དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་མན་ངག་དགོངས་རྒྱན། ཀ ༽

༼འ༽༄༅། །དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་མན་ངག་གི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི་སིདྡྷཾ། སྒྲིབ་ཀུན་གསལ་བའི་ཡེ་ཤེས་ཉི་མ་ལ། །འཇམ་པའི་དབྱངས་ཞེས་གྲགས་པའི་འོད་སྟོང་ཅན། །རྨོངས་པའི་མུན་ཆེན་སེལ་ལ་རྟག་གཞོལ་བ། །བརྩེ་ཆེན་མཁྱེན་པའི་དབང་པོ་ལ་ཕྱག་འཚལ། །གང་ཡང་འདི་ན་རྣམ་དཔྱོད་འཁྱོག་པོའི་གནམ་རུ་གྱེན་དུ་བསླང་བའི་མཆོག་མའི་རྩེ་མོ་རབ་ཏུ་མཐོ། །ཉག་ཕྲན་བདག་པོའི་ལག་པས་བཟུང་བའི་ཆངས་ཟུང་ཅན་དེ་སྔོན་བྱོན་ཕལ་ཆེར་ཁྱད་གསོད་ཚིག་གི་མདའ། །རང་འདོད་མཐེབ་སྟོང་དམ་པོ་སྦྱར་ནས་དྲང་པོ་མིན་པའི་ལུང་རིགས་རྣ་བའི་བར་དུ་ངེས་བཀང་བ། །སྔོན་བྱོན་རྒན་རབས་ཡོངས་ལ་ལན་བརྒྱར་འཕངས་སོ་འདི་ལན་ལྡོན་ནམ་འདི་རྗེས་འབྲང་ཞེས་འདི་ན་གླེང༌། །བློ་བཟང་གྲགས་པ་གསལ་ལྡན་བཙོང་ཁ་པས། །སྔོན་བྱོན་རྒན་རབས་ཕལ་ཆེར་ཁྱད་གསོད་པའི། །ལྷག་བསམ་རབ་དཀར་ཞེས་བྱའི་དྲི་བ་མཛད། །ཅི་ཞིག་དགོངས་ནས་དྲིས་པ་འདིར་བསམ་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། སྐབས་སུ་བབ་པ་ནི། དྲི་བ་དེ་ལས། ཇི་སྐད་དུ། ཚེ་སྟོང་ཟད་དུ་འགྲོ་བའི་སྒོམ་ལ་རང་ཡང་སྙིང་རུས་བསྐྱེད་གཞན་ཡང་འགོད་པ་རྣམས་ལ་ཁོ་བོས་བརྩེ་བས་ཀུན་ནས་བསླངས་ཏེ་དྲི་བ་ནི། ཐོག་མར་རང་ཉིད་འཁོར་བ་ལས་ཐར་འདོད་ཀྱི་བློ་བསྐྱེད་དགོས་པས་དེ་སྐྱེ་བའི་ཐབས་ནི་དེར་མི་སྐྱེ་བ་བྱེད་དགོས་སྙམ་པའི་བློ་གཏུགས་པོ་དེ་བྱས་ན་ཆོད་ཆུང་ཞིང༌། གེགས་ཆེ་བས། དེས་ན་ཤིང་བཟོ་བ་མཁས་པའི་འདེགས་བཞིན་དུ་དམིགས་པ་གཞན་མ་གཅིག་གིས་གནད་དམ་ས་ནས་བསྒོམས་ན་བྱིན་གཡོས་འོང་ས་ཡོད་པ་དེ་གང་ཡིན། སེམས་བསྐྱེད་པ་མི་རྟག་པ་བསྒོམ་པ་སོགས་ཡིན་ཟེར་བ་སྲིད་མོད། ཐར་པ་དོན་གཉེར་གྱི་བློ་བཅོས་བུ་མ་ཡིན་པ་སྐྱེ་བའི་ཐབས་རྒྱལ་བས་གསུངས་ངོས་ཤེས་པ་ཅིག་ཡོད་སྣང་བ་དེ་དྲིས་པའོ། །མན་ངག་དེ་ཐུགས་ཀྱིས་དགོངས་ན། འཁོར་བ་འདི་ལས་རང་རེ་རྣམས་ཐར་པར་བྱེད་པའི་ཐབས་དམ་པ་རྒྱལ་བས་གསུངས་པ་འཆང་ཐུབ་ངོས་ཤེས་པ་དེ་གང་ཡིན་འདྲིའོ། །དེ་ལ་ཡང་འཁོར་བའི་རྒྱུའི་གཙོ་བོ་རྒྱལ་བས་གསུངས་ངོ་ཤེས་པ་དེ་གང་ཡིན་པ་ངོས་མ་ཟིན་ན་དེ་འཇོམས་བྱེད་ཀྱི་གཉེན་པོ་ཅར་ངོས་མི་ཟིན་ཏེ། དཔེར་ན་དགྲ་ངོས་མ་ཟིན་པར་དམག་འདྲེན་ངོ་མི་ཤེས་པ་བཞིན་ནོ། །དེ་ཡང་མ་རིག་པ་ཡིན། དངོས་འཛིན་ཡིན་ཞེས་སོགས་སྨྲ་བ་འོང་སྲིད་མོད། དེ་རྣམས་ཀྱིས་ཀྱང་ཅར་བ་ངོས་མ་ཟིན་ཏེ། དཔེར་ན་རྐུན་མ་ངོས་འཛིན་བཅུག་པའི་ཚེ། མི་ཡིན། དེ་ཡང་བཙུན་པ་ཡིན་ཞེས་ཟེར་བ་བཞིན་ནོ། །དེས་ན་རང་རྒྱུད་ལ་བཀར་ནས་བལྟས་པའི་ཚེ། ང་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་འདི་ཡིན་པར་འདུག་སྙམ་པའི་མྱོང་བ་ལྷང་བ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་མོས་མནོས་སུ་མ་སོང་བ་ཅིག་དང་པོར་སྐྱེ་དགོས་ཏེ། སྨན་གཏོང་བ་ལ་ནད་ངོ་ཤེས་དགོས་པ་བཞིན་ནོ། །གཞན་ཡང་རང་རེ་རྣམས་འཁོར་བ་འདིར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བའི་འཁོར་ཚུལ་ལ་མྱོང་བ་ལྷང་བ་མ་སྐྱེས་ན། ངེས་འབྱུང་རྣལ་མ་འོངས་ས་མེད་ཅིང༌། དེ་སྐྱེ་བ་ལ་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ཚུལ་བསྒོམ་པ་ལ་རག་ལས་པས་ན་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ཚུལ་དང་གྲངས་དང༌། གོ་རིམ་ངེས་པ་ཅན་དང༌། དེ་རྣམས་རྒྱུ་འབྲས་སུ་འགྲོ་ཚུལ་དང༌། དེའི་ཁོང་ནས་སྐྱེས་བུ་གསུམ་གྱི་ཁྲིད་འོང་ཚུལ་རྣམས་གང་ཡིན་ཞེས་འབྱུང་ངོ༌། །འདི་བརྟག་པ་ལ་གཉིས་ཏེ། དྲི་བའི་རྣམ་གྲངས་དང༌། དེ་ལ་དཔྱད་ནས་ལན་བཏབ་པའོ། །དང་པོ་ལ། གསུམ་སྟེ། ངེས་འབྱུང་གི་བསམ་པ་སྐྱེ་བའི་རྒྱུ་དྲིས་པ་དང༌། འཁོར་བའི་རྒྱུའི་གཙོ་བོ་འདྲི་བ་དང༌། སྐྱེས་བུ་གསུམ་གྱི་ལམ་རིམ་འདྲི་བའོ། །དང་པོ་ལ་གཉིས་ཏེ། འཁོར་བ་ལས་ཐར་འདོད་ཀྱི་བློའི་རྒྱུ་དྲིས་པ་དང༌། ཐར་པ་དོན་གཉེར་གྱི་བློའི་དྲིས་པའོ། །གཉིས་པ་ལ་གཉིས་ཏེ། དངོས་ལན་བཏབ་པ་དང༌། དྲི་བ་དེ་ཉིད་ལ་དཔྱད་པའོ། །དང་པོ་ལ། དེ་སྤོང་འདོད་ཀྱི་བློ་སྐྱེ་བའི་རྒྱུ་ནི་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་པའོ། །དེ་ལ་གསུམ་ལས། སྡུག་བསྔལ་གྱི་སྡུག་བསྔལ་ནི་ཐ་མལ་པས་ཀྱང་ཤེས་ལ། དེ་གང་ལ་ཡོད་པའི་གནས་དང༌། འགྲོ་བ་ལས་བློ་ལོག་པ་ནི་ཐ་མལ་པ་དེ་དག་ལ་ཡང་ཡོད་མོད། དེ་ཙམ་གྱིས་ཐར་པ་དོན་གཉེར་གྱི་བློ་རང་ཆས་སུ་ཡོད་པ་ནི་མ་ཡིན་ནོ། །འགྱུར་བའི་སྡུག་བསྔལ་ཤེས་པ་ནི་མུ་སྟེགས་བྱེད་དག་ལའང་ཡོད་ལ། དེའང་ཐར་པ་ཁས་ལེན་པ་དང་མི་ལེན་པ་གཉིས་ལས། དང་པོས་ནི། འགྱུར་བའི་སྡུག་བསྔལ་གང་ལ་ཡོད་པའི་གནས་དང་འགྲོ་བ་ལས་བློ་ལྡོག་པར་བྱེད་ལ། དེ་ཙམ་གྱིས་ཐར་པ་དོན་གཉེར་གྱི་བློ་ཡང་བསྐྱེད་དོ། །དེ་ལྟ་ན་ཡང་ཐར་པ་གོ་ཆོད་པོ་ནི་དེ་ལ་ཡོད་པ་མ་ཡིན་ཏེ། སྲིད་པའི་རྩེ་མོ་ལས་རྒལ་བྱེད་ཀྱི་གཉེན་པོ་མེད་པས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ཤེས་པ་ནི། ཆོས་འདི་པ་དག་གི་ལུགས་ཏེ། དེ་ཡང་བྱིས་པས་ནི་ལུང་རིགས་ཀྱིས་ཤེས་པར་བྱེད་ལ། འཕགས་པ་ནི་མངོན་སུམ་གྱིས་སོ། །དེ་དག་གིས་ནི་དེ་གང་ན་ཡོད་པའི་གནས་དང་འགྲོ་བ་ལས་བློ་ལོག་པ་དང༌། ཐར་པ་དོན་གཉེར་གྱི་བློ་སྐྱེས་པ་གཉིས་གྲུབ་པ་དང་བདེ་བ་ཐ་མི་དད་དོ། །སྡུག་བསྔལ་དེ་ལ་གཉིས་ཏེ། སེམས་རྒྱུད་མ་ཞི་བར་བྱེད་པའི་ཉོན་མོངས་པས་བསྐྱེད་པའི་སྡུག་བསྔལ་དང༌། ནུས་པ་དེ་དང་བྲལ་བའི་འདོད་པ་དང་སྲིད་པའི་བག་ལ་ཉལ་གྱིས་བསྐྱེད་པའི་སྡུག་བསྔལ་གཉིས་ལས། ཕྱི་མ་ལས་ཐར་འདོད་ཀྱི་བློ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པ་མ་ཡིན་ནོ། །ཐར་པ་དེ་ལ་ཡང་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ་དོན་གཉེར་གྱི་བློ་བསྐྱེད་པའི་ཐབས་ནི། བོད་ཀྱི་བསམ་གཏན་པ་དག་མི་འཆད་དོ། །གཉིས་པ་དེ་ལ་དོན་གཉེར་གྱི་བློ་བསྐྱེད་པའི་ཐབས་ནི། རང་བཞིན་དུ་གནས་པའི་རིགས་ཀྱི་ནུས་པ་སད་པ་དང༌། བྱམས་པ་དང་སྙིང་རྗེ་སྟེ་དེ་དག་ཉིད་སྨོན་པ་སེམས་བསྐྱེད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུར་བཤད་པས་སོ། །དེ་དག་ལའང་ཐུན་མོང་བ་ནི། མུ་སྟེགས་བྱེད་ལའང་ཡོད་མོད། སེམས་ཅན་མཐའ་དག་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཞིག་ཡིན་ལ། དེ་ཙམ་ནི་ཉན་རང་ལ་ཡང་ཡོད་པས། འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པའི་སྙིང་རྗེའོ། །བོད་ཀྱི་བསམ་གཏན་པ་རྣམས་ཀྱིས་འདི་ཉིད་ཁས་ལེན་པ་ཡིན་ཏེ། མན་ངག་ཀུན་གྱི་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱ་ཞེས་པས་སོ། །དྲི་བ་གཉིས་པའི་ལན་ནི། དེ་ལྟར་སྡུག་བསྔལ་ཤེས་པ་ན། དེ་སྤོང་འདོད་ཀྱི་བློ་སྐྱེ་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་མོད་ཀྱང༌། དེ་སྤོང་བྱེད་ཀྱི་གཉེན་པོ་ལ་རྟོག་པ་ནི། དཔྱོད་པ་དང་ལྡན་པ་དག་སྟེ། དེ་ལའང་ཕྱི་རོལ་པ་དང་ཉན་རང་དང་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ལས། ཕྱི་མ་དེས་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཉིད་བཙལ་ནས་གོམས་པར་བྱེད་དོ། །བོད་ཀྱི་བསམ་གཏན་པ་དག་གིས་ནི་འདི་ཉིད་ལྷུར་བྱེད་པ་ཡིན་ཏེ། མན་ངག་ཀུན་གྱི་ཐོག་མར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། ཞེས་ཟེར་བས་སོ། །གཉེན་པོ་དེ་རྒྱུད་ལ་བསྐྱེད་ནས་གོམས་པར་བྱེད་པ་ལ། དེའི་འགལ་ཟླ་མ་རིག་པ་དང༌། རྣམ་འཚེ་སོགས་ཀྱི་མཚན་ཉིད་དང་མཚན་གཞིའི་རྣམ་གཞག་ཤེས་ནས་དང༌། མི་ཤེས་ཀྱང༌། གཉེན་པོ་དེ་ཉིད་ཀྱི་ངོ་བོ་བླ་མས་བསྟན་པ་བཞིན་བསྒོམ་པར་བྱེད་པའོ། །བོད་ཀྱི་བསམ་གཏན་པ་དག་ལ་ཚུལ་དེ་གཉིས་ཀ་ཡོད་མོད། ཚུལ་ཕྱི་མ་དེས་འཁོར་བའི་རྩ་བ་སྤོང་མི་ནུས་པ་མ་ཡིན་ཏེ། ནད་པས་ནད་ཀྱི་ངོ་བོ་མ་ཤེས་ཀྱང༌། ལྷ་རྗེས་བྱིན་པའི་སྨན་ཟོས་པས་ནད་རྩ་བ་ནས་དྲུངས་འབྱིན་ནུས་པ་བཞིན་ནོ། །དྲི་བ་གསུམ་པ་ནི། སྐྱེས་བུ་གསུམ་གྱི་ལམ་རིམ་ཤེས་པ་ནི། བོད་ཀྱི་བསམ་གཏན་པ་དག་ལ་ངེས་པར་དགོས་པ་མ་ཡིན་ཏེ། ཕལ་ཆེར་ཐེག་པ་ཆེན་པོའི་ལམ་རིམ་ཉིད་ནས་ཐོག་མར་འཁྲིད་པའི་ཕྱིར་རོ། །དཔེར་ན་སྐྱབས་འགྲོའི་དེ་མ་ཐག་ཏུ་ཐེག་ཆེན་སེམས་བསྐྱེད་འཆད་པ་བཞིན་ནོ། །ལམ་འབྲས་པ་དག་ལ་ནི་སྐྱེས་བུ་ཆུང་ངུ་ནས་འཁྲིད་པའི་ཚུལ་ཡང་སྣང་ལ། ལུགས་དེའི་གཞུང་ཇི་ལྟ་བ་བཞིན་གྱི་བཤད་པ་ནི། སྐལ་དམན་རིམ་གྱིས་འཇུག་པ་ཞེས་ཐོག་མར་ཕར་ཕྱིན་ཐེག་པ་ནས་བརྩམས་པའི་འཁྲིད་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། དོན་གྱི་ཁོག་ཕུབ་པ་དང༌། དྲི་ཚིག་ལ་སྐྱོན་ཆགས་པའོ། །དང་པོ་ནི། བསྟན་པ་འཛིན་ཚུལ་ལ་གཉིས་ཏེ། ཐོས་བསམ་གྱི་འཁོར་ལོ་དང༌། སྒྲུབ་པའི་འཁོར་ལོས་འཛིན་པའོ། །ཕྱི་མ་ལ་གཉིས་ཏེ། ཐོས་བསམ་གྱི་ཤེས་རབ་སྔོན་དུ་བཏང་ནས་གཏན་ལ་ཕབ་པའི་དོན་དེ་ཉིད་བསྒོམ་པ་དང༌། དེ་ལ་མ་ལྟོས་པར་བླ་མ་བརྒྱུད་པའི་མན་ངག་ལས་བྱུང་བ་དེ་ཉིད་བསྒོམ་པའོ། །དང་པོ་དེ་ནི། གཙོ་བོར་ཕ་རོལ་ཕྱིན་པ་དག་གི་སྒོམ་སྟེ། ཇི་སྐད་དུ། གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་སོགས་དང༌། སྒོམ་རིམ་ཐོག་མཐའ་དང་རྣལ་འབྱོར་ས་བཞིའི་རིམ་པ་ལས་འབྱུང་བ་བཞིན་ནོ། །ལུགས་ཕྱི་མ་དེ་ནི་རྡོ་རྗེ་ཐེག་པ་པ་དག་གི་ལུགས་ཏེ། དེའི་ལུགས་ཀྱི་དམིགས་པ་མེད་པའི་སྙིང་རྗེ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་རང་རྒྱུད་ལ་སྐྱེ་བ་ནི་ཐོས་བསམ་གྱི་རིགས་པ་ལ་མི་ལྟོས་པའི་ཕྱིར་རོ། །ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་སོགས་ཀུན་གྱིས་འདོན་པ་བཞིན་ནོ། །མདོར་ན་ཐོས་བསམ་གྱི་རིགས་པས་གཏན་ལ་མ་ཕབ་པའི་སྒོམ་གྱིས་མི་ཚེ་སྟོང་ཟད་དུ་བྱེད་དོ་ཞེས་གསུངས་པ་དེ་ནི། རྡོ་རྗེ་ཐེག་པ་དང་འབྲེལ་བའི་ལམ་གྱི་རིམ་པ་མཐའ་དག་ལ་བསྐུར་པ་བཏབ་པ་ཡིན་ཏེ། ཐེག་པ་དེ་ནས་འབྱུང་བའི་ལམ་གྱི་རིམ་པ་རང་རྒྱུད་ལ་སྐྱེ་དགོས་པ་ཐམས་ཅད་དབང་བསྐུར་བའི་སྔ་རོལ་དུ་ཐོས་བསམ་གྱིས་གཏན་ལ་འབེབས་དགོས་པའི་བཤད་པ་མེད་ཅིང༌། དབང་ཙམ་ལས་ཡེ་ཤེས་སྐྱེ་བར་བཤད་པའི་ཕྱིར་རོ། །ཁྱེད་ལྟར་ན་མ་རིག་པའི་མཚན་ཉིད་དང་མཚན་གཞི་ངོས་མ་ཟིན་པའི་གདུལ་བྱ་ལ་དབང་བསྐུར་དུ་མི་རུང་བ་དང༌། རུང་དུ་ཆུག་ཀྱང་དེ་ལ་ཡེ་ཤེས་མི་སྐྱེ་བ་དང༌། སྐྱེས་སུ་ཆུག་ཀྱང་ཡེ་ཤེས་དེ་མ་རིག་པའི་གཉེན་པོར་མི་འགྲོ་བ་སོགས་སུ་ཁས་ལེན་དགོས་སོ། །གཉིས་པ་ནི། ངེས་པར་ནང་འགལ་བ་ཡིན་ཏེ། སྒོམ་ཆེན་པས་ཐོག་མར་འཁོར་བ་ལས་ཐར་འདོད་ཀྱི་བློ་སྒོམ་དགོས་སོ་ཞེས་གསུང་བ་དང༌། ཐོག་མར་སྐྱེས་བུ་ཆུང་ངུའི་འཁྲིད་ཚུལ་ནས་འཁོར་བ་ལས་ཐར་འདོད་ཀྱི་བློ་ཡིན་ངོ་ཤེས་པ་དེ་ནི་སྐྱེས་བུ་འབྲིང་གི་བསམ་པར་འདུས་པའི་ཕྱིར་དང༌། ཐར་པ་དོན་གཉེར་ཙམ་ནི་ཕྱི་རོལ་པ་ལ་ཡང་ཡོད་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་བ་མི་སྤོང་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཡང་འཁོར་བར་མི་སྐྱེས་པ་ཅིག་བྱེད་དགོས་སྙམ་པའི་བློ་གདོང་ཚུགས་དེ་གེགས་ཆེ་ཞིང༌། ཆོད་ཆུང་གསུང་བ་ཡང༌། དེ་སྐྱེས་པ་ལ་ཉེས་དམིགས་གང་ཡོད་ཀྱི་ཤེས་བྱེད་དང༌། དེ་ལ་བརྟེན་པའི་རྗེས་དཔག་མ་སྐྱེས་པ་ལ་བསམས་པ་ཡིན་ནོ། །དེ་ལྟར་ན་ཁྲིད་ཐམས་ཅད་ཀྱི་སྔོན་འགྲོའི་སྐབས་སུ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམས་ལ་ཡང་དེ་ལྟ་བུའི་གློ་གདེང་ཚུགས་དེ་གེགས་ཆེ་ཞིང་ཆོད་ཆུང་བར་མཚུངས་སོ། །དེའི་སྔོན་དུ་ཡང་བློ་དེ་དག་ས་གཡོས་པ་བཞིན་ནམ། ཤིང་མཁན་གྱི་འཕྲུལ་འདེགས་བཞིན་ངང་གིས་སྐྱེ་བའི་ཐབས་ཀྱི་སྔོན་འགྲོ་གཞན་ཞིག་སྟོན་དགོས་པར་འགྱུར་ལ། དེ་ལྟ་ན་ཁྲིད་ཀྱི་སྔོན་འགྲོ་ཐུག་པ་མེད་པར་འགྱུར་ཞིང༌། ཐོས་བསམ་པ་ཆེས་ཤིན་ཏུ་མཁས་པ་མ་གཏོགས་གཞན་མན་ངག་ཟབ་མོའི་སྣོད་དུ་མི་རུང་བ་ཉིད་དུ་ཁས་བླངས་སོ། །ཡང་ཇི་སྐད་དུ། རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ཚུལ་མ་ཤེས་ན། འཁོར་བ་སྤོད་བྱེད་ཀྱི་གཉེན་པོ་མི་ཤེས་པ་དང༌། ངེས་འབྱུང་གི་བློ་རྣལ་མ་སྐྱེ་མི་སྲིད་ཅེས་གསུང་བ་ཡང་བདེན་པ་བཞིའི་གོ་རིམ་དང་འགལ་བ་ཡིན་ཏེ། ཀུན་འབྱུང་གི་བདེན་པ་མ་ཤེས་པར་སྡུག་བསྔལ་གྱི་བདེན་པ་མི་ཤེས་པ་ཉིད་དུ་ཁས་བླངས་པའི་ཕྱིར་དང༌། བཀའ་བསྟན་བཅོས་ལས་ནི། སྟོང་པ་དང་བདག་མེད་ཤེས་པའི་འོག་ཏུ་རྒྱུ་དང་ཀུན་འབྱུང་སོགས་ལ་སློབ་དགོས་པའི་ཕྱིར། ཐོས་བསམ་གྱིས་གཏན་ལ་ཕབ་པ་ངེས་པར་སྔོན་དུ་འགྲོ་དགོས་པའི་སྒོམ་ཆེན་པ་དག་ལ་ཡང་འཁོར་བའི་གཉེན་པོ་ངོ་ཤེས་པ་ལ་འཁོར་བའི་རྩ་བ་ངོས་ཟིན་པ་ཞིག་སྔོན་དུ་འགྲོ་དགོས་པའི་ངེས་པ་མེད་དེ། གཉེན་པོ་ཡེ་ཤེས་ངོས་ཟིན་པའི་འོག་ཏུ་མ་རིག་པ་ངོས་འཛིན་དགོས་པའི་ཕྱིར་དང༌། བདེན་གྲུབ་ངོས་འཛིན་པ་ལས་བདེན་མེད་ངོ་ཤེས་པ་སླ་བའི་ཕྱིར་དང༌། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་དེ་མ་རིག་པའི་མཚན་ཉིད་དུ་ཁྱེད་ཀྱང་བཞེད་དགོས་པའི་ཕྱིར་དང༌། ཇི་སྐད་དུ། རང་བཞིན་མེད་པར་རྟོགས་སླ་དེ་ལྟར་རང་བཞིན་གཞན་དག་ལ། །ཁོང་དུ་ཆུད་པ་བདེ་བླག་ཏུ་ནི་ནུས་པ་མིན་ནོ། །ཞེས་གསུངས་པས་སོ། །མདོར་ན་ཁྱེད་ཀྱིས་གསུངས་པའི་དཔེ་གསུམ་པོ་ལས་ནི། སྒོམ་ཆེན་པ་ལ་ཐོས་བསམ་གྱི་སྦྱངས་པ་སྔོན་དུ་སོང་མ་སོང་གཉིས་ཡོད་པར་མངོན་དུ་གྲུབ་པ་ཡིན་ཏེ། དཔེར་ན་ནད་པ་རང་གིས་ནད་ངོ་ཤེས་ནས་སྦྱར་བའི་སྨན་འཐུངས་པས་ནད་སེལ་བ་གཅིག་དང༌། རང་གིས་ངོ་མ་ཤེས་ཀྱང་ལྷ་རྗེས་ཇི་སྐད་སྨྲས་པ་བཞིན་བྱས་ནས་ནད་སེལ་བ་གཅིག་སྟེ་གཉིས་ཡོད་པ་དང༌། ཡང་རང་གིས་ཤ་ཆགས་པའི་དགྲ་བོ་འཇོམས་པ་དང༌། རང་གིས་མ་ཤེས་ཀྱང་གཞན་ཞིག་གིས་བསྟན་ནས་འདི་ཆོམས་ཤིག་དང༌། ཁྱོད་ལ་དགོས་པ་འགྲུབ་པར་འགྱུར་རོ་ཞེས་ཟེར་བ་གཉིས་ཡོད་པ་བཞིན་དུ། འཁོར་བའི་རྩ་བ་དྲུངས་ནས་འབྱིན་པར་ནུས་པའི་སྒོམ་ཆེན་པ་ལ་ཡང་རང་ཉིད་ཀྱིས་འཁོར་བའི་རྩ་བ་དང་དེའི་གཉེན་པོ་གཉིས་ཀ་ཐོས་བསམ་གྱིས་ཤེས་ནས་སྒོམ་པར་བྱེད་པ་གཅིག་དང༌། སྒྲུབ་པ་པོ་རང་གིས་གཏན་ལ་མ་ཕེབས་ཀྱང་སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཞིག་གིས། མ་རིག་པའི་གཉེན་པོ་གང་ཡིན་པ་དེའི་ངོ་བོ་ངོས་བཟུང་ནས་དོན་འདི་ཚུལ་འདི་ལྟར་སྒོམས་ཤིག་དང་འཁོར་བའི་རྩ་བ་དྲུངས་ནས་འབྱིན་པར་འགྱུར་ཞེས་བསྟན་པ་བཞིན་དུ་ཉམས་སུ་བླངས་པས་མཆོག་གི་དངོས་གྲུབ་བརྙེས་པ་དང་གཉིས་ཤིག་ཡོད་པར་གྲུབ་བོ། །ཕྱི་མ་འདི་ལ་ནི་མན་ངག་པ་ཞེས་ཟེར་ཞིང༌། འདི་ལ་ཡིད་ཆེས་བསྐྱེད་པ་ལ་བླ་མ་བརྒྱུད་པའི་རིམ་པ་ལས་ཇི་ལྟར་འོངས་པའི་ཚུལ་དང༌། བླ་མ་ཚད་མར་བྱ་བ་དང༌། སྙན་བརྒྱུད་ཚད་མ་བཞིས་གཏན་ལ་འབེབས་པ་དང༌། ཡིད་ཆེས་པ་གསུམ་ལ་སོགས་པས་ཆོག་པ་ཡིན་གྱི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པའི་སྔ་རོལ་དུ་དབུ་མ་ངོ་བོ་ཉིད་མེད་པ་པའི་རྟགས་ཀྱི་དགག་བྱ་ངོས་ཟིན་པ་དང༌། ཚུལ་གསུམ་པ་ཅན་གྱི་རྟགས་ལས་རྗེས་དཔག་སྐྱེ་བ་སོགས་ལ་རག་ལས་པ་མ་ཡིན་ནོ། །དོན་དེ་ཡང་ཇི་སྐད་དུ། དེ་དག་གིས་དེ་གཙོ་བོའི་མཐུ། །དེས་བཤད་རིགས་པས་འཇུག་ཕྱིར་རོ། །ཞེས་བཤད་པ་དང་ཡང་མཐུན་ནོ། །དེ་བས་ན་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱག་རྒྱུན་མ་ཆད་པར་བྱོན་པའི་སྒྲུབ་པ་པོ་དག་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་ཚུལ་དང༌། སོ་སོའི་མཚན་ཉིད་དང་གོ་རིམ་དང་གྲངས་ངེས་སོགས་མ་ཤེས་པའི་ཕྱིར་ན་མ་རིག་པའི་གཉེན་པོ་རྣལ་མ་བསྒོམ་མི་ཤེས་པས་མི་ཚེ་སྟོང་ཟད་དུ་བྱེད་པར་ཟད་དོ། །ཞེས་སྐུར་པ་མ་གསུངས་ཞིག