞུང་འདིས་བསྟན་མོད་ཀྱི། ཡང་དམ་ཚིག་དང་སྡོམ་པ་བླང་བ་སྔོན་དུ་འགྲོ་བས་བླ་མ་ལ་གསོལ་བ་གདབ་པ་དང༌། ཉེས་པ་ཆེས་ཆེ་བ་རྣམས་ལ་ནི་དབང་བསྐུར་བའི་རྗེས་སུ་བླ་མ་ལ་བརྟེན་ཏེ་ལས་ཀྱི་སྒྲིབ་པ་སྦྱོང་བ་ཡང་འདིས་བསྟན་ཏོ། །གཉིས་པ་ནི། གསུམ་ལ་སྐྱབས་སུ་འགྲོ་ཞེས་སོགས་ཚིགས་བཅད་གཅིག་གོ །འདིས་ནི་རྩ་ལྟུང་བྱུང་ན་སྡོམ་པ་བཏང་བས་ན་སྡོམ་པ་སླར་ཡང་བླང་དགོས་པ་ལས། དེ་ལས་སོ་ཐར་བླང་བ་ཉིད་རྐང་པ་དང་པོ་ཙམ་གྱིས་བསྟན་པ་ནི། ཐེག་པ་ཐུན་མོང་བའི་སྐྱབས་འགྲོ་ནས་བརྩམས་ཏེ། རང་གང་ལ་གནས་པའི་སོ་ཐར་དེ་བླང་བར་བྱའོ། །བྱང་ཆུབ་སེམས་ཞེས་པ་དང་པོ་དང་སྦྱར་བའི་དོན་ནི། དེའི་རྗེས་ལ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ནས་བརྩམས་ཏེ། སྨོན་འཇུག་གི་བདག་ཉིད་ཅན་གྱི་བྱང་སེམས་ཀྱི་སྡོམ་པ་བླང་ངོ༌། །སེམས་སོགས་ཞེས་པའི་སོགས་སྒྲས་ནི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས་དབང་རྣམས་ཡོངས་སུ་རྫོགས་པར་བླངས་ཤིང༌། དམ་ཚིག་དང་སྡོམ་པ་མཐའ་དག་ནོད་པར་བྱ་བ་ཉིད་དུ་སྟོན་ནོ། །ཞེས་གསུངས་སོ། །གཉིས་པ་ལ། སྙེ་མ་མཁན་པོ་ནི། སྡོམ་པ་སླར་གསོ་བའི་སྐབས་སུ་སྡོམ་པ་བཟུང་ཙམ་གྱིས་མི་ཆོག་པར་དབང་བསྐུར་བའི་དགོས་པ་འཆད་པ་ན་དབང་བསྐུར་ནས་སྡིག་པ་སྦྱོང་བ་དང་སྡོམ་པ་བཟུང་བ་གཉིས་ཀ་ཚོགས་ནས་རྩ་ལྟུང་འདག་པར་བྱ་དགོས་ཀྱི། སྡོམ་པ་ཐོབ་པ་ཙམ་གྱིས་མ་ཆོག་པས་དབང་བསྐུར་བ་དགོས་སོ། །འོ་ན་གསོ་བའི་དབང་འདི་བླ་མ་ཞིག་ལ་དགོས་སམ། རང་གིས་བདག་འཇུག་བྱས་པས་ཀྱང་ཆོག་པ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང༌། ཀོ་ས་ལའི་རྒྱན་ལས་འབྱུང་བ་འདི་ཤིན་ཏུ་ལེགས་སོ། །ཞེས་གསུང༌། རྒོལ་བ་གཉིས་པ་སྔགས་འདུལ་མཛད་པ་ན་རེ། འཁྲུལ་སྤོང་དུ། རྩ་བའི་གཞུང་ཚིག་དེས་བཤགས་པ་དང་སྡོམ་པ་ལེན་པའི་ཆོ་ག་གཉིས་བསྟན་པར་བཞེད་པ་མི་འཐད་དེ། མཆོད་བྱ་སྟེ་ཞེས་འོག་མ་དང་སྦྱོར་བའི་ཚིག་ཡིན་པ་ལ། དངོས་ཤུགས་ཀྱི་བཤགས་པ་འདི་སྙེད་ཅིག་དེས་བསྟན་ཞེས་པ་དབང་གིས་ཕྱུག་པའི་གསུང་དུ་ཟད་པའི་ཕྱིར། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །ཞེས་པ་འདི་ཉིད་ཀྱིས་དང་པོར་སོར་ཐར་བླང་བ་བསྟན་ཞེས་པའང་བཙན་ཐབས་ཏེ། དངོས་ཤུགས་གང་གིས་ཀྱང་བསྟན་པ་བཤད་དུ་མེད་པའི་ཕྱིར། འདི་བླང་དགོས་པ་ཡང་སྡོམ་པ་བཏང་བས་ཡིན་ཞེས་པ་ལ་ནི་བཏང་བ་ཉིད་ཀྱི་དོན་མེད་དེ་སྔགས་ཀྱི་རྩ་ལྟུང་ལ་སྔགས་ཀྱི་སྡོམ་པ་གཏོང་མི་གཏོང་གི་དབྱེ་བ་ཡོད་པས་སྔགས་སྡོམ་གཏོང་བར་ཡང་མ་ངེས་ན་སྡོམ་པ་འོག་མ་གཉིས་གཏོང་བར་མ་ངེས་པ་ལྟ་ཅི་སྨོས། དེའི་ཕྱིར་རང་གང་ལ་གནས་པའི་སོ་ཐར་བླང་དགོས་ཞེས་པའང་དཔྱད་དགོས། སྡོམ་པ་གསུམ་ག་བླང་དགོས་ཞེས་གསུང་བ་ནི། རིག་འཛིན་སྡོམ་པའི་སྐབས་སུ་ལྕགས་ཟངས་ལ་གསེར་འགྱུར་ཐེབས་པ་ལྟར་དངོས་པོ་གཅིག་ཏུ་གྱུར་པས། གཅིག་བཏང་ན་གསུམ་ག་གཏོང་དགོས་པར་དགོངས་སོ། བདག་ལ་ཕན་འདོད་ན་ཞེས་པ་དངོས་གྲུབ་འདོད་པས་དབང་བླང་བར་འདོད་ན་ཞེས་འཆད་པའང་དོན་མེད་དེ། གཞུང་ཚིག་འདིས་བྱང་ཆུབ་སེམས་སོགས་སྡོམ་པ་བླང༌། ཞེས་པ་ཙམ་ལས་དབང་ལེན་དགོས་པ་མི་གསལ་བའི་ཕྱིར། དེས་ན་ཕྱིར་བཅོས་ཀྱི་གཞུང་འདི་དག་གིས་ནི་རྩ་ལྟུང་བཤད་རྗེས་འདིར་རྩ་ལྟུང་གི་ཉམས་པ་གསོ་བའི་ཚུལ་ཙམ་ཞིག་བསྟན་པ་ཡིན་ནོ། །ཡང་ན་གཞུང་འདི་དག་གིས་ཚོགས་རྫོགས་པའི་དོན་དུ་རྒྱུན་གྱི་སྡོམ་པ་ལེན་པའི་ཚུལ་བཤད་པའོ། །འོ་ན་སྔགས་ལ་ཡང་བྱང་སེམས་ལྟར་སྡོམ་པ་དུས་དྲུག་ཏུ་ལེན་པ་ཡོད་དམ་ཞེ་ན། ཡོད་དེ། རྡོ་རྗེ་རྩེ་མོ་ལས། སྔ་དྲོ་སྡོམ་པ་བླང་བྱ་སྟེ། །དེ་ཉིད་ཕྱེད་དང་མཚན་རྣམས་སུ། །ཉིན་དང་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྡོ་རྗེ་ནོར་བུ་དང༌། །པདྨ་བྱེད་པའི་རྣལ་འབྱོར་གང༌། །ཞེས་གསུངས་པ་ལྟར་རོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་གདབ་པ་དང༌། གཉིས་པའི་ལན་གདབ་པའོ། །དང་པོ་ལ། སྡོམ་བཟུང་གི་ཆོ་ག་རྐྱང་པས་སྡོམ་པ་སོར་ཆུད་པ་མི་མཐད། དབང་བསྐུར་རྩ་ལྟུང་གི་དག་བྱེད་དུ་འདོད་པ་ཁས་བླངས་པ་དང་རིགས་པས་མི་འཐད། བདག་འཇུག་རྐྱང་པས་སྡོམ་པ་སོར་ཆུད་པར་འདོད་པ་ཡང་ཁས་བླངས་དང་རིགས་པས་མི་འཐད་པའོ། །དང་པོ་ནི། སྡོམ་གཟུང་རྐྱང་པས་སྡོམ་པ་གསོ་ནུས་ན་ལུང་དང་འགལ་བ་དང༌། རིགས་པས་གནོད་པའོ། །དང་པོ་ནི། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། གལ་ཏེ་བག་མེད་གྱུར་པ་ཡིས། །བླ་མའི་དམ་ཚིག་ལས་ཉམས་ན། །དེ་ནི་དཀྱིལ་འཁོར་བྲིས་བྱས་ལ། །བདེ་གཤེགས་རྣམས་ལ་ཉེས་པ་བཤགས། །ཞེས་གསུངས་ཤིང༌། དཀྱིལ་འཁོར་བྲི་བ་ཡང་དབང་བསྐུར་བླང་བའི་ཕྱིར་ཡིན་ཏེ། དམ་པ་དང་པོ་ལས། རྩ་བའི་ལྟུང་བ་བྱུང་བ་ན། །སྦྱང་ཕྱིར་དཀྱིལ་འཁོར་ཚུགས་ནས་ནི། །བཀའ་ཐོབ་བྱས་ནས་ཐུ་བོ་ཡང༌། །ཆུང་ངུ་དག་ཏུ་འགྱུར་བ་ཡིན། །ཞེས་དང༌། དྲི་མེད་འོད་དུ་རྩ་བའི་ལྟུང་བ་རྣམ་པར་དག་པའི་ཐབས་གསུངས་པ། ཞེས་མཚམས་སྦྱར་ནས། རྩ་བའི་ལྟུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། ཞེས་དང༌། སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་རབ་སྦྱིན་བྱ་ཞེས་དང༌། གསང་བ་སྤྱི་རྒྱུད་ལས་ཀྱང༌། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེས་ནི་རང་གི་སྙིང་པོའི་སྔགས། །ཚིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཞེས་གསུངས་སོ། །རིགས་པས་གནོད་པ་ནི། སློབ་མས་སྡོམ་པ་སླར་གསོ་བ་ལ་སྡོམ་བཟུང་གི་ཚིག་ལན་གསུམ་གྱིས་ཆོག་ན། སློབ་དཔོན་གྱིས་སླར་གསོ་བའང་དེས་ཆོག་པར་འགྱུར་ལ། དེ་ལྟ་ན་སློབ་མ་དབང་བསྐུར་བའི་སློབ་དཔོན་གྱིས་བདག་འཇུག་ངེས་པར་ལེན་དགོས་པ་དེ་སློབ་དཔོན་རང་ཉིད་སྡོམ་ལྡན་དུ་བྱེད་པའི་ཚད་དུ་ཡིན། ཞེས་ཁྱེད་རང་གིས་བཤད་པས་ཁས་བླངས་འགལ་བ་དང༌། དཀྱིལ་འཁོར་གྱི་ཆོ་ག་དང་མ་འབྲེལ་བར་ལྟུང་བཤགས་དང་སྡོམ་བཟུང་གི་ཚིག་ལན་གསུམ་གྱི་སྒོ་ནས་སྡོམ་ལྡན་ཞིག་གི་དྲུང་དུ་སྡོམ་པ་བླངས་པ་ཙམ་གྱིས་སྡོམ་པ་སྐྱེ་བར་འགྱུར་བ་དང༌། ལས་དང་པོ་པས་ཀྱང་དབང་བསྐུར་དང་མ་འབྲེལ་བའི་སྡོམ་བཟུང་ཙམ་གྱི་སྡོམ་པ་ཐོབ་པར་འགྱུར་རོ། །གཉིས་པ་ལ་རིགས་པས་གནོད་པ་དང༌། ཁས་བླངས་འགལ་བ་གཉིས་ལས། དང་པོ་ནི། དབང་བསྐུར་གྱིས་རྩ་ལྟུང་གི་ཉེས་པ་དག་པར་བྱེད་ཅིང༌། སྡོམ་བཟུང་གིས་སྡོམ་པ་འཛིན་པ་དེ་ལྟ་ན་དབང་བསྐུར་ཟིན་པའི་འོག་ཏུ་སྡོམ་པ་ལེན་དགོས་པར་ཐལ་བའམ། སྡོམ་བཟུང་གི་མཐར་སྡོམ་པ་མི་སྐྱེ་བ་ཉིད་དུ་འགྱུར་ཏེ། དུས་དེར་རྩ་ལྟུང་གི་ཉེས་པ་དག་མ་ཟིན་པའི་ཕྱིར། གཉིས་པ་ནི། རྩ་ལྟུང་ཅན་ལ་དེའི་དངོས་ཀྱི་འགལ་ཟླའི་སྡོམ་པ་སྐྱེ་བར་འགྱུར་ཏེ། སྔར་སྡོམ་པ་གཟུང་ནས་དེའི་འོག་ཏུ་དབང་བསྐུར་གྱིས་རྩ་ལྟུང་གི་ཉེས་པ་སྦྱོང་བའི་ཕྱིར། འདོད་ན་རྩ་ལྟུང་གིས་སྡོམ་པ་གཏོང་བ་མ་ཡིན་པར་འགྱུར་ཏེ། སྡོམ་པས་རྩ་ལྟུང་མི་གཏོང་བའི་ཕྱིར་དང༌། གཉིས་པོ་ལྷན་ཅིག་མི་གནས་འགལ་བ་མ་ཡིན་པའི་ཕྱིར། ཐལ་བ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པར་མ་ཟད་ཁྱབ་པ་ཚད་མས་གྲུབ་པའི་ཚུལ་འདི་ཉིད་རིགས་པའི་ལམ་ཡིན་ཏེ། རྩ་ལྟུང་དེའི་དངོས་ཀྱི་འགལ་ཟླར་གྱུར་པའི་སྡོམ་པ་དེ་ནམ་སྐྱེས་པ་ན་སྔར་ཡོད་ཀྱི་རྩ་ལྟུང་དེ་བཏང་བས་ཁྱབ་སྟེ། དཔེར་ན་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་མངོན་དུ་གྱུར་པ་ན། དེའི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་རྩ་ལྟུང་དེ་བཏང་བས་ཁྱབ་པ་བཞིན་ནོ། །འོ་ན་འཁྲུལ་སྤོང་ལས་ཀྱང་དབང་བསྐུར་རྗེས་སུ་ལྟུང་བ་ཆེ་བ་རྣམས་བཤགས་དགོས་པར་བཤད་པ་མ་ཡིན་ནམ་ཞེ་ན། སྔར་གྱི་སྔགས་ཀྱི་རྩ་ལྟུང་སྡོམ་པ་གཏོང་རྒྱུ་དེ་དབང་བསྐུར་རྫོགས་པའི་རྗེས་སུའང་མ་དག་པར་ཡོད་དོ་ཞེས་ནི་རྗེ་བཙུན་གྱིས་བཞེད་པ་མ་ཡིན་ཏེ། འཁྲུལ་སྤོང་ལས་གསུངས་པ་དེ་ནི། ཇི་སྐད་དུ། མཉམ་པར་གཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ཏེ། །ཞེས་པས་བསྟན་པའི་མཆོད་པ་དེ་དམ་ཚིག་དང་སྡོམ་པ་གསོ་བའི་སྔོན་དུ་མ་ཟད་འོག་ཏུ་ཡང་བྱ་དགོས་ཏེ། བླ་མ་ནི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་དང༌། དེས་ལས་ཀྱི་སྒྲིབ་པ་མང་པོ་འདག་པའི་ཕྱིར། ཞེས་བྱ་བའི་དོན་དུ་དགོངས་སོ། །གསུམ་པ་ལ་གཉིས་ལས། རིགས་པས་བརྟགས་པ་ནི། འོ་ན་སྔོན་ཚེ་དེ་ལ་སྔགས་ཀྱི་སྡོམ་པ་ལོན་མ་མྱོང་བའི་ལས་དང་པོ་པ་ཞིག་གིས། དཀྱིལ་འཁོར་དུ་བདག་ཉིད་འཇུག་པ་དང༌། དབང་བསྐུར་བ་བླངས་པས་སམ། ཡང་ན་བླ་མེད་ཀྱི་དཀྱིལ་འཁོར་གཅིག་གི་སྡོམ་པ་དང་ལྡན་པ་དེས་དཀྱིལ་འཁོར་གཞན་ཞིག་ཏུ་བདག་འཇུག་དང་དབང་བླངས་པ་དེའི་ཚེ་ན། སྔོན་མེད་ཀྱི་སྡོམ་པ་སྐྱེས་པར་འགྱུར་ཏེ། དེ་འདྲ་དེ་དང་རྩ་ལྟུང་བྱུང་བ་དེ་གཉིས་དཀྱིལ་འཁོར་དུ་མ་ཞུགས་གོང་དུ་སྔགས་ཀྱི་སྡོམ་པ་སྤྱིའམ་ཁྱད་པར་བ་དེ་མི་ལྡན་པར་མཚུངས་པ་གང་ཞིག