ཁྱེད་ཀྱི་ཕྱོགས་ལ་ཡང་མ་རིག་པའི་མཚན་ཉིད་དང་མཚན་གཞི་འཇོག་མི་ཤེས་པའི་སྒྲུབ་པ་པོ་ལ་བླ་མ་ཞིག་གསང་བ་འདུས་པའི་འོད་གསལ་དེ་བསྟན་པ་ན། ཁོའི་བློ་ལ་མི་འཆར་ཤར་ཡང་གོམས་པས་གྲོལ་མི་སྲིད་པར་འགྱུར་ཏེ། དེས་མ་རིག་པའི་མཚན་ཉིད་ངོས་མི་ཟིན་པའི་ཕྱིར་རོ། །གཞན་ཡང་ཡུལ་སོ་སོར་སླེབས་པ་དེར་འགྲོ་བའི་ལམ་རང་གིས་མི་ཤེས་བཞིན་དུ་གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་པས་ཡུལ་དེར་སླེབས་པ་མི་སྲིད་པ་སོགས་སུ་འགྱུར་རོ། །གཞན་བསྒྲུབ་བྱ་རྟོགས་པའི་ཚད་མ་སྐྱེ་བ་ལ་དགག་བྱ་ངོས་ཟིན་པ་ཞིག་དགོས་སོ་ཞེས་ཟེར་བ་ནི་མཚན་ཉིད་ཀྱི་ཐེག་པར་ཡང་མི་རུང་སྟེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེ་བ་རྟག་པའི་མཚན་ཉིད་ཤེས་པ་ལ་རག་ལས་པ་དང༌། ནམ་མཁའ་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ལ་མི་རྟག་པའི་མཚན་ཉིད་ཤེས་དགོས་པར་ཐལ་བའི་ཕྱིར་རོ། །དྲི་བ་ལྷག་བསམ་རབ་དཀར་ཞེས་བྱ་བ་ལས་བྱུང་བའི་སྔོན་འགྲོའི་སྐབས་ལས་བརྩམས་པའི་བརྒལ་ལན་རྣམ་པར་ཕྱེ་བ་སྟེ་ལེའུ་དང་པོའོ།།  །།དངོས་གཞིའི་ཕྱོགས་དང་འབྲེལ་བའི་དྲིས་ལན་ལ་གཉིས་ཏེ། སྤྱོད་པའི་ཕྱོགས་ཀྱི་དང༌། ལྟ་བའི་ཕྱོགས་ཀྱི་དྲིས་ལན་ནོ། །དང་པོ་ལ་དྲི་བ་དང་ལན་ནོ། །དང་པོ་ལ་ལྔ་ཚན་གསུམ་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པའི་དང་པོར་ཡང་སེམས་ཅན་ཐམས་ཅད་རང་གི་མར་ཤེས་པ་ལ་མྱོང་བ་ཐོན་པ་གཅིག་དགོས་ཤིང༌། དེ་ཡང་མདུན་གྱི་ཁྱི་མོ་ལྟ་བུ་གཅིག་ལ་མ་ཡིན་སྙམ་པའི་མུ་རྡུགས་བྱེད་པ་ཡིན་ནམ། འཕྲུལ་འདེགས་བཞིན་དུ་དམིགས་པ་གཞན་ཞིག་ནས་བྱེད་པ་ཡོད། བདག་གཞན་བརྗེ་བ་བསྒོམ་ཞེས་པ་ཚུལ་དེས་རང་དང་གཞན་བསྒོམ་པ་ཡིན་ནམ་གཞན་ཞིག་ཡོད། ཡོད་ན་དེ་གང་ཡིན། གཞན་ཡང་དམིགས་པ་གང་བསྒོམ་ཡང༌། དུས་ཚོད་ལ་ཐུན་དངོས་གཞི་དང་ཐུན་བར་གཉིས་སུ་འབྱེད་དགོས་པས་ཐུན་མཚམས་རྣམས་སུ་དགེ་སྦྱོར་ཅི་འདྲ་ཅིག་བྱས་ན་དངོས་གཞི་དེའི་བོགས་འདོན་དུ་འགྲོ། ཐུན་དངོས་གཞི་ལ་ཡང་གྲངས་དང་ཐུན་ཚོད་ཇི་ཙམ་ལ་བྱེད། སྒོམ་རྣམས་ཀྱི་དང་པོ་འགོ་རྒྱ་གར་སྐད་འདྲ་བ་དེ་འདི་ལ་བྱེད་ཀྱི་རྒྱུ་མཚན་ཇི་ལྟར་ཡོད། དེང་སང་གི་སྒོམ་ཆེན་པ་རྣམས་ལ་མཉམ་རྗེས་འདྲེས་པའི་རྟོགས་པ་ཡོད་ཟེར་བ་འདྲེས་ལུགས་ཇི་ལྟར་ཡིན། མ་འདྲེས་པའི་ཚེ་མཉམ་རྗེས་གང་གིས་འབྱེད་ཅེས་གསུང་ངོ༌། །དྲི་བ་འདི་དག་ལ་དཔྱད་གཞི་ཆེར་མི་སྣང་བས་དོགས་པ་བཅད་མི་དགོས་ལ། དངོས་ལན་ནི། སྒྲུབ་པ་པོ་ལ་གཉིས་ལས། ཐོས་བསམ་གྱི་གཏན་ལ་ཕབ་པའི་དོན་སྒོམ་པར་བྱེད་པའི་སྒྲུབ་པ་པོས་ནི་སེམས་ཅན་ཐམས་ཅད་ཕ་མར་རྟོགས་པའི་ཚད་མ་སྐྱེས་ནས་ངེས་ཤེས་དེའི་རྒྱུན་མ་བརྗེད་པའི་ཚུལ་གྱིས་བྱམས་པ་དང་སྙིང་རྗེ་སོགས་བསྒོམ་པའོ། །ཚུལ་དེ་ཡང་གང་ཞེ་ན། དོན་འདི་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པས། ཡིད་ཆེས་པའི་ལུང་ལ་བརྟེན་པའོ། །སྒྲུབ་པ་པོ་གཉིས་པ་མན་ངག་གཙོ་བོར་གྱུར་པའི་སྒོམ་ཆེན་པས་ནི་སངས་རྒྱས་ལྟ་བུར་ཡིད་ཆེས་རྙེད་པའི་བླ་མའི་གསུང་ལས་ཇི་ལྟར་གསུངས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཕ་མར་ཐག་གཅོད་པའོ། །དེ་འདྲ་དེ་མུ་རྡུགས་ཀྱི་སྒོམ་ཡིན་ནོ་ཞེ་ན། འོ་ན་གཞུང་ལུགས་པ་དག་ཀྱང༌། སྤྱད་པ་ལས་བདེ་བ་འབྱུང་བར་སངས་རྒྱས་ཀྱིས་གསུངས་པའི་རྟགས་ལས་སྦྱིན་སོགས་དེ་ལྟར་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པར་བྱེད་པའང་དེར་ཐལ་བ་ཉིད་དུ་འགྱུར་རོ། །དེ་གཉིས་ཚད་མ་དང་ཡིད་དཔྱོད་ཀྱི་ཁྱད་ཞུགས་པས་མི་མཚུངས་སོ་སྙམ་ན། ཡིད་དཔྱོད་ཀྱི་རྒྱུན་གོམས་པས་དོན་བདེན་པ་ལ་གསལ་སྣང་གི་བློ་སྐྱེ་བ་སྲིད་པ་ནི་རྣམ་འགྲེལ་ངེས་སུ་གསལ་བར་གསུངས་ལ། ཁྱེད་རང་གིས་ཀྱང་སྦྱོར་ལམ་གྱི་ངོ་བོ་ཡིད་དཔྱོད་དུ་ཁས་བླངས་ནས། དེ་ཉིད་མཐོང་བའི་ལམ་གྱི་དེ་མ་ཐག་རྐྱེན་དུ་འཆད་པ་མིན་ནམ། དེའི་ཕྱིར་མན་ངག་པ་སྐྱོན་མེད་དག་ནི་བླ་མས་གང་གསུངས་པ་དེ་ཉིད་ཕུར་ཚུགས་སུ་བསྒོམས་པས་གོམས་བྱའི་དོན་ལ་གསལ་སྣང་སྐྱེ་ཞིང་བྱིན་གྱིས་རློབས་པས་ན་ཆོད་མི་ཆུང་ཞིང་གེགས་ཡོད་པ་ཡང་མ་ཡིན་ནོ། །དྲི་བ་གཉིས་པའི་ལན་ནི། སྒོམ་ཆེན་པ་བླུན་པོ་ལ་བརྙས་པའི་ཁྱད་གསོད་ཡིན་མོད་ཀྱང༌། ཇི་སྐད་དུ། ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །ཞེས་སོགས་ལྟར་ཡིན་མོད། འདི་ཡང་རྟོག་པའི་ངོར་བློ་སྦྱོང་བ་ཡིན་གྱི། དངོས་སུ་ཉོ་ཚོང་བྱེད་པ་ལྟ་བུར་དོགས་པ་ག་ལ་སྲིད། འོན་ཀྱང༌། རྗེ་ཕག་གྲུ་པའི་གསུང་གིས་ཇི་སྲིད་ས་མ་ཐོབ་པ་དེ་སྲིད་བརྗེ་བ་བསྒོམས་དྲགས་ན་གེགས་ཆེ་ཞེས་གསུང་བར་གྲགས་སོ། །དྲི་བ་གསུམ་པའི་ལན་ནི། མཉམ་པར་མ་བཞག་པའི་རྣལ་འབྱོར་ཇི་སྙེད་པ་མཉམ་གཞག་གི་རྣལ་འབྱོར་དེའི་བོགས་འདོན་དུ་འགྲོ་དགོས་པའི་ངེས་པ་ག་ལ་ཡོད། གཙོ་ཆེ་བ་ནི་མཉམ་གཞག་ཏུ་ལྟ་བ་དང༌། རྗེས་ཐོབ་ཏུ་སྤྱོད་པ་ཉམས་སུ་ལེན་པ་ཡིན་ལ། དེ་ཡང་ཕ་རོལ་ཕྱིན་པའི་སྒོམ་ཆེན་པ་ལ་ནི་སྤྱོད་པ་གཙོ་ཆེ་བ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ལ་རིང་དུ་སློབ་དགོས་པའི་ཕྱིར། སྔགས་ཀྱི་སྒོམ་ཆེན་པ་ལ་ནི་མཉམ་གཞག་གཙོ་ཆེ་བ་ཡིན་ཏེ། རིམ་པ་གཉིས་ལ་མཉམ་པར་བཞག་པས་ཚོགས་གཉིས་ཅིག་ཅར་དུ་རྫོགས་པའི་ཕྱིར་རོ། །མཉམ་གཞག་གི་བོགས་འདོན་དུ་གང་འགྱུར་ཞེས་ཅིས་ཀྱང་བརྩད་དགོས་ན། མཉམ་གཞག་དང་མཐུན་པའི་རྗེས་ཐོབ་ཀྱི་ཡིད་ལ་བྱེད་པ་གང་དང་གང་ཡིན་པ་དེ་དག་ལ་བཤད་པས་ཆོག་སྟེ། སྟོང་ཉིད་ལ་མཉམ་པར་བཞག་པས་རྗེས་ཐོབ་སྒྱུ་མ་ལྟ་བུ་དང༌། སྙིང་རྗེ་ལ་མཉམ་པར་བཞག་ན་རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་བྱེད་པ་ལྟ་བུའོ། །ལས་དང་པོ་པ་མིན་པའི་སྒོམ་ཆེན་པ་ལ་ནི་ལྟ་བའི་བོགས་སྤྱོད་པས་འདོན་པ་དང༌། སྤྱོད་པའི་བོགས་ལྟ་བས་འདོན་པར་བཤད་དེ། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །ཞེས་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་ན་སྟོང་ཉིད་བསྒོམ་པ་ངང་གིས་འབྱུང་བའི་ཕྱིར་དང༌། གསང་སྔགས་ཀྱི་སྤྱོད་པ་སྤྱད་པས་བདེ་སྟོང་གི་ཡེ་ཤེས་གོང་འཕེལ་དུ་བྱེད་པའི་ཕྱིར་རོ། །དྲི་བ་བཞི་པའི་ལན་ནི། སྤྱིར་གསུང་རབས་ནས་ཐུན་གྱི་བཤད་པ་མང་ཡང༌། དགེ་སྦྱོར་བ་རྣམས་ལ་ཐུན་བཞིའི་རྣལ་འབྱོར་དུ་གྲགས་པ་ནི་ཉིན་མཚན་ཕྲུགས་གཅིག་ལ་ཐུན་བཞི་དང་ཐུན་མཚམས་བཞི་སྟེ་བརྒྱད་དོ། །ཚད་ནི་སྔ་དྲོ་དང་ཕྱི་དྲོ། སྲོད་དང༌། ཐུན་ཐ་མ་ནི་ཉིན་མོ་དང༌། མཚན་མོའི་སུམ་ཆར་ཉེ་བ་དང༌། གུང་ཐུན་གཉིས་པོ་ཡང་ཉིན་མཚན་གྱི་སུམ་ཆ་རེ་རེ་སྟེ། ཇི་སྐད་དུ། མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི། །ཞེས་སོགས་དང༌། འདུལ་བར་ཉིན་མོའི་སུམ་ཆ་བདེ་བ་མ་ཡིན་པ་ལ་ཕྱི་རོལ་པའི་བསྟན་བཅོས་ཀློག་ཏུ་གནང་བ་ལྟ་བུའོ། །ཉི་མ་འཆར་ནུབ་ཀྱི་ཐུན་གཉིས་ནི་མཉམ་གཞག་སྔ་ཕྱིའི་མཚམས་འཛིན་ཡིན་པས་ཅུང་ཟད་རེའོ། །དེ་ཡང་ཐུན་རྣམས་ནི་མཉམ་པར་འཇོག་པའི་དུས་དང༌། ཐུན་མཚམས་རྣམས་ནི་རྗེས་སྤྱོད་ཀྱི་དུས་སོ། །ཞེས་བཤད་ན་ལེགས་པར་འགྱུར་རོ། །ཡང་སྒོམ་ཆེན་པ་འགའ་ཞིག་ལ་མཉམ་རྗེས་འདྲེས་ནས་འོང་ཟེར་བ་དེ་དྲིས་པའི་ལན་ནི། བདེ་སྟོང་ངམ་སྙིང་རྗེ་ཆེན་པོ་ལྟ་བུ་ལ་མཉམ་པར་བཞག་པའི་ཚེ་མཉམ་གཞག་དེ་ལས་ལྡང་སེམས་མངོན་དུ་མ་བྱས་པར་མཉམ་པར་བཞག་བཞིན་པ་དེའི་ངང་ནས་ཉམས་མྱོང་འབར་ཏེ་ཉམས་བྱུང་རྒྱལ་དུ་སྐྱོང་བ་ཞེས་པའི་ཐ་སྙད་འདོགས་པ་དེའི་ཚེ་ལྟ་བུ་ལ་བཤད་ན་ལེགས་པ་ཡིན་ཏེ། མཉམ་གཞག་གི་ཡེ་ཤེས་དེས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ལས་མ་ཉམས་བཞིན་དུ་རྣམ་ཤེས་ལ་སྣང་ཚུལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྡུས་པ་མ་ཡིན་པ་ཞིག་ཤར་བའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། གཟུང་འཛིན་གྱི་སྣང་བ་ཞིག་ཤར་ཡང་བག་ཆགས་ཀྱི་དབང་གིས་སྣང་བ་ཡང་མ་ཡིན། དེ་དང་དེར་ཞེན་པ་ཡང་ཡོད་པ་མིན་པའི་ཕྱིར་རོ། །འོ་ན་མཉམ་རྗེས་ཀྱི་མཚམས་གང་གིས་འཛིན་ཟེར་བ་ནི། མཉམ་གཞག་དེ་ལས་ལྡང་སེམས་སྔོན་དུ་བཏང་ནས་ལངས་པའོ། །དེའི་ཚད་ནི་མ་དག་པའི་ས་ཡན་ཆད་དུ་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་སྣང་བ་ཤར་བ་དེ་ཡིན་ལ། དེ་ལ་ཡང་སྒྲ་དོན་འཛིན་པའི་རྟོག་པ་དང་རྟོག་མེད་ཀྱི་དབྱེ་བས་གཉིས་སོ། །དེ་ལྟར་སྣང་ཡང་རྗེས་ཀྱི་ཤེས་པས་དེར་ཞེན་མེད་པའི་ཆ་ནས་རྗེས་ཐོབ་ཡེ་ཤེས་སུ་འཇོག་པ་ཡིན་གྱི། སྣང་ཆ་ནས་མ་ཡིན་ཏེ། དེ་ནི་ཡང་དག་མིན་རྟོག་གིས་བསྡུས་པའི་ཕྱིར་རོ། །དྲི་བ་ལྔ་པའི་ལན་ནི། དྲི་བ་པོའི་ཐུགས་ཀྱི་དགོངས་བཞེད་ནི་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་དེ་ཡིན། དེ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་ཡང་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། ལས་རྒྱུ་འབྲས་སོགས་ལ་མྱོང་བ་མ་འཐོན་ན་འཁོར་བ་ལས་ཐར་འདོད་ཀྱི་བློ་མི་སྐྱེ་བའི་ཕྱིར་སྙམ་དུ་དགོངས་པ་ཡིན་མོད། གདུལ་བྱ་རིམ་གྱིས་པའི་རིགས་ཅན་ལས་དང་པོ་པ་ཞིག་ལ་དེ་ལྟར་ཡིན་ཀྱང༌། གཞན་ལ་དེ་ལྟའི་ངེས་པ་མེད་དེ། སྐྱེས་བུ་འབྲིང་གི་བསམ་པ་ཐོས་བསམ་གྱི་སྒོ་ནས་སྐྱེས་ཟིན་པའི་གང་ཟག་སྒོམ་དང་པོར་བྱེད་འདོད་དེ་ལ་མི་དགོས་པའི་ཕྱིར། དཔེར་ན་དབུ་མ་ལྟ་ཁྲིད་དང༌། རིམ་ལྔ་ལ་སོགས་པ་རྣམས་སུ་དེ་ལྟར་མི་འཆད་པ་བཞིན་ནོ། །གཞན་དུ་སྐྱེས་བུ་ཆེན་པོའི་བསམ་པ་སྐྱེས་ཟིན་པ་དེས་ཀྱང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་དགོས་པར་འགྱུར་རོ། །དངོས་ལན་ནི། རིམ་པ་གཉིས་བསྒོམ་པའི་ལམ་གྱི་ཐོག་མ་ནི་སྟོང་པ་ཉིད་བསྒོམ་པ་ལ་བཤད་པ་ཡིན་ཏེ། ཁ་སྦྱོར་ལས། དང་པོར་སྟོང་ཉིད་བསམ་བྱས་ནས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་སོ། །གཞན་ཡང་སྒོམ་ཁྲིད་ཀྱི་ཐོག་མར་གང་འགྲོ་ཞེས་པ་དེ། སྤྱིར་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། སྟོང་པ་ཉིད་བསྒོམ་པ་དང༌། ལྷ་བསྒོམ་པ་དང༌། བདེ་སྟོང་བསྒོམ་པ་སོགས་ཤིན་ཏུ་མང་བས། རང་རང་གི་འཁྲིད་ཚུལ་གྱི་ཡི་གེ་ན་གསལ་མོད། ཁྱོད་ཅག་ལྟར་ན་སྒོམ་ཐམས་ཅད་ཀྱི་སྔོན་འགྲོའི་སྒོམ་ནི་ཐོས་བསམ་གྱི་ཤེས་རབ་ཉིད་ཡིན་ཞེས་གསུངས་པ་ལས་མ་འདས་སོ། །སྔོན་འགྲོར་མ་ཟད་དངོས་གཞི་ཡང་བསམ་བྱུང་གི་ཤེས་རབ་ཉིད་དུ་ཁས་བླངས་ཏེ། དངོས་གཞི་ནི་སེམས་འཇལ་ངེས་པར་རྟོག་པ་ཉིད་དུ་ཁས་བླངས་ལ། དེ་ཡང་བསམ་བྱུང་ལས་མ་འདས་པའི་ཕྱིར་རོ། །ཡང་དྲི་བ་ལྔ་ཚན་གཉིས་པ་ནི། ཇི་སྐད་དུ། གསུང་རབས་ནས་བཤེས་གཉེན་བརྟེན་ཚུལ་མཆོག་ཏུ་བསྔགས་ཤིང་ཁྱད་པར་སྒོམ་ཆེན་པ་རྣམས་བླ་མའི་རྣལ་འབྱོར་ལ་རྩལ་དུ་འདོན་པ་ཡིན་ན། བླ་མ་བསྒོམ་པའི་གནས། བླ་མའི་གྲངས། བླ་མའི་རྣལ་འབྱོར་དངོས་གཞིའི་སྒོམ་ཁྱེར། རྩ་བའི་བླ་མ་དང་རྡོ་རྗེ་འཆང་ལྟ་བུ་དབྱེར་མེད་ལུགས། འོད་ཟེར་གྱི་སྤྲོ་བསྡུ་སོགས་ཇི་ལྟར་བྱེད། གཞན་ཡང་དེང་སང་གི་སྒོམ་ཆེན་ཕལ་ཆེ་བ་དལ་འབྱོར་རྙེད་དཀའ་དང་མི་རྟག་པ་བསྒོམ་པ་ལ་བླ་ཆོས་སུ་བྱེད་ན། འདི་གཉིས་བསྒོམ་པའི་གོ་ས་ན་རང་རང་གི་ཐུན་མོང་མ་ཡིན་པའི་དགོས་པ་ཆེན་པོ་རེ་ཡོད་པ་དེ་གང་ཡིན། མི་རྟག་པ་ལྟ་བུའི་སྒོམ་ཡང་ཁ་བཤད་དུ་མ་སོང་བར་སེམས་ལ་བསྒོམ་ན་ཇི་ལྟར་བྱེད་ཀྱིན་ཡོད། ཡང་ངན་སོང་གི་སྡུག་བསྔལ་བསྒོམ་པའི་སྒོམ་ལ་མྱོང་བ་གཤའ་མ་ཅིག་མ་སྐྱེས་ན། སྐྱབས་འགྲོ་ཡང་དག་པ་འོང་མི་སྲིད་ཅེས་སྨྲས་ན། དེ་འདྲ་སྲིད་པར་ཁས་ལེན་ནུས་མཁན་ཇི་ལྟར་ཡོད། མི་སྲིད་ན་དེའི་རྒྱུ་མཚན་གང་ཡིན། སྐྱབས་འགྲོ་ངག་ཏུ་བཏོན་ནས་བྱེད་པ་མ་གཏོགས་པ་ཡིད་ལ་སྒོམ་ལུགས་ཀྱི་ཁྱད་པར་ཇི་ལྟར་གདའ། ཡིད་ལ་བསྒོམ་དུས་དཀོན་མཆོག་གསུམ་པོ་ཇི་འདྲ་ཅིག་ཡོད་ངོར་བྱེད། རང་རེ་རྣམས་ཀྱི་སྒོ་ལྔའི་ཡུལ་དུ་སྣང་བའི་དཀོན་མཆོག་གི་རྟེན་སུམ་འདི་རྣམས་ལས་མ་གཏོགས་པ་ཅིག་ཡིད་ལ་བྱེད་དམ། འདི་རྣམས་ཀ་ཡིད་ལ་བྱེད་པ་ཡིན། དང་པོ་ཡིན་ན་གང་འདྲ་ཅིག་ཡིད་ལ་བསྒོམ། དེ་བསྒོམས་པས་འདི་རྣམས་ལ་མོས་གུས་ཆུང་དུ་མ་སོང་བ་བྱེད་ཚུལ་ཇི་ལྟར་ཡོད། གཉིས་པ་ཡིན་ན། དཀོན་མཆོག་གསུམ་པོ་དངོས་དེ་རང་གང་ཡིན་སྐྱབས་འགྲོའི་ངོ་བོ་ཨི་ཐི་བ་དེ་གང་ཡིན། འདི་རྣམས་ལ་གོ་བ་མ་རྙེད་པར་སྐྱབས་འགྲོ་བར་ཁས་ལེན་པ་ནི་བསྲེག་འཚེད་མི་ནུས་པའི་མེ་དང་མཚུངས་སོ། །ཡང་སྡིག་པ་བཤགས་པ་ལ་གཙོ་ཆེ་ཞིང་གལ་ཆེ་ངོས་ཤེས་པ་རང་ཅིག་ངོས་འཛིན་གང་ལ་བྱེད། ཅེས་འབྱུང་ངོ༌། །གཉིས་པ་ལན་ལ། དངོས་ལན་དང༌། དོགས་གཅོད་ཐུན་མོང་དུ་བཤད་པ་ལས། འདི་ལྟར་སྒོམ་ཆེན་པ་དག་ནི་རྗེས་ཐོབ་ཏུ་བཤེས་གཉེན་བརྟེན་པར་བྱེད་ཅིང༌། མཉམ་གཞག་ཏུ་བླ་མའི་རྣལ་འབྱོར་བསྒོམ་པར་བྱེད་དོ། །དང་པོ་ནི་ལུས་ངག་ཡིད་གསུམ་དང་ལོངས་སྤྱོད་དེ། བཞི་པོ་དོན་ཡོད་པའི་སྒོ་ནས་མཉེས་པར་བྱེད་པ་ནཱ་རོ་ཏ་པས་ཏཻ་ལོ་པ་བཞིན་ནོ། །གཉིས་པ་ལ། རྗེ་བཙུན་ས་སྐྱ་པ་ནི་དབང་མ་བསྐུར་བའི་བླ་མ་སངས་རྒྱས་དངོས་སུ་སྒོམ་པར་མི་བྱེད་ལ། སྒོམ་ཆེན་པ་གཞན་དག་ནི་ཆོས་ཐོབ་པའི་བླ་མ་གང་ཡིན་ཀྱང་བསྒོམ་པའི་ཚེ་སངས་རྒྱས་དངོས་སམ་དེའི་རྣམ་འཕྲུལ་ཉིད་ལས་མ་འདས་པར་བསྒོམས་པས་བྱིན་རླབས་འཇུག་པར་བྱེད་དོ། །བྱིན་རླབས་དེ་ཡང་གང་ཞེ་ན། རང་བཞིན་དུ་གནས་པའི་རིགས་ཀྱི་ནུས་པ་སད་ནས་གནས་ལུགས་རྟོགས་པའི་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་ངང་གིས་སྐྱེ་ཞིང༌། དེ་ཉིད་རྒྱུན་དུ་གོམས་པར་བྱེད་པའི་བརྩོན་འགྲུས་ཀྱང་རང་ཤུགས་ཀྱིས་འབྱུང་ངོ༌། །བླ་མའི་མོས་གུས་དེ་ཡང་ཤེས་བྱེད་ཀྱི་གཏན་ཚིགས་ཁོ་ན་ལ་རག་ལས་པ་མ་ཡིན་ཏེ། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པའི་རྩ་བའི་བླ་མ་དེས་སྤྱིར་དགེ་བའི་བཤེས་གཉེན་ནི་ཡོན་ཏན་མཐའ་དག་གི་རྩ་བ་ཡིན་ནོ། །ཞེས་གསུངས་པ་ཙམ་ལས་སྐལ་བཟང་གི་སློབ་མ་ལ་མི་བྱེད་པའི་དད་པ་དེ་སྐྱེ་ཞིང༌། དེ་ཉིད་གོམས་པས་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བ་ཡིན་ནོ། །ཇི་སྐད་དུ། དད་པའི་རྗེས་སུ་འབྲང་བ་རྣམས་ནི། ཞེས་དང༌། །དེ་ལ་རབ་ཏུ་དང་བས་ཀྱང༌། །ཞེས་སོགས་འབྱུང་བ་ལྟར་རོ། །བླ་མའི་གྲངས་ནི། ཐུན་མོང་གི་འདུལ་བ་དང༌། བྱང་ཆུབ་སེམས་དཔའི་དང༌། གསང་སྔགས་ཀྱི་འདུལ་བ་དག་ལས། སོ་སོའི་བླ་མ་རྣམས་ཀྱི་ངོས་འཛིན་དང༌། བརྟེན་ཚུལ་རྒྱས་པར་གསུངས་པ་དང༌། གསང་སྔགས་ཉིད་ལ་དབང་དང༌། རྒྱུད་དང༌། མན་ངག་གི་དབྱེ་བས་གསུམ་དང༌། དབང་གི་ཉིད་ལ་ཡང་དབང་བཞིའི་དབྱེ་བས་བཞིར་འཆད་དོ། །བསྒོམ་པའི་གནས་ནི། མཆོད་པ་འབུལ་བ་དང༌། དངོས་གྲུབ་བླང་བའི་ཚེ་མདུན་གྱི་ནམ་མཁར་ཡིན་ལ། གསོལ་བ་འདེབས་པའི་ཚེ་སྤྱི་གཙུག་དང་སྙིང་ཁར་བཞུགས་སུ་གསོལ་བའོ། །བླ་མའི་གནས་གསུམ་ནས་འོད་ཟེར་སྤྲོ་བའི་ཚེ། དཀོན་མཆོག་གསུམ་དེའི་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐམས་ཅད་བླ་མ་ལ་བསྡུས་ནས་དེ་ལ་བྱིན་རླབས་ཞུ་བར་བྱེད་དོ། །མདོར་ན་སྔགས་ཀྱི་དབང་བསྐུར་ཐོབ་པའི་ཉམས་ལེན་པས་ནི། དབང་ཞུས་པའི་བླ་མ་དེར་མ་ཟད། ཆོས་ཀྱིས་སྦྲེལ་བའི་བླ་མ་ཐམས་ཅད་རྡོ་རྗེ་འཆང་དུ་བསྒོམ་དགོས་པ་ཡིན་ཏེ། དེ་ཐམས་ཅད་སྔགས་ཀྱི་དབང་བསྐུར་ཐོབ་པའི་ཉམས་ལེན་པས་ནི་རྡོ་རྗེ་འཆང་ལ་བསྡུས་ནས་རྒྱུད་གཅིག་ཏུ་བྱེད་དགོས་པའི་ཕྱིར། དེ་བས་ན་དབང་བསྐུར་ཐོབ་པའི་བླ་མ་དེ་གང་དུ་དབང་བསྐུར་གྱི་དཀྱིལ་འཁོར་གྱི་གཙོ་བོ་དེར་བསྒོམ་པ་ཡིན་ལ། དེ་ཡང་གདན་གསུམ་ཚང་བའི་ལྷ་ཚོགས་ཉིད་དུ་ཇི་ལྟར་བཤད་པ་བཞིན་ནོ། །ཡང་ཕར་ཕྱིན་རྐྱང་པ་དང་འབྲེལ་བའི་བླ་མ་དེ་ཡི་དམ་གྱི་ལྷར་མ་བསྡུས་པར། བླ་མ་སངས་རྒྱས་སུ་ལྟ་བ་དེའི་ཚེ་ནི་སྟོན་པ་ཐུབ་པའི་དབང་པོ་ཉིད་དུ་བསྒོམ་པ་ཡིན་ཏེ། དེའི་རྣམ་འཕྲུལ་ལས་མ་གཏོགས་པའི་སངས་རྒྱས་མི་སྲིད་པའི་ཕྱིར། དྲི་བ་འདིའི་བསམ་པ་ནི། སྒོམ་ཆེན་པ་རྣམས་ཀྱང་ཐོག་མར་བཤེས་གཉེན་བརྟེན་ཚུལ་ནས་བསླབ་དགོས་ཀྱི། དང་པོ་ཉིད་ནས་ཕྱག་རྒྱ་བ་ལ་སོགས་པར་ཁས་བླངས་པས་མི་ཆོག་ཅེས་དགོངས་པ་སྟེ། ལན་གཉིས་པ་ནི་བཏབ་ཟིན་པ་དེ་ཉིད་དོ། །དྲི་བ་གཉིས་པའི་ལན་ནི། སྤྱིར་སྐྱབས་འགྲོ་བ་ལ། ཐོས་བསམ་པ་དང༌། མན་ངག་པ་གཉིས་ལས། དང་པོས་ནི་ངན་སོང་གསུམ་དུ་མ་ཟད། འཁོར་བ་མཐའ་དག་གི་སྡུག་བསྔལ་ཤེས་པ་སྔོན་དུ་བཏང་ནས། གསུམ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ཏེ། རང་གཞན་འཇིགས་པ་ལས་སྐྱོབ་པའི་ཕྱིར་གྱི་སྐྱབས་འགྲོ་དང༌། གསུམ་པོའི་གོ་འཕང་ཐོབ་ཕྱིར་དང༌། སྐྱབས་སུ་འགྲོ་ཚུལ་གཉིས་ལས་མ་འདས་ལ། གཉིས་ཀ་ལ་ཡང་སྔ་མ་དེ་ཤེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། མན་ངག་པའི་སྐྱབས་སུ་འགྲོ་ཚུལ་ནི། བླ་མས་སྐྱབས་སུ་འགྲོ་ཚུལ་འདི་ལྟར་གྱིས་ཤིག་ཅེས་བསྟན་པ་དེ་ཉིད་ཀྱིས་ཆོག་པ་ཡིན་ཏེ། བླ་མའི་གསུང་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་ཡིད་ཆེས་པའི་ཕྱིར་རོ། །དེ་འདྲའི་ཉམས་ལེན་དེ་མུ་རྡུགས་སོང་ཞེས་འཆད་དུ་མི་རུང་ཏེ། དེ་ལྟར་བྱས་པ་ན་རིགས་ཀྱི་ནུས་པ་རྒྱས་ཏེ་ཡོན་ཏན་ཐམས་ཅད་ངང་གིས་སྐྱེ་བའི་ཕྱིར། སྐྱབས་འགྲོའི་ཡུལ་ནི། ཇི་སྐད་དུ། སངས་རྒྱས་དགེ་འདུན་ཞེས་པའི་ཆོས། །ཞེས་སོགས་ལྟར་གྲུབ་མཐའ་སྨྲ་བ་རྣམས་ལ་འདོད་ཚུལ་སོ་སོ་བ་རེ་ཡོད་མོད། འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྔགས་ཀྱི་སྒོམ་ཆེན་དག་ནི། རྩ་བའི་བླ་མ་འཁོར་ལོ་སྡོམ་པ་གཅིག་ཉིད་དཀོན་མཆོག་གསུམ་ཀའི་ངོ་བོར་མོས་ནས་རྒྱུ་དང་འབྲས་བུའི་སྐྱབས་སུ་འགྲོ་ཚུལ་གཉིས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བར་བྱེད་དོ། །དེའི་ཚེ་སྒྲུབ་པ་པོ་རང་གི་སྒོ་ལྔའི་དབང་ཤེས་ལ་སྐྱབས་གསུམ་དུ་སྣང་བ་དེ་ལ་མོས་གུས་ཆུང་དུ་འགྲོ་མི་སྲིད་པ་ནི་མ་ཡིན་ཏེ། སྣང་བ་དེ་སྒྲུབ་པ་པོ་རང་གི་ཡང་དག་མིན་རྟོག་ཏུ་ཁས་ལེན་དགོས་པའི་ཕྱིར། འོ་ན་སྣང་བ་དེ་ལ་ཕྱག་མཆོད་སོགས་བྱེད་པ་ཅི་ཞེ་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་དབྱེ་བ་ཤེས་པའི་ངོར་ནི་སྣང་བ་དེ་དཀོན་མཆོག་གི་རྟེན་ཡིན་ལ། དེ་དམིགས་ཡུལ་དུ་བྱས་ནས་དེ་ལ་བརྟེན་པའི་སྐྱབས་གསུམ་ཡིན་ངོ་ཤེས་པ་རེ་ཡོད་པ་དེ་ལ་དེ་ལྟར་བྱེད་པའོ། །རྣམ་འབྱེད་མི་ཤེས་པས་ནི། རང་གི་རྣམ་ཤེས་ལ་སྣང་བ་དེ་ལ་སྐྱབས་གསུམ་དངོས་སུ་ཞེན་ནས་ཞུགས་པ་ན་འབྲེལ་པས་མི་བསླུ་བ་འབྱུང་བར་བྱེད་དོ། །སྤྱིར་སྐྱབས་གསུམ་ལ་ཀུན་རྫོབ་དང་དོན་དམ་པའི་སྐྱབས་གཉིས་སུ་འབྱེད་པ་ནི་འཆད་ཚེ་སོ་སོར་ཕྱེ་བའི་རྣམ་གཞག་ཡིན་ལ། འཇུག་ཚེ་གཅིག་ཏུ་འཁྲུལ་བ་ལ་ཀུན་རྫོབ་དང་དོན་དམ་གྱི་དབྱེ་བ་མེད་པ་སྐྱབས་སོང་བས་དགོས་པའི་དོན་འགྲུབ་པ་ཡིན་ཏེ། དཔེར་ན་རྟོག་པའི་ཡུལ་དུ་སྣང་བའི་བསྐྱེད་རིམ་ལ་སངས་རྒྱས་དངོས་སུ་ཞེན་ནས་ཞུགས་པ་ན་མཐར་ཐུག་སངས་རྒྱས་ཉིད་འགྲུབ་པ་བཞིན་ནོ། །སྐྱབས་འགྲོའི་ངོ་བོ་ཨི་ཐི་བ་ནི། གང་ལ་སྐྱབས་སུ་སོང་བའི་ཡུལ་དེའི་དངོས་པོ་དོན་དུ་གཉེར་བྱར་བྱས་ནས་ཐོབ་བྱར་ཁས་ལེན་པའི་འདུན་པ་མཚུངས་ལྡན་དང་བཅས་པ་ཞིག་སྟེ། མདོ་སྡེའི་རྒྱན་ལས། འདི་ནི་དེའི་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། །ཞེས་སོ། །དྲི་བ་གསུམ་པའི་ལན་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྒོམ་ཆེན་པ་རྣམས་ནི་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་ཐུན་མཚམས་སུ་བསྒོམ་པར་བྱེད་ཀྱི། ཐུན་དངོས་གཞིའི་དུས་སུ་དེ་དག་ཉིད་ཀྱིས་ཐུན་འདས་པ་ལ་དགོས་པ་མེད་ཅེས་གསུང་མོད། སླ་ཆོས་སུ་བྱེད་པ་ག་ལ་ཡིན། ཁྱེད་ཀྱིས་ནི་སྐྱེས་བུ་ཆུང་ངུའི་བསམ་པ་མ་སྦྱངས་ན་སྐྱེས་བུ་ཆེན་པོའི་བློ་རྣལ་མ་མི་སྐྱེ་ཞེས་དགོངས་པའོ། །གཉིས་པོ་དེའི་ཐུན་མོང་མ་ཡིན་པའི་ལག་རྗེས་ནི། དལ་འབྱོར་རྙེད་དཀའ་བསྒོམ་པས་བློ་ཆོས་སུ་འགྲོ་བར་བྱེད། འཆི་བ་མི་རྟག་པ་བསྒོམས་པས་ཆོས་ལ་མྱུར་དུ་བསྐུལ་བར་བྱེད། ཆོས་ལའང་གཉིས་ཏེ། མངོན་པར་མཐོ་བའི་དང༌། ངེས་པར་ལེགས་པའི་ཆོས་སོ། །ལས་རྒྱུ་འབྲས་ཤེས་ཤིང་གོམས་པའི་ལག་རྗེས་ནི། མངོན་མཐོའི་ཆོས་ལ་བློ་འཁུལ་ཞིང་གོམས་པར་བྱེད། དེ་ཙམ་ཞིག་ལ་ནི། ཇོ་བོ་ཨ་ཏི་ཤས། སྐྱེས་བུ་ཆུང་ངུའི་ལམ་ཞེས་གསུངས། ངེས་པར་ལེགས་པའི་ཆོས་ལ་མྱ་ངན་ལས་འདས་པ་དང༌། དེ་ལའང་མི་གནས་པ་གཉིས་ལས། འཁོར་བའི་ཉེས་དམིགས་ཤེས་པས་ནི་མྱང་འདས་སམ་ངེས་འབྱུང་གི་བསམ་པ་སྐྱེ་བར་བྱེད། རང་དོན་ཞི་བའི་དབྱིངས་ལའང་དོར་བྱར་ཤེས་པས་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བློ་སྐྱེ་བར་བྱེད་དོ། །དེ་བས་ན་རྒྱུར་བཤད་པའི་བསམ་པ་དེ་དག་ནི་རང་རང་གི་ལག་རྗེས་ཐུན་མོང་མ་ཡིན་པ་དེ་དག་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་ཐུན་གྱི་དངོས་གཞིར་འཇོག་ཀྱང༌། བརྟན་པ་ཐོབ་ནས་ཐུན་མཚམས་སུ་མ་བརྗེད་ཙམ་ལས་ལྷག་པ་ལ་དགོས་པ་མེད་དོ། །དྲི་བ་བཞི་པའི་ལན་ནི། འཆི་བ་མི་རྟག་པའི་སྒོམ་རང་རྒྱུད་ལ་འགེལ་ལུགས་ཇི་ལྟར་བྱེད་ཅེས་པ། སྤྱིར་མི་རྟག་པ་ལ་ཕྲ་རགས་གཉིས་ལས། འཆི་བ་ཞེས་པའི་ཚིག་དང་འབྲེལ་བའི་ཚེ་རགས་པའི་མི་རྟག་པ་སྟེ། སྤྱིར་འཆི་ངེས་པ་དང༌། ནམ་འཆི་ཆ་མེད་པར་ཤེས་པའི་བློའི་རྒྱུན་དེ་ཉིད་ཇི་སྲིད་མྱོང་བ་སྐྱེས་ཀྱི་བར་དུ་གོམས་པར་བྱེད་པའོ། །དྲི་བ་དེའི་བསམ་པ་ནི། མི་རྟག་པའི་དོན་སྐད་ཅིག་མ་ལ་བྱེད་དགོས། དེའི་གོ་བ་ཤེས་པ་རྣམ་འགྲེལ་མཛད་པའི་རིགས་པ་ལ་ལྟོས་དགོས་དེ་སྒྲུབ་པ་པོ་དག་ལ་མེད་པ་ཡིན་ཞེས་ཁྱད་དུ་གསོད་པ་ཡིན་མོད་ཀྱང༌། རགས་པའི་མི་རྟག་པ་ནི་མངོན་སུམ་གྱི་ཡུལ་དང་ཡུལ་ཅན་སྣང་ལ་མ་ངེས་པ་ནི་གྲུབ་མཐའ་མི་ཤེས་པ་དག་ལ་ཡང་ཡོད་མོད། མན་ངག་གིས་ངེས་པ་ཡུན་དུ་བསྐྱེད་ནས་མི་བརྗེད་པའི་ཐབས་སུ་བྱེད་པའོ། །དྲི་བ་ལྔ་པའི་ལན་ནི། སྡིག་པའི་ས་བོན་དྲུངས་འབྱིན་པ་ནི་ཟག་མེད་བར་ཆད་མེད་ལམ་གྱི་བྱེད་པ་ཡིན་མོད། ཇི་སྲིད་སོ་སོ་སྐྱེ་བོའི་ས་ལས་མ་བརྒལ་བ་དེ་སྲིད་དུ་སྡིག་པའི་ས་བོན་དང་བག་ལ་ཉལ་དང་བག་ཆགས་རྣམས་རང་རང་གི་རྣམ་སྨིན་དང་བདག་པོ་དང་རྒྱུ་མཐུན་པའི་འབྲས་བུ་ལས་རྒྱང་རིང་དུ་བྱེད་པ་དང༌། གསོས་འདེབས་བྱེད་ཀྱི་རྐྱེན་དང་མི་ཕྲད་པར་བྱེད་པའི་ཐབས་ལ་ནི་བཤགས་པ་ཞེས་བྱ་ལ། དེ་ལ་ཚིག་ཏུ་བརྗོད་པ་དང༌། བསམ་པ་ལ་འཇོག་པ་གཉིས་ལས། དང་པོ་ནི། མཐོལ་ལོ་བཤགས་སོ་ཞེས་བརྗོད་པ་ཡིན་ལ། གཉིས་པ་ནི། སྔར་བྱས་ལ་འགྱོད་པ་དང༌། ཕྱིས་བྱ་བ་དེ་མི་བྱེད་པའི་བསམ་པའོ། །བསམ་པ་འདི་གཉིས་གལ་ཆེ་བ་ཡིན་ཏེ། ཇི་སྐད་དུ། འདུལ་བ་ལས། བསམ་པས་ལྟུང་བ་ལས་ལྡང་གི །ཞེས་གསུངས་སོ། །དེ་ཡང་ཉན་ཐོས་དང་ཐུན་མོང་གི་འདུལ་བར་གཏོགས་པའི་བཤགས་བྱ་ནི། ཡུལ་གྱི་དྲུང་དུ་མིང་རིགས་སྡེ་ཚན་རྣམས་ཚིག་ཏུ་འཐོན་པར་བརྗོད་ལ། བྱང་ཆུབ་སེམས་དཔའི་འདུལ་བ་ལས་ནི། བཤགས་ཚུལ་ཚིག་ཏུ་བརྗོད་དམ་མ་བརྗོད་ཀྱང་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཙམ་གྱིས་སྡིག་པ་མ་ལུས་པ་འདག་པ་དང༌། སྔགས་ཀྱི་འདུལ་བ་ལས་རྩ་བ་དང་ཡན་ལག་གི་ཉེས་པའི་བཤགས་ཚུལ་སོགས་མང་དུ་གསུང་མོད། མདོར་ན་སྡིག་པ་འདག་བྱེད་ཀྱི་ཐབས་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གོམས་པ་ལས་ལྷག་པ་གཞན་ཡོད་པ་མ་ཡིན་ནོ། །སྒོམ་ཆེན་པ་རྣམས་ལ་དྲི་བ་ལྷག་བསམ་རབ་དཀར་གྱི་སྐྱབས་འགྲོ་སོགས་བརྩམས་པའི་བརྒལ་ལན་རྣམ་པར་ངེས་པ་སྟེ་ལེའུ་གཉིས་པའོ།།  །།ལྔ་ཚན་གསུམ་པ་ལ་དྲི་བ་དང་ལན་གཉིས་ལས་དང་པོ་ནི། ཇི་སྐད་དུ། ཡང་དགེ་སྡིག་སྟོབས་འདྲ་འདྲེས་མར་སྤྱོད་པ་འདི་ཀུན་གྱི་དགེ་བ་དེའི་མཐུས་སྡིག་པའི་རྣམ་སྨིན་མི་འབྱིན་པར་བྱེད་པ་ཡིན་ནམ་མ་ཡིན། ཡིན་ན་ནི། དེའི་སྡིག་པས་ཀྱང་དགེ་བ་མི་འཇོམས་པའི་རྒྱུ་མཚན་ཅི་ཞིག འོན་ཏེ་སྡིག་པས་ཀྱང་དགེ་བ་འཇོམས་ཏེ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་དག་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པས་སོ་སྙམ་ན། དེ་ལྟ་ན་དེ་འདྲའི་གང་ཟག་གིས་དགེ་བ་གང་བྱས་སྡིག་པས་བཅོམ་ནས་འབྲས་བུ་འབྱིན་མི་སྲིད་པར་སོང་བས་ན་གང་ཟག་དེ་དགེ་བ་བྱེད་པ་འཁྲུལ་བར་ཁས་ལེན་ཨེ་ནུས། འོན་ཏེ་དགེ་སྡིག་གཉིས་མགོ་བསྡོས་ནས་གཉིས་ཀའི་འབྲས་བུ་མི་འབྱིན་པར་བྱེད་པ་ཡིན་ནམ་སྙམ་ན། འོ་ན་ཞིང་གཅིག་ལ་ནས་སྲན་གཉིས་མཉམ་དུ་བཏབ་པའི་ཚེ་ཡང་དེ་གཉིས་མགོ་བསྡོས་ལ་སོང་ནས་གཉིས་ཀའི་འབྲས་བུ་མི་འབྱུང་བ་ཡིན་ནམ། ཡང་ན་ནས་སྟོབས་ཆེ་བས་སྲན་མ་བཅོམ་ནས་སྲན་མའི་འབྲས་བུ་མི་འབྱུང་བ་གང་ཁས་ལེན་ནུས། འོན་ཏེ་དཔེ་དེ་ལྟ་ན་གཉིས་ཀའི་འབྲས་བུ་སོ་སོར་སྨིན་གྱི། ཕན་ཚུན་གཅིག་གིས་གཅིག་ལ་མི་གནོད་དོ་སྙམ་ན། དེ་ལྟ་ན་དགེ་བས་ཀྱང་སྡིག་པ་ལ་མི་གནོད་པས་ན། འོ་ན་དགེ་བ་ལ་བརྟེན་ནས་མཚམས་མེད་ལྔའི་ལས་སྒྲིབ་མ་ལུས་པར་འདག་པར་གསུངས་པའི་དགོངས་པ་གང་ཡིན། ལུང་དེ་བདེན་ན་སྤྱོད་འཇུག་གི་ལུང་དེའི་དགོངས་པ་གང་ཡིན་འདྲིའོ། །སྤྱོད་འཇུག་གི་དོན་ནི། ཁོང་ཁྲོ་སྐད་ཅིག་མ་གཅིག་གིས་བསྐལ་པ་སྟོང་དུ་བསགས་པའི་དགེ་བ་འཇོམས་པ་ལ་བྱེད་ལ། འོ་ན་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ཕན་གྱི་དགེ་བ་གང་འབད་དོན་མེད་དུ་སོང་བར་ཁས་ལེན་ཨེ་ནུས། ནུས་ན་ནི་དིང་སང་ཁོང་ཁྲོ་སྐད་ཅིག་མ་སྐྱེས་ཤིང་སྐྱེ་འགྱུར་ཀ་ཤས་ཆེའོ། །གཞན་ཡང་སྔར་སྡིག་བཤགས་ཀྱི་དགེ་བ་གང་བྱས་ཐམས་ཅད་ཀྱང་ཕྱིས་ནས་ཀྱི་ཁོང་ཁྲོ་སྐད་ཅིག་མ་གཅིག་པོ་དེས་བཅོམ་པས་ན་བཤགས་པ་ལ་བརྟེན་ནས་སྡིག་པ་དག་པ་རྣམས་ཀྱང་སླར་ལོག་ནས་འབྲས་བུ་སྨིན་དགོས་པར་ཁས་ལེན་ཨེ་ནུས། འདི་རྣམས་ལ་བློ་རྩེ་གཏད་རྒྱུ་མེད་ན་ནི་ངེད་ལས་འབྲས་པ་ཡིན་ཞེས་པ་ཡང་དད་པ་ཙམ་དུ་བས་པས་སོ་ཞེས་གསུང༌། གཉིས་པ་ལན་ལ། དངོས་ལན་དང་དོགས་གཅོད་ཐུན་མོང་དུ་བཤད་པར་བྱ་བ་ལས། དྲི་བ་འདི་དག་གི་སྐབས་སུ་ཟག་མེད་ཀྱི་དགེ་བ་ནི་ལོགས་སུ་བཞག་དགོས་ཏེ། ཟག་མེད་ཀྱི་དགེ་བས་སྡིག་པའི་ས་བོན་དྲུངས་འབྱིན་པར་ནུས་པའི་ཕྱིར། ཁོང་ཁྲོ་དང་ལོག་ལྟ་ལྟ་བུས་ཟག་མེད་ཀྱི་དགེ་བ་ལ་གནོད་པ་བྱེད་མི་ནུས་པའི་ཕྱིར། ཟག་བཅས་ཀྱི་དགེ་སྡིག་གཉིས་ཀྱི་དགེ་བ་དེ་ཤིན་ཏུ་ཕྲ་བ་ལྟ་བུར་སྣང་ཡང༌། སྡིག་པ་སྟོབས་ཆེན་དག་ལས་ཕུགས་སུ་སྟོབས་ཆེ་བ་ཡིན་ནོ། །དགེ་བ་ནི་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་དོན་གྱིས་བྱེད་པ་པོའི་སེམས་རྒྱུད་དང་དབྱེར་མེད་དུ་འདྲེས་པའི་ཕྱིར་དང༌། རིགས་ཀྱི་ནུས་པ་སད་པའི་ཕྱིར་དང༌། དེ་སད་པས་བྱང་ཆུབ་ཉེ་བར་བྱེད་པའི་ཕྱིར་དང༌། སྡིག་པ་སྟོབས་ཆེན་ནི་བྱེད་པ་པོའི་སེམས་རྒྱུད་དང་དུས་ནམ་ཡང་འབྲལ་རུང་དུ་འཇུག་པའི་ཕྱིར་དང༌། དེས་རིགས་ཀྱི་ནུས་པ་ཉམས་པར་བྱེད་མི་ནུས་པའི་ཕྱིར། དགེ་སྡིག་གནས་སྐབས་སུ་ལྷན་ཅིག་མི་གནས་འགལ་དུ་བཞག་པ་དེའི་ཚེ། དགེ་བ་ཟག་བཅས་ཀྱིས་རང་གི་འགལ་ཟླར་གྱུར་པའི་སྡིག་པ་དེའི་རྣམ་སྨིན་འབྱིན་མི་ནུས་པར་རྒྱང་བསྲིངས་པ་ལ་དེས་དེ་འཇོམས་ཞེས་བཏགས་པ་ཙམ་ཡིན་ཏེ། གཉེན་པོ་ཟག་བཅས་ཀྱིས་སྤང་བྱའི་ས་བོན་དྲུངས་འབྱིན་པ་མི་སྲིད་པའི་ཕྱིར། དེ་བཞིན་དུ་སྡིག་པས་ཀྱང་དགེ་བ་ཟག་བཅས་འགའ་ཞིག་རྣམ་སྨིན་རྒྱང་སྲིང་བར་བྱེད་པ་ཡིན་གྱི། དགེ་བ་དེའི་ནུས་པ་འཇོམས་པ་ནི་མ་ཡིན་ཏེ། དེས་དེའི་ས་བོན་སྤོང་མི་ནུས་པའི་ཕྱིར། ཟག་བཅས་ཀྱི་དགེ་བས་རང་གི་འགལ་ཟླའི་སྡིག་པ་ལ་གནོད་པ་བྱེད་པས་ཁྱབ་ཀྱང༌། ཁོང་ཁྲོ་ལྟ་བུ་རང་གི་འགལ་ཟླར་གྱུར་པའི་ཟག་མེད་ཀྱི་དགེ་བ་ལྟ་ཅི། ཟག་བཅས་ལ་ཡང་གནོད་པས་མ་ཁྱབ་སྟེ། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང༌། དངོས་གཞི་མི་དམིགས་པའི་ཤེས་རབ་དང༌། རྗེས་བསྔོ་བས་ཟིན་པའི་ཟག་བཅས་ཀྱི་དགེ་བ་ལ་ནི་སུས་ཀྱང་གནོད་པ་བྱེད་མི་ནུས་པའི་ཕྱིར། དེ་བས་ན་དགེ་སྡིག་སྟོབས་འདྲ་འདྲེས་མར་སྤྱད་པ་ན་གཉིས་ཀ་འབྲས་བུ་འབྱིན་པ་ཡང་ཡོད་དེ། སོ་སོ་དང་འགལ་བའི་གཉེན་པོ་མ་སྐྱེས་པའི་ཚེ་ནའོ། །གཉིས་ཀས་མི་འབྱིན་པ་ཡང་ཡོད་དེ། ཟག་མེད་ཀྱི་ལམ་སྐྱེས་པའི་ཚེ་ནའོ། །གང་རུང་གཅིག་གིས་འབྱིན་ལ་ཅིག་ཤོས་ཀྱིས་མི་འབྱིན་པ་ཡང་ཡོད་དེ། ཅིག་ཤོས་ཀྱི་རྣམ་སྨིན་འགྲུབ་བྱེད་མངོན་དུ་གྱུར་ལ། གང་རུང་གཅིག་མངོན་དུ་མ་གྱུར་པའི་ཚེ་ནའོ། །དེ་ཡང་དཔེར་ན་རབ་ཏུ་བྱུང་བ་གཅིག་ལ་དགེ་སློང་གི་སྡོམ་པ་དང་སྲོག་གཅོད་ཀྱི་ཕམ་པ་རིམ་ཅན་དུ་འབྱུང་བ་དེའི་ཚེ། རྣམ་སྨིན་བདེ་འགྲོ་དང་ངན་འགྲོ་སོ་སོར་འབྱིན་པ་ཡིན་མོད་ཀྱང༌། འཆི་ཀར་གང་རུང་གཅིག་གི་འགྲུབ་བྱེད་མངོན་དུ་གྱུར་པ་དེའི་ཚེ་ཅིག་ཤོས་ཀྱི་རྣམ་སྨིན་དངོས་སུ་མི་འབྱིན་པ་དང༌། ཚེ་དེ་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའི་རྣམ་སྨིན་གཉིས་ཀ་མི་འབྱིན་པ་ལྟ་བུའོ། །དེ་ལྟ་ན་ཡང་དགེ་བ་ཤས་ཆེན་པོ་བསགས་པའི་གང་ཟག་གི་རྒྱུད་ལ་སྡིག་པ་ཆུང་ངུས་འབྲས་བུ་འབྱིན་མི་ནུས་ལ། སྡིག་པ་མང་པོ་དང་ལྡན་པའི་གང་ཟག་གི་རྒྱུད་ལ་ནི་འབྲས་བུ་འབྱིན་ནུས་པ་དང༌། ཡང་བླུན་པོས་བྱས་པའི་སྡིག་པ་ཆུང་ངུ་ལས་ཀྱང་མཁས་པས་བྱས་པའི་སྡིག་པ་ཆེན་པོ་ཡང་བ་སོགས་ཡོད་པས་མཐའ་གཅིག་ཏུ་ངེས་པ་མེད་དོ། །ཡང་གང་ཟག་འགའ་ཞིག་ལ་ཁོང་ཁྲོས་མ་བཅོམ་པའི་དགེ་བ་སྣ་གཅིག་ཀྱང་མེད་པ་དེའི་རྣམ་གཞག་བྱེད་པའི་ཚེ་སྔར་གྱི་དགེ་བ་གང་བྱས་དོན་མེད་དུ་ཁས་ལེན་ནུས་པ་མ་ཡིན་ཏེ། དགེ་བའི་ལས་ཀྱི་བག་ཆགས་ཀུན་གཞིའི་སྟེང་དུ་བཞག་པ་དེ་སུས་ཀྱང་གཞོམ་པར་མི་ནུས་པའི་ཕྱིར། ཁོང་ཁྲོའི་དབང་གིས་མནར་མེད་དུ་འཕེན་བྱེད་ཀྱི་ལས་བསགས་པ་དེས། ཁོང་ཁྲོའི་གཉེན་པོར་བྱམས་པའི་ཏིང་ངེ་འཛིན་སོགས་བསྒོམས་པས་སྔར་བྱས་ཀྱི་དགེ་བ་དེའི་རྣམ་སྨིན་སོར་ཆུད་པའི་ཕྱིར། དེ་དང་འདྲ་བ་ངན་སོང་དུ་སྐྱེ་ངེས་ཀྱི་ལས་བསགས་པ་འགའ་ཞིག་གིས་དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས་བསྲུངས་པ་དེའི་ཚེ་ལས་སྔ་མ་དེའི་ནུས་པ་བཅོམ་པར་ཁས་ལེན་མོད། བསླབ་པ་དེ་ཕུལ་ནས་ཡང་ངན་སོང་འགྲུབ་ངེས་ཀྱི་ལས་བསགས་པ་དེའི་ཚེ་ལས་སྔ་མ་དེའི་རྣམ་སྨིན་སོར་ཆུད་པར་འཇོག་པ་ལྟ་བུའོ། །འོ་ན་སྤངས་ཟིན་པའི་ལས་ཀྱི་འབྲས་བུ་འབྱིན་པར་ཁས་ལེན་པ་དེའི་ཚེ། ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་བརྟན་མི་རུང་བ་མ་ཡིན་ནམ་ཞེ་ན། ཟག་བཅས་ཀྱི་དགེ་བ་དང་སྡིག་པ་རྣམས་ཕན་ཚུན་གནོད་པ་བྱས་པའི་སྟོབས་ཀྱིས་རྣམ་སྨིན་འབྱིན་མི་འབྱིན་གྱི་རྣམ་པར་དབྱེ་བ་འདི་ནི་རྣམ་སྨིན་རྒྱང་བསྲིངས་པ་དང་མ་བསྲིངས་པ་ཙམ་ཡིན་གྱི། འབྲས་བུ་འབྱིན་པའི་ནུས་པ་སྤངས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདིས་ནི་སྐབས་ཀྱི་དྲི་བ་དེ་དག་གི་ལན་ལེགས་པར་བཏབ་པ་ཡིན་ནོ། །སྡིག་བཤགས་ཀྱི་དགེ་བ་ཁོང་ཁྲོས་བཅོམ་པ་དེའི་ཚེ། བཤགས་ཟིན་གྱི་སྡིག་པ་དེས་འབྲས་བུ་འབྱིན་པར་འགྱུར་རོ་ཞེས་གསུང་བ་ནི་ཧ་ཅང་ཐལ་བ་མ་ཡིན་ཏེ། སྡིག་བཤགས་བྱས་པ་དེ་ཉིད་ལ་ཁོང་ཁྲོའི་དབང་གིས་འགྱོད་པ་སྐྱེས་ནས་རང་གི་སྡིག་པ་ལ་རྗེས་སུ་ཡི་རང་ན། སྔོན་གྱི་སྡིག་པ་དེས་འཕངས་པའི་རྣམ་སྨིན་མྱུར་དུ་འགྲུབ་པ་ལས་འོས་མེད་པའི་ཕྱིར་རོ། །དེ་ཡང་གཉེན་པོ་ཟག་བཅས་སུ་མ་ཟད་ཟག་མེད་ཀྱིས་ཀྱང་སྡིག་པ་དང་ལྟུང་བ་བྱས་ཟིན་སྤོང་བ་ནི་མ་ཡིན་ཏེ། མི་ནུས་པའི་ཕྱིར་རོ། །དེ་བས་ན་བྱས་ཟིན་གྱི་སྡིག་པ་དེའི་འབྲས་བུ་ཡིད་དུ་མི་འོང་བ་མ་འོངས་པ་ན་འབྱུང་རུང་དེ་མདུན་ནས་འཕུལ་བ་ལྟར་རྒྱང་བསྲིང་བའོ། །དེ་ཡང་ཟག་བཅས་ཀྱིས་ནི་འབྲས་བུ་དེའི་རྐྱེན་མ་ཚོགས་པ་དེ་སྲིད་དུ་རྒྱང་སྲིང་བར་བྱེད་ལ། ཟག་མེད་ཀྱིས་ནི་གཏན་ནས་འཇོམས་པར་བྱེད་དོ། །རྣམ་སྨིན་འབྱིན་པའི་ལས་གཞིར་བྱས་པ་ལ་ཡང༌། རང་གི་རྣམ་སྨིན་འབྱིན་པ་ལ་དགེ་བ་ཞིག་མཐུ་ཆེ་བ་ཡིན་ཏེ། མི་དགེ་བ་ལྕི་ཤོས་ཀྱི་རྣམ་སྨིན་མཐར་ཐུག་པ་ནི་མནར་མེད་པའི་དམྱལ་བ་ཡིན་ལ། དགེ་བ་ཆེ་ཤོས་ཀྱི་རྣམ་སྨིན་མཐར་ཐུག་ནི་སྲིད་རྩེའི་སས་བསྡུས་པའི་ཕུང་པོ་ཡིན་ཞིང༌། གཉིས་པོ་དེའི་རྣམ་སྨིན་ནི་རང་རང་གི་སར་གནས་པའི་ཡུན་ཚད་ལ་བརྟགས་པས་ཤེས་པའི་ཕྱིར། སྡིག་པ་རྣམས་ཀྱི་ལྕི་ཤོས་ནི་ལོག་ལྟ་དང་ཆོས་སྤོང་ཡིན་ལ། འདི་དག་གིས་ནི་ཟག་མེད་ཀྱི་དགེ་བ་ལྟ་ཅི་ཟག་བཅས་ཀྱི་དགེ་བའི་ས་བོན་འཇོམས་ནུས་པ་མིན་ཏེ། རང་བཞིན་དུ་གནས་པའི་རིགས་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་རྒྱུན་ཆད་པ་མི་སྲིད་པའི་ཕྱིར། འོ་ན་ཆོས་སྤོང་གི་ལས་བསགས་པ་འཁོར་བ་ལས་མི་གྲོལ་བར་བཤད་པ་མ་ཡིན་ནམ་ཞེ་ན། སངས་རྒྱས་ཀྱི་ཆོས་མ་སྤངས་བཞིན་དུ་མཚམས་མེད་ལྔའི་ལས་བྱེད་པ་ཡོད་ལ། སངས་རྒྱས་ཀྱི་ཆོས་མ་སྤངས་པ་དེ་སྲིད་དུ་ཆོས་སྤོང་གི་ལས་བྱེད་པ་མེད་པ་ལ་དགོངས་པའོ། །འོ་ན་ཆོས་སྤོང་གི་ལས་དེའི་རྣམ་སྨིན་འཇིག་རྟེན་པའི་ལམ་གྱིས་སྤངས་པ་དག་སྲིད་དམ་ཞེ་ན། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིན་མ་ངེས་པའི་ཚད་མ་སྐྱེས་པ་དེའི་ཚེ་ལས་དེའི་རྣམ་སྨིན་རྒྱང་བསྲིངས་པ་ཡིན་ལ། ཚད་མ་དེའི་རིགས་རྒྱུན་གོམས་པར་བྱས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེའི་ཚེ་ན་ལས་དེའི་ས་བོན་སྤངས་པ་ཡིན་ནོ། །སྒོམ་ཆེན་པ་ལ་དྲི་བ་ལྷག་བསམ་རབ་དཀར་གྱི་སྤྱོད་ཕྱོགས་ལས་བརྩམས་པའི་བརྒལ་ལན་རྣམ་པར་ངེས་པ་སྟེ་ལེའུ་གསུམ་པའོ།།  །།གཞུང་མང་པོ་ཡི་བཤད་ཚུལ་མ་ཤེས་ན། །མན་ངག་ཙམ་གྱིས་དལ་འབྱོར་སྟོང་ཟད་ཅེས། །བོད་ཡུལ་འགྱུར་བའི་མདོ་དང་བསྟན་བཅོས་ཀྱི། །བཤད་ཡམས་བསྡུས་ནས་ལམ་རིམ་རྣམ་གསུམ་མཛད། །ད་དུང་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དང༌། །བོད་ཡུལ་མ་འགྱུར་གཞུང་ལུགས་བགྲང་ཡས་ཀྱི། །རྒྱས་བཤད་མ་ཤེས་ལམ་རིམ་ཇི་ལྟར་བསྒོམ། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཉིས་སོ།།  །།སྭསྟི། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ལྟ་སྒོམ་ཚུལ་ལ་མི་མཐུན་པར། །རྩོད་པའི་དྲི་བ་འགའ་ཞིག་གི །ལན་ཡང་མདོར་བསྡུས་འདིར་བཤད་བྱ། །འདི་ལ་གཉིས་ཏེ། དྲི་བ་དང་ལན་ནོ། །དང་པོ་ནི། ཇི་སྐད་དུ། ད་འོ་ན་སྒོམ་ཆེན་རྣམས་ལྟ་སྒོམ་ལ་གཙོ་བོར་འབད་པ་ལགས་ན། ལྟ་བ་སྟོང་ཉིད་རྟོགས་པའི་བློ་དེ་སྒོམ་པ་ཞི་གནས་དང་མ་བྲལ་བ་ཅིག་དགོས་ཏེ། དེ་བྱུང་ན་ལྟ་སྒོམ་ཟུང་འབྲེལ་ཞི་ལྷག་ཟུང་འཇུག་ཏུ་འགྲོ་བ་ཡིན་ལ། དེ་ཡང་དང་པོ་འབྱར་རྩི་དང་འདྲ་བའི་ཞི་གནས་བརྟན་པོ་མེད་ན་སྟོང་པ་ཉིད་ལ་སེམས་ཅར་གྱིས་སྡོད་མི་ནུས་ལ། སྟོང་ཉིད་ལ་སེམས་ཅར་གནས་པའི་མཉམ་གཞག་བཟང་པོ་མེད་ན། རྗེས་ཐོབ་ཏུ་སྣང་བ་རྣམས་སྒྱུ་མ་ལྟ་བུར་འཆར་ས་མེད་པས་ན། ལྷག་མཐོང་ངམ་ངེས་དོན་བསྒོམ་པའི་སྔོན་ལ་ཞི་གནས་གལ་ཆེ་ཞིང༌། དེ་ལ་ཡང་དགྲ་གཉིས་ཡོད་པའི་བྱིང་བ་དེ་གང་ཡིན་རྨུགས་པ་དང་གཅིག་གམ་མི་གཅིག གཅིག་ན་ཐོགས་མེད་སོགས་ཀྱིས་དེ་གཉིས་སོ་སོར་ངོས་བཟུང་བ་དེ་ཇི་ལྟར་འགེགས། མི་གཅིག་ན་དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད། ཡང་མཉམ་གཞག་གི་དུས་བྱིང་བ་ཕྲ་རགས་སྐྱེ་ཚུལ་ཇི་ལྟར་འོང༌། དེ་གཉིས་མི་སྐྱེ་བར་བྱེད་པའི་གཉེན་པོ་གང་དང་གང་ཡོད། ཡང་དྲན་པ་དང་ཤེས་བཞིན་གལ་ཆེ་ཟེར་བ་ཅིག་སྒོམ་ཆེན་པ་ཀུན་གྱི་ཞལ་ནས་རླུང་བཞིན་དུ་འོང་གི་འདུག་པ། དེ་གཉིས་སོ་སོར་ངོས་འཛིན་ཅར་བ་རེ་ཇི་ལྟར་འོང་འདྲིའོ། །མ་ཡེངས་ཙམ་འདི་ལ་དྲན་པ་ཡིན། ཡེངས་མ་ཡེངས་བྱ་ར་བྱེད་པ་དེ་ཤེས་བཞིན་ཡིན་ཟེར་ན། ཡེངས་མ་ཡེངས་ཀྱི་དོན་དེ་གང་ཡིན། དམིགས་པ་འདི་འདྲ་ཅིག་ལས་ཡེངས་པ་དང་མ་ཡེངས་པ་ཞེས་འཇོག་གམ། དམིགས་པ་ལ་མི་བརྩི་བར་ཡིད་འདི་མ་འཕྲོས་ཙམ་བྱེད་པ་ལ་དྲན་པ་དང༌། འཕྲོས་མ་འཕྲོས་བྱ་ར་བྱེད་པ་ལ་ཤེས་བཞིན་ཡིན་ཞེས་འཇོག་པ་ཡིན། ཡང་བདེ་གསལ་མི་རྟོག་པ་སྒོམ་གྱི་ཡང་རྩེ་ཡིན་ཞེས་ཟེར་བ་ཅིག་ཀྱང་འདུག་པ། འདིའི་གསལ་བ་དང་མི་རྟོག་པ་གཉིས་ཇི་ལྟར་ངོས་འཛིན། གསལ་བའི་དོན་དེ་ཡང༌། སེམས་འདི་ལ་དམིགས་རྟེན་གསལ་བ་ཅིག་དགོས་པ་ཡིན་ནམ། དམིགས་བརྟེན་ལ་མི་བརྩི་བར་གང་དུ་ཡང་མ་འཕྲོས་ཙམ་གྱི་ངང་ནས། སེམས་འདི་ཀ་གསལ་ལེ་ཧྲིག་གེ་བའི་དྭངས་ཆ་ཅན་དེ་ཀས་ཆོག་པ་ཡིན། མི་རྟོག་པའི་དོན་ཡང་དམིགས་རྟེན་གཅིག་ལ་གཏད་ནས། དེ་ལས་གཞན་གང་ལ་ཡང་མི་རྟོག་པ་གཅིག་དགོས་སམ། དམིགས་རྟེན་ལ་མི་བརྩི་བར་སེམས་འདི་ཀ་གང་ལ་ཡང་མི་རྟོག་པའམ་མི་འཕྲོ་བར་གནས་པ་ཙམ་གྱིས་ཆོག་པ་ཡིན་ཞེས་འདྲིའོ། །དེ་ལ་ལན་དང་པོ་ལྟར་དུ་དྲན་པ་ཡང་དམིགས་རྟེན་གཉིས་ལས་མ་ཡེངས་པ་ཅིག་ལ་བྱ་དགོས། ཤེས་བཞིན་དམིགས་རྟེན་གཅིག་པོ་དེ་ལས་ཡེངས་མ་ཡེངས་ཀྱི་བྱ་ར་བྱེད་པ་ཅིག་དགོས། གསལ་བ་ལ་ཡང་དམིགས་རྟེན་གསལ་བ་ཅིག་དགོས། མི་རྟོག་པ་ཡང་དམིགས་རྟེན་གཅིག་ལ་གནས་ནས་དེ་ལས་གཞན་གང་ལ་ཡང་མི་རྟོག་པ་ཅིག་དགོས་ཟེར་ན། དེ་འདྲའི་དྲན་ཤེས་བཞིན་དང་གསལ་ལ་མི་རྟོག་པ་ལྡན་པའི་ཞི་གནས་དེ་ངེས་དོན་གྱི་སྐབས་སུ་མ་ཚང་ན་ནི་ཞི་ལྷག་ཟུང་འབྲེལ་གྱི་གཅིག་གང་ལ་བྱེད། ཚང་ན་ནི་དེ་འདྲའི་ཞི་གནས་དེ་ལྷག་མཐོང་དང་སྦྲེལ་བའི་ཚེ་ལྷག་མཐོང་དེ་ཡང་དམིགས་རྟེན་ལ་གཏད་འདུག་པས་ན། དམིགས་བཅས་བསྒོམ་པར་སོང་གི་དམིགས་མེད་བསྒོམ་པ་མིན་ཟེར་ན། དེ་ལ་ལན་ཇི་ལྟར་འདེབས། དེས་ན་དེ་ལ་འགའ་ཞིག་འདི་སྙམ་དུ་སེམས་ཏེ། དེ་ཐམས་ཅད་དམིགས་རྟེན་ལ་མི་བརྩི་བར་སེམས་འདི་ཀ་གང་ལ་ཡང་མི་འཇུག་པར་མ་ཡེངས། མ་འཕྲོས། མི་རྟོག་པར་བཙན་ནེ་གནས་ཤིང༌། དེའི་ངང་ནས་སེམས་འདི་ཀ་ས་ལེ་ཧྲིག་གེ་བའི་དྭངས་ཆ་ཅན་དེ་ལ་ཡུན་ཇི་ཙམ་སྡོད་ཐུབ་པའི་ཚེ་ནི། དེ་ལ་དྲན་ཤེས་བཞིན་དང་བདེ་གསལ་མི་རྟོག་པ་ལྔ་ཆར་ཚང་ཞིང༌། ཞི་ལྷག་ཟུང་འཇུག་ཡང་འདི་ཀ་ཡིན། མདོར་ན་ངེས་དོན་བསྒོམ་པ། སྟོང་ཉིད་བསྒོམ་པ། ཕྱག་རྒྱ་ཆེན་པོའི་དངོས་གཞི་ཡིན། སྦྱོར་བ་ཡན་ལག་དྲུག་གི་དང་པོ་སོ་སོར་བསྡུད་པ་ཡང་འདི་ཀ་ཡིན་སྙམ་པ་ཡང་འདུག་སྟེ། དེ་རྣམས་ཐམས་ཅད་ཨེ་ཡིན་པ་འདུག་ནི་མདོ་རྒྱུད། དེའི་དགོངས་འགྲེལ་རྣམས་ལས་ངེས་དགོས་ལ། རྒྱལ་བའི་གདམས་ངག་རྣམས་ཀྱི་དགོངས་འགྲེལ་ཡང༌། རྒྱ་གར་དུ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་སུ་གྲགས་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་བརྒྱུད་པ་ཚན་གཅིག་དང༌། ཐོགས་མེད་སྐུ་མཆེད་ཀྱི་བརྒྱུད་པ་ཚན་གཅིག་སྟེ། འདི་གཉིས་སུ་ངེས་ཤིང༌། དེ་གཉིས་ཀྱིས་གསུངས་པའི་དྲན་ཤེས་བཞིན་དང༌། གསལ་ལ་མི་རྟོག་པ་རྣམས་དང་ནི་ཁྱེད་ཀྱི་དེ་མི་འགྲིག་པར་འདུག ཁྱད་པར་དུ་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལས་སྒོམ་རིམ་རྣམ་པ་གསུམ་གསུངས་པ་ཡོད་པས་དེ་རྣམས་ལ་ལེགས་པར་གཟིགས་དང༌། དེ་ཧཱ་ཤང་དང་རྩོད་གཞི་ཅན་དུ་གསུངས་ཡོད་པས་ན། མཁས་པ་དེ་རྣམས་ནོར་རོ་ཞེས་ཁས་ལེན་ཨེ་ནུས། གཞན་ཡང་སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་འོང་ངམ་མི་འོང༌། མི་འོང་ན་རྒྱ་གར་བའི་ཚད་ལྡན་རྣམས་ཀྱིས་གསུངས་པ་དེ་འགོག་གམ། འོང་ན་སྒོམ་ལ་དེ་གཉིས་སུ་འབྱེད་པའི་རྒྱུ་མཚན་ཅི་ཡིན། ཡང་དཔྱད་སྒོམ་སྒོམ་ཡིན་ནམ་མ་ཡིན། མ་ཡིན་ན་རྒྱ་གར་མཁས་པ་རྣམས་ཀྱིས་སྒོམ་དུ་གསུངས་འདུག་པ་དེ་ནོར་རམ། དེ་ཡིན་ན་བློ་འཕྲོ་བ་སྒོམ་གྱི་གེགས་ཡིན་པས་འཕྲོར་མི་བཏུབ་ཟེར་བའི་རྒྱུ་མཚན་གང་ཡིན། ཐོས་པ་སྔོན་དུ་སོང་བའི་མཁས་པ་དང་མ་སོང་བའི་བླུན་པོ་གཉིས་སྒོམ་པའི་ཚེ་སྒོམ་བཟང་ངན་ལ་ཁྱད་མེད་ཟེར་བའི་རྒྱུ་མཚན་ཡང་ཅི་ཡིན། གཞན་ཡང་འཕྲོ་བ་སྒོམ་གྱི་གེགས་ཡིན་ན་ཐོགས་མེད་ཀྱིས་མངོན་པ་ཀུན་ལས་བཏུས་སུ་ཐོས་བསམ་ལ་མ་བརྟེན་པར་སྒོམ་པ་ཡང་དག་མི་འོང་བར་བཤད་པ་དང༌། གཞན་ཡང་མཁས་པ་དུ་མས་ཐོས་བསམ་སྒོམ་གྱི་གྲོགས་སུ་གསུངས་པ་རྣམས་ཕྱིན་ཅི་ལོག་བསྟན་པ་ཡིན་ནམ། ཡང་འགའ་ཞིག་ནི་འཕྲོ་བ་སྒོམ་གྱི་གེགས་ཡིན་ཟེར་བ་དེ། མཐར་ཐུག་གི་ངེས་དོན་བསྒོམ་པའི་དུས་ཡིན་གྱི། རྣམ་པ་ཀུན་ཏུ་མ་ཡིན་ནོ་སྙམ་ན། འོ་ན་ངེས་དོན་བསྒོམ་པའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དགོས་སམ་མི་དགོས། དགོས་ན་ནི་འཕྲོ་བ་སྒོམ་གྱི་གེགས་ཡིན་ཟེར་བ་འགལ་ལ། མི་དགོས་ན་ནི་དེ་འདྲའི་ངེས་དོན་ཀླུ་སྒྲུབ་ལུགས་ཀྱི་ལྷག་མཐོང་དང་འགལ་བས་ན་དེ་མཐར་ཐུག་གི་སྒོམ་ཡིན་པ་དོར་ཅིག ཅེས་འབྱུང་ངོ༌། །འདི་དག་ལ་དྲི་བའི་ཚིག་གི་རྣམ་གྲངས་མང་ཡང༌། ཞེ་འདོད་གཅིག་ཉིད་བསྒྲུབ་པར་བཞེད་ནས་དྲིས་པར་སྣང་བས། ལན་ལ་གཉིས་ཏེ། དྲི་བའི་བསམ་པ་བསླང་བ་དང༌། དོགས་པ་དཔྱད་ནས་དངོས་ལན་བཏབ་པའོ། །དང་པོ་ནི། ཞི་ལྷག་ཟུང་དུ་འཇུག་དགོས་པ་དང༌། དེའི་མི་མཐུན་ཕྱོགས་བྱིང་རྨུགས་དང་རྒོད་པའི་ངོས་འཛིན་དང༌། དེ་དག་གི་གཉེན་པོ་དྲན་པ་དང་ཤེས་བཞིན་ལེགས་པར་ངོས་ཟིན་དགོས་ཞེས་གསུངས་པ་རྣམས་ནི། ཞི་ལྷག་གཉིས་ཀའི་ངོ་བོ་དྲན་ཤེས་བཞིན་དང་འཛིན་སྟངས་མཚུངས་པར་བསྒྲུབས་ནས། ཞི་ལྷག་མཚན་ཉིད་པ་སོ་སོའི་སྐྱོན་དང་བྲལ་བ་ཞིག་ནམ་བྱུང་བའི་ཚེ། དེའི་ངོ་བོ་སྒྲ་དོན་འཛིན་པའི་རྟོག་བཅས་སུ་བསྒྲུབ་པར་བཞེད་ནས་དྲིས་པར་སྣང་ངོ༌། །གཉིས་པ་ལ་དོན་གྱི་ཁོག་ཕུབ་པ་དང༌། དོགས་གཅོད་དང༌། དངོས་ལན་སོ་སོར་བཏབ་པའོ། །དང་པོ་ནི། དྲི་བ་མཛད་པ་པོའི་དགོངས་པས་ནི་ཡེ་ཤེས་དང་རྣམ་ཤེས་ཀྱི་ཁྱད་པར་མི་འབྱེད། སེམས་དང་སེམས་བྱུང་གང་རུང་ལས་མ་གཏོགས་པའི་ཤེས་པ་ཁས་མི་ལེན། བསམ་བྱུང་གི་རིགས་པ་དང་སྒོམ་བྱུང་གི་རྣལ་འབྱོར་གཅིག་ཏུ་འཁྲུལ། ཞི་ལྷག་གི་དངོས་གཞི་དང་མི་མཐུན་ཕྱོགས་སེལ་བྱེད་ཀྱི་ཁྱད་པར་མ་ཕྱེད། ལྷག་མཐོང་དངོས་གཞི་དང༌། དེའི་སྦྱོར་བ་ཉེར་བསྡོགས་ཀྱི་ཤན་མ་ཕྱེད། ཞི་ལྷག་ཟུང་དུ་འཇུག་པའི་ཡེ་ཤེས་ལ་ཞི་གནས་རྐྱང་པར་འཁྲུལ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་པའི་མིང་ཅན་དེ་ཟླ་བ་གྲགས་པས་བཀག་འདུག་སྙམ་དུ་བསམས་ནས་དེ་འདྲའི་དོན་དང་ཐ་སྙད་ཁས་མི་ལེན། དེའི་རྒྱུ་མཚན་གྱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁས་མི་ལེན། ཆོས་མཐའ་དག་གི་ཀུན་རྫོབ་པའི་སྣང་ཆ་རྣམ་ཤེས་དང༌། གནས་ཚུལ་ཡེ་ཤེས་སུ་གནས་པ་དེ་བརྡ་མ་འཕྲོད་པས་ན། རྣལ་འབྱོར་པའི་ཤེས་པས་ཉམས་སུ་མྱོང་བྱའི་སྟོང་པ་ཉིད་དང༌། མྱོང་བྱེད་ཀྱི་ཤེས་པ་སོ་སོ་བར་ཁས་བླངས་པས་འཁོར་འདས་ཀྱི་དང༌། བདེན་པ་གཉིས་ཀྱི་དང༌། ཞི་ལྷག་གི་ཟུང་འཇུག་རྣམས་མ་མཁྱེན་པས་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་དང་སྒོམ་པའི་གནད་རྣམས་ཤིན་ཏུ་འཁྲུལ་བར་གྱུར་ཏོ། །གཉིས་པ་ལ་གཉིས་ལས། དོགས་པ་བཅད་པ་ནི། ཞི་ལྷག་ཟུང་འབྲེལ་དང་ཟུང་འཇུག་ནི་དོན་གཅིག་པ་མ་ཡིན་ཏེ། ཟུང་འབྲེལ་ནི་གཉིས་པོ་དབྱེར་མེད་དུ་མ་འདྲེས་པ་སོ་སོ་བའི་གནས་སྐབས་སུ་འཇོག་པ་ཡིན་ལ། ཟུང་འཇུག་ནི་དེར་འདྲེས་ནས་རྫས་གཅིག་ཉིད་ལ་སྒྲ་རྟོག་གི་ཡུལ་དུ་ངོས་འཛིན་པའི་ཚེ། གཅིག་ངོས་བཟུང་བས་གཉིས་ཀའི་ངོས་འཛིན་དུ་འགྲོ་བ་ཞིག་ལ་བྱེད་དགོས་པའི་ཕྱིར། དཔེར་ན་འཁོར་འདས་དང་བདེན་གཉིས་ཀྱི་ཟུང་འབྲེལ་དང་ཟུང་འཇུག་བཞིན་ནོ། །ཞི་གནས་ཀྱི་མི་མཐུན་ཕྱོགས་བྱིང་རྨུགས་གཉིས་ཀྱི་ངོས་འཛིན་གཞུང་ལས་སོ་སོར་བཤད་ཀྱང༌། སྒོམ་ཆེན་པས་སོ་སོར་ངོས་འཛིན་དགོས་པ་མ་ཡིན་ཏེ། གཅིག་གི་གཉེན་པོ་རང་རྒྱུད་ལ་བརྟེན་པས་གཉིས་ཀ་སེལ་ནུས་པའི་ཕྱིར། བྱིང་བ་ནི་སྦྱོར་བའི་གནས་སྐབས་དང༌། རྨུགས་པ་ནི་དངོས་གཞི་སྟེ། གཉིས་ཀའི་གཉེན་པོ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བོ། །དྲན་ཤེས་བཞིན་གྱི་ངོས་འཛིན་དམིགས་པ་ལ་སེམས་མ་ཡེངས་ཙམ་དང༌། ཡེངས་མ་ཡེངས་ཀྱི་བྱ་ར་བྱེད་པ་ལ་འཆད་པོ་ནི་སུ་ཡང་མི་སྣང་བས་དེ་ལྟར་ཁས་མི་ལེན་མོད། བླ་མས་བསྟན་པའི་གདམས་ངག་གི་དམིགས་རྣམ་མ་བརྗེད་པར་དྲན་པ་དང༌། བྱིང་རྒོད་སེལ་བའི་ཤེས་རབ་ལ་དེ་གཉིས་སོ་སོའི་ངོས་འཛིན་དུ་ཁས་ལེན་ཞིང༌། མ་དག་པའི་ས་ཚུན་ཆད་དུ་དེ་དག་སྒྲ་དོན་འཛིན་པའི་རྟོག་པར་ཁས་ལེན་མོད། ཞི་ལྷག་གི་ངོ་བོར་ཁས་མི་ལེན་ཏེ། འདི་དག་ནི་རྣམ་ཤེས་ལས་མ་འདས་པའི་ཕྱིར། དཔེར་ན་བསམ་གཏན་གྱི་ཡན་ལག་དང་དངོས་གཞིའི་ཏིང་ངེ་འཛིན་བཞིན་ནོ། །གཉིས་པ་ལ། བྱིང་བ་ནི་རྨུགས་པའི་སྦྱོར་བ་སྟེ་སེམས་བྱུང་གི་དབྱེ་བར་མ་བཤད་དོ། །དེ་བཀག་པས་རྨུགས་པ་རང་ཤུགས་ཀྱིས་ཁེགས་མོད། དངོས་གཞིའི་དུས་སུ་ལུས་སེམས་ཀློང་ཀློང་པོར་བྱེད་པའི་སེམས་བྱུང་ཞིག་ལ་བཤད་དོ། །དེ་ལྟ་ན་ཡང་མན་ངག་པས་ནི་གཉེན་པོ་ཤེས་བཞིན་ཉིད་བརྟེན་པས་ཆོག་གི