རྩ་ལྟུང་ཅན་དེས་སློབ་དཔོན་ལ་མ་ལྟོས་པར་བདག་འཇུག་བླངས་པ་ན་སྡོམ་པ་སྔར་མེད་གསར་དུ་སྐྱེས་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། དང་པོ་ནི་དབང་གི་མ་སྨིན་པའི་གང་ཟག་ཡིན་པས་སྡོམ་པ་ཐོབ་པ་ལྟ་ཞོག གསང་སྔགས་ལ་རང་དགར་ཞུགས་པའི་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་དང༌། གཉིས་པ་ལ་འདོད་ན། བླ་མེད་ཀྱི་དབང་གཅིག་ཐོབ་ལ་མ་ཉམས་པའི་གང་ཟག་དེས་སྔོན་འཇུག་མ་མྱོང་བའི་དཀྱིལ་འཁོར་བརྒྱ་ཕྲག་དག་ཏུ་བདག་ཉིད་འཇུག་པ་དང་དབང་བླངས་ནས་སློབ་མ་དབང་བསྐུར་དུ་རུང་བར་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི། སྡོམ་པ་གསོ་བ་ལ་བླ་མ་མེད་པའི་ཚེ་བདག་འཇུག་ངེས་པར་དགོས་ན། སྡོམ་པ་སྐྱེ་བ་དབང་ལ་མི་ལྟོས་པ་དང་འགལ་ཞིང༌། སྡོམ་བཟུང་ལན་གསུམ་པ་དེ་ཙམ་གྱིས་སྡོམ་པ་སོར་ཆུད་ན་བླ་མ་ལ་མ་ལྟོས་པར་སྡོམ་བཟུང་གི་ཆོ་ག་ལན་གསུམ་ཙམ་གྱིས་ཀྱང་སྡོམ་པ་སོར་ཆུད་པར་འགྱུར་རོ། །བདག་འཇུག་གི་སྡོམ་པ་སོར་ཆུད་པ། དེ་ལྟར་ཡིན་པ་དེའི་ཚེ་དེས་གཞན་ལ་སྡོམ་པ་ཕོག་པ་དང་དབང་བསྐུར་བའི་ཚེ་ན། དེའི་དབང་དང་སྡོམ་པའི་རྒྱུད་པ་རྡོ་རྗེ་སེམས་དཔའ་ཉིད་ལས་དངོས་སུ་ཐོབ་པར་འཆད་དགོས་ཏེ། གཞན་ནི་མ་དམིགས་པའི་ཕྱིར། དེ་ལྟ་ན། རྩ་ལྟུང་སོར་ཆུད་པའི་བླ་མ་ལས་དབང་ཐོབ་ན་བརྒྱུད་པ་ཐག་ཉེ་བར་འགྱུར་རོ། །འོ་ན་འཁྲུལ་སྤོང་ལས་ཀྱང་བདག་འཇུག་གིས་གོ་ཆོད་པར་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་གཞན་ལས་དབང་ཐོབ་ཟིན་མ་ཉམས་པའི་རྗེས་སུ། རྩ་བའི་ལྟུང་བ་བསྲུང་བ་དང༌། དུས་ལས་མི་ཡོལ་བ་དང༌། རྩ་ལྟུང་སྔ་མའི་བག་ཆགས་སྦྱང་བ་ལ་དགོངས་ནས་རང་གིས་ཀྱང་བདག་འཇུག་ཡང་དང་ཡང་དུ་བྱ་ཞེས་གསུངས་སོ། །འོ་ན་རྩ་ལྟུང་དུས་ལས་མ་འདས་པའི་བར་དེར་བདག་འཇུག་དང་དབང་ལེན་པ་ཇི་ལྟར་རུང་སྟེ། དེས་སྡོམ་པ་བཏང་བའི་ཕྱིར་སྙམ་ན། དུས་དེར་བདག་འཇུག་གི་སྡོམ་པ་སོར་ཆུད་པ་ནི་ཁས་མི་ལེན་ཏེ། སྡོམ་པ་གསར་དུ་ཐོབ་པའི་རྒྱུ་མ་ཚང་བའི་ཕྱིར། དེ་ལྟ་ན་ཡང་དགོས་པ་མེད་པ་མ་ཡིན་ཏེ། རྩ་ལྟུང་ཕྱི་མ་མི་འཕེལ་ཞིང༌། སྔ་མའི་ཉེས་པ་སྦྱོང་ནུས་པའི་ཕྱིར། བདག་འཇུག་གི་དབང་ལས་སྡོམ་པ་མ་ཐོབ་ཀྱང་ཉེས་པ་སྦྱོང་ནུས་པ་དེའི་ཕྱིར། ལྟུང་བཤགས་སྔོན་དུ་མ་སོང་བར་སློབ་དཔོན་གཞན་ལ་དབང་བླངས་པ་ལས་ཀྱང་སྡོམ་པ་སོར་མ་ཆུད་ཀྱང༌། རྩ་ལྟུང་གི་ཉེས་པ་འབྱང་བར་གཞག་དགོས་སོ། །གཉིས་པ་ལ་བཞི་སྟེ། ལྟུང་བཤགས་དང་སྡོམ་བཟུང་སོ་སོར་འབྱེད་པ་གཞུང་གིས་མ་བསྟན་པའི་བརྒལ་ལན། རྩ་ལྟུང་གིས་སོ་ཐར་མི་གཏོང་བའི་བརྒལ་ལན། སྡོམ་པ་ལེན་པའི་གོ་དོན་དབང་ལེན་པ་ལ་མི་འཐད་པར་འཆད་པའི་བརྒལ་ལན། ཉམས་པ་གསོ་བའི་གཞུང་འདི་རྩ་ལྟུང་གིས་སྡོམ་པ་གཏོང་བ་ལ་མི་སྦྱོར་བའི་བརྒལ་ལན་ནོ། །དང་པོ་ནི། སྡོམ་པ་སླར་གསོ་བ་སྟོན་པའི་གཞུང་ཤླཽ་ཀ་ཕྱེད་དང་གཉིས་པོ་འདིས་ལྟུང་བཤགས་དང་སྡོམ་བཟུང་གི་ཆོ་ག་སོ་སོར་ཕྱེ་ནས་སྟོན་པ་ཡིན་ནོ། །ཞེས་པ་འགལ་བ་མེད་དེ། གོང་དུ་དྲངས་ཟིན་པ་ལྟར་ཁྱེད་རང་ལ་ཚད་མར་གྱུར་པའི་ལུང་འགྲེལ་ཆེན་ལས་ཀྱང་ཆོ་ག་ཆ་གཉིས་བསྟན་པར་གསལ་བའི་ཕྱིར། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས་ཀྱང་བླ་མ་སྨོད་པ་སོགས་ཀྱི་ཉེས་པ་ལ་ནུས་པ་ཇི་ལྟ་བར་སྟོན་མོ་སྔོན་དུ་འགྲོ་བའི་འབུལ་བ་བྱས་ནས། བླ་མའི་མདུན་དུ་བཤགས་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་བཟུང་བར་བྱའོ། །ཞེས་པའི་ལུང་འདི་དང༌། ནག་པོ་པས་བླ་མ་དང་རྡོ་རྗེ་སྤུན་ལ་ཚོགས་འཁོར་བསྐོར་ཏེ། སྔོན་ལ་ཉེས་པ་འདི་བྱས་བརྗོད་ནས་བཤགས་པ་བྱེད་པར་གསུངས་པའི་ལུང་དེ་ཁྱེད་ལ་ཚད་མར་གྱུར་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་བཤད་པ་དེ། སྔགས་པས་འབད་དེ་བཟུང་བར་བྱ་ཞེས་པའི་གཞུང་གིས་བསྟན་པའོ། །ཞེ་ན། དེ་ལྟ་ན་གཞུང་ཤླཽ་ཀ་ཕྱེད་དང་གཉིས་པོས་ཆོ་ག་ཆ་གཉིས་བསྟན་པར་གྲུབ་པ་དང༌། དངོས་སུ་མ་བསྟན་པར་མཚུངས་པ་ལ། གཟུང་བར་བྱ། ཞེས་པའི་ཚིག་གིས་བཤགས་པ་བསྟན་པར་འཆད་ནུས་ན། མཆོད་བྱས་ལ། ཞེས་པའི་གཞུང་གིས་ཀྱང་འཆད་ནུས་པར་མཚུངས་སོ། །གཉིས་པ་ལ་གཉིས་ཏེ། དངོས་ལན་གདབ་པ་དང༌། ཅུང་ཟད་སྤྲོ་བའོ། །དང་པོ་ནི། སོ་སོར་ཐར་པ་ལེན་ཞེས་པ་སོ་ཐར་རིགས་བདུན་གང་རུང་གི་དབང་དུ་བྱས་པ་མ་ཡིན་ཏེ་དེའི་ལེན་ཚུལ་འདུལ་བ་ལས་ཇི་ལྟར་འབྱུང་བཞིན་དུ་བྱེད་མི་དགོས་པར། སྔགས་སྡོམ་གང་ལས་ལེན་པའི་བླ་མ་ཁྱིམ་པ་ལྟ་བུ་དེ་ལས་ཀྱང་བླངས་ཆོག་པའི་དོགས་པ་རྗེ་བཙུན་འདི་ལ་འཁྲུངས་པ་ག་ལ་སྲིད་པའི་ཕྱིར། འོ་ན་ཅི་ཞེ་ན། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ནས་བརྩམས་ཏེ། རང་གང་ལ་གནས་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་བྱ་བ་སེམས་དཔའི་སོ་སོར་ཐར་པའི་མིང་ཅན་དེའོ། །དེ་ལེན་དགོས་པའི་ཤེས་བྱེད་ཀྱང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འདི་ནི་སྔགས་ཀྱི་སྡོམ་པའི་གཏོང་རྒྱུས་གཏོང་བའི་རྒྱུ་མཚན་གྱིས་འགལ་ཟླར་གྱུར་པའི་སྡོམ་པ་ནི་རྩ་ལྟུང་ལྔ་པའི་འགལ་བ་མི་མཐུན་ཕྱོགས་དེ་མ་གཏོགས་གཞན་རྣམས་འཇུག་པའི་སྡོམ་པར་ངེས་པའི་ཕྱིར། དཔེར་ན་བདེ་གཤེགས་བཀའ་འདས་ཀྱི་ནང་དུ་གཏོགས་པའི་སྲོག་གཅོད་ཀྱི་ཕམ་པའི་ཁ་ན་མ་ཐོ་བ་དེས་རིག་འཛིན་གྱི་སྡོམ་པ་བཏང་བ་སླར་གསོ་བའི་ཚེ། བྱང་ཆུབ་སེམས་དཔའི་སོ་ཐར་གྱི་དབང་དུ་བྱས་པའི་སྲོག་གཅོད་སྤོང་བའི་ཚུལ་ཁྲིམས་དེ་ཡང་དག་པར་ལེན་ཞེས་བྱ་བའི་དོན་ཡིན་གྱི། དེའི་ཚེ་དགེ་སློང་ངམ་དགེ་ཚུལ་གྱི་རྟེན་ཅན་གྱི་རིག་པ་འཛིན་པ་ལ་སྲོག་གཅོད་ཀྱི་ཕམ་པ་བྱུང་བ་དེས་སླར་རང་གང་ལ་གནས་པའི་སོ་ཐར་གྱི་སྡོམ་པ་རིགས་བདུན་གང་རུང་ལེན་ཞེས་པའི་དོན་ནི་མ་ཡིན་ཏེ། དེའི་ཕམ་པ་དང་ཕམ་འདྲ་ལ་ནི་སླར་གསོ་བ་མ་བཤད་ཅིང༌། ཕམ་པ་འཆབ་མེད་ཀྱི་དག་བྱེད་དུ་ནི་ཆད་པའི་ལས་ཀྱིས་བསླབ་པ་བྱིན་པ་སྤྱོད་པ་ཡིན་གྱི། དེས་སྡོམ་པ་ལེན་དགོས་པའི་དོན་མེད་པའི་ཕྱིར། རང་གང་ལ་གནས་པའི་སོ་ཐར་ལེན་པ་སོགས་འདི་ཡང་མཚན་གཞི་ཡིན་གྱི། ཁྱབ་པ་ངེས་པར་སྟོན་པ་ནི་མ་ཡིན་ཏེ། སྔགས་ཀྱི་རྩ་ལྟུང་གིས་སྐྱབས་འགྲོ་དང་སྨོན་སེམས་གཏོང་བའི་ཕྱིར། གཉིས་པ་ལ་གསུམ་ཏེ། འཁྲུལ་སྤོང་གི་གཞུང་བཀོད་པ་དང༌། དེའི་དོན་བཤད་པ། གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ཇི་སྐད་དུ། རིག་པ་འཛིན་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ནི་ནང་མི་འགལ་ལོ། །སོ་སོར་ཐར་པ་འདི་བྱང་ཆུབ་སེམས་དཔའི་སྡོམ་པ་འཐོབ་པའི་རྟེན་དུ་མི་རུང་སྟེ། སོ་སོར་ཐར་པ་ནི་གླིང་གསུམ་གྱིས་སྐྱེས་པ་དང་བུད་མེད་མ་ཡིན་པ་གཞན་ལ་མི་སྐྱེ་ལ། བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་མཐའ་དག་ལ་སྐྱེ་བར་གསུངས་པའི་ཕྱིར་རོ། །ཡང་གནས་པའི་རྟེན་དུ་མི་འཐད་དེ། སོ་སོར་ཐར་པ་ནི་ཤི་བས་གཏོང་ལ། བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མི་གཏོང་བའི་ཕྱིར་རོ། །ཞེ་ན། ཉན་ཐོས་དང་ཐུན་མོང་བའི་སོ་སོར་ཐར་པ་འདི་ནི་ཐོབ་པ་དང་གནས་པའི་རྟེན་དུ་མི་རུང་བར་ཁྱོད་སྨྲ་བ་བཞིན་ཁོ་བོ་ཅག་ཀྱང་སྨྲའོ། །འོ་ན་ཁྱོད་ཀྱི་སོ་སོར་ཐར་པ་སྔོན་དུ་སོང་བའི་སྡོམ་པ་གསུམ་གང་ཡིན་ཞེ་ན། འདིར་སོ་སོར་ཐར་པའི་རང་བཞིན་ནི། གཞན་ལ་གནོད་པ་བྱེད་པ་བཞི་དང་བཅས་པ་ལས་ལོག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། དེའི་སྟེང་དུ་གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ཞིང༌། རིག་པ་འཛིན་པ་ནི། དེ་དག་ཀྱང་ལྷའི་རྣམ་པའམ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པས་ན་འདི་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །འོ་ན་སོ་སོར་ཐར་པ་དགེ་སློང་གི་བར་ཐོབ་པ་ཞིག་གིས། ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སླར་ཡང་དབང་མནོས་པར་གྱུར་ན་འདི་ལ་སྡོམ་པ་ཇི་ལྟར་ལྡན་ཞེ་ན། དགེ་སློང་གིས་སེམས་བསྐྱེད་པའི་ཚེ་སོ་སོར་ཐར་པ་ཐམས་ཅད། བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་ལ། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ན་སྡོམ་པ་ཐམས་ཅད་ཀྱང་རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་རྒྱུད་འབུམ་པའི་ལུང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ལས་འབྱུང་བ། རྡོ་ཡི་རིགས་ཀྱི་བྱེ་བྲག་གིས། །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང༌། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང༌། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་སོ། །དཔེ་དེའི་རྡོ་ནི་ཕལ་པ་ཡིན་ལ། ལྕགས་ནི་ཉན་ཐོས་ཀྱི་བསླབ་པར་བྱ་བ། ཟངས་ནི་རང་རྒྱལ་གྱི་བསླབ་པར་བྱ་བ། དངུལ་ནི་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཡིན་ཞིང༌། གསེར་འགྱུར་གྱི་རྩི་ནི་རྡོ་རྗེ་ཐེག་པའི་བསླབ་པར་བྱ་བ་ཡིན་པར་མངོན་ནོ། །ཞེས་གསུངས། གཉིས་པ་ནི། གཞུང་འདིའི་དོན་ནི་གསུམ་དུ་འདུས་ཏེ། སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་དང༌། སེམས་བསྐྱེད་ཀྱི་སྡོམ་པའི་གཞི་མཐུན་མི་སྲིད་པར་བསྟན་པ། ཐེག་ཆེན་གྱི་སོ་ཐར་དང་སྡོམ་པ་གོང་མ་གཉིས་ཀྱི་གཞི་མཐུན་སྲིད་པའི་དཔེ་བསྟན་པ། སྔ་མ་གཞི་མཐུན་མི་སྲིད་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དྲི་བ་དང་ལན་གཉིས་ཀྱི་སྒོ་ནས་ཁོ་བོ་ཅག་ཀྱང་སྨྲའོ། །ཞེས་པ་ཡན་གྱིས་བསྟན། གཉིས་པ་ནི། འོ་ན་ཁྱོད་ཀྱིས། ཞེས་པ་ནས། འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན། གོང་དུ་རྩ་ལྟུང་གིས་བཏང་བའི་སོ་ཐར་སླར་ལེན་དགོས་པར་བཤད་པའི་སོ་ཐར་ཡང་འདི་ཉིད་ལ་དགོངས་པར་གསལ་བ་དེའི་ཕྱིར་གཞན་གྱིས་བཏགས་པའི་ཀླན་ཀ་གོང་དུ་དྲངས་མ་ཐག་པ་དེ་དག་འཇུག་པའི་གོ་སྐབས་ག་ལ་ཡོད། གཞི་མཐུན་པ་དེའི་མཚན་གཞི་ནི། རྣམ་སྣང་གི་དམ་ཚིག་ཏུ་བཤད་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་ཉིད་དོ། །སྤྱིར་བྱང་སེམས་ཀྱི་སྡོམ་པ་ཕར་ཕྱིན་གྱི་ཐེག་པར་ཐོབ་པ་དང༌། སྔགས་ཀྱི་དབང་ལས་ཐོབ་པ་གཉིས་ཡོད་ལ། དེ་ཉིད་ཀྱི་རང་ལྡོག་ནས་གཞི་མཐུན་པར་ཁས་མི་ལེན་ཀྱང་གཉིས་ཀ་འཇུག་པའི་སྡོམ་པར་འདུ་བའི་རྒྱུ་མཚན་གྱིས་སོ། །གསུམ་པ་རྩོད་པ་སྤང་བ་ནི། སོ་ཐར་རིགས་བདུན་གང་རུང་དང་སྡོམ་པ་གཉིས་ཀྱི་གཞི་མཐུན་མི་སྲིད་ན། རྒྱུའི་ཀུན་སློང་དམན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་དགེ་སློང་གི་སྡོམ་ལྡན་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ། དེའི་རྒྱུད་ལ་དགེ་སློང་གི་སྡོམ་པ་དང་མི་ལྡན་པའམ། ཡང་ན་དམན་པའི་སེམས་བསྐྱེད་ཀྱང་ལྡན་པར་འགྱུར་བ་དང༌། ཡང་ན་བསྐལ་བ་གྲངས་མེད་གསུམ་གྱིས་ངེས་པར་སྒྲུབ་དགོས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞིག་གིས། ཚེ་འདི་ཉིད་ཀྱིས་འགྲུབ་ཏུ་རུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ། དེས་སེམས་བསྐྱེད་སྔ་མ་བཏང་བའམ། ཕྱི་མ་མ་སྐྱེད་པ་གང་རུང་གཅིག་ཏུ་ཐལ་བར་འགྱུར་ཏེ། དེ་དག་ནི་ཕན་ཚུན་ནང་འགལ་བའི་ཕྱིར་ཞེ་ན། ཞེས་པའི་དྲི་བ་ནི། འོ་ན་སྔར་ཞེས་པ་ནས། ཇི་ལྟར་ལྡན་ཞེ་ན། ཞེས་པའི་བར་རོ། །དེའི་ལན་ནི། སེམས་བསྐྱེད་སྔ་མ་བཏང་ནས་ཕྱི་མ་དེ་མངོན་དུ་བྱས་པ་ཡིན་ནོ་ཞེས་འཆད་པ་ནི། དགེ་སློང་གིས་ཞེས་སོགས་ཏེ། འདིར་བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་པ་དང༌། རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ་གཉིས་ཀ་ལ་སོ་སོར་སྨོན་འཇུག་གཉིས་གཉིས་ཡོད་པར་འདྲ་ཞིང༌། དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་སྡོམ་པར་ཁྱད་པར་ཡོད་པ་མ་ཡིན་ནོ། །སེམས་བསྐྱེད་སྔ་མ་སྔ་མའི་ལྡོག་ཆ་བཏང་ནས་ཕྱི་མ་ཕྱི་མ་མངོན་དུ་བྱས་པ་དེའི་ཚེ། དེའི་དུས་ཀྱི་རིག་པ་འཛིན་པ་དེའི་རྒྱུད་ཀྱི་སེམས་བསྐྱེད་ལ། སྤྱིར་ཐེག་ཆེན་སེམས་བསྐྱེད་དང༌། བྱེ་བྲག་ཏུ་སྔགས་ནས་གསུངས་པའི་སངས་རྒྱས་ལ་དམིགས་པའི་སེམས་བསྐྱེད་ཀྱིས་ཁྱབ་པ་ཞེས་བྱ་བ་ཡིན་ལ། དེའི་ཤེས་བྱེད་ཀྱི་དཔེ་སྟོན་པ་ནི། རྒྱུད་འབུམ་པའི་ལུང་ཞེས་སོགས་ཏེ། དཔེའི་སྐབས་སུ་གསེར་འགྱུར་གྱི་རྩི་ཐེབས་པའི་རྫས་དེ་ཡིན་ན་གསེར་ཡིན་པས་ཁྱབ་པ་དཔེར་བྱས་ནས། དོན་ནི་དེ་དུས་ཀྱི་སེམས་བསྐྱེད་ལ་རིག་པ་འཛིན་པའི་བསླབ་བྱས་ཁྱབ་པ་ཞེས་བྱ་བའི་དོན་ནོ། །གསུམ་པ་ནི། འདིའི་སྐབས་ཀྱི་ཕྱིར་རྒོལ་བས་འཁྲུལ་སྤོང་གི་བཞེད་པས་སྡོམ་པ་གསུམ་པོ་རིག་པ་འཛིན་པའི་རྒྱུད་ལ་དངོས་པོ་གཅིག་ཡིན་པས་རིག་འཛིན་བཏང་ན་གཞན་གཉིས་གཏོང་བར་དགོངས་སོ། །ཞེས་གསུང་པ་དེ་ལེགས་པར་བསལ་ཟིན་པ་ཡིན་ཏེ། ཕྱོགས་སྔ་མའི་དགོངས་དོན་རྒྱས་པར་བསྟན་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་རིག་འཛིན་གྱི་རྩ་ལྟུང་བྱུང་བའི་ཚེ། བྱང་སེམས་ཀྱི་སོ་ཐར་དང་སེམས་བསྐྱེད་ཀྱི་སྡོམ་པ་གཉིས་ཀ་གཏོང་བ་སྲིད་པའི་དཔེ་ནི། རྩ་ལྟུང་ལྔ་པ་ཕོག་པའི་ཚེ་ལྟ་བུ་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ནས་བཟུང་སྟེ། སོ་ཐར་དང༌། སྨོན་པ་དང༌། འཇུག་པ་དང༌། རིག་པ་འཛིན་པའི་སྡོམ་པ་རྣམས་འབད་དེ་བཟུང་ཞེས་བྱ་བའི་དོན་དུ་གྲུབ་པས་སྐབས་དེའི་ཀླན་ཀ་མཐའ་དག་སྤངས་པ་ཡིན་ནོ། །ཕྱོགས་སྔ་མའི་རྗེས་སུ་དད་པ་ཙམ་གྱིས་འབྲང་བ་དག་གིས་བརྟགས་པ་ནི། དགེ་སློང་རིག་པ་འཛིན་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་སོགས་གསུམ་པོ་གཞི་མཐུན་པ་ཉིད་དུ་རྗེ་བཙུན་གྱི་གཞུང་འདི་དག་གིས་བསྟན་པ་ཡིན་ནོ་ཞེས་སྨྲ་བ་དེ་དག་ནི། རྗེ་བཙུན་གྱི་ལུང་དྲངས་མ་ཐག་པ་དུམ་བུ་གསུམ་དུ་གནས་པའི་དང་པོ་དང་འགལ་བར་རྟོགས་སླ་བ་དང༌། གསེར་འགྱུར་གྱི་རྩི་བཏབ་པའི་དུས་ཀྱི་དཔེ་དེ་དག་གཞི་མཐུན་པ་ཉིད་དུ་ཐལ་བ་དང༌། དོན་ཡང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁས་བླངས་པའི་སོ་ཐར་རིགས་བདུན་པ་རྗེ་བཙུན་གྱིས་བཞེད་དོ་ཞེས་བྱ་བ་འདི་ནི་སྤྱིར་བདེ་བར་གཤེགས་པའི་རིང་ལུགས་མཐའ་དག་ལས་ཉམས་ཤིང༌། རྗེ་བཙུན་ཁུ་དབོན་གྱི་གསུང་རབ་བཀའ་དང་བསྟན་བཅོས་མཐའ་དག་གི་ལམ་སྲང་དུ་ལེགས་པར་ཞུགས་པ་རྣམས་མི་བཟད་པའི་གཡང་སར་འདྲེན་པའི་གཡོ་ཐབས་བླ་ན་མེད་པ་ཡིན་པས་རྣམ་པ་ཐམས་ཅད་དུ་དོར་བར་བྱ་བ་ཁོ་ནའོ། །གསུམ་པ་ནི། རིག་པ་འཛིན་པའི་སྡོམ་པ་སླར་ཡང་བཟུང་ཞེས་གཞུང་གི་འབྲུ་གཉེར་བ་ན། དབང་བསྐུར་ལེན་ཞེས་པ་ཡི་གེའི་དོན་ལ་མི་འཇུག་པ་མ་ཡིན་ཏེ། དུས་ཀྱི་འཁོར་ལོའི་དབང་གི་ལེའུ་ལས་རྩ་བའི་ལྟུང་བ་རྣམ་པར་དག་པའི་ཐབས་གསུངས་པ། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། རྩ་བའི་ལྟུང་བ་གང་གིས་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། །ཞེས་པ་སྟེ། འདིར་གང་གི་ཚེ་ཇི་སྐད་བཤད་པའི་རྩ་བའི་ལྟུང་བ་བྱུང་བར་འགྱུར་ན་དེའི་ཚེ་རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་བའི་ཐབས་ནི་འདི་ལྟར། དབང་བདུན་པ་ལ་གལ་ཏེ་རྩ་བའི་ལྟུང་བ་དེ་སྦྱང་བར་འདོད་པ་དེ་ལྟ་ན་ནི་དང་པོར་ངག་གིས་བཟླས་པ་དཀྱིལ་འཁོར་གྱི་ལྷའི་གྲངས་ཇི་སྙེད་པ་དེ་སྙེད་ལ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་བཟླས་དགོས་པར་འགྱུར་རོ། །དེ་ཡང་ཡོན་ཏན་ལྡན་པ་ཞེས་པ་ཕྱིས་མི་བྱེད་པའི་སྡོམ་པ་ལ་གནས་པ་དག་གིའོ། །ཡང་བུམ་པ་གསང་བའི་དབང་བསྐུར་ལ་གནས་པ་ལ་གལ་ཏེ་རྩ་བའི་ལྟུང་བ་དེ་བྱུང་བ་སྦྱང་བར་འདོད་པ་དེ་ལྟ་ན་ནི། བརྟུལ་ཞུགས་ངེས་པའི་དབང་གིས་ཞེས་པ་བསོད་ནམས་དང་ཚུལ་ཁྲིམས་ཀྱི་དབང་གིས་དག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སླར་འདག་པར་འདོད་པ་གང་ཡིན་པ་དེ་རྣམས་ལ་ནི་རྡོ་རྗེ་སློབ་དཔོན་གྱིས་ཆད་པའི་ལས་སྦྱིན་ཞིང༌། དེ་རྣམས་ཀྱི་ཆད་པ་དང་དུ་བླངས་ལ་སྤྱད་པར་བྱའོ། །གོང་མ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ལ་གལ་ཏེ་རྩ་བའི་ལྟུང་བ་བྱུང་བ་དེ་ལྟ་ན་ནི། དེའི་ཚེ་དེ་ལ་སློབ་དཔོན་གྱིས་ཆད་པ་སྦྱིན་པས་དག་པ་མེད་དོ། །འོ་ན་གང་གིས་ཤེ་ན་འདིར་ནི་རང་གི་སེམས་རྣམ་པར་དག་པ་ཙམ་གྱིས་འདག་ལ། སེམས་དག་པ་དེ་ཡང་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་བདག་ཉིད་ཀྱི་སྡིག་པ་དག་པ་ལ་སོགས་བྱས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་རླབས་དང་བཅས་པའི་གནས་སུ་འགྱུར་ཏེ། བདག་རང་གིས་བདག་ཉིད་དག་པ་ཐོབ་བོ་ཞེས་པ་ནི་སངས་རྒྱས་རྣམས་ཀྱི་བཞེད་པའོ། །འདིར་གང་གི་ཚེ་དབང་ལ་གནས་པའམ། བུམ་པ་དང་གསང་དབང་ལ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན། དེ་དག་པའི་སླད་དུ་དཀྱིལ་འཁོར་འདི་བྲིས་ནས་སླར་མི་བྱེད་པའི་དོན་དུ་སླར་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱས་སོ། །ཞེས་གསུངས། འདིར་སོགས་པའི་སྒྲས་ནི་དབང་བསྐུར་བ་སྟོན་པ་ཡིན་ཏེ། བྱིས་པ་འཇུག་པའི་དབང་བདུན་ནི་བྲིས་པའི་དཀྱིལ་འཁོར་དུ་ངེས་པར་བསྐུར་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། ཞེས་གསུངས་པའི་ཕྱིར། དེ་བས་ན་སྡོམ་པ་ལེན་པ་དང་དབང་ལེན་པ་ཡི་གེའི་དོན་གཅིག་ལ་འདུ་བར་གྲུབ་བོ། །དེ་ལྟ་ན་ཡང་དུས་ཀྱི་འཁོར་ལོའི་ལུགས་ཀྱིས། སྔགས་ཀྱི་སྡོམ་པ་དངོས་ཡོངས་སུ་རྫོགས་པ་ནི། དབང་གོང་མ་བཞི་ཡོངས་སུ་རྫོགས་པའི་མཐར་སྐྱེ་བ་ཡིན་ལ། དབང་བདུན་པོ་ནི། རྩ་བའི་ལྟུང་བ་ཅན་ནམ་ལས་དང་པོ་པ་ཡིན་ཀྱང་རུང༌། སྡིག་པའི་དྲི་མ་སྦྱོང་བྱེད་ཡིན་པར་འཆད་དོ། །འདིར་ཞར་ལ་ཆད་པའི་ལས་ཞེས་པ་ནི། དཔེར་ན་དགེ་སློང་ཕམ་པ་འཆབ་མེད་ཅན་དེ་ཇི་སྲིད་ཆད་པའི་ལས་ཀྱིས་བསླབ་པ་མ་སྦྱིན་པ་དེ་སྲིད་དུ་དགེ་སློང་གི་གྲལ་མི་དབང་བ་དེ་བཞིན་དུ། འདིར་དཀྱིལ་འཁོར་དུ་ཞུགས་པ་ལ་སོགས་པའི་རྗེས་སུ་གནང་བ་འདི་མ་ཐོབ་ཀྱི་བར་དུ། རིག་པ་འཛིན་པའི་ཚོགས་ཀྱི་འདུས་པར་འཇུག་ཏུ་མི་སྟེར་བའོ། །ཡང་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་ཞེས་པ་ནི། བྱིས་པ་འཇུག་པའི་དབང་བདུན་ལས་ཐོབ་པའི་བསོད་ནམས་ཀྱི་ཚོགས་དང༌། བུམ་གསང་གི་དབང་ལས་ཐོབ་པའི་ཚུལ་ཁྲིམས་ཀྱི་ཚོགས་ལ་བྱ་ལ། དེ་ཡང་དབང་གོང་མའི་རྩ་ལྟུང་སྦྱོང་བྱེད་དུ་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རིམ་པ་དང༌། ཚུལ་ཁྲིམས་ཀྱི་ཚོགས་མི་འཕོ་བའི་ཚུལ་ཁྲིམས་མི་ཉམས་པར་བསྲུང་བའོ། །དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་འགལ་ཟླར་གྱུར་པའི་རྩ་ལྟུང་ཅན་དེ་ལ་ནི་ཐུ་བོའི་མིང་ཅན་ཐ་ཆུངས་སུ་འགྱུར་བའི་དེ་ལྟ་བུའི་ཆད་པའི་ལས་ཀྱིས་ལྟུང་བ་མི་འདག་པས། ཡན་ལག་དྲུག་གི་རྣལ་འབྱོར་མཐར་ཕྱིན་པར་བྱས་པའི་སྟོབས་ཀྱིས་དག་པར་བྱེད་དགོས་པའོ། །དེ་ལྟར་བྱས་ཟིན་པའི་འོག་ཏུ་དབང་གོང་མ་བཞི་ཡང་དག་པར་བླངས་ནས་སྡོམ་པ་སོར་ཆུད་པར་བྱེད་དགོས་པ་ཡིན་ཏེ། ཆད་ལས་དང་ཚོགས་གཉིས་དང༌། དབང་བདུན་བསྐུར་བ་དང༌། རང་གི་སེམས་རྣམ་པར་དག་པར་བྱེད་པ་རྣམས་ནི་རྩ་ལྟུང་གི་ཉེས་པ་དག་པར་བྱེད་པའི་ཐབས་ཡིན་གྱི་སྡོམ་པ་སོར་ཆུད་པའི་ཐབས་དངོས་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཇི་སྐད་དུ། མཉམ་པར་གཞག་པས་བླ་མ་ལ། །ཞེས་སོགས་ཀྱི་ཚིགས་བཅད་ཕྱེད་དང་གཉིས་པོ་འདི་རྩ་ལྟུང་གི་སྡོམ་པ་ཉམས་པ་སླར་གསོ་བའི་གཞུང་དུ་མི་སྦྱོར་བར་སྡོམ་ལྡན་གྱི་ཉིན་མཚན་གྱི་ཐུན་སོ་སོ་ལ་དམ་ཚིག་དང་སྡོམ་པ་གསལ་བཏབ་ནས་འཛིན་པའི་གཞུང་ཁོ་ནར་སྦྱོར་བ་ནི་རིགས་པ་མ་ཡིན་ཏེ། གོང་དུ་རྩ་ལྟུང་གིས་དམ་ཚིག་ཉམས་ན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །ཞེས་པ་ལ་འཕྲོས་ན། དེ་ལྟ་ན། དེ་སླར་གསོ་བའི་ཐབས་མེད་དམ་སྙམ་པ་ལ། དེ་གསོ་བའི་ཐབས་ཡོད་དོ་ཞེས་སྟོན་པ་ལ་གཞུང་འདི་དག་གསུངས་པའི་ཕྱིར་དང༌། དེ་ལས་གཞན་དུ་ན་གཞུང་འདིས་ལས་དང་པོ་པས་སྡོམ་པ་གསར་དུ་འཛིན་པའི་ཚུལ་སྟོན་པ་ཡིན་ནོ། །ཞེས་བརྗོད་ན་ཡང་མཚུངས་པའི་ཕྱིར་རོ། །གསུམ་པ་སྡོམ་པ་ཐོབ་དུས་ལ་སོགས་པའི་བརྒལ་ལན་ལ་གཉིས་ཏེ། བུམ་དབང་ལ་ལྟོས་པའི་སྡོམ་པ་ཐོབ་དུས་ཀྱི་བརྒལ་ལན་དང༌། དབང་གོང་མ་གསུམ་ལས་ཐོབ་པའི་སྡོམ་པ་ཡོད་མེད་ཀྱི་བརྒལ་ལན་ནོ། །དང་པོ་ལ། ཕྱོགས་སྔ་མ་ནི། རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་སྔགས་ཀྱི་སྡོམ་པ་ཡོངས་སུ་རྫོགས་པའི་མེད་ན་མི་འབྱུང་བའི་རྒྱུ་ནི་དབང་བསྐུར་བ་ཡིན་པར་གསུངས་སོ། །གཉིས་པ་རྒོལ་བ་ནི། སྙེ་མ་མཁན་པོ་ན་རེ། སྡོམ་པ་ཡོངས་སུ་རྫོགས་པ་སྐྱེ་བ་ནི་འབོགས་པའི་ཆོ་ག་ལན་གསུམ་བྱས་པའི་མཐར་སྐྱེ་བ་ཡིན་གྱི། དབང་རྫོགས་པ་ལ་ལྟོས་མི་དགོས་ཏེ། རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་ལེགས་བཀོད་ནས། །དེ་ལ་དཀྱིལ་འཁོར་བསྟན་པར་བྱ། །ཞེས་གསུངས་པའི་ཕྱིར། འདི་ལ་གསུམ་སྟེ། སྡོམ་པ་མི་འཛིན་པ་ལ་དབང་མི་བསྐུར་བའི་ཚུལ། དེ་ལ་རྩོད་པ་སྤངས་ཏེ་དབང་བསྐུར་བས་སྡོམ་པ་འཛིན་པའི་ཚུལ། བྱ་སྤྱོད་ཀྱི་དབང་བསྐུར་ལ་སྡོམ་པ་གང་འཛིན་བསྟན་པའོ། །དང་པོ་ནི། རྡོ་རྗེ་འབྱུང་བ་ལས། གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་དེང་ཁྱོད་ཅེས་པ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ་དང་དབང་བསྐུར་བར་མི་བྱའོ། །འཇུག་པ་ཙམ་ཞིག་ནི་བྱེད་དུ་གཞུག་གོ །ཞེས་གསུངས་པ་དང༌། གཞུག་ཙམ་ལ་ནི་སྣོད་དང་ལྡན་མི་ལྡན་བརྟག་མི་དགོས་པར་གསུངས་ཏེ། རྩེ་མོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ནི། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་འཇུག་ཏུ་རུང་ངོ༌། །སྣོད་དང་སྣོད་མ་ཡིན་པ་ཡོངས་སུ་བརྟག་པར་མི་བྱ་སྟེ། གཞུག་པ་ལ་མངོན་པར་ཞེན་པར་ཡོངས་སུ་བཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དད་པ་མེད་པ་དང༌། དགེ་བའི་རྩ་བ་མ་བསགས་པ་དང༌། རྒྱུད་ཡོངས་སུ་མ་སྨིན་པ་དང༌། དད་པ་མེད་པ་མང་དུ་ཟིན་ཀྱང་འོན་ཀྱང་མཐོང་བ་ཙམ་གྱིས་སོ། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་རྡོ་རྗེ་འབྱུང་བ་དང་དེ་ཉིད་བསྡུས་པའི་བསྟོད་འགྲེལ་ལས། སྡོམ་པ་མི་འཛིན་པ་ལ་དབང་བསྐུར་བཀག་པ་དང༌། ཡང་འགྲེལ་བ་དེ་ཉིད་ལས། མེ་ཏོག་གི་ཕྲེང་བའི་དབང་བསྐུར་བ་དང༌། ཕྱག་རྒྱའི་དབང་བསྐུར་བ་དང༌། རྡོ་རྗེའི་དབང་བསྐུར་དང༌། བདག་པོའི་དབང་བསྐུར་བ་དང༌། མིང་གི་དབང་བསྐུར་བར་གསུངས་པ་འདི་དག་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་ལྡོག་པའི་ས་བོན་སྐྱེད་པའི་ཕྱིར་ཡིན་པས་སྡོམ་པ་ཐམས་ཅད་བཟུང་བ་དང་སྡོམ་པ་མ་བཟུང་བའི་སྤྱི་དབང་བསྐུར་བ་ཡིན་ནོ། །ཞེས་གསུངས་པ་དག་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྔགས་སྡོམ་མི་འཛིན་ཀྱང་སློབ་མ་ཆོས་དང་ལྡན་མི་ལྡན་གཉིས་ལས། ལྡན་པའི་དབང་དུ་བྱས་ནས་བསྐུར་དུ་རུང་བར་བཤད་དོ། །དེ་ཇི་ལྟ་བུ་ཞེ་ན། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཤཱནྟི་པས་གསུངས་པ་ལྟར་ཁས་བླངས་པར་བྱ་སྟེ། ཇི་སྐད་དུ། ཡང་གང་ཞིག་ལ་རིག་པའི་དབང་བསྐུར་བ་ཙམ་སྦྱིན་ཞེ་ན། སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བའམ། དེ་དོན་དུ་གཉེར་བ་སྤྱིའི་སྡོམ་པ་ཉི་ཚེ་ཙམ་ལེན་པར་བྱེད་ཀྱི། སློབ་དཔོན་སྡོམ་པ་ནི་མ་ཡིན་པ་དག་ལའོ། །ཞེས་གསུངས་པ་ལྟར་རོ། །འོ་ན་སྡོམ་པ་སྤྱི་དང༌། སློབ་དཔོན་གྱི་སྡོམ་པའི་ཁྱད་པར་གང་ཞེ་ན། འགྲེལ་བ་དེ་ཉིད་ལས། དེ་ལ་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་ཀྱང་སྦྱིན་པ་དེ་ནི་སྤྱིའི་ཡིན་ཏེ། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་སྔར་བཤད་པ་ཡིན་ནོ། །དེ་ལ་སློབ་དཔོན་དུ་བྱེད་པ་སྦྱིན་པ་གང་ཡིན་པ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ། རིགས་ལྔས་བསྡུས་པའོ། །ཞེས་གསུངས་པ་དེ་ཉིད་དོ། །ལུགས་འདི་ནི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང༌། སྡོམ་འབྱུང་གི་དཀའ་འགྲེལ་པདྨ་ཅན་གཉིས་སུ་ཡང་བཤད་དེ། ཤིན་ཏུ་ལེགས་པ་ཡིན་ནོ། །གསུམ་པ་ནི། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། ཕྲེང་བ་དང་ཆུ་ལ་སོགས་དབང་དྲུག་པོ་འདི་རྣམས་ཀྱིས་མ་རིག་པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བརྗོད་དོ། །དབང་འདི་རྣམས་བསྐུར་བའི་སློབ་དཔོན་བྱ་བ་དང་སྤྱོད་པའི་རྒྱུད་དག་ཉན་པ་དང༌། བཤད་པ་དང་སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། །ཞེས་གསུང༌། དེའི་ཕྱིར་ཨ་བྷ་ཡའི་བཞེད་པས། རྒྱུད་སྡེ་གོང་མ་གཉིས་མ་གཏོགས་པའི་འབྱུང་པོ་འདུལ་བྱེད་ལ་སོགས་པའི་དཀྱིལ་འཁོར་རྡོ་རྗེ་ཕྲེང་བར་གསུངས་པ་རྣམས་ཀྱི་དབང་བསྐུར་བ་ན། རིགས་ལྔའི་སྡོམ་བཟུང་གི་སྡོམ་པ་འཛིན་པར་དོར་ནས། སྡོམ་པ་ཐུན་མོང་བ་ཙམ་བཟུང་ནས་དབང་བསྐུར་བས་ཆོག་སྟེ། སློབ་མའི་དབང་བསྐུར་ཙམ་གྱིས་བྱ་སྤྱོད་ཀྱི་རྒྱུད་ཉན་བཤད་དང་སྒྲུབ་པ་ལ་དབང་བར་འགྱུར་བའི་ཕྱིར། སློབ་དཔོན་གྱི་དབང་མི་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་གྱི་སྡོམ་པ་མི་སྟེར་བར་གསུངས་པའི་ཕྱིར། སློབ་དཔོན་ལ་བ་པའི་དཀྱིལ་ཆོག་ལས་ཀྱང་དེ་ལྟར་རིག་པའི་དབང་ལྔ་པོ་ཙམ་འདོད་ན་ནི། སྔར་བསྟན་པའི་སློབ་དཔོན་གྱི་སྡོམ་པ་མི་བཟུང་བར་སྐུར་བ་ལྔ་བྱས་པ་དེ་མ་ཐག་ཏུ། རྗེས་སུ་གནང་བ་དང༌། བརྟུལ་ཞུགས་སྦྱིན་པ་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་བཞི་སྦྱིན་པར་བྱའོ། །ཞེས་སློབ་མའི་དབང་ཙམ་ལས་མི་སྐུར་ན་རིགས་ལྔའི་སྡོམ་བཟུང་མི་བྱེད་པར་གསུངས་སོ། །དེ་ལྟ་སློབ་དཔོན་ཀུན་དགའ་སྙིང་པོ་དང༌། ལ་བ་པ་དང༌། ཤཱནྟི་པ་དང༌། ཨ་བྷྱ་ཀ་ར་དང༌། རཏྣ་རཀྵི་ཏ་རྣམས་ཀྱིས། སློབ་མའི་དབང་ཙམ་ལས་མི་བསྐུར་བ་ལ་རིགས་ལྔའི་སྡོམ་བཟུང་མི་བྱེད་པར་བཞེད་པས། བྱ་སྤྱོད་རྣམས་ལ་རིགས་ལྔའི་སྡོམ་པ་འཛིན་པ་མི་འཐད་ལ། དེ་འཐད་པ་མ་ཡིན་ན་སྔར་གྱི་སྡོམ་པ་ཐུན་མོང་མ་ཡིན་པ་མེད་པས་བྱ་སྤྱོད་གཉིས་ལ་ནི་ཐུན་མོང་བའི་བྱང་སེམས་ཀྱི་སྡོམ་པ་དང༌། འགའ་ཞིག་ལ་སོ་ཐར་ཡོད་པས་གཉིས་ལྡན་ནོ། །ངག་དབང་གྲགས་པ་དང༌། སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང༌། དགའ་བའི་རྡོ་རྗེ་རྣམས་ཀྱིས་ཆུ་དབང་སོགས་ལྔ་དང༌། སློབ་དཔོན་གྱི་དབང་སྟེ་དྲུག་པོ་ནི་བྱ་རྒྱུད་དུ་ཡང་མི་འགལ་བར་གསུངས་པའི་སློབ་དཔོན་གྱི་དབང་ནི། དེ་དག་གིས་རིགས་པའི་དབང་ལྔའི་འཇུག་ཏུ་ཡང༌། རྗེས་གནང་དང༌། རྡོ་རྗེ་བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བྱེད་ཚུལ་གསུངས་ལ། རྣམ་སྣང་མངོན་བྱང་ལས། འཁོར་ལོ་དང་དུང་བྱིན་ནས་ཆོས་བཤད་པའི་རྗེས་གནང་བྱ་བ་ལ་སློབ་དཔོན་གྱི་དབང་གི་རིགས་འདོད་པར་སློབ་དཔོན་སངས་རྒྱས་གསང་བས་བཤད་ཅིང༌། གསང་བ་སྤྱི་རྒྱུད་ལས་ཀྱང་གསུངས་སོ། །དེ་ལྟར་ན་བྱ་སྤྱོད་ཀྱི་དབང་བསྐུར་ལ་ཐུན་མོང་མ་ཡིན་པའི་དམ་ཚིག་མང་པོ་སྣང་ན་ཡང༌། བཅས་པ་དང་འགལ་ན་རྩ་ལྟུང་བསྐྱེད་པའི་ཐེག་ཆེན་གྱི་སྡོམ་པ་ནི་བྱང་སེམས་ཀྱི་སྡོམ་པ་ཁོ་ན་ཡིན་པས་སྡོམ་པ་དེའི་རྩ་ལྟུང་རྣམས་ཤེས་པར་བྱས་ལ་བསྲུང་ངོ༌། །དེ་ལྟ་མ་ཡིན་པ་རིགས་ལྔའི་སྡོམ་བཟུང་གིས་སྡོམ་པ་འཛིན་པར་འདོད་ན་ནི། དབང་ཡང་སློབ་དཔོན་གྱི་དབང་མན་ཆད་བསྐུར་དགོས་ལ། རྩ་ལྟུང་ཡང་བཅུ་བཞི་ཡོད་དགོས་ཏེ། སྡོམ་པ་དེ་བསྒྲགས་པའི་སྐབས་སུ་རྩ་ལྟུང་བཅུ་བཞི་སྒྲགས་པའི་ཕྱིར་རོ། །གང་ཡང་དམ་ཚིག་བསྡུས་པ་ལས། དེ་ལ་རྐང་གྲངས་ནི་ཐུན་མོང་གི་རྩ་བའི་ལྟུང་བ་བཞི་དང༌། ཕ་རོལ་ཏུ་ཕྱིན་པའི་རྩ་ལྟུང་བཅུ་བཞི་དང༌། ཀྲི་ཡའི་རྒྱུད་ཀྱི་ལྟུང་བ་སུམ་ཅུ་དང༌། སྤྱོད་པའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་རྣལ་འབྱོར་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་གཅིག་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་གཅིག་དང༌། ཡང་ལྔ་དང༌། ཡང་བཞི་སྟེ། རྩ་བའི་ལྟུང་བ་བདུན་ཅུ་ཐམ་པའོ། །ཞེས་འབྱུང་བ་ལ་ཡིད་བརྟན་མི་སྣང་སྟེ། དེ་དག་ལ་གོ་བདུན་འདུག་པ་བདུན་བཅུ་ཐམ་པར་བྱས་པས་གྲངས་ཙམ་ལ་ཡང་འཁྲུལ་འདུག་པ་དང༌། བླ་མའི་དམ་ཚིག་ཉམས་ན་དཀྱིལ་འཁོར་དུ་འཇུག་ལ། སྤུན་གྱི་དམ་ཚིག་ཉམས་ན་དབང་མི་དགོས་པར་རྐང་ཐབས་བཤད་པའི་ཕྱིར། འདི་ནི་འདོད་པ་གཞན་ཡང་སྣང་སྟེ་འོག་ཏུ་འགོག་གོ །ཡང་དེའི་དཔེ་ཁ་ཅིག་ལས་བྱ་རྒྱུད་ལས་རྩ་ལྟུང་བཅུ་གཅིག་ཞེས་ཀྱང་འབྱུང་མོད། དེ་ལྟར་བྱས་ཀྱང་གྲངས་འགྲིག་པར་མི་སྣང་ངོ༌། །ཇོ་བོ་ཆེན་པོ་འདས་རྗེས་སུ་ནག་པོ་དམ་ཚིག་རྡོ་རྗེ་བོད་དུ་བྱོན་ནས་ནག་ཅོ་ལོ་ཙ་བ་དང་གཉིས་ཀྱིས་མང་དུ་བསྒྱུར་བ་ཡོད་ལ་འདི་ན་བདག་གི་བླ་མ་རྗེ་བཙུན་དམ་ཚིག་རྡོ་རྗེའི་ཞལ་ནས་ནི་ཟེར་བ་སྣང་བས། ཕལ་ཆེར་བླ་མ་དེའི་གསུང་སྒྲོས་འདྲ་དང་ཕར་བསྲེ་ཚུར་བསྲེ་བྱས་པ་ཞིག་ཏུ་མངོན་ནོ། །དེས་ན་འདི་ཇོ་བོས་མཛད་པ་མ་ཡིན་ནོ། །མཁས་པ་ཁ་ཅིག་འདི་ནས་བསྟན་པའི་རྩ་ལྟུང་ཚད་མར་བྱས་ནས། སྤྱོད་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་ལ་རྣམ་སྣང་མངོན་བྱང་ནས་རྩ་ལྟུང་དུ་གསུངས་པ་བཞི་དང༌། མི་དགེ་བ་བཅུས་སྡོམ་པ་ཉམས་ཤིང་རྩ་བ་ནས་ཆད་པར་བྱེད་པ་རྣམས་ཡིན། ཞེས་གསུངས་པ་མི་འཐད་དེ། དེ་དག་ལས་འགའ་ཞིག་ནི་བྱང་སེམས་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་ཡིན་ལ། འགའ་ཞིག་ནི་རྩ་ལྟུང་དུ་མི་རུང་བའི་ཕྱིར། རྣམ་སྣང་མངོན་བྱང་དུ་དུས་གསུམ་དུ་སྒྲིབ་པ་མེད་པའི་སྡོམ་པ་ལེན་པའི་ཚུལ་ཞིག་བཤད་པ་དེ་ཡང་སེམས་བསྐྱེད་ཀྱི་སྡོམ་པ་ལས་གཞན་མ་ཡིན་པའི་ཕྱིར་ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གསུམ་སྟེ། སྡོམ་བཟུང་གི་ཆོ་ག་ལན་གསུམ་ཙམ་གྱིས་སྡོམ་པ་རྫོགས་པར་སྐྱེ་བ་མི་འཐད། སྡོམ་པ་གང་འཛིན་ལ་དབང་གང་བསྐུར་གྱི་ངེས་པ་དེ་སྡོམ་པ་དབང་ལས་སྐྱེ་བའི་ཤེས་བྱེད་དུ་འབྲེལ་པར་བསྟན། རྒྱུད་སྡེ་འོག་མ་གཉིས་དང་འབྲེལ་བའི་སྔགས་སྡོམ་མེད་པ་མི་འཐད་པའོ། །དང་པོ་ལ་ལུང་རིགས་ཁས་བླངས་དང་འགལ་བ་གསུམ་ལས། དང་པོ་ནི། རིག་པ་འཛིན་པའི་སྡོམ་པ་ནི་དབང་ལས་སྐྱེས་དགོས་པ་ཡིན་ཏེ། འདིར་རིག་པ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བྱ་བ་ཡིན་ལ། དེ་འཛིན་པ་ནི་ཚིག་ཏུ་བརྗོད་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། དབང་བསྐུར་བས་སེམས་ཀྱི་དྲི་མ་འཁྲུད་པ་ལ་རག་ལས་པའི་ཕྱིར། དེ་སྐད་དུ་ཡང༌། ཀྱཻའི་རྡོ་རྗེ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་ཡང་དག་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་སོགས་སོ། །འདི་དབང་གོང་མའི་སྡོམ་པ་ཁོ་ནའི་དབང་དུ་བྱས་སོ། །སྙམ་ན། ཡེ་ཤེས་དེ་མངོན་དུ་འགྱུར་བ་དབང་གོང་མ་ལ་རག་ལས་མོད། བདེ་ཆེན་གྱི་ཡེ་ཤེས་བརྒྱུད་ནས་རིམ་གྱིས་འདྲེན་པར་བྱེད་པའི་ཐབས་ཤིག་འཛིན་པའི་སེམས་པ་ས་བོན་དང་བཅས་པ་ཞིག་ལ་རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་ཞིང༌། དེ་རྒྱུད་ལ་བསྐྱེད་པའི་རིམ་པ་ལ་རྒྱུད་སྡེའི་རིམ་པ་དང༌། དབང་བསྐུར་གྱི་རིམ་པ་དག་སོ་སོར་ཕྱེ་ནས་གསུངས་པ་ཡིན་པས་སོ། །ཡང་སྡོམ་པ་གསར་དུ་ལེན་པ་དབང་བསྐུར་ལ་མི་ལྟོས་ཕྱིས་གསོ་བ་ཡང་དབང་ལ་མི་ལྟོས་པར་ཐལ་བ་ལས། འདོད་ནུས་པ་མིན་ཏེ་གོང་དུ་དྲངས་ཟིན་པའི་ལུང་རྣམས་དང་འགལ་བར་འགྱུར་བས་སོ། །རིགས་པ་ནི་དབང་ལ་མ་ལྟོས་པའི་སྔགས་སྡོམ་ཡོད་པ་མིན་ཏེ། དེ་ལ་མ་ལྟོས་པའི་སྔགས་ཀྱི་དམ་ཚིག་མི་འབྱུང་ལ། དམ་ཚིག་དང་བྲལ་བའི་སྔགས་ཀྱི་སྡོམ་པ་མི་སྲིད་པའི་ཕྱིར། ཡང་རྡོ་རྗེ་སློབ་དཔོན་གྱི་དབང་ལེན་པ་དང་འབྲེལ་ཆགས་སུ་སྡོམ་བཟུང་ལན་གསུམ་གྱིས་ཐོབ་པའི་སྡོམ་ལྡན་དེས། དབང་མ་ཐོབ་པའི་བར་དེར་རྩ་བའི་ལྟུང་བ་བསྐྱེད་པའི་བརྟེན་དུ་རུང་བར་འགྱུར་ཏེ། དེ་སྔགས་ཀྱི་སྡོམ་པ་རྫོགས་པར་ཐོབ་པའི་ལས་དང་པོ་པ་ཡིན་པའི་ཕྱིར། འདོད་ནུས་པ་མིན་ཏེ། དེ་ལ་དབང་ཐོབ་པའི་རྡོ་རྗེ་སྤུན་དང༌། བསྟེན་བྱའི་དམ་ཚིག་ངེས་པར་བསྟེན་དགོས་པའི་ཁྱད་པར་དག་དང་མི་ལྡན་པའི་ཕྱིར་ན་རིགས་པ་དང་འགལ་ཞིང༌། ལུང་གིས་ཀྱང་གནོད་པ་ནི། ཇི་སྐད་དུ། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལའོ། །ཞེས་པའི་འགྲེལ་ཆེན་དུ་གང་དག་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལ་སྟེ། དབང་བསྐུར་བ་རྣམས་ལའོ། །ཞེས་རྡོ་རྗེ་འཛིན་པའི་ངེས་པའོ། །ཞེས་དང༌། འཇམ་དཔལ་གྱི་རྩ་བ་ལས་ཀྱང་དབང་བསྐུར་མེད་པ་ལ་སྔགས་པའི་ཐ་སྙད་མེད་པའི་ཕྱིར། ཁས་བླངས་པ་དང་འགལ་བ་ནི། སྡོམ་པ་ཉམས་པ་སླར་གསོ་བ་ལ་རིགས་ལྔའི་སྡོམ་བཟུང་ལན་གསུམ་གྱི་སྒོ་ནས་བཟུང་བ་ཙམ་གྱིས་མི་ཆོག་པར། ཐ་ནའང་བདག་ཉིད་འཇུག་ཅིང་དབང་བསྐུར་བ་ལེན་པ་ཙམ་ལ་ངེས་པར་ལྟོས་དགོས་པ་དང་འགལ་བ་ཁོ་ནར་མ་ཟད་འདི་ལྟར་ཡང་བརྟག་ནུས་ཏེ། སྡོམ་བཟུང་གི་བརྗོད་པ་གསུམ་པའི་མཐར་སྡོམ་པ་སྐྱེ་བ་དེ། རྡོ་རྗེ་སློབ་དཔོན་གྱི་དབང་ཕྱིས་ལེན་པར་འགྱུར་བ་ལ་ལྟོས་སམ་མི་ལྟོས། མི་ལྟོས་ན་རྒྱུའི་ཀུན་སློང་རྡོ་རྗེ་སློབ་དཔོན་གྱི་དབང་ལེན་འདོད་ཀྱི་བསམ་པས་ཀུན་ནས་མ་བསླང་བའི་སྔགས་ཀྱི་སྡོམ་པ་སྲིད་པར་འགྱུར་ལ། དེ་ལྟ་ན་ནི་བྱ་སྤྱོད་དང་ཕར་ཕྱིན་གྱི་ཐེག་པ་སོགས་དང་འབྲེལ་བའི་སྔགས་སྡོམ་ཡང་ཅིའི་ཕྱིར་མེད། ལྟོས་ན་དེ་བླངས་ཟིན་པ་ལ་ལྟོས་སམ། མི་ལྟོས་ན་དངོས་སུ་འགལ་མི་ལྟོས་ན་སྡོམ་ལྡན་དེས་རྡོ་རྗེ་སློབ་དཔོན་གྱི་དབང་ལེན་སེམས་ལོག་པའི་ཚེ་སྡོམ་པ་གཏོང་ངམ་མི་གཏོང༌། མི་གཏོང་ན་དེ་སྐྱེ་བ་དེ་ལ་ལྟོས་པར་འདོད་པ་འགལ། གཏོང་ན་ཀུན་སློང་ལུང་མ་བསྟན་གྱི་དེ་མི་ལེན་པའམ། ཡུལ་རྟེན་གང་རུང་ཚེའི་དུས་བྱས་པའམ། ལུས་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་དེ་ལེན་སེམས་ལོག་ན་ཡང་དེ་བཏང་བར་འགྱུར་ལ། འདོད་ནུས་པ་མ་ཡིན་ཏེ། རྩ་ལྟུང་ངམ་བསླབ་པ་ཕུལ་བ་གང་ཡང་མེད་པར་རིག་འཛིན་གྱི་སྡོམ་པ་གཏོང་བ་མི་རུང་བའི་ཕྱིར་རོ། །ལུང་འདིའི་རྗེས་འབྲང་དག སོ་ཐར་གྱི་སྡོམ་པ་སྡོམ་བཟུང་གི་ཚིག་ལན་གསུམ་བརྗོད་པའི་མཐའ་དེ་ཉིད་དུ་སྐྱེ་བ་ཤེས་བྱེད་ཀྱི་དཔེར་འགོད་པ་ནི། དཔེའི་འདོད་ཚུལ་མི་འཐད་པ་དང༌། དཔེ་དང་མི་འདྲ་བ་གཉིས་སོ། །དང་པོ་དགེ་བསྙེན་དང་དགེ་ཚུལ་ལ་དེ་དང་དེ་སྐྱེ་བའི་རྒྱུ་ཚོགས་གཞན་གྲངས་ཚང་བའི་བསྒྲུབ་བྱས་དེ་དང་དེར་གཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་པའི་མཐའ་དེ་ཉིད་དུ་དེ་དང་དེ་སྐྱེ་བ་ཡིན་ཡང་བསྙེན་པར་རྫོགས་པའི་སྡོམ་པ་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །གཞན་དུ་ཡིན་ན་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པ་རྫོགས་པར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་པའི་མཐའ་དེ་ཉིད་དུ་བསྙེན་རྫོགས་སྐྱེ་བར་ཐལ་བ་ལ་དེ་ལྟར་ཡང་མ་ཡིན་པའི་ཕྱིར། དེས་ན་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་ཚུལ་འདི་ནི་སྔགས་སྡོམ་གྱི་སྐྱེ་ཚུལ་དང་ངེས་པར་མཚུངས་པ་ཡིན་ཏེ། ཐོག་མར་བརྗོད་པ་གསུམ་གྱིས་སྡོམ་པ་འཛིན་པར་ཁས་བླངས་ནས། དེའི་འོག་ཏུ་ལས་དངོས་གཞི་ཉམས་སུ་མྱོང་བས་སྐྱེ་བའི་ཕྱིར། རྡོ་རྗེ་རྩེ་མོའི་ལུང་གིས་གནོད་པ་མིན་ཏེ། རིགས་ལྔའི་སྡོམ་བཟུང་གི་དུས་དེར་ཡང་སྔགས་སྡོམ་སྐྱེ་བའི་འགོ་ཟིན་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི་སོ་ཐར་དང་ཐེག་ཆེན་གྱི་སྡོམ་པ་སྐྱེ་ཚུལ་མཚུངས་པ་མ་ཡིན་ཏེ། ཉན་ཐོས་དང་ཐུན་མོང་བའི་སོ་ཐར་ནི་ལུས་ངག་གི་རིག་བྱེད་ལས་སྐྱེ་བས་བརྗོད་པ་ཁས་བླངས་ཀྱིས་ཐོབ་པ་ཡིན་ལ། ཅིག་ཤོས་ནི་སེམས་ལས་འཐོབ་པ་ཡིན་པས་བསམ་པས་ཆོ་ག་ཉམས་སུ་མྱོང་བའི་སྟོབས་ཀྱིས་རིམ་གྱིས་སྐྱེད་དགོས་པའི་ཕྱིར། གཉིས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བའི་གང་ཟག་གིས་སྡོམ་པ་མི་འཛིན་པར་བཤད་པ་དེ་ཉིད་ཀྱིས་རིགས་ལྔའི་སྡོམ་བཟུང་གིས་བཟུང་བའི་སྡོམ་པ་དེ་རྡོ་རྗེ་སློབ་དཔོན་གྱི་དབང་ལས་སྐྱེ་བར་གྲུབ་པ་ཡིན་ཏེ། སློབ་དཔོན་གྱི་དབང་མེད་ན་དེ་མི་སྐྱེ་བའི་རྒྱུ་མཚན་གྱིས་དེ་མི་འཛིན་པར་དགོངས་པའི་ཕྱིར། དེ་ལས་གཞན་དུ་དེ་མེད་ཀྱང་སྐྱེ་ན་ནི་དབང་མི་ནོད་པའི་གང་ཟག་གིས་ཀྱང་སྡོམ་པ་ཅིའི་ཕྱིར་མི་ལེན། རིགས་ལྔའི་སྡོམ་པ་མ་བཟུང་བ་ལ་སློབ་དཔོན་གྱི་དབང་མི་བསྐུར་བར་གསུངས་པའི་རྒྱུ་མཚན་གྱིས་ཀྱང་དེ་སྐྱེ་བ་དེ་ལ་ལྟོས་པར་གྲུབ་པ་ཡིན་ཏེ། རིགས་ལྔའི་སྡོམ་པ་འཛིན་པའི་ཁས་ལེན་ཕྲལ་བ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཀྱང་མི་སྐྱེ་བའི་རྒྱུ་མཚན་གྱིས་ཡིན་པར་དགོངས་ཤིང་དེའི་ཤེས་བྱེད་ཀྱང་རིགས་པས་བརྟགས་པ་ན། རིགས་ལྔའི་སྡོམ་བཟུང་གིས་ཐོབ་པར་བྱ་རྒྱུ་ནི་སློབ་དཔོན་གྱི་དབང་ལས་ཐོབ་པའི་དམ་ཚིག་དེ་ཉིད་ཡིན་དགོས་པའི་ཕྱིར། མདོར་ན་སྔགས་སྡོམ་གྱི་སྐྱེ་ཚུལ་འདི། ཀླུ་སྒྲུབ་ཞབས་ཀྱི་བྱང་ཆུབ་སེམས་འགྲེལ་དང༌། རིམ་པ་ལྔ་པར་དོན་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དེ་ཉིད་ཁས་ལེན་གྱི་ཐབས་ཀྱིས་བཟུང་ནས་བསྒོམས་པའི་སྟོབས་ཀྱིས་སྐྱེ་བར་བཤད་པ་དེ་ཉིད་ཡིན་ནོ། །གསུམ་པ་ནི། རྒྱུད་སྡེ་འོག་མ་གཉིས་སུ་སྔགས་ཀྱི་སྡོམ་པ་མེད་པ་ནི་ལུང་དང་རིགས་པས་མི་འཐད་པའོ། །དང་པོ་ནི། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལས་བདག་འབུལ་བའི་ཚིག་གིས་སྡོམ་པ་ལེན་པར་བཤད་པ་དང་རྣམ་སྣང་མངོན་བྱང་དུ་དུས་གསུམ་དུ་སྒྲིབ་པ་མེད་པའི་སྡོམ་པ་འཛིན་པར་བཤད་པ་དང་འགལ་བས་ལུང་གིས་གནོད་པ་ཡིན་ནོ། །རིགས་པས་གནོད་པ་ནི་རྒྱུད་སྡེ་འོག་མ་གཉིས་སུ་བྱང་སེམས་ཀྱི་སྡོམ་པ་འཛིན་རྒྱུ་མེད་ན། བྱང་ཆུབ་སེམས་ཀྱི་སྡོམ་པའི་རྩ་ལྟུང་དུ་འདུས་པའི་རྩ་ལྟུང་ཡང་འཆད་པ་མི་རིགས་པ་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་མ་བཤད་པའི་རྩ་བའི་ལྟུང་བ་དུ་མ་ཞིག་རྒྱུད་སྡེ་འོག་མ་གཉིས་སུ་གསུངས་པའི་ཕྱིར་དང༌། འཇམ་དཔལ་རྩ་བའི་རྒྱུད་ལས་དབང་བསྐུར་བ་སྤོང་བ་རྩ་བའི་ལྟུང་བར་བཤད་ལ། དེ་བྱང་ཆུབ་སེམས་དཔའི་ཀུན་རྫོབ་སེམས་བསྐྱེད་ཀྱི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་དུ་མི་རུང་བའི་ཕྱིར་དང༌། དུས་ཀྱི་འཁོར་ལོ་ལས་ཀྱང་རྒྱུད་སྡེ་ཐམས་ཅད་དུ་ཡང་རྩ་ལྟུང་བཅུ་བཞི་རེ་ཡོད་པར་གསུངས་པའི་ཕྱིར། བྱ་སྤྱོད་དུ་རྩ་ལྟུང་དུ་བཤད་པ་དེ་དག་ཕལ་ཆེ་བ་བྱང་ཆུབ་སེམས་དཔའི་འཇུག་སྡོམ་གྱི་འགལ་ཟླར་འདུག་པའི་རྒྱུ་མཚན་གྱིས་སྔགས་སྡོམ་གྱི་རྩ་ལྟུང་མི་རུང་བས་ཁྱབ་ན་བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་ལ་ཡང་ཧ་ཅང་ཐལ་བའི་ཕྱིར་རོ། །འདི་ལ་སྙེ་མ་མཁན་པོའི་གསུང་གིས་བདག་འབུལ་བ་དང་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བཤད་པ་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་སྡོམ་པའོ། །ཞེས་འཐད་པ་དུ་མ་དང་བཅས་ཏེ་གསུངས་མོད། རིགས་པ་མིན་ཏེ། བྱ་སྤྱོད་ནས་བཤད་པའི་སྡོམ་བཟུང་གིས་བཟུང་བའི་སྡོམ་པ་དེ་དག་ནི་ཡང་དག་པར་ན་དོན་དམ་སེམས་བསྐྱེད་ཀྱི་སྡོམ་པར་བསལ་བའི་ཕྱིར་དེའི་ཚུལ་ཡང་འདི་ལྟར་རྒྱུད་སྡེ་བཞི་པོ་ཐམས་ཅད་དུ་ཡང་ཐོག་མཐའ་མེད་པའི་རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་ཀྱང་བྱ་བའི་མིང་གཞི་དུས་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་ངོས་ཟིན་པར་བྱས་ནས་འཛིན་པ་ལ་ནི་རིག་པ་འཛིན་པ་ཞེས་བྱ་ཞིང༌། རིག་པ་དེ་བཟུང་ནས་དེའི་དམ་ཚིག་རྒྱུད་སྡེ་སོ་སོ་ནས་འབྱུང་བ་དེ་དང་དེ་དག་ལ་སློབ་པར་ཁས་ལེན་པའི་སེམས་དེ་ལ་ནི་རིག་པ་འཛིན་པའི་སྡོམ་པ་ཞེས་བྱའོ། །དེ་འདྲ་དེ་རྒྱུད་སྡེ་སོ་སོའི་སྡོམ་བཟུང་གི་མཐའ་ནས་སྐྱེ་བའི་འགོ་བརྩམས་པ་ཡིན་ལ། དབང་ཡོངས་སུ་རྫོགས་པ་ན་རྒྱུད་སྡེ་རང་རང་སོ་སོའི་སྐབས་ནས་འབྱུང་བའི་སྡོམ་པ་དེ་སྐྱེས་པ་ཞེས་བྱ་བ་ཡིན་ཏེ། དབང་གི་ངོ་བོ་ནི