དེའི་འགལ་ཟླ་བྱིང་རྒོད་ཀྱི་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་པ་མ་ཡིན་ནོ། །བྱིང་རྒོད་བྱུང་མ་བྱུང་རྟོག་པར་བྱེད་པའི་ཤེས་བཞིན་ནི་རྟོག་པ་ཡིན་པས་རྒོད་པ་ཉིད་ལས་མ་འདས་པའི་ཕྱིར་ཇི་ལྟར་ན་དེའི་གཉེན་པོར་རུང་ཞེ་ན། བདེན་ཏེ། འདིས་ནི་རྒོད་པ་ངོ་ཤེས་པར་བྱེད་པས་རྒོད་པའི་གཉེན་པོ་དངོས་ཀྱི་སྦྱོར་བ་ཡིན་ལ། གཉེན་པོ་དངོས་ནི་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ནོ། །ཞི་གནས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་ཉེས་པ་ལྔའི་ནང་ན་སེམས་མངོན་པར་འདུ་བྱེད་པ་ཞེས་བཤད་པ་དེ་ཡང་སྒོམ་དངོས་གཞིའི་དུས་རྟག་ཏུ་ཤེས་བཞིན་གྱི་བྱ་ར་བ་མངོན་དུ་བྱེད་པ་ལ་འཆད་དགོས་པ་ཡིན་ལ། དེས་དྲན་པ་ཡང་མཚོན་ནུས་ཏེ། དངོས་གཞིའི་དུས་ཀྱི་དྲན་པ་ཡང་བསམ་གཏན་གྱི་སྐྱོན་དུ་འཆད་པའི་ཕྱིར། མདོར་ན་ཞི་ལྷག་གི་སྐྱོན་སེལ་བར་བྱེད་པའི་ཡན་ལག་ཏུ་བཤད་པ་རྣམས་དངོས་གཞིའི་ངོ་བོར་ཁས་ལེན་པ་དང་མཚུངས་སོ། །ཡང་བདེ་གསལ་མི་རྟོག་པ་སྒོམ་གྱི་ཡང་རྩེ་ཞེས་པ་ནི། སྦྱོར་བ་ཟུང་འབྲེལ་གྱི་སྐབས་སུ་མ་ཡིན་གྱི། དངོས་གཞིའི་ཟུང་འཇུག་གི་སྐབས་སུ་བདེ་བ་དང་མི་རྟོག་པས་ཁྱད་པར་དུ་བྱས་པའི་གསལ་བ་དེ་ཉིད་ཞི་གནས་ཀྱང་ཡིན་ལ་ལྷག་མཐོང་ཡང་ཡིན་ནོ། །འདི་ཞི་གནས་ཁོ་ན་ཡིན་མོད། ལྷག་མཐོང་དུ་ཇི་ལྟར་རུང་སྟེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་སོ་སོར་རྟོག་པ་མེད་པའི་ཕྱིར། ཞེས་ཟེར་མོད་ཀྱང༌། རྟོགས་བྱ་གནས་ལུགས་ཀྱི་དོན་དང༌། རྟོགས་བྱེད་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱང་འདི་ཉིད་ལས་གཞན་ན་མེད་དེ། གསལ་སྟོང་ཟུང་དུ་འཇུག་པ་ཞེས་བྱ་བའི་མིང་ཅན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ཡང་འདི་ལ་ཟེར་བའི་ཕྱིར་དང༌། རིག་བྱ་སྟོང་པ་ཉིད་དང་རིག་བྱེད་ཡེ་ཤེས་ཀྱང་སོ་སོ་བ་མ་ཡིན་པའི་ཕྱིར། གསལ་བ་དང་མི་རྟོག་པའི་ངོས་འཛིན་ཁྱེད་ཅག་གིས་གཞན་གྱི་འདོད་པ་ཁོང་ནས་བསླང་བ་དེ་ལྟར་ནི་སྨྲ་བ་སུ་ཡང་མེད་ལ། དེས་ན་གསལ་བ་ཞེས་བྱ་བ་ནི་ཡུལ་གྱིས་ཁ་མ་བསྒྱུར་བའི་མྱོང་བ་རིག་ཅིང་གསལ་ཙམ་སྟེ། འདི་ལ་ནི། སྔགས་སུ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། རང་བཞིན་ཆོས་སྐུ་དང༌། གཞི་ལམ་འབྲས་བུའི་རྒྱུད་ཅེས་སོགས་སུ་བཤད་ལ། ཕ་རོལ་ཏུ་ཕྱིན་པར་ཡང་རང་བཞིན་དུ་གནས་པའི་རིགས་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། རང་བཞིན་ཤེར་ཕྱིན་ལ་སོགས་པའི་མིང་གིས་བཤད་པ་འདི་ནི་ཆོས་འཁོར་བར་མཐའ་གཉིས་ནས་བཤད་པའི་ཉམས་སུ་མྱོང་བྱའི་ངེས་དོན་མཐར་ཐུག་པའོ། །མི་རྟོག་པ་ཞེས་པ་ནི། སྒྲ་དོན་འཛིན་པའི་རྟོག་པ་ལྟ་ཅི་སྨོས། ཡང་དག་པའི་རྟོག་པ་དང་ཡང་ཀུན་ཏུ་བྲལ་བ་སྟེ་ཇི་སྐད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་འབྱུང་བ་ཉིད་དོ། །ཡང་གསང་སྔགས་ཟབ་མོའི་ཐབས་ལམ་གྱིས་མ་ཟིན་པ་ལ་བདེ་བ་མི་འཐད་དོ་སྙམ་དུ་དོགས་པར་མི་བྱ་སྟེ། གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་རྟོགས་བྱེད་ཀྱི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་གནས་སྐབས་ཐམས་ཅད་དུ་བདེ་བའི་ངོ་བོ་ལས་གཞན་དུ་མི་འགྱུར་བའི་ཕྱིར། དེ་ཡང་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཚེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པས་ན་བདེ་བ་ཆེན་པོ་ཞེས་བྱའོ། །གཞིའི་དུས་ཀྱི་ཡེ་ཤེས་ལ་ཡང་བདེ་བ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པར་ཇི་སྐད་དུ། དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །བདེ་བ་གང་ཕྱིར་མི་ཤེས་པ། །སངས་རྒྱས་ཡེ་ཤེས་བདེ་བ་ཅན། །ཞེས་སོ། །དོན་འདི་ཉིད་ལ་ཕྱག་རྒྱ་བར་གྲགས་པ་རྣམས་ཕྱག་རྒྱ་ཆེན་པོ་ཞེས་ཟེར་ཏེ། ཇི་སྐད་དུ། དགོངས་གཅིག་ལས་ཕྱག་རྒྱ་ཆེན་པོ་བྱ་བ་དེ། །རང་གི་རིག་པ་འདི་ཉིད་ཡིན། །ཞེས་སོ། །ཞི་བྱེད་པར་གྲགས་པ་རྣམས་ནི་སྡུག་བསྔལ་རབ་ཏུ་ཞི་བྱེད་ཅེས་ཀྱང་བྱ་སྟེ། སེམས་ཀྱི་རང་བཞིན་བདེ་ཆེན་ལ། །ངོ་འཕྲོས་གྱུར་པས་སྡུག་བསྔལ་ཞི། །ཞེས་སོ། །སོ་སོར་བསྡུད་པ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། སྒོམ་པ་སྟོང་ཉིད་གོམས་པ་ཡིས། །འགག་པ་རླུང་ནི་འགག་པར་འགྱུར། །སྐྱེ་བ་ཤུགས་ལ་བདེ་བར་སྐྱེ། །ཞེས་སོ། །ལམ་འབྲས་པ་དག་འཁོར་འདས་དབྱེར་མེད་ཅེས་བྱ་སྟེ། ཇི་སྐད་དུ། ཨེ་ཝཾ་འཁོར་བ་ཞེས་བྱ་སྟེ། །ཨེ་ཝཾ་མྱ་ངན་འདས་པ་ཉིད། །ཅེས་སོ། །གསང་བ་འདུས་པའི་ལུགས་གཉིས་ལས་ཀྱང༌། འོད་གསལ་དང་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཞེས་བཤད་པ་དང༌། བདེ་མཆོག་ལས་བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་བཤད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་དང༌། ཏོག་ཙེ་པའི་བསམ་མི་ཁྱབ་དང༌། ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་དང༌། རྫོགས་ཆེན་པས་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཞེས་བཞེད་པ་རྣམས་འདི་ཁོ་ནའོ། །གཟུང་འཛིན་གྱི་རྣམ་པར་རྟོག་པས་དབེན་པའི་གསལ་རིག་གི་ཆ་ཞི་ལྷག་གི་ངོ་བོར་ཁས་བླངས་པ་ན། དྲན་ཤེས་བཞིན་གྱི་ངོས་འཛིན་ཤིང་རྟའི་སྲོལ་གཉིས་ལས་བྱུང་བ་དང་འགལ་ལོ་ཞེས་གསུང་བ་ནི་དེ་ལྟར་མ་ཡིན་ཏེ། དྲན་ཤེས་བཞིན་གཉིས་པོ་ཞི་ལྷག་གི་ཡེ་ཤེས་དེའི་མི་མཐུན་ཕྱོགས་སེལ་བྱེད་ཡིན་ཀྱང༌། ཡེ་ཤེས་དེ་དང་རྣམ་པ་མཚུངས་པར་ཁས་མི་ལེན་པའི་ཕྱིར། སྤྱིར་གཞི་ལམ་འབྲས་བུའི་དུས་ཀྱི་ཡེ་ཤེས་གང་ཡིན་ཀྱང་རྣམ་ཤེས་དང་འཛིན་སྟངས་མཚུངས་པ་མི་སྲིད་དེ། གཞན་དུ་ན་ཞི་ལྷག་གི་ཏིང་ངེ་འཛིན་རྣམས་སྤོང་བའི་འདུ་བྱེད་བརྒྱད་པོའི་ངོ་བོ་ཉིད་དུ་ཐལ་བའི་ཕྱིར་རོ། །ལྷག་མཐོང་གི་ངོ་བོ་གསལ་ལ་མི་རྟོག་པ་ཉིད་དུ་ཁས་ལེན་པ་དེ་གཟུང་འཛིན་གྱི་རྟོག་པས་དབེན་པའི་གསལ་རིག་ཏུ་ཁས་ལེན་པ་ཤིང་རྟའི་སྲོལ་གཉིས་དང་འགལ་བ་མ་ཡིན་ཏེ། ཐོགས་མེད་ཀྱིས་ཕྱེ་བའི་སྲོལ་ལས་ནི་ལྷག་མཐོང་གི་དངོས་གཞི་རྣལ་འབྱོར་མངོན་སུམ་དང༌། དེ་ཡང་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཉིད་དུ་བཤད་པའི་ཕྱིར། གཞན་དུ་ན་མཐོང་སྒོམ་གྱི་མཉམ་གཞག་བར་ཆད་མེད་ལམ་མཐའ་དག་རྟོག་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། དྲན་ཤེས་བཞིན་དང་འཛིན་སྟངས་མཚུངས་པར་ཁས་བླངས་པའི་ཕྱིར་རོ། །རྟོག་པ་དང་མཚུངས་པར་ལྡན་པ་ཙམ་གྱིས་རྟོག་པར་ཁས་མི་ལེན་ན། བོད་ཀྱི་སྒོམ་ཆེན་པས་ཀྱང་བདེ་གསལ་གཉིས་པོ་མི་རྟོག་པར་ཁས་བླངས་པ་ལ་ཉེས་པ་ཅི་ཞིག་བརྗོད། དེ་ཁོ་ནར་མ་ཟད་ཀླུ་སྒྲུབ་ཞབས་ཀྱིས་བཞེད་པའི་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་དེ་དང་བདེ་གསལ་མི་རྟོག་པར་བཤད་པ་གཉིས་དོན་གཅིག་ལ། རྡོ་རྗེ་དེའི་ངོས་འཛིན་ནི། ཇི་སྐད་དུ། གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བཤད། དེར་ཡང་སེམས་ཀྱི་རྡོ་རྗེ་རྟོག་མེད་དུ་ཁས་ལེན་ན་ནི། དྲན་པ་དང་ཤེས་བཞིན་དེའི་ཡན་ལག་ཏུ་མི་དགོས་པར་ཐལ་བའི་ཁྱབ་པ་ཁྱེད་ཀྱིས་ཁས་བླངས་སོ། །མདོར་ན་སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མིང་ཅན་བདེ་གསལ་མི་རྟོག་པའི་ཡེ་ཤེས་དེ་ནི་སེམས་དང་སེམས་ལས་བྱུང་བ་གང་རུང་དུ་གཏོགས་པ་མ་ཡིན་ཏེ། ཐོགས་མེད་སྐུ་མཆེད་ཀྱིས་བཤད་པའི་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་གང་དང་ཡང་མི་ལྡན་པའི་ཕྱིར་རོ། །ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་ལས་བཤད་པ་དང༌། བདེ་གསལ་མི་རྟོག་པ་སྒོམ་དུ་འདོད་པ་འགལ་ཞེས་གསུང་བ་ཡང་དེ་ལྟར་མ་ཡིན་ཏེ། སྒོམ་རིམ་ལས་ནི་ཐོས་བསམ་གྱི་རིགས་པའི་དཔྱད་པ་སྔོན་དུ་མ་སོང་བར་སྦྱོར་དངོས་ཐམས་ཅད་དུ་ཅི་ཡང་ཡིད་ལ་མི་བྱེད་པ་སྒོམ་དུ་འདོད་པ་ཙམ་ཞིག་བཀག་པ་ཡིན་གྱི། བོད་ཀྱི་སྒོམ་ཆེན་པ་དག་ཕྱོགས་སྔ་མ་དེ་ཁས་ལེན་པར་མ་ངེས་པའི་ཕྱིར། འོ་ན་ཇི་ལྟར་ཁས་ལེན་ཞེ་ན། དངོས་གཞི་བདེ་གསལ་མི་རྟོག་པ་དེ་སྦྱོར་བའི་དུས་སུ་རྟོགས་བྱེད་ཀྱི་ཐབས་ནི་གཉིས་ཏེ། ཕར་ཕྱིན་ཐེག་པ་པ་དག་གི་ལུགས་དང༌། མན་ངག་པ་དག་གི་ལུགས་སོ། །དང་པོ་ལྟར་ན་ནི། སྦྱོར་བའི་དུས་སུ་ཀླུ་སྒྲུབ་ཞབས་ཀྱི་རིགས་པས་གཏན་ལ་ཕབ་པ་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་ཅིར་ཡང་མི་དམིགས་པའི་རྣམ་པས་བསྒོམ་པར་བྱེད་པ་ཡིན་ལ། གཉིས་པ་ལྟར་ན་ནི། བྱིན་རླབས་དང༌། དབང་དང༌། ལུས་ཀྱི་བྱེད་པ་བཅིང་བའི་ཐབས་ཀྱིས་གསལ་ལ་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པའོ། །ཐབས་ཕྱི་མ་དེ་ཤིང་རྟའི་སྲོལ་ཆེན་གཉིས་ལས་མ་བྱུང་ཡང་མི་རིགས་པ་མ་ཡིན་ཏེ། གསང་སྔགས་རྡོ་རྗེ་ཐེག་པ་ལས་དེ་ལྟར་བཤད་པའི་ཕྱིར། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་ཞེས་སོགས་དང༌། འོན་ཀྱང་སྤྲོས་བྲལ་རྟོགས་པ་ཡི། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་པ་ལྟར་རོ། །སྒོམ་རིམ་ལས་ནི། སྦྱོར་བའི་དུས་སུ་ཤིང་གཉིས་གཙུབས་པ་ལས་མེ་འབྱུང་བའི་དཔེས། སྦྱོར་བའི་དུས་སུ་སོ་སོར་རྟོག་པ་དང་དཔྱོད་པའི་ཤེས་རབ་དགོས་པ་དང༌། ཤིང་དེ་ཡང་མེ་དེ་ཉིད་ཀྱིས་བསྲེགས་ནས་མེ་ཤིང་གཉིས་ཀ་ཞི་བའི་དཔེས། དངོས་གཞིའི་དུས་སུ་ཅི་ཡང་མི་དམིགས་པའི་རྣམ་པ་ཅན་དུ་བཤད་པ་དང༌། ཇོ་བོ་ཨ་ཏི་ཤའི་དབུ་མའི་མན་ངག་ལས་ཀྱང་དེ་ལྟར་བཤད་པ་དེ་ནི་ཕར་ཕྱིན་ཐེག་པའི་སྒོམ་རིམ་གྱི་དབང་དུ་བྱས་པ་ཡིན་ནོ། །ས་སྐྱ་པས་ཇི་སྐད་དུ། ད་ལྟའི་ཕྱག་རྒྱ་ཆེན་པོ་དང༌། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ནི། །ཞེས་སོགས་བཤད་པ་དེ་ནི་ཕྱག་རྒྱ་བའི་ཁྱད་པར་འགའ་ཞིག་ལ་གསུངས་པ་ཡིན་ཏེ། འདི་ལྟར་ཁྱེད་འདོད་པའི་ཕྱག་ཆེན་དེ་ཕར་ཕྱིན་ཐེག་པའི་སྒོམ་དུ་བྱེད་ན་ནི་སོར་རྟོག་གི་དཔྱད་པ་སྔོན་དུ་འགྲོ་དགོས། གསང་སྔགས་ཀྱི་སྒོམ་ཡིན་ན་ནི་དབང་དང་བྱིན་རླབས་སྔོན་དུ་འགྲོ་དགོས་པ་ལས། དེ་དག་གང་ཡང་མེད་པར་དངོས་གཞིའི་དུས་སུ་ཅིར་ཡང་མི་དམིགས་པའི་གསལ་བ་ཙམ་ནི་རྒྱ་ནག་མཁན་པོའི་སྒོམ་ལ་ཡང་ཡོད་པས་ཐེག་པ་ཆེན་པོའི་ལུགས་གཉིས་ལས་གང་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །ས་སྐྱ་པའི་བཞེད་པ་དེ་ལྟར་འཆད་པ་ཡིན་གྱི། ཞི་ལྷག་གི་མཉམ་གཞག་དངོས་གཞིའི་དུས་སུ་སྒྲ་དོན་འཛིན་པའི་རྟོག་པ་དགོས་པར་ནི་ས་སྐྱ་པས་བཞེད་པ་མ་ཡིན་ནོ། །ཧཱ་ཤང་དང་རྩོད་པའི་གཞི་དེ་ཡང་ཀླུ་སྒྲུབ་ཞབས་ཀྱི་ལུགས་ཡིན་མིན་ལ་ཐུག་པ་ཡིན་ལ། དེའི་ཁྱད་པར་ཡང་ཀླུ་སྒྲུབ་ཀྱིས་ནི་ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་ན་གང་དུ་ཡང་མ་བརྙེད་པའི་དུས་དེར་ནི་བསམ་བྱུང་གི་ཤེས་རབ་སྐྱེས་པ་ཡིན་ལ་དངོས་གཞིའི་དུས་སུ་ཡང་མ་རྙེད་པའི་ངང་ཉིད་དུ་འཇུག་པར་བྱེད་ལ། རྒྱ་ནག་གི་མཁན་པོས་ནི་དེ་འདྲའི་རིགས་པ་ལ་མ་ལྟོས་པར་བཙན་ཐབས་སུ་ཅི་ཡང་མི་དམིགས་པ་ཉིད་སྦྱོར་དངོས་ཀྱི་བྱེ་བྲག་མེད་པར་གནས་སྐབས་ཐམས་ཅད་དུ་གོམས་པར་བྱེད་པའོ། །ཕྱི་མ་འདི་ནི་རྣམ་ཤེས་ཀྱི་དོན་མི་དམིགས་པ་ཡིན་ལ། སྔ་མ་ནི་ཡེ་ཤེས་ཀྱི་དོན་མི་དམིགས་པའི་དབང་དུ་བྱས་སོ། །ཕྱི་མ་འདི་ནི་སྒོམ་ཡང་དག་པ་མ་ཡིན་ཏེ། རྣམ་ཤེས་ཀྱི་ངོར་མ་དམིགས་ན་ཀུན་རྫོབ་ཏུ་ཡང་མེད་པར་ཐལ་བའི་ཕྱིར་རོ། །སྔ་མ་ནི་སྒོམ་ཡང་དག་པ་ཡིན་ཏེ། རྣམ་ཤེས་ཀྱི་ངོར་དམིགས་ཤིང༌། ཡེ་ཤེས་ཀྱི་ངོར་མ་དམིགས་པའི་སྒོམ་གྱིས་མཐའ་གཉིས་སེལ་བའི་ཕྱིར་རོ། །སྒོམ་ཆེན་པ་རྣམས་ལ་དྲི་བ་ལྷག་བསམ་རབ་དཀར་གྱི་ལན་བཏབ་པ་ལས་ཞི་ལྷག་ཟུང་འཇུག་གི་ཁྱད་པར་ཕྱེ་བ་སྟེ་ལེའུ་བཞི་པའོ།།  །།ཡང་དོན་ཚན་གཉིས་པ་དཔྱད་སྒོམ་དེ་སྒོམ་ཡིན་མིན་སོགས་ཀྱི་ལན་ལ་གཉིས་ཏེ། རྣམ་གཞག་སྤྱིར་བསྟན་པ་དང༌། དངོས་ལན་སོ་སོར་བཏབ་པའོ། །དང་པོ་ལ། རྒྱ་བོད་ཀྱི་མཁས་པ་དང་རྣལ་འབྱོར་པ་ལ་གྲགས་པའི་དཔྱད་སྒོམ་དང་འཇོག་སྒོམ་གྱི་ངོས་འཛིན་ལུགས་ནི་འདི་ལྟར་ཡིན་ཏེ། སྦྱོར་བའི་དུས་སུ་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་ཐོས་བསམ་སྔོན་དུ་བཏང་ནས་དངོས་གཞིའི་ཚེ་ཅི་ཡང་མ་རྙེད་པའི་དོན་ལ་མཉམ་པར་འཇོག་པ་ནི་མཁས་པ་པཎྜི་ཏའི་དཔྱད་སྒོམ་གྱི་ཚུལ་ཡིན་ལ། དེ་ལ་ཡང་ཤིང་རྟའི་སྲོལ་ཆེན་གཉིས་ཀྱི་དབྱེ་བས་སྦྱོར་བའི་ཚེ་ལྟ་བ་གཏན་ལ་འབེབས་ལུགས་དང༌། དངོས་གཞིའི་ཚེ་མཉམ་པར་འཇོག་ལུགས་མི་འདྲ་བ་གཉིས་གཉིས་སོ། །དེ་ཡང་བྱམས་པ་ནས་ཐོགས་མེད་ལ་བརྒྱུད་པའི་སྲོལ་ལྟར་ན། གཅིག་ལ་དུ་མར་སྣང་བ་དང་ལྷན་ཅིག་དམིགས་ངེས་ལ་སོགས་པའི་རིགས་པས་གཟུང་བ་མེད་པ་སེམས་ཙམ་གྱི་རིགས་པ་དང༌། དེ་མེད་ན་འཛིན་པ་ཡང་མེད་པ་དབུ་མའི་རིགས་པ་གཉིས་ཀྱིས་གཏན་ལ་ཕབ་ནས། དངོས་གཞིའི་དུས་སུ་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་ལ་མཉམ་པར་འཇོག་པ་ཡིན་ལ། འཇམ་དབྱངས་ནས་ཀླུ་སྒྲུབ་ལ་བརྒྱུད་པ་ལྟར་ན། ཤེས་བྱ་མ་ལུས་པའི་སྟེང་དུ་གཅིག་དང་དུ་མ་གང་དུ་གྲུབ་ལ་སོགས་པ་ཚོལ་བྱེད་ཀྱི་རིགས་པས་བཙལ་བ་ན། གང་དུ་ཡང་མ་རྙེད་པ་ནི་སྦྱོར་བའི་ཚེ་ཡིན་ལ། དངོས་གཞིའི་འཇོག་ལུགས་ལ་གཉིས་ལས། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ཡབ་སྲས་ནས་བརྒྱུད་པ་རྣམས་ནི་དངོས་གཞིའི་ཚེ་ཡུལ་ཅན་རྣམ་པར་རྟོག་པའི་ཡེ་ཤེས་ཙམ་ཞིག་ཁས་བླངས་ནས། ཡུལ་ཅི་ཡང་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པ་སོ་སོར་རང་རིག་གི་ཡེ་ཤེས་ཞེས་བྱ་བའི་ཐ་སྙད་འདོགས་པ་གཅིག་དང༌། ལེགས་ལྡན་དང་ཟླ་བ་ཞི་ལྷག་སོགས་དངོས་གཞིའི་དུས་སུ་ཡུན་ཡེ་ཤེས་ཀྱང་སྟོང་པར་ཐིམ་ནས་ཡུལ་དང་ཡུལ་ཅན་སོ་སོ་བར་ཞལ་གྱིས་བཞེས་པ་ལྟ་ཅི། ཡུལ་ཅན་གྱི་བློ་ཉིད་ཀྱང་ཡོད་པར་ཞལ་གྱིས་མི་བཞེས་སོ། །རྣལ་འབྱོར་པའི་འཇོག་སྒོམ་ནི། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པའི་བླུན་པོའི་སྒོམ་ལ་ཟེར་བ་མ་ཡིན་གྱི། སྦྱོར་བའི་དུས་སུ་ཐོས་བསམ་གྱི་རིགས་པ་ལ་མ་ལྟོས་པར་ཟབ་མོའི་མན་ངག་བརྒྱུད་པ་ལ་བརྟེན་པས་གནས་ལུགས་ཀྱི་དོན་མངོན་དུ་གྱུར་པའི་གནས་སྐབས་དེ་ཉིད་ལ་མཉམ་པར་འཇོག་པའོ། །འདིར་སྦྱོར་བའི་དུས་ཀྱི་མན་ངག་ཅེས་པ་ནི་གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཉི་ཚེ་བ་ནས་མ་ལུས་པའི་བར་རང་ཞི་དང་རང་དག་ཏུ་འགྲོ་བའི་ཐབས་ཤིག་སྟེ། བྱིན་རླབས་དང་ཡེ་ཤེས་དབབ་པ་སོགས་སོ། །དངོས་གཞིའི་དུས་སུ་ཡང་དེ་ཉིད་ལ་མཉམ་པར་འཇོག་པ་ལ་ནི་འཇོག་སྒོམ་ཞེས་བྱ་སྟེ། རྡོ་རྗེའི་ཐེག་པ་པ་དག་གི་རྫོགས་རིམ་ཟབ་མོའི་སྒོམ་ཚུལ་ལ་དེ་ཞེས་བྱའོ། །དོན་འདི་ཡང་ཇི་སྐད་དུ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །ཞེས་སོགས་དང༌། ལྷན་ཅིག་སྐྱེས་པར་གང་བརྗོད་པ། །ཞེས་སོགས་ལས་གསལ་བ་ཡིན་ཏེ། དེ་བས་ན་དྲི་བ་འདིའི་མཛད་པ་པོ་ནི། དཔྱད་སྒོམ་ཞེས་པ་སྒོམ་དངོས་གཞིའི་དུས་སུ་སྒྲ་དོན་འདྲེས་རུང་དུ་འཛིན་གྱི་རྟོག་པའི་ངོ་བོར་གནས་པ་དང༌། འཇོག་སྒོམ་ཞེས་སོགས་ཧཱ་ཤང་གི་སྒོམ་མམ་བླུན་པོ་ཅི་ཡང་མི་ཤེས་པའི་སྒོམ་ལ་ངོས་འཛིན་པ་ནི། ཇི་སྐད་དུ། ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཞེས་འབྱུང་བ་དེ་ཉིད་དོ། །ཐོགས་མེད་སོགས་ཀྱིས་བསམ་བྱུང་གི་ཤེས་རབ་སྒོམ་གྱི་སྦྱོར་བའི་ཡན་ལག་ཏུ་བཤད་པ་ཡིན་གྱི། དངོས་གཞིའི་ངོ་བོར་བཞེད་པ་མ་ཡིན་ཏེ། བསམ་བྱུང་དང་སྒོམ་བྱུང་གི་ཤེས་རབ་མ་ཕྱེད་པར་ཐལ་བའི་ཕྱིར་དང༌། སོ་སོར་རྟོག་པའི་ཤེས་རབ་ཅེས་པའང་བསམ་བྱུང་ལས་མ་འདས་པའི་ཕྱིར་དང༌། གཞི་དང་ལམ་དུས་ཀྱི་ཡེ་ཤེས་གང་ཡིན་ཀྱང་རྣམ་རྟོག་དང་དམིགས་རྣམ་མཚུངས་པ་མི་སྲིད་པའི་ཕྱིར་དང༌། ཁྱེད་ཀྱིས་ཤེས་བྱེད་དུ་དྲངས་ལ། ཇི་སྐད་དུ། ཡང་དང་ཡང་དུ་སེམས་པ་དང༌། འཇལ་དང་ངེས་རྟོག་ཅེས་པའང་ཐོས་བསམ་གྱི་ཤེས་རབ་བམ། མཉམ་གཞག་དངོས་གཞིའི་སྦྱོར་བ་དང་འཇུག་ལ་སེང་གེ་བཟང་པོས་བཤད་པའི་ཕྱིར་རོ། །གཉིས་པ་དངོས་ལན་ནི། དཔྱད་སྒོམ་ནི་རྩོད་མེད་ཀྱི་སྒོམ་ཆེན་པོ་ཡིན་ཏེ། ཕར་ཕྱིན་ཐེག་པའི་སྒོམ་ཆེན་པ་དག་ལ་ནི་འདི་ཉིད་ཁོ་ན་ངེས་པར་དགོས་པའི་ཕྱིར་དང༌། སྔགས་ཀྱི་སྐལ་དམན་རིམ་གྱིས་འཇུག་པ་དག་ཀྱང་འདི་ལ་ངེས་པར་བརྟེན་པའི་ཕྱིར་དེ་ལྟ་ན་ཡང་སྒོམ་དངོས་གཞིའི་ངོ་བོ་སོ་སོར་རྟོག་པ་དང་དཔྱོད་པ་མ་ཡིན་ཏེ། སྒོམ་གྱི་དངོས་གཞི་ནི་ཞི་གནས་སུ་ངེས་ལ། དེ་ནི་རྟོག་པར་འགལ་བའི་ཕྱིར། ཞི་གནས་དང་ལྷག་མཐོང་གི་གཞི་མཐུན་ཁས་མི་ལེན་པ་མ་ཡིན་ཏེ། གནས་ལུགས་ཀྱི་དོན་ལས་གཞན་དུ་མ་གཡོས་པའི་སེམས་རྩེ་གཅིག་པ་དེ་གཉིས་ཀའི་གཞི་མཐུན་དུ་ཁས་མ་བླངས་ན་ཟུང་འཇུག་ཅི་ལ་ཟེར་ངོ་མི་ཤེས་པའི་ཕྱིར། ཏིང་ངེ་འཛིན་དང་ཤེས་རབ་ནི་ལྡོག་པས་སོ་སོར་འབྱེད་ཀྱི། རྫས་འགལ་བ་ནི་མ་ཡིན་ཏེ། རྫས་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་གནས་པའི་ཕྱིར། འཕྲོ་བ་སྒོམ་གྱི་སྐྱོན་ཡིན་ཞེས་པ་ཡང༌། སྒོམ་དངོས་གཞིའི་ངོ་བོར་འགལ་བ་ལ་བསམས་ནས་སྒོམ་ཆེན་པ་དག་དེ་སྐད་གསུང་བ་མ་ཡིན་གྱི། སེམས་ཕྱིར་འཕྲོ་བས་སྒོམ་ལ་ཕན་འདོགས་མི་སྲིད་པ་མ་ཡིན་ཏེ། སྤོང་བའི་འདུ་བྱེད་ཕལ་ཆེར་སྒྲ་དོན་འཛིན་པའི་རྟོག་པར་འདུས་པའི་ཕྱིར་དང༌། སྦྱོར་བ་ཐོས་བསམ་གྱིས་ཀྱང་དངོས་གཞི་སྒོམ་ལ་ཕན་པའི་ཕྱིར། དངོས་གཞིའི་དུས་སུ་ཆོས་ཐམས་ཅད་བདེན་པས་སྟོང་པར་ཞེན་པའི་ཤེས་རབ་ནི་མ་རིག་པ་དང་འཛིན་སྟངས་མི་འགལ་བས་སྒོམ་ཡང་དག་པ་མ་ཡིན་ནོ་ཞེས་གསུང་བ་ཡང་དེ་ལྟར་མ་ཡིན་ཏེ། ཤེས་རབ་དེ་ལ་ནི་རྗེ་བཙུན་བྱམས་པས་བཏགས་འཛིན་གྱི་རྟོག་པར་བཤད་པའི་ཕྱིར་དང༌། སྟོང་པ་ཉིད་ཅེས་བྱ་བའི་ཆོས་མེད་པར་དགག་པ་ནམ་མཁའ་ལྟ་བུ་དེ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ནི་མི་སྲིད་ལ། དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ནི་རྣལ་འབྱོར་མངོན་སུམ་དུ་རུང་བ་མ་ཡིན་ནོ། །མི་སྲིད་པ་ཅི་ཞེ་ན། སྤྱི་མཚན་དངོས་ཡུལ་དུ་བྱེད་པའི་མངོན་སུམ་སྲིད་ན། རིགས་པ་མཁྱེན་པའི་གཞུང་ལུགས་མཐའ་དག་ནུབ་པར་འགྱུར་རོ། །དོན་འདི་ལ་ཡང་ཨ་ཏི་ཤས། སྟོང་ཉིད་གང་གིས་རྟོགས་ཤེ་ན། །མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མ་གཉིས་པོ་རྟོགས་སོ་ཞེས། །ཚུ་རོལ་མཐོང་བའི་རྨོངས་པ་སྨྲ། །ཞེས་འབྱུང་བ་ལྟར་རོ། །དེ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་ལྟ་ཁྲིད་པ་རྣམས་ནི། རིགས་པའི་དཔྱད་པ་སྔོན་དུ་སོང་ནས་དངོས་གཞིའི་དུས་སུ་ཅི་ཡང་མ་མཐོང་བ་ལ་རྗེས་ཀྱི་དུས་སུ་དེ་ཁོ་ན་ཉིད་མཐོང་བ་ཞེས་བྱ་བ་ནི་དེ་དག་གི་གཞུང་ལུགས་ཀུན་ལས་མཐུན་པར་གསུངས་སོ། །མདོར་བསྡུ་ན་ཧཱ་ཤང་གི་ལྟ་བའི་སྒོམ་དང་མན་ངག་པའི་ལྟ་བའི་སྒོམ་གྱི་ཁྱད་པར་ནི། སྦྱོར་བའི་དུས་སུ་ལྟ་བ་རྟོགས་བྱེད་ཀྱི་མན་ངག་ཡོད་མེད་ཀྱིས་འབྱེད་ལ། དེ་དང་ཕར་ཕྱིན་པའི་སྒོམ་གྱི་ཁྱད་པར་ནི་ཀླུ་སྒྲུབ་ཞབས་ཀྱི་རིགས་པ་སྔོན་དུ་སོང་མ་སོང་ལས་འབྱེད་པ་ཡིན་མོད། ལྟ་བ་ལ་ཁྱད་པར་མེད། སྤྱོད་པ་ལ་ཁྱད་པར་ཡོད་ཅེས་ཟེར་བ་དང༌། ལྟ་སྤྱོད་གཉིས་ཀ་ལ་ཁྱད་པར་མེད་ཅེས་ཟེར་བའི་སྒོམ་ཆེན་པ་ཞིག་ཡོད་པར་མཛད་ནས། དེ་ལ་དགག་པ་མཛད་པའི་མཁས་པ་དག་སྣང་མོད། དེ་ལྟར་ཁས་ལེན་པའི་སྒོམ་ཆེན་པ་དེའི་མཚན་གཞི་ལོགས་ནས་བཙལ་བར་བྱའོ། །གང་འདིར་ཧཱ་ཤང་དང་ཁྱད་དུ་དབྱེ་བ་ནི། དེས་ནི་ཤེས་བྱ་ལ་བདེན་པ་གཉིས་སུ་མི་འབྱེད། དེའི་རྒྱུ་མཚན་གྱིས་གཞུང་ལུགས་ཀྱི་དོན་ཡིན་མིན་གྱི་ངོས་འཛིན་དང་བྲལ། ཀུན་རྫོབ་ལའང་ཡང་ལོག་གི་དབྱེ་བ་གནས་སྐབས་སུའང་མི་འབྱེད། གཉེན་པོའི་རྟོག་པ་དང་སྤང་བྱའི་རྟོག་པ་ལ་བཟང་ངན་མེད། ཆགས་སྡང་དང་དེའི་འགལ་ཟླའི་རྟོག་པ་དང༌། ཡང་སྦྱིན་སོགས་དང་སེར་སྣ་སོགས་ཀྱི་རྟོག་པ་ལ་གནས་སྐབས་གང་དུའང་བཟང་ངན་མེད། འཚང་རྒྱ་བ་ལ་ལྟ་བ་ཁོ་ན་དགོས་ཀྱི། སྤྱོད་པའི་ཁྱད་པར་མང་པོ་དོན་མེད་ཡིན་ཞེས་ཟེར་བར་སྣང་ལ། དེ་ལྟར་ཁས་ལེན་པའི་ཞི་ཕྱག་རྫོགས་གསུམ་པ་དག་ཡོད་ན་ནི་ཀླན་ཀ་དེ་དག་འཇུག་པར་རིགས་སོ། །ཡང་སྔོན་བྱོན་ཁ་ཅིག ལྟ་བ་ཡས་འབབ་པ་དང་སྤྱོད་པ་མས་འཛེག་པ་ཞེས་བྱ་བའི་ཐ་སྙད་ཅིག་བྱེད་མོད། གཉིས་པོ་འགལ་བར་ཁས་ལེན་ན་ནི་ཧཱ་ཤང་གི་ལུགས་དང་ཁྱད་པར་མེད་ཅེས་ས་སྐྱ་པས་གསུངས་སོ། །ཡང་འདྲི་བ་པོས། དབུ་མ་རིགས་ཚོགས་ལས་ངེས་དོན་མཐར་ཐུག་ཏུ་བཤད་པ་དེ་སྒོམ་ཆེན་པ་ཀུན་གྱིས་ཀྱང་ངེས་པར་བསྒོམ་དགོས་ཀྱི། དེ་ལྟར་མ་བྱས་ན་སྒྲིབ་པའི་ས་བོན་སྤོང་མི་ནུས་པའི་བཤད་པས་ཐུགས་ཤིན་ཏུ་ཡུས་ཤིང་བརྒྱལ་བར་གྱུར་མོད། ཐལ་རང་ལུགས་ཀྱི་དབུ་མའི་ལྟ་ཁྲིད་ཀྱི་སྒོམ་མ་གཏོགས་གཞན་ལ་དེ་ལྟར་བཤད་པ་མེད་དོ། །དེ་ཡང་འདི་ལྟར། རིགས་ཚོགས་ཀྱི་ངེས་དོན་དེ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཁོ་ནས་གཏན་ལ་ཕབ་པ་ཞིག་ཡིན་ལ། རྡོ་རྗེའི་ཐེག་པ་ནས་བཤད་པའི་ངེས་དོན་མཐར་ཐུག་དེ་ནི་རིགས་པས་གཏན་ལ་མི་ཕེབས་པའི་ཕྱིར་དང༌། དེས་དེ་ལྟར་ཕེབས་སུ་ཆུག་ཀྱང༌། སྤྱི་དོན་གྱི་བཤད་པ་ཡིན་པས་ངེས་དོན་མཐར་ཐུག་ཏུ་མི་རུང་བའི་ཕྱིར། དེ་སྐད་དུ་ཡང༌། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར་རྒྱུད་སྡེ་མཐའ་དག་མཐུན་ནོ། །གཞན་ཡང་རིགས་ཚོགས་ཀྱི་ངེས་དོན་མཐར་ཐུག་ནི་ཡུལ་ཅན་རྟོག་པར་གྱུར་པའི་ཚེ་ན་ངེས་དོན་དུ་མི་རུང༌། མེད་པར་དགག་པས་ན་རྟོག་མེད་ཀྱི་ཤེས་པའི་ཡུལ་ལས་ཀྱང་འདས་པར་མདོ་འགྲེལ་ཀུན་ལས་བཤད་ལ། རྡོ་རྗེ་ཐེག་པའི་ངེས་དོན་མཐར་ཐུག་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཉིད་དུ་ལན་གཅིག་མ་ཡིན་པར་བཤད་པའི་ཕྱིར་རོ། །ཡང་འདྲི་བ་པོས། དཔྱད་སྒོམ་གཞུང་ལུགས་ལས་བཤད་པ་དང༌། དེ་ཡང་སྒྲ་དོན་འཛིན་པའི་རྟོག་པར་ཁས་ལེན་དགོས་པ་ཐུགས་ལ་འཚངས་མོད། མཚན་ཉིད་ཐེག་པའི་སྒོམ་ལ་དཔྱད་པ་སྔོན་དུ་འགྲོ་དགོས་པ་ཞིག་ཡོད་ཀྱང༌། སྦྱོར་བའི་སྐབས་ཡིན་གྱི། དངོས་གཞིའི་དུས་སུ་ནི་རྟོག་པ་དེ་ཡང་ཡེ་ཤེས་ཀྱི་མེས་བསྲེགས་དགོས་པར་ནི་སྒོམ་རིམ་དང་དབུ་མའི་མན་ངག་སོགས་སུ། ཤིང་གཉིས་དྲུད་པ་ལས་བྱུང་བའི་མེའི་དཔེས་ལན་གཅིག་མ་ཡིན་པར་གསུངས་སོ། །ཡང་གསང་སྔགས་ཀྱི་སྒོམ་ཆེན་པ་འགའ་ཞིག་ལ་དཔྱད་པ་སྔོན་དུ་མ་སོང་ཡང༌། རང་བྱིན་གྱིས་རློབ་པའི་རིམ་པ་ལྟ་བུའི་རྐྱེན་གྱིས་རྟོགས་པའི་ངེས་དོན་དེ་ལ་རྗེས་ཀྱི་སྐབས་སུ། བདག་ཏུ་དང་བདེན་པར་ཞེན་པ་འགོག་པའི་ཕྱིར་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དགོས་པ་ཞིག་སྲིད་ཀྱང༌། དེ་སྒོམ་གྱི་དངོས་གཞིར་མི་འདོད་དོ། །དེ་བས་ན་དཔྱད་སྒོམ་ཞེས་བྱ་བའི་སྐབས་ཀྱི་དཔྱད་པ་འདི་ནི་མཚན་འཛིན་འགོག་པའི་ཐབས་ཁྱད་པར་ཅན་དང༌། བསམ་བྱུང་གི་རིགས་པ་སྦྱོར་བ་དང་རྗེས་གང་རུང་དུ་ངེས་པ་ཡིན་གྱི། སྒོམ་གྱི་དངོས་གཞིར་འཆད་པ་མེད་དོ། །འདྲི་བ་པོ་སློབ་དཔོན་ཟླ་བའི་ལུགས་ཀྱི་སྟོང་པ་ཉིད་ཁོ་ན་ཐུགས་ལ་འཚངས་མོད། རྒྱ་བོད་དུ་བྱོན་པ་གཞན་དག་ནི་དེ་འདྲ་དེ་ལ་མཚན་འཛིན་བཀག་པའི་དང༌། ཕུང་པོ་རྣམ་དཔྱད་ཀྱི་དང༌། བེམས་པོའི་སྟོང་པ་ཉིད་ཅེས་བཤད་ནས། སྒོམ་པས་ཉམས་སུ་མྱོང་བྱ་དངོས་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ཞིག་ལ་བཞེད་པའི་ཕྱིར་ན་ཀླན་ཀ་དེ་དག་གིས་སྐབས་རྙེད་པ་མ་ཡིན་ནོ། །མདོར་ན་ཁྱེད་ཀྱི་བཞེད་པ་འདི་ནི་སྦྱོར་དུས་ཀྱི་སྤོང་བའི་འདུ་བྱེད་བརྒྱད་པོ་སྒོམ་གྱི་དངོས་གཞིར་འཆད་པ་དང༌། རྟོག་དཔྱོད་སོགས་བསམ་གཏན་གྱི་ཡན་ལག་རྣམས་བསམ་གཏན་གྱི་དངོས་གཞིར་འཆད་པ་དང༌། བསམ་བྱུང་གི་ཤེས་རབ་སྒོམ་བྱུང་དངོས་སུ་ལུང་རིགས་ཀྱིས་བསྒྲུབས་པ་ཉིད་ཀྱི་ཕྱིར་ན་གངས་ཅན་གྱི་སྒོམ་ཆེན་པ་རྣམས་ལ་ལྷག་བསམ་རབ་ཏུ་དཀར་བ་མ་ཡིན་ནོ། །ལྟ་སྒོམ་དངོས་གཞིའི་དྲི་བ་ལས་བརྩམས་པའི་ལན་དུ་བྱ་བ་སྟེ་ལེའུ་ལྔ་པའོ།།  །།ཡང་འདི་སྐད་ཅེས། སྒོམ་ཆེན་པ་ལ་འཕྲོ་བ་སྒོམ་དུ་འགྲོ་བའི་མན་ངག་ཡོད་ཟེར་ཏེ། དེ་ལྟ་ན་རྒོད་པ་ཡང་དེར་འགྱུར། དེ་ལྟ་ན་ཞི་གནས་ཀྱི་སྐྱོན་དུ་འཆད་པ་དང་འགལ་ཏེ། ཞི་གནས་ཀྱི་སྐྱོན་གང་ཡིན་སྒོམ་དུ་འགྱུར་བས་སོ། །ཡང་འཇོག་སྒོམ་གྱི་ཚེ་དམིགས་པ་གཅིག་ལ་སེམས་འཇོག་གམ་མི་འཇོག འཇོག་ན་དམིགས་བཅས་སུ་འགྱུར། མི་འཇོག་ན་འཇོག་སྒོམ་དུ་འགལ། དམིགས་ཡུལ་མི་དགོས་པར་སེམས་ཁོ་རང་བཙེན་ནེ་འཇོག་ན་དེ་འདྲ་སྒོམ་ཡང་དག་ཏུ་གང་ནས་བཤད། ཧཱ་ཤང་གི་སྒོམ་དང་ཁྱད་པར་མ་མཐོང་ངོ༌། །ཞེས་གསུང༌། དང་པོའི་ལན་ནི། འཕྲོ་བ་དང་རྒོད་པ་ཙམ་དུ་མ་ཟད། རྟོག་པ་ཇི་སྙེད་པ་སྒོམ་དུ་འགྲོ་བའི་མན་ངག་ནི། རྟོག་པ་སྔ་མ་དེའི་ངོ་བོ་ལ་རྟོག་པ་ཕྱི་མ་ཞིག་གིས་བལྟས་པའི་ཚེ། སྔ་མ་དེ་ཡུལ་ལ་འཇུག་པ་རྒྱུན་ཆད་ནས་གསལ་རིག་ཙམ་དུ་འཆར་བའོ། །དེར་མ་ཟད་ཕྱི་རོལ་གྱི་ཡུལ་གང་ལ་བལྟས་ཀྱང་མན་ངག་གིས་ཟིན་པའི་ཚེ་སྒོམ་དུ་འཆར་བ་ཡིན་ཏེ། ཡུལ་ཇི་ཙམ་རྒྱ་ཆེ་བ་ཙམ་གྱིས་སྒྱུ་མའི་འཆར་ཚུལ་རྒྱ་ཆེ་བ་དང༌། ཐམས་ཅད་ཀྱང་གསལ་རིག་ཙམ་དུ་འཆར་བས་སོ། །ཐབས་ཀྱིས་མ་ཟིན་པའི་ཚེ་ནི་འཕྲོ་བ་དང་རྒོད་པས་ཞི་གནས་ཀྱི་རྒྱུན་གཅོད་པར་བྱེད། ཕྱི་རོལ་ཡུལ་གྱི་སྣང་བས་མཉམ་གཞག་ལས་ལྡང་བར་བྱེད་དོ། །འཇོག་སྒོམ་ལ་དམིགས་མེད་ཀྱིས་ཁྱབ་པ་ནི་སུས་ཀྱང་མི་འཛིན་ལ། འཛིན་མེད་དུ་འཇོག་པ་བསྒོམ་དུ་འགྲོ་བ་ནི། ཇི་སྐད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་བཤད་པ་དེ་ཉིད་ཡིན་ལ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཚེ། ཁྱེད་རང་ལྟར་ན་ཡང་དབུ་སེམས་གཉིས་ཀས་མཐུན་པར་ཁས་ལེན་པའི་འགོག་པའི་སྙོམས་འཇུག་ཞིག་ཀྱང་མི་འདོད་དམ། རྟོག་པ་བཀག་པའི་མྱོང་བ་གསལ་རིག་ཙམ་སྒོམ་ཡང་དག་ཏུ་མི་འདོད་ན། གསང་བ་འདུས་པ་ལས་འབྱུང་བའི་འོད་གསལ་བའི་རིམ་པ་དོན་དམ་པའི་བདེན་པར་ཁས་ལེན་པ་དང་འགལ་ལ། དེ་ཡང་མེད་པར་དགག་པ་ཉིད་དུ་ནི་ཁྱེད་ཀྱང་མི་འདོད་ལ། འདོད་པ་ལྟར་ན་ནི་བར་དོའི་ཤེས་པ་དང་པོའི་ཉེར་ལེན་དང་ཟུང་འཇུག་གི་རིམ་པའི་དངོས་རྒྱུ་འཆད་པར་མི་ནུས་སོ། །གཞན་ཡང་མྱོང་བ་གསལ་རིག་གི་ཆ་དོན་དམ་པའི་བདེན་པ་དངོས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་ལས་གསལ་བར་གསུངས་པ་ཡིན་ལ། རྒྱ་བོད་ཀྱི་མན་ངག་གི་གཞུང་མཐའ་དག་ནི་བཀའ་འཁོར་ལོ་གསུམ་པའི་གཞུང་འགྲེལ་ཉིད་སོར་བཞག་པ་ཡིན་མོད། ཁྱེད་ཅག་གིས་ནི་དེ་ཐམས་ཅད་སེམས་ཙམ་དུ་བཤད་པས་ནོངས་པ་ཡིན་ནོ། །ཡང་ཇི་སྐད་དུ། ཁྱེད་འདོད་པའི་ཕྱག་རྒྱ་ཆེན་པོ་དེ་ཀླུ་སྒྲུབ་ཀྱི་ལྟ་སྒོམ་དང་མཐུན་ནམ་མི་མཐུན། མཐུན་ན་དེའི་གཞུང་ནས་བཤད་པ་ལྟར་མི་སྒོམ་པ་ཅི། མི་མཐུན་ན་ཁྱི་ལ་སེང་གེར་བཏགས་པ་དང་འདྲ། སེམས་སུ་མ་ཟད་ཡུལ་ཀུན་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ནས་ལྟ་བ་ནི་ཁྱེད་ལ་མི་འདུག་མ་དཔྱད་པར་ལྟ་བ་ནི་ཀུན་རྫོབ་ཀྱི་ལྟ་ཚུལ་ལས་མ་འདས་པས་ན། ལྟ་ཚུལ་དེས་ནི་ཆོས་སྐུ་ལྟ་ཞོག སྟོང་པ་ཉིད་རྟོགས་པ་མི་སྲིད་དོ་ཞེས་སྨྲས་ན་ལན་ཅི་གདའ། ཞེས་གསུང་ངོ༌། །དེའི་ལན་ནི་ཀླུ་སྒྲུབ་ཀྱི་ལྟ་བ་ལ་འཆད་ཚུལ་གཉིས་སྣང་སྟེ། རིགས་ཚོགས་སུ་སྤྲོས་པ་མཐའ་བཀག་པའི་མེད་པར་དགག་པ་ལ་གནས་སྐབས་ངེས་དོན་དུ་བཤད་པ་གཅིག་དང༌། གསང་བ་འདུས་པར་སེམས་ཀྱི་རྡོ་རྗེ་ལ་བཤད་པའོ། །སྟོང་པ་ཉིད་ཀྱི་འཆད་ཚུལ་ཡང་གཉིས་ཏེ། མེད་པར་དགག་པ་ཉིད་དུ་བཤད་པ་དང༌། མ་ཡིན་དགག་ཏུ་ཡང་བཤད་པའོ། །དང་པོ་དེ་དག་ནི་ཐོས་བསམ་གྱིས་བཙལ་བ་ཡིན་ལ། ཕྱི་མ་དེ་དག་ནི་སྒོམ་པས་ཉམས་སུ་མྱོང་བྱའོ། །རྗེ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ནི། སྟོང་ཉིད་ཀྱི་འཆད་ཚུལ་སྔ་མ་དང་མི་མཐུན་ཏེ། ཇི་སྐད་དུ། ངའི་ཕྱག་རྒྱ་ཆེན་པོ་འདི་ལ་ནི། ཆེན་པོ་གསུམ་གྱིས་མ་རེག་ཅེས་འཆད་པའི་ཕྱིར་དང༌། དེའི་ཤེས་བྱེད་ཀྱང་ཐོས་བསམ་གྱིས་བཙལ་ན་བློས་བྱས་ཀྱི་སྟོང་པར་འགྱུར་ཞེས་འཆད་པའོ། །རིགས་ཚོགས་ཀྱི་སྟོང་ཉིད་དང་མ་མཐུན་པས་ཕྱག་རྒྱ་ཆེན་པོར་མི་འགྲོ་ན། གསང་སྔགས་བླ་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཅི་ལ་དགོངས། དེ་ཡང་མེད་དགག་ཏུ་འདོད་ན་ནི། ཧ་ཅང་ཐལ་བ་མང་ངོ༌། །ཡང་འདི་སྐད་དུ། དོན་དམ་དཔྱོད་ཀྱི་རིགས་པས་རྣམ་རྟོག་གི་ངོ་བོ་ལ་བརྟགས་པ་ན་དེའི་གནས་ཚུལ་ཞིག་རྙེད་འོང་བ་དེ་སྟོང་པ་ཉིད་དང་བདེ་བར་གཤེགས་པའི་སྙིང་པོ་ཡིན་ཞེས་སྨྲས་ན་ལན་ཅི་གདའ། མདོར་ན་ཀླུ་སྒྲུབ་ཞབས་ཀྱིས་བཤད་པའི་སྟོང་ཉིད་ལས་གཞན་པའི་ངེས་དོན་འདི་འདྲ་ཅིག་ཡིན་ཞེས་བརྒྱ་ཕྲག་སྨྲས་སུ་ཟིན་ཀྱང་ལྟ་བ་ནོར་ཞེས་སྨྲས་ན་ལན་ཅི་གདའ། ཞེས་གསུང༌། དྲི་བ་དང་པོའི་ལན་ལ། དངོས་དང༌། འཕྲོས་པའོ། །དང་པོ་ནི། ཕྱག་རྒྱ་བས་ཀྱང་དེ་ལྟར་ཁས་བླངས་ན་གནོད་པ་ཅི་ཞིག་འབྱུང༌། དེའི་ཚེ་རྟོག་པའི་གནས་ཚུལ་བསྒོམ་བྱར་འགྲོ་བ་ཡིན་གྱི། རྟོག་པ་བསྒོམ་བྱར་སོང་བ་མ་ཡིན་ཞེས་གསུང་བ་ལས་འོས་མི་འདུག་པས། ཤེས་བྱེད་དེ་ཉིད་ཀྱིས་ན་དེ་གྲུབ་པ་ཡིན་ཏེ། དེའི་ཚེ་ན་རྟོག་པའི་གནས་ཚུལ་ལས་མ་གཏོགས་པའི་རྟོག་པ་མི་རྙེད་པའི་ཕྱིར། ཕྱག་ཆེན་པས་རྟོག་པ་དེའི་ངོ་བོ་ལ་བལྟས་པའི་ཚེ། ཀུན་རྫོབ་ཀྱི་རྟོག་པ་མ་མཐོང་ཞིང༌། དོན་དམ་པའི་རྟོག་པ་རྙེད་པ་ཡིན་ལ། མཉམ་གཞག་གི་ངོ་ན་དོན་དམ་པའི་རྟོག་པ་ཁོ་ན་ལ་རྟོག་པ་ཞེས་ཟེར་བ་ཡིན་ཏེ། དོན་དམ་པའི་སེམས་ཅན་དང་སངས་རྒྱས་བཞིན་ནོ། །གཉིས་པ་ནི་རྟོག་པའི་ངོ་བོ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཇི་ཙམ་དཔྱད་ཀྱང༌། དེའི་གནས་ལུགས་ཡིན་ངོ་ཤེས་པ་གསལ་རིག་གི་ཆ་དེ་ནི་དེས་མི་རྙེད་ལ། དེས་རྙེད་པའི་སྟོང་ཉིད་མེད་དགག་གི་ཆ་དེ་ནི་དེའི་གནས་ལུགས་མ་ཡིན་ཏེ། དེའི་གནས་ལུགས་མཐོང་བའི་མངོན་སུམ་གྱི་སྤྱོད་ཡུལ་དུ་མི་རུང་བའི་ཕྱིར། རིག་ཤེས་དེ་ཡང་རྟོག་པ་ཉིད་ཀྱིས་ན་འཁྲུལ་བའི་ཕྱིར་གནས་ལུགས་མཐོང་བའི་བློར་མི་རུང་ངོ༌། །སྟོང་ཉིད་མེད་དགག་གི་ཆ་བདེ་གཤེགས་སྙིང་པོར་འཆད་པ་ནི་སྙིང་པོར་མེད་པ་ལ་སྙིང་པོར་སྒྲོ་བཏགས་ནས་དེ་ལྟར་འཆད་པ་རྔོག་ལོ་ཙཱ་བ་ཆེན་པོའི་ལུགས་ཡིན་གྱི། ངེད་ཕྱག་རྒྱ་བ་དེ་ལྟར་མི་འདོད་དོ་ཞེས་ཟེར་བ་བྱུང་ན་དེ་བས་ཀྱང་ལན་ཅི་གདའ། དྲི་བ་གཉིས་པའི་ལན་ནི། དབུ་མ་རིགས་ཚོགས་ཀྱི་སྟོང་ཉིད་ལས་གཞན་པའི་སྟོང་ཉིད་ཀྱི་འཆད་ཚུལ་ཇི་སྙེད་པ་ནོར་པར་ཁས་ལེན་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སྐུར་པ་བཏབ་བོ། །མ་ཡིན་ཏེ། དེའི་ངོས་འཛིན་རིགས་ཚོགས་ཀྱི་སྟོང་ཉིད་ལ་འཆད་པས་སོ་ཞེ་ན། དེ་ལྟར་འཆད་པ་ནི་ཁྱེད་ཉིད་ལས་སྔོན་དུ་གཞན་བྱོན་པ་མེད་པས་དེ་ལྟར་འཆད་པའི་རྩོད་བྲལ་གྱི་ལུང་ཁུངས་དང་དཔང་པོ་སྟོན་པར་རིགས་སོ། །ཡང་ཇི་སྐད་དུ། ཕྱག་རྒྱ་བ་ཁ་ཅིག་ནི་རྟོག་པ་བཟང་ངན་ཅི་སྐྱེས་ཀྱང་དགག་རྒྱུ་ཡིན་ཟེར་བ་དང༌། ཁ་ཅིག་ནི་དེ་མ་ཡིན། རྟོག་པ་ཇི་ཙམ་མང་བ་ཙམ་གྱིས་ཉམས་རྟོགས་ཀྱང་མང་བ་ཡིན་ཟེར་བའི་ཚན་པ་གཅིག་སྟེ་དེ་གཉིས་ཀྱང་འགལ་བ་ལྟག་སྤྲོད་དོ། །ཡང་ཁ་ཅིག་རྟོག་པ་ཐམས་ཅད་མ་རིག་པ་ཡིན་ཟེར་བའི་ཚན་པ་གཅིག་དང༌། རྣམ་རྟོག་ཆོས་སྐུ་ཡིན་ཟེར་བའི་ཚན་པ་གཅིག་སྟེ་དེ་ཡང་འགལ་བ་ལྟག་སྤྲོད་དོ། །ཡང་ཁ་ཅིག་སེམས་འདི་འཕྲོས་པའི་ཚེ་འཁོར་བ་དང༌། མ་འཕྲོས་པའི་ཚེ་མྱང་འདས་སུ་གནས་ཟེར་བ་དང༌། ཁ་ཅིག་རྣམ་རྟོག་གི་ཕྲེང་བ་ལ། ཅེར་གྱིས་བལྟས་པའི་ཚེ་ཆོས་སྐུར་ལམ་ལམ་འཆར་ཟེར་ཏེ། དེ་གཉིས་ཀྱང་འགལ་བ་ལྟག་སྤྲོད་དོ། །ཞེས་གསུངས། ལན་ནི། ཐ་སྙད་དུ་ཟེར་མཁན་མི་གཅིག་པ་ལ་འགལ་བ་ལྟག་སྤྲོད་ག་ལ་འོང༌། ཞེ་འདོད་ནི་ལྟ་བའི་ཚེ་རྟོག་པ་ཇི་སྙེད་པ་སྤང་བྱ་ཡིན་ཏེ། རྒྱན་རྩ་འགྲེལ་དུ་གཉེན་པོའི་རྟེན་ཅན་གྱི་རྟོག་པ་དང༌། བཏགས་འཛིན་གྱི་རྟོག་པ་གཉིས་ཀ་སྤང་བྱར་བཤད་པ་བཞིན་ནོ། །དེ་ཡང་འདི་ལྟར། ཀུན་ནས་ཉོན་མོངས་ཀྱི་རྟོག་པ་སྤོང་བའི་ཚེ་རྣམ་བྱང་གི་རྟོག་པ་ངང་གིས་སྐྱེ་ཡང༌། དེ་ལ་བླང་བྱར་ཞེན་པ་མ་ཡིན། རྫས་འཛིན་རྟོག་པ་སྤོང་བའི་ཚེ་བཏགས་འཛིན་རྟོག་པ་ངང་གིས་སྐྱེ་ཡང་དེ་ལ་བླང་བྱ་ཉིད་དུ་ཞེན་པར་མི་བྱ་སྟེ། དེ་ལྟར་བྱས་ན་གསོར་མི་རུང་བའི་དུག་ཏུ་གསུངས་པས་སོ། །དེ་ལྟ་ན་ཡང་རྟོག་པ་སྔ་མ་ངན་ཤོས་དེ་དང་འཛིན་སྟངས་དངོས་སུ་འགལ་བས་ན་ཕྱི་མ་ལ་བཟང་རྟོག་ཅེས་བཏགས་སོ། །རྟོག་པ་ཇི་སྙེད་པ་ལ་ཐབས་ཀྱིས་ཟིན་ན་རང་བཞིན་ཆོས་སྐུར་འཆར་བ་ཡིན་ཏེ། དབུ་མའི་རིགས་པས་བརྟགས་པ་ན་སྟོང་པ་ཉིད་དང༌། མན་ངག་པའི་ལྟ་ཚུལ་གྱིས་ལྟས་པ་ན་གསལ་རིག་ཏུ་འཆར་ལ། དེ་གཉིས་ཀ་ལ་ཡང་རང་བཞིན་ཆོས་སྐུའི་ཐ་སྙད་མདོ་རྒྱུད་ན་ཡོད་པས་སོ། །དྲི་བ་ཕྱི་མ་གཉིས་ཀྱི་ལན་ཡང་འདི་ལྟར། སེམས་ཀྱི་གནས་ཚུལ་རང་བཞིན་མྱང་འདས་སུ་གནས། གཉིས་སྣང་ཅན་ལ་འཁོར་བར་སྣང་བ་དང༌། འཕགས་པས་མྱང་འདས་སུ་གཟིགས། བྱིས་པས་འཁོར་བར་མཐོང་བ་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་དང༌། དབུ་མ་ལས། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་དང༌། མདོ་རྒྱུད་གཉིས་ཀ་ལས་ཀྱང་འཁོར་འདས་དབྱེར་མེད་ཀྱི་རྣམ་གཞག་གསལ་བར་གསུངས་སོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་རྣམ་རྟོག་མ་རིག་པར་འཆད་པ་དང༌། དོན་དམ་པའི་རྣམ་རྟོག་ཆོས་སྐུར་འཆད་པ་ལ་འགལ་འདུས་ཡོད་པ་མ་ཡིན་ཏེ། སྔ་མ་ནི་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་དང༌། ཕྱི་མ་ནི་རིག་པ་ཡེ་ཤེས་དངོས་སུ་འཆད་པའི་ཕྱིར། དཔེར་ན། ཀུན་རྫོབ་པའི་སེམས་ཅན་འཁོར་བ་དང༌། དོན་དམ་པའི་སེམས་ཅན་ཁམས་བདེ་བར་གཤེགས་པའི་སྙིང་པོར་འཆད་པ་བཞིན་ནོ། །ཡང་འདི་སྐད་དུ། གཞན་ཡང་ཆོས་ཐམས་ཅད་བདེན་པར་མེད་ཅེས་ཟེར་བ་ཅིག་ཐམས་ཅད་ཀྱི་ཞལ་ནས་རླུང་འཕྱོ་བ་བཞིན་དུ་འོང་གིན་འདུག་པ་ལ་འདི་འདྲི་སྟེ། ཆོས་ཐམས་ཅད་རེ་ཞིག་ཞོག དང་པོར་གང་ཟག་རང་རེ་བདེན་པར་མེད་པའི་དོན་དེ་གང་ལ་བྱེད། བདེན་པར་གྲུབ་སྲིད་ན་ཅི་འདྲ་ཞིག་འོང་རྒྱུ་ཡིན། དཔེར་ན་རི་བོང་གི་མགོ་ལ་རྭ་མི་སྲིད་མོད། རྒྱ་གལ་ཏེ་སྲིད་ན་འཆགས་ལུགས་འདི་ཙམ་ཞིག་འོང་རྒྱུ་ཡིན་སྙམ་པ་བློ་ལ་འཆར་དགོས་པ་བཞིན་དུ། བདེན་པར་གྲུབ་པའི་འཆགས་ལུགས་ཀྱང་འདི་འདྲ་ཞིག་འོང་རྒྱུ་ཡིན་སྙམ་པ་དགོས་པ་དེ་གང༌། ང་བདེན་སྙམ་དུ་འཛིན་པ་འདི་ཀ་ལ་བྱེད་སྙམ་ན། འོ་ན་ང་བདེན་མེད་དུ་བསྒོམ་ལུགས་ཀྱང་ང་མི་བདེན་སྙམ་པ་འདི་ཀ་ལ་བྱེད་པར་སོང་ལ། དེ་གཉིས་ཀ་ནི་རྒྱུ་མཚན་གང་ལ་ཡང་མ་བརྟེན་པའི་མོས་མནོས་ཙམ་ཡིན་ནོ། །འོན་ཏེ་གང་དུ་ཡང་མ་གྲུབ་པ་དེ་བདེན་མེད་ཀྱི་དོན་ཡིན་སྙམ་ན། འོ་ན་དེར་ལྟ་བ་ནི་ཆད་ལྟ་ཡིན་པས་དོར་རྒྱུ་ཡིན་ནོ། །ཞེས་གསུང་ངོ༌། །དྲི་བ་འདི་ནི་སྒོམ་ཆེན་པ་ལ་ཁྱད་གསོད་ཡིན་མོད་ཀྱང༌། རྒྱ་བོད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀུན་ཀྱང་ཁྱད་དུ་གསོད་པ་ཡིན་ཏེ། དགག་བྱ་བདེན་གྲུབ་ངོས་མ་ཟིན་ན་བདེན་མེད་ངོས་ཟིན་པ་མི་སྲིད་ཅེས་པ་འདི། འདྲི་བ་པ་ཁོ་ནའི་ལེགས་བཤད་གསར་བྱུང་དུ་སྣང་བའི་ཕྱིར་རོ། །འདི་ལ་གཉིས་ཏེ། དེ་ལྟར་མི་འཐད་པ་དངོས་དང༌། ཆད་ལྟ་ངོས་མ་ཟིན་པའི་ཉེས་པའོ། །དང་པོ་ནི། བདེན་གྲུབ་ངོས་འཛིན་པ་བས་བདེན་མེད་ངོས་འཛིན་པ་ཆེས་སླ་བ་ཡིན་ཏེ། བདེན་མེད་ནི་ཚད་མས་འགྲུབ་ལ། ཅིག་ཤོས་ཚད་མས་འགྲུབ་པ་མི་སྲིད་པའི་ཕྱིར། རི་བོང་གི་མགོ་ལ་རྭ་ངེས་པ་ལས་རྭ་མེད་ངེས་པ་ཆེས་སླ་བ་ཡིན་ནོ། །དགག་བྱ་ངེས་པ་སྔོན་དུ་འགྲོ་དགོས་པ་འདི་ལ་ཁུངས་ཐུབ་ཀྱི་ལུང་ཡོད་པ་མིན་ལ། སྤྱོད་འཇུག་ཏུ་བརྟགས་པའི་དངོས་ལ་མ་རེག་པར། ཞེས་སོགས་འདྲེན་མོད། དེའི་དོན་ནི། བདེན་པར་ཡོད་མེད་གཉིས་ལས། གཅིག་མེད་ན་ཅིག་ཤོས་ཀྱང་མེད་པས་ན་གཉིས་ཀ་མི་འགྲུབ་པའི་ལུང་ཡིན་ལ། དེ་ལྟར་ན་ནི་ཁྱེད་ཀྱིས་མི་འདོད་པས་སོ། །དེ་ཡང་མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་པ་དང་དོན་གཅིག་ཅིང༌། བདེན་མེད་ཚད་མས་མ་ཤེས་པར་བདེན་པར་གྲུབ་ན་འདི་ལྟ་བུ་ཞེས་ཀྱང་སྟོན་ནུས་པ་མ་ཡིན་ཏེ། བུམ་པ་ལྟ་བུ་ཚད་མས་དམིགས་པའི་ཚུལ་ངོ་མ་ཤེས་ན་དེ་མེད་པ་གང་ལ་ཟེར་མི་ཤེས་པ་བཞིན་ནོ། །དངོས་ལན་ནི། ཆོས་ཐམས་ཅད་བདེ་བར་མེད་ཅེས་པ་ལ་འཆད་ཚུལ་གཉིས་ཏེ། ཐོགས་མེད་སྐུ་མཆེད་ནས་བརྒྱུད་པ་དང༌། ངོ་བོ་ཉིད་མེད་པ་པ་ནས་བརྒྱུད་པའོ། །དང་པོ་ལྟར་ན། ཀུན་བརྟགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་པའོ། །གཉིས་པ་ལྟར་ན། ཤེས་བྱ་ཇི་སྙེད་པ་རང་གི་ངོ་བོས་སྟོང་པའོ། །ལུགས་ཕྱི་མ་འདིར་ཡང༌། ཤེས་བྱ་ཇི་སྙེད་པ་ལ་རང་གི་ངོ་བོ་ཀུན་རྫོབ་པ་དང༌། དོན་དམ་པ་གཉིས་ལས། གནས་སྐབས་སུ་དང་པོས་སྟོང་ལ། མཐར་ནི་རང་གི་ངོ་བོ་གཉིས་པས་ཀྱང་སྟོང་པ་ཡིན་ཏེ། དཔེར་ན་ལྟ་བའི་ཚེ་གནས་སྐབས་སུ་གཟུགས་གཟུགས་ཀྱིས་སྟོང་ལ་གཟུགས་ཀྱི་ཆོས་ཉིད་ཀྱིས་མི་སྟོང་བ་དང༌། མཐར་ནི་ཆོས་ཉིད་དེ་ཡང་ཁོ་རང་གིས་སྟོང་པས་ན་དེ་ཡང་ཡོད་པ་མ་ཡིན་པའོ། །འདྲི་བ་པོའི་བསམ་པ་ནི། ཆོས་ཐམས་ཅད་ཚད་གྲུབ་ཏུ་ཁས་བླངས་ནས། དེའི་སྟེང་དུ་དགག་བྱ་བདེན་གྲུབ་ཅེས་བྱ་བ་ཚད་མ་གང་གིས་ཀྱང་མི་འགྲུབ་པ་ཞིག་གིས་སྟོང་བ་དེ། ཀླུ་སྒྲུབ་ཞབས་ཀྱི་སྟོང་པའི་ངོས་འཛིན་དུ་འཆད་པ་ཡིན་མོད། དེ་ནི་གཞན་སྟོང་གི་ནང་ནས་ཀྱང་ཐ་ཤལ་ཞིག་སྟེ། ཆོས་ཅན་གཞན་དབང་དང་ཡོངས་གྲུབ་ཀྱི་སྟེང་དུ། དགག་བྱ་ཀུན་ཏུ་བརྟགས་པའི་ཕྱོགས་གཅིག་གིས་སྟོང་པ་ལ་མྱོང་བ་གོ་ཆོད་པར་ཁས་བླངས་པའི་ཕྱིར་རོ། །དེ་བས་ན་ཆོས་དང་གང་ཟག་གཉིས་ཀ་ཡང་བདེན་པར་མེད་པའི་དོན་ནི་རང་གི་ངོ་བོས་སྟོང་པ་སྟེ། ཆོས་ཀྱང་ཆོས་སུ་མ་གྲུབ་ཅིང༌། གང་ཟག་གང་ཟག་ཏུ་མ་གྲུབ་པའོ། །གཉིས་པ་ནི། དེ་ལྟར་ཁས་བླངས་ཀྱང་ཆད་པའི་ལྟ་བར་སོང་བ་མ་ཡིན་ཏེ། ལྟ་བའི་ཚེ་དེ་གཉིས་ཀ་ཡང་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར། ཉེས་པ་དེ་ནི་ཁྱེད་ལ་འཇུག་སྟེ། ཆོས་ཐམས་ཅད་སྔར་ཡོད་པར་ཁས་བླངས་ནས། ཕྱིས་རིགས་པས་དཔྱད་པའི་ཚེ་ཚད་མས་མི་འགྲུབ་པར་ཁས་བླངས་པའི་ཕྱིར་རོ། །ཁོ་བོ་ཅག་ལྟར་ན་སྤྱོད་པ་སྦྱིན་སོགས་ལ་སློབ་པའི་ཚེ། རིགས་པས་དཔྱད་པའི་སྟོང་པ་ཉིད་ཁས་བླངས་ན་ཆད་པར་འགྱུར་ཏེ། ཇི་སྐད་དུ། དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཅེས་སོ། །དེ་ལྟ་ན་ཡང་རྣམ་ཤེས་ཀྱི་ངོར་སྣང་ཆ་མདོར་བའི་ངང་ནས་བླང་དོར་ལ་འཇུག་པ་དང༌། ཡེ་ཤེས་ཀྱི་ངོར་ཅི་ཡང་མི་དམིགས་པའི་ཤེས་རྒྱུད་གཅིག་ལ་ཅིག་ཆར་དུ་ཞུགས་པ་དེའི་ཚེ་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་སོགས་སུ་འཇོག་པ་ཡིན་ནོ། །ཡང་འདི་སྐད་དུ། གང་ལ་ཡང་བདེན་པར་མི་འཛིན་པ་དང༌། བདེན་མེད་དུ་འཛིན་པ་ལ་ཁྱད་པར་ཡོད་དམ་མེད། མེད་ན་ཕུང་གསུམ་མི་སྲིད་པར་འགྱུར། ཡོད་ན་ཁྱད་པར་དེ་གསུངས་ཤིག ཅེས་དང༌། ཁ་ཅིག་སེམས་ལ་བལྟས་པའི་ཚེ་དབྱིབས་དང་ཁ་དོག་གང་དུ་ཡང་མ་གྲུབ་པར་མཐོང་བ་ན་སེམས་མཐོང་བ་ཡིན་ཞེས་དང༌། དེའི་ཚེ་སེམས་མ་གྲུབ་པར་མཐོང་བ་ཡིན་ཞེས་དང༌། དེའི་ཚེ་སེམས་ཀྱི་ཆོས་ཉིད་མཐོང་བ་ཡིན་ཞེས་ཟེར། དེ་དག་ལ་གནོད་བྱེད་རིམ་པ་བཞིན་དུ། རྭ་རྣོ་ལ་རིང་བ་དེ་རྟ་དང་བོང་བུའི་མགོ་གང་རུང་ལ་མ་མཐོང་བ་དེའི་ཚེ་རྭ་མཐོང་བར་ཐལ་བ་དང༌། དེའི་ཚེ་རྭའི་ཆོས་ཉིད་མཐོང་བར་ཐལ་བ་དང༌། ཁྱི་དེ་སེང་གེ་དང་ཝཱ་གང་དུ་ཡང་མ་མཐོང་བའི་ཚེ་ཁྱི་མ་གྲུབ་པ་ཉིད་དུ་མཐོང་བར་ཐལ་ལོ། །དེ་ལྟར་མཚུངས་པའི་ཤེས་བྱེད་ནི་སེམས་མཐོང་ན་ཁ་དོག་དང་དབྱིབས་གང་རུང་དུ་མཐོང་མི་དགོས་པ་དང༌། དབྱིབས་དང་ཁ་དོག་གང་རུང་དུ་མ་གྲུབ་པ་དེ་སེམས་ཀྱི་ཆོས་ཉིད་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས། ལན་ལ་གཉིས་ཏེ། དྲི་བ་དང་པོའི་ལན་དང༌། ཕྱི་མ་གསུམ་གྱི་ལན་ཕྱོགས་གཅིག་ཏུ་བཏབ་པའོ། །དང་པོ་ལ། དྲི་བའི་བསམ་པ་ནི། བོད་ཀྱི་བསམ་གཏན་པ་དག་ལ་བདེན་གྲུབ་ཏུ་མི་འཛིན་ཙམ་ཡོད་ཀྱང༌། བདེན་མེད་དུ་འཛིན་པ་ནི་མེད་དེ། འཛིན་པ་ཐམས་ཅད་སྤང་བྱ་ཡིན་པ་དང༌། བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་ཡང་མི་སློབ་པས་སོ། །དེ་མེད་ན་ནི་བདེན་མེད་གང་གིས་སོང་སྙམ་དུ་བསམ་པའོ། །ལན་ནི། བདེན་གྲུབ་རིགས་པས་བཀག་པ་དེ་བདེན་མེད་ཀྱི་འཛིན་པ་སྐྱེ་བའི་ཕྱིར་མ་ཡིན་ཏེ། ཡིན་ན་སྨན་དུག་ཏུ་སོང་བ་དང་འདྲ་བའི་ཕྱིར་དང༌། དབུ་མའི་རིགས་པས་མ་ཡིན་དགག་བསྒྲུབ་བྱར་བྱེད་པ་ཉིད་དུ་ཐལ་བའི་ཕྱིར་དང༌། བདེན་མེད་ཀྱི་འཛིན་པ་ཤར་ན་དེ་ཡང་ཇི་སྐད་དུ། མི་སྟོང་ཅུང་ཟད་ཡོད་མིན་ན། །ཞེས་སོགས་ཀྱི་རིགས་པས་འགོག་དགོས་པའི་ཕྱིར་རོ། །མདོར་ན་དགག་བྱ་བཀག་པ་ལས་ལོགས་སུ་བསྒྲུབ་བྱ་མི་སྒྲུབ་པ་ནི་དབུ་མ་ཐལ་འགྱུར་བ་དག་གི་ལུགས་སུ་སྨྲའོ། །གཉིས་པ་ལ། ལུང་གིས་མི་གནོད་པ་དང༌། རིགས་པ་དང་མི་འགལ་བའོ། །དང་པོ་ནི། སེམས་ཀྱི་ངོ་བོ་སྟོང་པ་ཉིད་གཏན་ལ་འབེབས་པའི་ཚེ། མདོ་དང་བསྟན་བཅོས་མཐའ་དག་ལས་དབྱིབས་དང་ཁ་དོག་སོགས་སུ་མ་གྲུབ་པ་ཉིད་མགྲིན་གཅིག་ཏུ་གསུངས་པ་ཡིན་ཏེ། དཔེར་ན་བྱང་ཆུབ་སེམས་འགྲེལ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། དབུ་མའི་མན་ངག་ལ་སོགས་པ་དག་བཞིན་ནོ། །སེམས་ཀྱི་སྟོང་ཉིད་གཏན་ལ་འབེབས་ཚུལ་ཡང་གཉིས་ཏེ། ཞེན་པ་འགོག་པའི་ཕྱིར་ནི་རང་སྟོང་གི་རིགས་པས་འབེབས་ལ། གསལ་རིག་ཙམ་མྱོང་བྱར་བསྟན་པའི་ཕྱིར་ནི་གཞན་སྟོང་གི་རིགས་པས་གཏན་ལ་འབེབས་སོ། །དེ་དག་ཀྱང་རིམ་པ་བཞིན། ཇི་སྐད་དུ། གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་དང༌། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་ལུང་གི་དོན་ནི་གཞན་སྟོང་གི་འཆད་ཚུལ་ལྟར། སེམས་ཀྱི་ངོ་བོ་དབྱིབས་དང་ཁ་དོག་སོགས་སུ་གྲུབ་པ་བཀག་ནས། མྱོང་རིག་ཙམ་གྱི་ངོ་བོར་གྲུབ་པ་ཞིག་ཡེ་ཤེས་ཀྱི་མྱོང་བྱར་སྟོན་པ་བཞེད་པ་ཡིན་གྱི། སེམས་རང་སྟོང་དུ་སྒྲུབ་པའི་ཤེས་བྱེད་དུ་དབྱིབས་དང་ཁ་དོག་སོགས་སུ་མ་གྲུབ་པ་བཀོད་པ་ནི་མ་ཡིན་ནོ། །རིགས་པས་མི་གནོད་པ་ནི། སེམས་ཀྱི་ངོ་བོ་གསལ་རིག་ཏུ་མཐོང་བ་ན་སེམས་མཐོང་བ་དང༌། གཟུང་འཛིན་གྱི་སེམས་མ་མཐོང་བ་དང༌། སེམས་ཀྱི་ཆོས་ཉིད་མཐོང་བ་ཡང་ཡིན་ཏེ། ཇི་སྐད་དུ་ཡུམ་ལས། སེམས་ལ་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་སོ། །དེ་ལྟར་ཡིན་དུ་ཆུག་མོད། དབྱིབས་སོགས་སུ་མ་གྲུབ་པས་འོད་གསལ་དུ་མི་འགྲུབ་བོ་ཞེ་ན། མན་ངག་པ་དག སེམས་ཀྱི་ངོ་བོ་ཆོས་ཅན་དུ་བཟུང་ནས་གཏན་ཚིགས་འགོད་པ་མ་ཡིན་གྱི། སེམས་གཞིར་བྱས་པ་ལ་བེམ་པོར་མ་གྲུབ་ན་རིག་ཅིང་གསལ་ཙམ་དུ་གྲུབ་དགོས་པ་ཡིན་ནོ། །ཁྱི་དང་རྭ་རྣོ་ལ་རིང་བ་སོགས་ཀྱི་རིགས་པ་དེ་ཡང་མན་ངག་པའི་སེམས་ཚོལ་གྱི་སྐབས་འདིར་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། སྐབས་དེར་དེ་དག་ཀྱང་ཡོད་པར་ཁས་མི་ལེན་པའི་ཕྱིར་ཏེ། གཟུང་འཛིན་གཉིས་མེད་དུ་གཏན་ལ་འབེབས་པའི་སྐབས་ཡིན་པས་སོ། །གཞན་ཡང་ཁྱེད་ཀྱི་ལྟར་ན། ལུང་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་རྣམ་ཤེས་མིན། །དེ་ལས་གཞན་ན་སྐྱེས་བུ་གང༌། །ཞེས་པས་ཀྱང་སྐྱེས་བུ་མི་ཁེགས་པར་འགྱུར་ཏེ། དེ་དག་ཏུ་མ་གྲུབ་ཀྱང༌། ཁྱེད་ཀྱི་ལྟར་ན་སྐྱེས་བུ་ཉིད་དུ་གྲུབ་དགོས་པའི་ཕྱིར་རོ། །ཡང་འདི་སྐད་ཅེས་འབྱུང་སྟེ། སྒོམ་ཆེན་པ་ཁ་ཅིག་ནི། སེམས་སྐད་ཅིག་གི་ཕྲེང་བ་བརྒྱུད་མར་འབྱུང་བ་འདི་ལ་རང་གི་ངོ་བོ་ཇི་ལྟར་གནས་ཀྱི་ལྟ་ཚུལ་ཞིག་མ་ཡེངས་པར་བྱུང་ན། སྐད་ཅིག་དང་པོ་ལ་རྟོག་པར་སྐྱེས་ཀྱང༌། སྐད་ཅིག་གཉིས་པ་ལ་རྟོག་པ་དང་པོ་དེ་ཆོས་སྐུར་ངོ་འཕྲོད་པ་དང༌། སྟོང་པར་རྟོགས་པ་ཡིན་ཞེས་ཟེར། འོ་ན་ལྟ་ཚུལ་དེ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་ལྟ་ཚུལ་ཡིན་ནམ། གཞན་ཞིག་ཡིན། དང་པོ་ལྟར་ན་རིགས་པས་དཔྱོད་དགོས་ལ། དེ་ནི་ཁྱེད་ལ་མེད། ལྟ་ཚུལ་གཞན་གྱིས་སྟོང་པར་རྟོགས་མི་ནུས། གཞན་ཡང་སྟོང་ཉིད་ཆོས་སྐུར་ངོ་སྤྲོད་པ་འདི་གང་ནས་བཤད། རྟོག་པ་སྐད་ཅིག་དང་པོ་སྐད་ཅིག་གཉིས་པར་རང་ཡལ་དུ་སོང་བ་དེ་མི་རྟག་པའི་ལྟ་ཚུལ་ཡིན་གྱི། སྟོང་ཉིད་ཀྱི་ལྟ་ཚུལ་མ་ཡིན་ཞེས་གསུང་ངོ༌། །ལན་གདབ་པ་ནི། སེམས་ཀྱི་གནས་ལུགས་ལ་དཔྱོད་ཚུལ་ཇི་སྙེད་པ་ཀླུ་གྲུབ་ཀྱི་གཞུང་བཞིན་བྱེད་དགོས་པས་མ་ཁྱབ་སྟེ། བྱམས་པ་ནས་ཐོགས་མེད་ལ་བརྒྱུད་པའི་རིགས་པས་ཚོལ་བ་ཡང་ཡོད། དབང་དང་བྱིན་རླབས་ཀྱིས་རྙེད་པ་ཡང་ཡོད། མན་ངག་གི་ལུགས་སོ་སོ་བ་དག་ལ་ཡང་སྐུར་པ་གདབ་ཏུ་མི་རུང་བའི་ཕྱིར་དང༌། ལྟ་བྱེད་ཀྱི་བློ་ཚད་མ་མ་ཡིན་ཀྱང་རུང༌། རྟོག་པའི་སྐྱེ་འཕྲོ་བཅད་ནས་གསལ་རིག་ཙམ་དུ་འཆར་བའི་རྒྱུན་བྱུང་ན། དེ་ཉིད་ལ་ཆོས་ཀྱི་དབྱིངས་དང་རང་བཞིན་ཆོས་སྐུ་ཞེས་བྱ་སྟེ། ཆོས་དབྱིངས་ཡེ་ཤེས་དང་རང་བཞིན་ཆོས་སྐུའི་ངོས་འཛིན་འདི་ལས་གཞན་དུ་མེད་པའི་ཕྱིར་རོ། །དེ་ལྟར་མཐོང་བའི་བློ་དེ་ཆོས་ཉིད་ལ་རྟོག་བྲལ་མ་འཁྲུལ་བ་ཡིན་ཀྱང༌། རྣལ་འབྱོར་མངོན་སུམ་དུ་བཞག་མི་ནུས་པ་ནི་སོ་སོ་སྐྱེ་བོ་ལ་ཡང་ཡོད་པས་དང༌། མན་ངག་པ་དག་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་ཐ་སྙད་འདོགས་སོ། །སྟོང་ཉིད་གང་ཡིན་མེད་དགག་ཏུ་སེམས་པ་ནི་ཐལ་རང་གི་ལུགས་ཞེ་ཕུགས་སུ་འཚངས་པ་ཡིན་གྱི། འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་ལ་མེད་དོ། །སེམས་གསལ་སྟོང་འཛིན་མེད་ཅེས་པ་དང༌། བདེ་སྟོང་ཟུང་འཇུག་ཅེས་པ་ཡང༌། གསལ་བ་དང་སྟོང་པ་མི་འགོག་པ་གཞིར་བཞག་ནས། དེ་རྣམ་པར་རྟོག་པའི་འཛིན་པས་སྟོང་བ་ལ་ཟེར་བ་ནི་མན་ངག་གི་གཞུང་ཁུངས་ཐུབ་ཀུན་ན་ཡོད་པ་ཡིན་གྱི། ཁྱེད་ཀྱི་བཞེད་པ་ལྟར་ཆོས་ཅན་བདེ་གསལ་གཉིས་པོ་བདེན་པས་སྟོང་བའི་སྟོང་ཉིད་ལ་འཆད་པ་ནི་གློ་བུར་དུ་ལྷགས་པའི་གྲུབ་མཐའ་ཡིན་པ་དང༌། ཟུང་འཇུག་གི་དོན་མ་མཆིས་སོ། །ཁྱེད་ཅག་གིས་ནི་གསལ་སྟོང་སྦྱོར་ལུགས་དང་བདེ་སྟོང་སྦྱོར་ལུགས་ཞེས་བྱ་བའི་ཐ་སྙད་ཐོག་མར་མཛད་ནས། དེའི་དོན་ཡུལ་ཅན་བདེ་བ་དང་གསལ་བ་གཉིས་ཀྱིས་ཡུལ་བདེན་སྟོང་མེད་དགག་གི་ཆ་རྟོགས་པ་ལ་འཆད་པར་འདུག་སྟེ། ཁུངས་ཐུབ་ཀྱི་ལུང་འདྲེན་རྒྱུ་མ་བྱུང་ལ། རིགས་པ་དང་ཡང་འགལ་ལོ། །ཁོ་བོ་ཅག་ལྟར་ན། རྟོགས་རྒྱུ་ཅི་ཡང་མ་བྱུང་བ་ལ་སྟོང་ཉིད་རྟོགས་པའི་ཐ་སྙད་བཏགས་ཏེ། དེ་ནི་རྣམ་པར་རྟོག་པས་སྟོང་པ་དང་དོན་གཅིག་ལ་འདུ་བ་ཡིན་ནོ། །དྲི་བ་ལྷག་བསམ་རབ་དཀར་གྱིས་བསམ་གཏན་པ་དག་ལ་སྙེད་ནས་སྡེ་སྣོད་པ་དག་ལ་དྲིས་པའི་ལན་གདབ་པ་སྟེ་ལེའུ་དྲུག་པའོ།།  །།ཡང་འདི་སྐད་དུ། ཡང་ཁ་ཅིག མུན་ཁང་དང་ལུས་གནད་དང་རྣམ་རྟོག་བཀག་པ་ལས་བྱུང་བའི་དུ་བ་ལ་སོགས་པའི་མཐོང་སྣང་བན་བུན་དེ་སྟོང་པ་ཉིད་དང་ཆོས་སྐུ་དངོས་ཡིན་ཟེར་བ་དང༌། ཡང་ཁ་ཅིག་དེ་དང་དེ་དངོས་མ་ཡིན་ཀྱང་སྟོང་པ་ཉིད་ཀྱི་གཟུགས་སམ་མདངས་སམ་ཆོས་སྐུའི་རྟགས་ཡིན་ཟེར། དེ་ལྟ་ན་སོ་སོ་སྐྱེ་བོས་ཀྱང་ཆོས་སྐུ་མངོན་སུམ་དུ་མཐོང་བར་འགྱུར་བས་ཚད་ལྡན་གྱི་གཞུང་དང་འགལ། ཡང་ཁ་ཅིག ཕྱག་རྒྱ་ཆེན་པོ་དང་སོར་བསྡུད་གཉིས་ཀ་རང་སྟོང་གི་ལྟ་བ་འདྲ་ལ། སྦྱོར་དྲུག་ལ་བསམ་གཏན་གྱི་སྐབས་སུ་གཞན་སྟོང་ཟབ་མོའི་ལྟ་བ་སྣོན་རྒྱུ་ཡོད་པས་སྔ་མ་ལས་ལྟ་བ་ཁྱད་པར་དུ་འཕགས་ཞེས་ཟེར། དེ་ལྟ་ན་ཕྱག་ཆེན་གྱི་ལྟ་བ་དེ་མཐར་ཐུག་གི་ལྟ་བར་འགལ། ཡང་ཁ་ཅིག་སྟོང་པ་ཉིད་ཀྱི་གཟུགས་ཤར་བ་དེ་ཟླ་གྲགས་དང་སེང་བཟང་འདོད་པའི་ངན་པ་དེ་མ་ཡིན་ཐོགས་མེད་བཞེད་པའི་བཟང་པོ་དེ་ཡིན། ཞེས་ཟེར་བ་དག་སྣང་ངོ༌། །འདི་འདྲ་མདོ་རྒྱུད་དང་མི་མཐུན་ཞིང༌། འགལ་བ་ལྟག་སྤྲོད་ཀྱི་གྲུབ་མཐའ་ཀུན་ལ་བཟང་པོ་ཡིན་བྱས་ན་ཇོ་བོ་བཟང་དུ་རེ་བ་དང༌། ཆོས་ཐམས་ཅད་དུ་མ་རོ་གཅིག་ཡིན་ཞེས་ཟེར་བ་ནི། འཁོར་འདས་དང་དགེ་སྡིག་སོགས་བཟང་ངན་ཐམས་ཅད་རོ་གཅིག་ཏུ་ཁས་བླངས་པས་བསྟན་པ་ལ་གནོད་པ་ཆེན་པོ་བྱས་པར་འགྱུར་ཞིང༌། དེ་འདྲ་དེ་དགག་བསྒྲུབ་ཀྱི་ལམ་ནས་དྲངས་པས་བསྟན་པ་ལ་བྱས་པར་འགྱུར་རོ། །མདོར་ན་ཐོས་བསམ་སྔོན་དུ་མ་སོང་བའི་སྒོམ་དང༌། བསྒོམ་པར་མི་འདོད་པའི་ཐོས་བསམ་ནི་ཡང་དག་པ་མ་ཡིན་ནོ་ཞེས་གསུང༌། ལན་ལ་གཉིས་ཏེ། རྒོལ་བ་དང་པོ་གསུམ་གྱི་ལན་སོ་སོར་བཏབ་པ་དང༌། ཐམས་ཅད་ཀྱི་གྲུབ་དོན་བསྡུས་ནས་བསྟན་པའོ། །དང་པོ་ནི། བསྒོམས་པའི་སྟོབས་ཀྱིས་ཤར་བའི་དུ་སོགས་ཀྱི་སྣང་བ་དེ། སྣང་ཚུལ་ལ་གཟུགས་སུ་སྣང་ཡང༌། གནས་ཚུལ་སྒོམ་པ་པོའི་ཤེས་རྒྱུད་ཀྱིས་བསྡུས་ལ། རྟེན་དེ་ཡང་འཕགས་པ་ཡིན་ན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་པར་འདུག་པས། དོན་དམ་པའི་བདེན་པ་དང༌། རང་བཞིན་ཆོས་སྐུ་དང༌། ཇི་སྐད་དུ། གློ་བུར་དག་གིས་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་རྩ་འགྲེལ་གྱིས་བསྟན་པའི་སྟོང་པ་ཉིད་དེར་ནི་ངེས་པར་འདོད་དགོས་པ་ཡིན་ནོ། །སྤྱིར་ནི་སོ་སོ་སྐྱེ་བོ་ལ་རྣལ་འབྱོར་མངོན་སུམ་མེད་ཀྱང༌། གནས་ལུགས་མངོན་སུམ་དུ་མཐོང་བ་ཞིག་ཡོད་པར་ནི། རྒྱུད་ལས། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་བཤད་ལ། འདི་ལ་ས་སྐྱ་པས་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཤེས་བྱ་ཞིང༌། བཀའ་བརྒྱུད་པས་ནི་རྣལ་འབྱོར་བཞིའི་རིམ་པས་འཆད་ཚུལ་རྒྱས་པར་མཛད་དོ། །འདྲི་བ་པོས་ནི། སྟོང་པ་ཉིད་དང་དོན་དམ་པའི་བདེན་པ་ཞེས་བྱ་བ་ཞིག་ཡིན་ཕྱིན་ཆད། དབུ་མ་ཚིག་གསལ་འཇུག་ཏུ་བཤད་པའི་སྟོང་ཉིད་ཁོ་ན་ལ་འཆད་ཀྱང༌། ཟླ་བ་གྲགས་པས་ནི། སྟོང་ཉིད་དེ་ཡང་མཐར་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་བཤད་ཅིང༌། རང་རྒྱུད་པ་དག་ཀྱང་རིགས་ཚོགས་ཀྱི་སྟོང་པ་ཉིད་མཐར་ཀུན་རྫོབ་བདེན་པར་འཆད་དོ། །ཟླ་གྲགས་དང་སེང་བཟང་ཡང་ཆོས་ཐམས་ཅད་རང་སྟོང་དུ་འཆད་པར་འདྲ་མོད། བསྒོམ་བྱུང་གིས་ཉམས་སུ་མྱོང་བྱ་མི་མཐུན་པར་སྨྲ་སྟེ། སེང་བཟང་ནི་མཉམ་གཞག་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཉིད་དུ་ཁས་ལེན་པའི་ཕྱིར། ཡང་ཕྱག་རྒྱ་ཆེན་པོ་དང་སོར་བསྡུད་གཉིས་ཀ་རང་སྟོང་དུ་འཆད་པ་ནི། རང་སྟོང་དང་གཞན་སྟོང་གི་རྣམ་དབྱེ་ཕྱེད་ནས་ལུགས་དེ་འཛིན་པ་དག་ལ་ནི་ཡོད་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་མིང་ཅན་མྱོང་བ་གསལ་རིག་གི་ཆ་དེ་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་མིང་ཅན་དེ་གཉིས་ཀ་ཡང༌། གནས་ཚུལ་ལ་རང་གི་ངོ་བོས་མི་སྟོང་པའི་ཡེ་ཤེས་སུ་དོན་གཅིག་པའི་ཕྱིར། དོན་འདི་ལ་འཇམ་དཔལ་མཚན་ཡང་དག་པར་བརྗོད་པ་དང༌། རྒྱུད་བླ་མའི་བསྟན་བཅོས་དཔང་པོར་མཛད་དོ། །ཀླུ་སྒྲུབ་ཞབས་ཀྱི་རིགས་པས་གཏན་ལ་མི་ཕེབས་པ་ནི་འགའ་ཡང་མེད་དོ། །ཞེས་གསུངས་མོད། རིགས་པས་དེ་ལྟར་གཏན་ལ་མི་ཕེབས་པའི་ཆོས་གང་ཡང་མེད་པས་ན། ཆོས་གང་ལ་ཡང་མཚན་མར་འཛིན་པའི་རྟོག་པ་འགོག་ནུས་པ་ཡིན་ལ། དེ་ལྟ་ན་ཡང་གནས་ལུགས་སུ་བདེན་པ་ཞིག་མེད་པ་ནི་མ་ཡིན་ཏེ། གནས་ལུགས་ཀྱི་དོན་ནི་རིགས་ཤེས་ཀྱི་ཡུལ་ལས་འདས་པའི་ཕྱིར་ཞེས་པ་ནི་མན་ངག་པ་དག་གི་ལུགས་སོ། །གཉིས་པ་ལ་གསུམ་སྟེ། ཐོས་བསམ་གྱིས་གཏན་ལ་མ་ཕབ་པའི་སྒོམ་ཡང་དག་སྲིད་པར་བསྟན་པ་དང༌། ཐོས་བསམ་གྱིས་གཏན་ལ་ཕབ་པའི་ངེས་དོན་ཁོ་ན་བསྒོམ་བྱ་ཡིན་པའི་ངེས་པ་མེད་པ་དང༌། ཞི་ལྷག་ཟུང་འཇུག་གི་དོན་བསྟན་པའོ། །དང་པོ་ནི། རྒྱུད་སྡེ་དག་ལས། སྐལ་དམན་རིམ་གྱིས་འཇུག་པ་དང༌། སྐལ་ལྡན་ཅིག་ཆར་དུ་འཇུག་པ་ཞེས་བྱ་བ་གཉིས་གསུངས་ལ། ཕྱི་མ་ལ་ནི་དེ་ལྟར་དགོས་པ་མ་ཡིན་ཏེ། ཇི་སྐད་དུ། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱཻ་རྡོར་རྗེ་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་རྣམ་པར་ཐར་པ་ལས་མང་ངོ༌། །དེར་མ་ཟད། ཐོས་པ་སྔོན་དུ་སོང་བ་ལ་མ་ལྟོས་པར། རང་བྱིན་གྱིས་བརླབ་པའི་རིམ་པ་དང༌། གང་གི་དྲིན་གྱི་བདེ་ཆེན་ཞེས་སོགས་དབང་བསྐུར་བའི་རིམ་པ་དང་བླ་མའི་བྱིན་རླབས་ཀྱི་རིམ་པས་དེ་ཁོ་ན་རྟོགས་པར་བཤད་པ་དང༌། དོན་གཅིག་ན་ཡང་མ་རྨོངས་དང༌། ཐབས་མང༌། ཞེས་སོགས་ལ་སྐུར་པ་གདབ་པར་མི་བྱའོ། །གཉིས་པ་ནི། ཁྱེད་ཅག་གི་བཞེད་པ་ལ། ཐོས་བསམ་གྱི་རིགས་པས་གཏན་ལ་ཕབ་པའི་ངེས་དོན་གང་ཡིན་པ་དེ་ཉིད་བསྒོམ་པས་ཉམས་སུ་མྱོང་བྱར་མ་བྱས་ན། ཐོས་བསམ་དོན་མེད་དང༌། གསུང་རབ་གདམས་པར་མ་ཤར་བའི་ཉེས་པ་ཁོ་ནར་ཟད་པ་ཡིན་ཏེ། དཔེར་ན་རྟ་དཀྱུས་གཞན་དུ་བསྟན་ནས། རྒྱུག་ས་གཞན་དུ་བྱེད་པ་བཞིན། །ཞེས་གསུང་བ་ཡིན་མོད། རྒྱུད་སྡེ་དང་མན་ངག་ལས་ནི་དེ་ལྟར་འཆད་པའི་ངེས་པ་མེད་དེ། བརྟག་པ་གཉིས་པར། ལྟ་བ་རིམ་འཇུག་འཆད་པའི་སྐབས་སུ། དེ་རྗེས་དབུ་མ་བསྟན་པར་བྱ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བརྩམ། །ཞེས་བཤད་ལ་དེའི་དོན་ཡང་རྗེ་བཙུན་མཆེད་ཀྱིས་མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཞེས་བྱ་བ་ཞིག་ལ་བཞེད་པ་ཡིན་ནོ། །གསུམ་པ་ནི། དྲི་བའི་ཚུལ་ནི་འདི་མཛད་པ་པོའི་བསྟན་བཅོས་གཞན་དག་ཏུའང་སྒོམ་བྱུང་གི་ཤེས་རབ་སྒྲ་དོན་འཛིན་པའི་རྟོག་པར་འཆད་བཞེད་ནས། དགོངས་འགྲེལ་དང་ཉན་ཐོས་ཀྱི་ས་ལ་སོགས་པར། ཇི་སྐད་དུ། ལྷག་མཐོང་གང་ཞེ་ན། ཆོས་རྣམས་ལ་སོ་སོར་རྟོག་པར་བྱེད། འཇལ་བར་བྱེད། ཅེས་སོགས་ལུང་གི་རྣམ་གྲངས་མང་ལ་རྒྱ་ཆེ་བ་དག་དྲངས་ནས། ཐུགས་ཤིན་ཏུ་བརྒྱལ་བར་གྱུར་མོད། དེ་དག་ནི་ཞི་ལྷག་སོ་སོ་བ་དང་ཟུང་དུ་འཇུག་པ་ཞེས་བྱ་བའི་རིམ་པ་གསུམ་དུ་འཇོག་དགོས་པ་ཞེས་བྱ་བ་དེ་མ་མཁྱེན་པའམ། མཁྱེན་ནས་ཀྱང་དྲང་པོར་མ་མཛད་པ་ཡིན་ནོ། །དེ་ཡང་འདི་ལྟར། མདོ་སྡེའི་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཟུང་དུ་འབྲེལ་བའི་ལམ་དེ་ནི། །བསྡོམས་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས། དེ་ཡང་ཞི་ལྷག་སོ་སོ་བ་ནི་སྦྱོར་བའི་གནས་སྐབས་དང་ཟུང་དུ་འཇུག་པ་ནི་དངོས་གཞིའི་གནས་སྐབས་ཡིན་ལ། ཟུང་དུ་འཇུག་པའི་དོན་ནི། གང་རུང་གཅིག་ལ་གཉིས་ཀ་ལྷུན་གྱིས་གྲུབ་པའི་དོན་ཡིན་གྱི། སོ་སོ་ཐ་དད་པ་གཉིས་ཟུང་དུ་འབྲེལ་བའི་དོན་ལ་འཆད་པ་ནི་མ་ཡིན་ནོ། །དེའི་ཚེ་ཞི་གནས་ཞེས་བྱ་བ་རྟོག་པའི་རླུང་གིས་མ་གཡོས་པ་མྱོང་རིག་ཙམ་དུ་རྩེ་གཅིག་པར་གནས་པ་དེ་ལ་ལྷག་མཐོང་གི་དོན་ཚང་བ་དང༌། ལྷག་མཐོང་ཞེས་བྱ་བ་སྤྲོས་པའི་ཚོགས་མཐའ་དག་བཀག་པའི་གསལ་རིག་གི་ཆ་དེ་ལ་ཞི་གནས་ཀྱི་དོན་ཚང་དགོས་པ་ཡིན་ཏེ། གཞན་དུ་ན་ཟུང་འཇུག་གི་དོན་མི་ཚང་བའི་ཕྱིར། ཁྱེད་ཀྱི་ཕྱོགས་ལ་ཟུང་འཇུག་མི་སྲིད་དེ། རྟོག་པ་ཇི་སྙེད་པ་ཞི་གནས་ཀྱི་སྐྱོན་དུ་འཆད་ལ། ལྷག་མཐོང་གི་ངོ་བོ་ནི་རྟོག་པར་འདོད་པའི་ཕྱིར། དེ་ལྟ་ན་ལྷག་མཐོང་ལ་གཉིས་ཏེ། སྦྱོར་བའི་དུས་སུ་སོ་སོར་རྟོག་པའི་ལྷག་མཐོང་དང༌། དངོས་གཞིའི་དུས་སུ་རྩེ་གཅིག་པའི་ལྷག་མཐོང་ངོ༌། །དང་པོ་ནི་བསམ་བྱུང་གི་རིགས་པ་གཙོ་ཆེ་བས་སྒོམ་བྱུང་དུ་མི་འདོད་ལ། འདི་ལ་ཞི་གནས་སྔོན་དུ་འགྲོ་དགོས་པའི་ངེས་པ་མེད་དེ། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་བཞིན་ནོ། །ལྷག་མཐོང་གཉིས་པ་ལ་ནི་ཞི་གནས་མཚན་ཉིད་པ་སྔོན་དུ་འགྲོ་དགོས་པར་མ་ཟད། ཞི་གནས་དངོས་སུ་ཁས་ལེན་དགོས་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །ལྷག་མཐོང་གང་ཞེ་ན། ཞེས་དྲིས་པའི་ལན་དུ། མདོ་ལས་བཤད་པ་ཙམ་གྱིས་ལྷག་མཐོང་དངོས་ཡིན་པའི་ངེས་པ་མེད་དེ། ཇི་སྐད་དུ། ཞི་གནས་གང་ཞེ་ན་ཞེས་དྲིས་པའི་ལན་དུ་སེམས་གནས་པའི་ཐབས་དགུ་བཤད་པ་བཞིན་ནོ། །ཞི་ལྷག་གཉིས་ཀ་ལའང་འཇིག་རྟེན་པ་དང༌། དེ་ལས་འདས་པ་གཉིས་ལས། དང་པོ་རྟོག་པར་བཤད་ཀྱང་མི་འགལ་མོད། ཕྱི་མ་ནི་དེར་བཤད་དུ་མི་རུང་སྟེ། སྒྲིབ་པའི་ས་བོན་དྲུངས་འབྱིན་པར་བྱེད་པའི་ལྷག་མཐོང་ཇི་སྙེད་པ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པར་ཁས་ལེན་དགོས་པའི་ཕྱིར་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དྲི་བ་ལྷག་བསམ་རབ་དཀར་གྱི་ལན་བཏབ་པ་ལས་མདོར་བསྡུས་པའི་ལེའུ་སྟེ་བདུན་པའོ།།  །།འདིར་སྨྲས་པ། ལྷག་བསམ་རབ་དཀར་གྱིས་དྲི་ན། །དེ་ལན་ལུང་རིགས་ཀྱིས་གྲུབ་པ། །འབྱུང་མི་སྲིད་ཅེས་གང་བསམས་ཏེ། །དྲིས་ནས་ལོ་བརྒྱ་ལོན་པའི་ཚེ། །མདོ་རྒྱུད་བསྟན་བཅོས་མན་ངག་གི །དགོངས་རྒྱན་ཉི་མ་ཅིག་ཤར་བས། །འཁོར་ལོ་གསུམ་པའི་ངེས་དོན་གྱི། །འོད་སྟོང་ཕྱོགས་བརྒྱར་འཕྲོ་བྱེད་ཤོག །གྲུབ་པའི་དབང་ཕྱུག་བརྒྱུད་མར་བྱོན་པའི་བརྒྱུད་འཛིན་གྱིས་བཟུང་དེ་འཛིན་བྱེད་པོའི་བསམ་གཏན་པར་ནི་ཁས་འཆེ་རྣམས། །མདོ་དང་བསྟན་བཅོས་ལུང་དང་རིགས་པ་ཤིང་རྟའི་སྲོལ་ཆེན་ཞེས་བྱའི་བྱིངས་ཆེན་པོ་ཡིས་ཁྱད་དུ་གསོད་བྱེད་མཁན། །ཀླུ་སྒྲུབ་གཞུང་ལུགས་དྲང་པོ་མིན་པའི་གཏམ་གྱིས་འཁྱོག་པོའི་ལམ་དུ་འདྲེན་བྱེད་ལུང་དང་རིགས་པའི་ཁ་ལོ་པ། །བརྒྱ་ཕྲག་སྟོང་དུ་སྦྱར་