་རིག་པ་ཡེ་ཤེས་ཀྱི་རང་གི་འགལ་ཟླར་གྱུར་པའི་མ་རིག་པའི་དྲི་མ་འཁྲུད་པར་བྱེད་པ་ཡིན་ལ་བསྐུར་བ་ཞེས་བྱ་བ་ནི་ཡེ་ཤེས་དེ་རྒྱུད་ལ་བསྐྱེད་པར་བྱེད་པའི་ཐབས་ཡིན་ཞིང༌། སྐབས་ཀྱི་ཐབས་དེ་དང་དེ་ཡོངས་སུ་རྫོགས་པ་ན་ཐབས་སམ་ཆོ་ག་དེའི་ནུས་པ་དེ་དང་འཚམ་པའི་ཡེ་ཤེས་དེ་ཙམ་ཞིག་སྐྱེས་པ་ལ་རིག་པ་འཛིན་པའི་སྡོམ་པ་སྐྱེས་པར་འཇོག་པ་ཡིན་པའི་ཕྱིར། དེ་ཡང་དཔེའི་ཡེ་ཤེས་ནི་ལས་དང་པོ་པ་ལ་ཡེ་ཤེས་ཕབ་པའི་དུས་དང༌། དབང་གསུམ་པའི་དུས་སུ་སྐྱེ་ལ། དེའི་རིགས་རྒྱུན་གོམས་པ་ལས་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པ་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་གོམས་པ་ལ་ལྟོས་དགོས་པའོ། །དེ་ཡང་དག་དོན་བསྡུས་ན་ཐོག་མར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ངོས་འཛིན་པའི་ཆོ་ག་ལ་བརྟེན་ནས་ངོས་བཟུང་བ་དེ་ནི་ཕར་ཕྱིན་ཐེག་པའི་སྨོན་པ་སེམས་བསྐྱེད་དང་ཆ་འདྲ། ངོས་ཟིན་པ་དེ་ཉིད་འབྲས་དུས་ཀྱི་རྡོ་རྗེ་སེམས་དཔར་གནས་འགྱུར་བའི་ཆེད་དུ་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་སློབ་པར་ཁས་བླངས་པའི་སྡོམ་པ་ནི་ཕར་ཕྱིན་ཐེག་པའི་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་དང་ཆ་མཚུངས་སོ། །དོན་དམ་སེམས་བསྐྱེད་ཀྱི་སྡོམ་པ་ཆོ་གའི་སྒོ་ནས་ལེན་པ་འདི། རྣམ་སྣང་མངོན་བྱང་ལ་སོགས་པ་གསང་སྔགས་ཐེག་པའི་ཐུན་མོང་མ་ཡིན་པའི་ལུགས་སོ་ཞེས་རྗེ་བཙུན་ས་སྐྱ་པཎྜི་ཏས་ཐུབ་པའི་དགོངས་པ་གསལ་བར་ཡང་བཤད་དོ། །དེའི་ཕྱིར་སྙེ་མ་མཁན་པོས་རྒྱུད་སྡེ་འོག་མ་གཉིས་སུ་འབྱུང་བའི་དོན་དམ་སེམས་བསྐྱེད་ཀྱི་སྡོམ་པ་དང༌། ཀུན་རྫོབ་སེམས་བསྐྱེད་ཀྱི་སྡོམ་པ་གཅིག་ཏུ་འཁྲུལ་བ་འདི་ནི་མི་བཟད་པའི་ནོར་པ་ཆེན་པོ་ཡིན་པས་དོར་བར་བྱ་བ་ཁོ་ནའོ། །ཡང་སྔགས་འདུལ་མཛད་པ་ན་རེ། རྒྱུད་སྡེ་འོག་མ་གཉིས་སུ་རིགས་ལྔའི་སྡོམ་བཟུང་གིས་སྡོམ་པ་འཛིན་པ་དང་ཐོབ་པ་གཉིས་ཀ་ཡོད་དེ། དེ་སྔགས་སྡོམ་དང་དེའི་འགལ་ཟླ་རྩ་བའི་ལྟུང་བ་གསུངས་པས་ཕར་ཕྱིན་གྱི་ཐེག་པ་པ་དག་ལ་མེད་པའི་སྔགས་ཀྱི་སྡོམ་པ་ཡང་ཡོད་དགོས་ལ། དེ་འདྲའི་སྡོམ་པ་དེ་ཡང་རིགས་ལྔ་སྡོམ་བཟུང་གི་སྒོ་ནས་འཛིན་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས་གསུངས་པའི་སྡོམ་བཟུང་གི་ཆོ་ག་འདི་རྒྱུད་སྡེ་བཞི་ཀའི་སྡོམ་བཟུང་གི་ཆོ་གའི་ཁྱབ་བྱེད་དུ་འགྲོ་དགོས་པའི་ཕྱིར། བྱ་སྤྱོད་གཉིས་སུ་ཡང་རྒྱལ་བ་རིགས་ལྔའི་རྣམ་གཞག་ཡོད་པའི་ཕྱིར། གཞན་དག་བྱ་རྒྱུད་དུ་སངས་རྒྱས་རིགས་གསུམ་ལས་མ་བཤད་ཅེས་འཆད་པ་ནི། བརྗོད་བྱ་ལྷའི་གྲངས་ངེས་དང༌། རྗོད་བྱེད་དེ་རྒྱུད་ཀྱི་གྲངས་ངེས་མ་ཕྱེད་པའོ། །ཡང་གང་དག་བྱ་སྤྱོད་དུ་རིགས་ལྔའི་སྡོམ་པ་འཛིན་པ་མེད་དེ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་མེད་པའི་ཕྱིར། ཞེས་དེ་ལྟར་བྱ་བ་ནི་མ་གྲུབ་པ་དང་མ་ངེས་པ་ཡིན་ཏེ། བྱ་རྒྱུད་ནས་བཤད་པའི་སློབ་དཔོན་གྱི་དབང་མེད་པ་ནི་རྟགས་མ་གྲུབ་ལ། བླ་མེད་ནས་བཤད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་དེ་མེད་པའི་ཕྱིར། ཞེས་དེ་ལྟ་ན་ནི་ཁྱབ་པ་མ་ངེས་པ་ཡིན་ཏེ། འོ་ན་རྣལ་འབྱོར་རྒྱུད་དུ་ཡང་རིགས་ལྔའི་སྡོམ་བཟུང་གིས་སྡོམ་པ་འཛིན་པ་མི་འཐད་པར་འགྱུར་རོ། །ཞེས་གསུང་ངོ༌། །བྱ་སྤྱོད་དུ་རིགས་ལྔའི་སྡོམ་བཟུང་གིས་སྡོམ་པ་འཛིན་པ་ལ་ནི། སྒྲུབ་བྱེད་ཀྱི་ལུང་མེད་པ་དང༌། གནོད་བྱེད་ཀྱི་རིགས་པ་འཇུག་པའོ། །དང་པོ་ནི་སྡོམ་བཟུང་དེས་སྡོམ་པ་འཛིན་པ་ནི་ཚད་ལྡན་སུས་ཀྱང་མ་བཤད་པ་དང་གདུགས་དཀར་གྱི་དཀྱིལ་ཆོག་ཏུ་པདྨ་ལྕགས་ཀྱུས་བཤད་པ་ལ་ནི་ཆེན་པོ་དག་གིས་དགག་པ་མཛད་ཟིན་པའི་ཕྱིར། གཉིས་པ་ནི་བྱ་སྤྱོད་ཀྱི་རྒྱུད་ནས་གསུངས་པའི་འཛིན་རྒྱུའི་སྡོམ་པ་དེ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་འཛིན་པའི་སྡོམ་པ་དེ་ཉིད་ཡིན། དེ་ནི་རིགས་ལྔའི་སྡོམ་བཟུང་གི་སྒོ་ནས་འཛིན་པར་མ་བཤད་པའི་ཕྱིར། སྡོམ་པ་དེ་རྣལ་འབྱོར་གོང་མའི་ཆོ་གས་འཛིན་པའི་ཚེའང་སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་པ་དང༌། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཆོ་གས་འཛིན་པར་བཤད་པ་བཞིན་ནོ། །རྡོ་རྗེ་འབྱུང་བ་དང་དེ་ཉིད་བསྡུས་པའི་སྟོད་འགྲེལ་ལས་གསུངས་པའི་སྒྲུབ་བྱེད་ལ་ཁྱབ་པ་མ་ངེས་པ་ཡང་མིན་ཏེ། དེར་ནི་རིགས་ལྔའི་སྡོམ་པ་བཟུང་བ་ལ་རྣལ་འབྱོར་རྒྱུད་ནས་གསུང་བའི་རྡོ་རྗེ་སློབ་དཔོན་གྱི་དབང་མི་བསྐུར་ཞེས་བྱ་བར་དགོངས་པ་ཡིན་ལ། དེ་ལ་ཁྱེད་ཀྱི་སུན་འབྱིན་དེ་མི་འཇུག་པའི་ཕྱིར་དང༌། དེ་ལྟར་ཁས་བླངས་པ་ལ་འོ་ན་རིགས་ལྔའི་སྡོམ་པ་མི་འཛིན་པ་ལ་བྱ་རྒྱུད་ཀྱི་སློབ་དཔོན་དུ་དབང་བསྐུར་བ་ཡང་མི་རུང་བར་ཐལ་ལོ་ཞེས་པ་ཡང་མཚུངས་པ་མིན་ཏེ། དེར་ནི་སློབ་དཔོན་གྱི་དབང་ཞེས་པ་གཞན་ལ་ཆོས་འཆད་པའི་སློབ་དཔོན་དུ་བྱ་བ་ཙམ་ཡིན་གྱི་དེར་སྡོམ་པ་སྟེར་རྒྱུ་མེད་ལ་རྣལ་འབྱོར་རྒྱུད་དུ་ནི་དམ་ཚིག་གསུམ་པ་དང་མི་འབྲལ་བའི་སྡོམ་པ་འཛིན་པར་དང་པོ་ཁས་བླངས་པ་བཞིན་དུ་ཕྱིས་སློབ་དཔོན་དུ་བྱེད་པའི་དུས་དེར་བྱིན་པས་རྡོ་རྗེ་སློབ་དཔོན་གྱི་སྡོམ་པ་ཐོབ་པ་ཡང་ཡིན་པའི་ཕྱིར། སྐབས་འདིར་རང་གིས་རྣམ་པར་བརྟགས་པ་ནི། རེ་ཞིག་ཤཱནྟི་པའི་ལུང་དང་འགལ་བར་གྱུར་ཀྱང་བླའོ། །སློབ་མ་གང་ལ་རྣལ་འབྱོར་གོང་མ་གཉིས་ནས་འབྱུང་བའི་རིག་པའི་དབང་ལྔ་བསྐུར་ཞིང་ནོད་པ་དེས་ནི། དུས་དེར་རིགས་ལྔའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་ཐོབ་པ་ཡིན་པའི་ཕྱིར། རིགས་ལྔའི་སྡོམ་པ་ཡང་དག་པར་བཟུང་བ་ས་བོན་དུ་འགྲོ་དགོས་སོ། །དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་དང་སྡོམ་པ་ཡང་དག་པར་འཛིན་པ་དང་སྟེར་བ་གཉིས་ལས། དང་པོ་ནི། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །ཞེས་སོགས་ཡིན་ལ། སྡོམ་པ་དེ་སྟེར་བ་དང་ཐོབ་པ་ནི། དམ་ཚིག་གསུམ་སྦྱིན་པ་དང་དབང་གི་མཐའ་བརྟེན་དུ་སྡོམ་པ་བསྡུས་ཏེ་བཟུང་བའི་སྐབས་དེ་ཉིད་དུ་ཡིན་ནོ། །དེ་ལས་གཞན་དུ་གཞན་གྱིས་འདོད་པ་ལྟར་ན་ནི་རྣལ་འབྱོར་གོང་མ་གཉིས་ཀྱི་རིག་པའི་དབང་ལྔ་རྒྱུད་ལ་སྐྱེས་པའི་སློབ་མ་སྔགས་ཀྱི་སྡོམ་ལྡན་མ་ཡིན་པ་ཞིག་ཁས་བླངས་པས་ཤིན་ཏུ་ནོངས་པ་དང༌། དཀྱིལ་འཁོར་དུ་འཇུག་པ་ཙམ་ལ་སྣོད་དང་སྣོད་མིན་པ་བརྟག་མི་དགོས་པ་བཞིན་དུ། རིག་པའི་དབང་ལྔ་བསྐུར་བ་ལའང༌། སྣོད་དང་སྣོད་མིན་པ་བརྟག་མི་དགོས་པ་ཉིད་དུ་ཐལ་བར་འགྱུར་བ་དང༌། གསང་སྔགས་བླ་མེད་ཀྱི་སློབ་དཔོན་དུ་འོས་པའི་སློབ་མ་མ་གཏོགས་གཞན་གྱིས་གསང་སྔགས་ཀྱི་སྡོམ་པ་འཛིན་མི་དགོས་པར་ཐལ་བ་དང༌། སློབ་མའི་དབང་བསྐུར་ཙམ་ལ་གནས་ནས་རྒྱུད་ཉན་པ་དང་རིམ་པ་གཉིས་སྒོམ་པ་ལ་སྔགས་ཀྱི་དམ་ཚིག་དང་སྡོམ་པ་དང་ལྡན་མི་དགོས་པར་ཐལ་བ་ཉིད་དུ་འགྱུར་རོ། །སླར་ཡང་སེལ་དགོས་པ་ནི་འོ་ན་བླ་མེད་ཀྱི་སྡོམ་ལྡན་ལ་རྒྱུད་སྡེ་འོག་མ་ནས་བཤད་བའི་རྩ་བའི་ལྟུང་བ་གང་དང༌། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འདུལ་བ་ནས་འབྱུང་བའི་རྩ་བའི་ལྟུང་བ་དག་སྤྱད་ཙམ་ཉིད་ནས་ཁྱད་གསོད་ཀྱི་བློ་ཡོད་པས་རྩ་བའི་ལྟུང་བར་སོང་ཞེས་པ་རྗེ་བཙུན་གྱི་དགོངས་པར་གནས་པ་དེ་ལྟ་མོད་ཀྱི། རྒྱུད་སྡེ་འོག་མའི་སྡོམ་ལྡན་ལ་རྩ་བའི་ལྟུང་བ་བཅུ་གཅིག་པོ་འདི་དག་གིས་རེག་ན་རྩ་བའི་ལྟུང་བར་འགྱུར་བ་ཞིག་གམ། འགྱུར་བ་མིན་པ་ཞིག་ཞེས་འདྲི་ན་འོག་ནས་འཆད་པ་ལྟར་བཅུ་གཅིག་པ་དང་བཅུ་གསུམ་པའི་ཆ་ཤས་མ་གཏོགས་ཐམས་ཅད་རྩ་བའི་ལྟུང་བར་འགྱུར་ཞེས་བྱ་སྟེ། ཕ་རོལ་དུ་ཕྱིན་པའི་ཐེག་པ་བ་དག་གིས་ཀྱང་འདི་དག་བསྲུང་དགོས་ན་རྒྱུད་སྡེ་འོག་མའི་སྡོམ་པ་དང་ལྡན་པ་དག་གིས་ལྟ་ཅི་སྨོས་པའི་ཕྱིར། འདིའི་ཤེས་བྱེད་ཀྱང་རྗེ་བཙུན་གྱི་འཁྲུལ་སྤོང་དུ། རྩ་ལྟུང་བཅུ་གཅིག་པོ་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལུང་དང་སྦྱར་བའི་ཕྱིར་རོ། །འོ་ན་འདི་དག་ལ་བླ་མེད་ཀྱི་རྩ་ལྟུང་ཞེས་ཟེར་བའི་རྒྱུ་མཚན་ཅི་སྙམ་ན། བླ་མེད་ཀྱི་རྒྱུད་ཁོ་ན་ལས་བཤད་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ལྟ་ན་ཡང་སྡོམ་པ་འོག་མ་ལ་མ་ལྟོས་པའི་རྩ་ལྟུང་བླ་མེད་ཀྱི་སྡོམ་ལྡན་ལ་འབྱུང་སྲིད་པ་དག་མེད་པ་ནི་མིན་ཏེ། རྩ་ལྟུང་ལྔ་པ་དང༌། བཅུ་གཅིག་པའི་ནང་ཚན་ཁྱད་པར་འགའ་ཞིག་སྡོམ་ལྡན་འོག་མ་དག་ལ་འབྱུང་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི་བོད་སྔ་ཕྱི་སློབ་དཔོན་མང་པོ་དག་རིགས་ལྔའི་སྡོམ་གཟུང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་རྟེན་དང་བརྟེན་པར་འབྲེལ་བའི་ཤེས་བྱེད་ཙམ་ལ་བརྟེན་ནས་བུམ་དབང་ལས་ཐོབ་པའི་སྡོམ་པ་ཙམ་ཞིག་གིས་སྔགས་ཀྱི་སྡོམ་པ་མཐར་ཐུག་པ་ཡིན་གྱི། དབང་གོང་མ་ལས་ཐོབ་པའི་སྡོམ་པ་ཁས་མི་ལེན་ནོ། །ཞེས་ཟེར་བ་དང༌། སྐབས་འདིའི་ཕྱིར་རྒོལ་བ་གཉིས་ནི་སྤྱིར་དབང་ལས་ཐོབ་པའི་སྡོམ་པ་ཁས་ལེན་པར་མི་བྱེད་དོ། །དེ་ནི་རིགས་པ་མིན་ཏེ། ལུང་དང་འགལ་བ་དང༌། རིགས་པས་གནོད་པའོ། །དང་པོ་ནི། དགྱེས་པ་རྡོ་རྗེ་ལས། དེ་ལ་སྡོམ་པ་བཀའ་སྩལ་བ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཞེས་སོགས་དང༌། རྡོ་རྗེ་སྙིང་པོས་གསོལ་པ། སྡོམ་པ་ཞེས་བྱ་གང་གིས་དང༌། །དམ་ཚིག་གང་གིས་གནས་པར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་སྲོག་ཆགས་གསད་པ་དང༌། །རྫུན་གྱི་ཚིག་ཀྱང་སྨྲ་བ་དང༌། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང༌། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་པས་དབང་གོང་མ་ལས་ཐོབ་པའི་སྡོམ་པ་དང༌། དེའི་དམ་ཚིག་གང་ཡིན་པ་དང༌། དེ་ལས་འདས་ནས་རྩ་བའི་ལྟུང་བར་འགྱུར་ཚུལ་སོགས་གསལ་བར་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། དམ་ཚིག་དེ་སྒྲ་ཇི་བཞིན་པར་འཆད་པའི་ཚེ་གཞན་དོན་དུ་ཕམ་པ་བཞི་གནང་བ་དེ་མ་སྤྱད་ན་ལྟུང་བ་མེད་པའི་གཟུགས་བརྙན་ཡིན་གྱི་དོན་བྱང་ཆུབ་སེམས་དཔའི་རྩ་ལྟུང་དུ་འཆད་དགོས་པ་དང༌། སྒྲ་ཇི་བཞིན་པ་མིན་པར་བཤད་ན་སྲོག་གཅོད་པའི་མིང་གིས་བཟུང་འཛིན་གྱི་རྣམ་རྟོག་འགོག་པ་དང༌། བཙུན་མོའི་ཁུ་བ་མ་བྱིན་པར་ལེན་པའི་མིང་གིས་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་མི་ཉམས་པར་འཛིན་དགོས་པ་ལས། དེའི་འགལ་བ་མི་མཐུན་པའི་ཕྱོགས་ནི་འདིའི་སྐབས་ཀྱི་སྡོམ་པ་དེའི་རྩ་བའི་ལྟུང་བ་ཉིད་དུ་འཆད་དགོས་པའི་ཕྱིར། བུམ་དབང་ལ་ཐོབ་པའི་སྡོམ་པ་ཁས་ལེན་པ་དང༌། དབང་གོང་མ་ལ་ཐོབ་པའི་སྡོམ་པ་ཁས་མི་ལེན་པ་དང༌། བུམ་དབང་གི་རྡོ་རྗེ་སློབ་དཔོན་གྱི་དབང་དུ་འདོད་པ་རྣམས་ནི་རྒྱུད་ཀྱི་དོན་ལ་མ་བརྟགས་པས་ནང་འགལ་བ་ཡིན་ཏེ། ཇི་སྐད་དུ། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །རྒོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅང་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་ལ་དེ་ཡང་ཉིད། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །ཅེས་པས་ནི་དབང་བཞི་ལས་དགའ་བ་བཞི་རིམ་པར་སྐྱེ་བའི་ཚུལ་དང༌། དེ་ལས་སྐྱེས་པའི་དགའ་བ་བཞི་པོ་དེ་ལ་ཨེ་ཝཾ་གྱི་རྣམ་པས་མཚོན་པའི་བདེ་ཆེན་དང༌། དེ་ལ་མཚོན་བྱེད་མཚོན་བྱ་གང་རུང་གི་སྒོ་ནས་མཁའ་འགྲོ་མའི་སྡོམ་པ་ཞེས་བཤད་པའི་ཕྱིར། གཉིས་པ་རིགས་པ་ནི། རིག་འཛིན་སྡོམ་པའི་གཙོ་བོ་ནི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་སྐབས་ལ་འཇོག་དགོས་པ་ཡིན་ཏེ། འཛིན་རྒྱུའི་རིག་པ་དེའི་ངོས་འཛིན་ནི། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལ་འཆད་དགོས་པའི་ཕྱིར། དེ་ལྟ་བུའི་ཡེ་ཤེས་དེ་སྔགས་ཀྱི་ཆོ་གས་བཟུང་ནས་མངོན་དུ་མ་གྱུར་པའི་གནས་སྐབས་སུ་ཡེ་ཤེས་དེའི་དམ་ཚིག་གི་མི་མཐུན་ཕྱོགས་སྤོང་བ་དང༌། མཐུན་པའི་ཕྱོགས་བསྟེན་པར་ཁས་བླངས་པ་ལས་ཐོབ་པའི་སྡོམ་པ་དེ་ལ་ནི་བུམ་དབང་དང་བསྐྱེད་རིམ་གྱི་སྡོམ་པ་ཞེས་བྱ་ཞིང༌། བདེ་ཆེན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་གནས་སྐབས་ཀྱི་དེ་འདྲ་དེ་ལ་ནི་རྫོགས་རིམ་པའི་སྡོམ་པ་དང༌། དབང་གོང་མ་ལས་ཐོབ་པའི་སྡོམ་པ་ཞེས་བྱ་བ་དང༌། བདེ་ཆེན་གྱི་ཡེ་ཤེས་དེ་ཉིད་ལ་མཁའ་འགྲོ་མ་དྲྭ་བའི་སྡོམ་པ་ཞེས་བྱ་བ་འདི་གྲུབ་པའོ།། །།ཀྱེ་ཧོ། །རྩོད་བྲལ་ཕ་རོལ་ཕྱིན་པའི་ལུགས་བརྒྱ་ཡི། །ཉིན་བྱེད་སྣང་བ་ཉམས་པ་མེད་བཞིན་དུ། །ཀུན་ལ་ཟག་མེད་དགའ་བཞིའི་སྙིང་པོ་ནི། །སྟོན་མཛད་ཐུགས་རྗེའི་ཟླ་བ་འདི་ལ་ཤར། །གཟུང་འཛིན་ལམ་དུ་རྒྱུ་བའི་རྣམ་ཤེས་ཀྱི། །དཔུང་གི་སྡེ་ཚོགས་དབུ་མའི་ཤུལ་ཆེན་པོར། །གང་དྲངས་བདེ་ཆེན་ངང་ནས་ཆོས་ཀྱི་ཚུལ། །རྫོགས་པར་བྱང་ཆུབ་གྲགས་པའི་རྒྱལ་མཚན་ཞབས། །གང་བློ་འཇམ་པའི་དཔལ་དང་རྗེས་འབྲེལ་བས། །ཅི་ལྟའི་དོན་ལ་བརྟག་པའི་གནས་ཅི་འཚལ། །ཇི་སྙེད་ཆོས་ལུགས་ཐུབ་པའི་གཞུང་བཞིན་དུ། །ཉེར་གཟིགས་གྲགས་པའི་རྒྱལ་མཚན་ཁྱོད་ཁོ་ན། །དབུ་མའི་སྤྱན་གྱིས་ངེས་དོན་འཁྲུལ་མེད་གཟིགས། །ཉི་ཟླའི་ལམ་ནས་ཚངས་པའི་གཞུང་ལུགས་མཁྱེན། །ཕྱི་རོལ་འཆར་ཚུལ་ནང་གི་རྟེན་འབྲེལ་གྱིས། །འཁྲུལ་མེད་ལུང་བསྟན་ནུས་པ་གྲགས་པའི་མཚན། །གཟུང་འཛིན་གཉིས་པོ་མ་དག་སྣང་བ་མཁྱེན། །མཁྱེན་པའི་བློ་གྲོས་གཉིས་མེད་རོལ་པར་གཟིགས། །གཟིགས་པ་སྒྲིབ་མེད་བདུད་དང་ཕྱིར་རྒོལ་ཡང༌། །ཡང་དག་དབྱིངས་སུ་ཞི་མཛད་གྲགས་པའི་མཚན། །འཇམ་དཔལ་གྲགས་པའི་དཔལ་ལ་ཞལ་གཡར་བའི། །འགྲེལ་ཆེན་འཁྲུལ་པ་སྤོང་བའི་གཞུང་ལུགས་འདིར། །མང་ཐོས་དཔྱོད་ཆེན་ལྡན་པའི་ཕྱིར་རྒོལ་གྱིས། །བརྒལ་བའི་ལན་ལྡོན་ནུས་པ་འགའ་ཡོད་དམ། །ཕ་རོལ་རྒོལ་བས་ལན་བརྒྱར་བརྩད་པ་ན། །གང་གི་བློ་ལ་དོགས་པ་མེད་གྱུར་ཀྱང༌། །ཕྲ་དོག་རྩུབ་མོའི་བྱ་བས་རང་གི་སྡེ། །སུན་འབྱིན་བྱེད་པོས་གྲུབ་མཐའི་གཞུང་འཛིན་ནམ། །ཐོས་བསམ་སྒོམ་པའི་ལམ་དུ་བྱང་གྱུར་ཅིག །ཚད་ལྡན་ཆེན་པོའི་ཕྱག་གི་ངེས་བཟུང་བའི། །དཔྱོད་ཅན་ལུང་དང་རིགས་པའི་རྟ་བརྒྱ་ཡིས། །འཁྲུལ་སྤོང་ཉིན་བྱེད་རྩོད་བྲལ་ལམ་དུ་དྲངས། །འདི་སྦྱར་འདི་ནི་གྲགས་པའི་བུང་བ་ཡིས། །རྙེད་བཀུར་སྦྲང་རྩི་ལེན་པའི་ཕྱིར་མིན་ཏེ། །འཕགས་བློས་གཞལ་བའི་ངེས་པའི་དོན་འགའ་ལ། །བྱིས་བློས་བརྟགས་པ་དྲུངས་ནས་འབྱིན་ཕྱིར་ཡིན། །དམ་ཚིག་ཆོས་སྐོར་འཆད་པའི་ཟོལ་ཆེན་གྱིས། །རྡོ་རྗེ་སྤུན་གྲོགས་སྨོད་པའི་བཟླས་བརྗོད་མཁན། །རྙེད་བཀུར་འབའ་ཞིག་སེམས་པའི་གྱ་གྱུ་ཡིས། །རྡོ་རྗེ་སློབ་དཔོན་འཛིན་འགའ་བག་བྱོས་ཤིག །འདིར་བྱོན་དགེ་བས་བདག་དང་རྡོ་རྗེའི་སར། །མཉམ་དུ་ཆས་པའི་དོན་མཐུན་གྲོགས་དག་ཀྱང༌། །སྡོམ་གསུམ་ལང་ཚོ་རྒྱས་པའི་རོ་འཛིན་གྱིས། །དམ་ཚིག་བདུད་རྩིའི་བཅུད་དེ་མྱོང་བར་ཤོག །ཅེས་རྗེ་བཙུན་གྲགས་པའི་ཞལ་སྔ་ནས་མཛད་པའི་བསྟན་བཅོས་རྩ་ལྟུང་འཁྲུལ་སྤོང་ཞེས་ཡོངས་སུ་གྲགས་པ་འདི་ལ། གངས་ཅན་གྱི་ཤིང་རྟ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་བརྒལ་བརྟག་ལྷུར་ལེན་པའི་བསྟན་བཅོས་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་ཉེ་བར་སྦྱར་བ་དང༌། ཕྱི་ནང་གི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་བསོད་ནམས་རྣམ་པར་རྒྱལ་བའི་ཞལ་སྔ་ནས། བསྟན་བཅོས་སྔ་མ་གཉིས་ཀ་ལ་འདོར་ལེན་བྱེད་པའི་རྣམ་བཤད་སྔགས་ཀྱི་འདུལ་བ་ཞེས་བྱ་བ་དག་ཉེ་བར་སྦྱར་བ་ལས་འཁྲུལ་སྤོང་ལ་སུན་འབྱིན་བརྗོད་པ་དེ་དག་གི་ཚེར་མ་འབྱིན་པའི་རབ་ཏུ་བྱེད་པ་རྩ་ལྟུང་གི་བརྒལ་ལན་རྣམ་པར་ངེས་པ་ཞེས་བྱ་བ་འདི་ནི། ཡུལ་དབུས་འགྱུར་ཚལ་གྱི་སྡེ་སྣོད་འཛིན་པ་རིན་ཆེན་རྒྱལ་མཚན་དང༌། ཤར་མི་ཉག་གི་པཎྜི་ཏ་ཆོས་གྲགས་དཔལ་བཟང་གཉིས་ཀྱི་བསྐུལ་བའི་ངོར་བགྱིས་ནས། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ། རྗེ་བཙུན་དམ་པ་ཨ་ནནྟ་བྷ་དྲའི་ཞལ་སྔ་ནས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་པས་སྐལ་བ་བཟང་པོར་བགྱིས་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ། ས་ག་ཟླ་བའི་ཉི་ཤུ་ལྔ་ལ། གཡས་རུ་གཙང་གི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ། །ཤུ་བྷ་མསྟུ་སརྦ་ཛ་གཏྟཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply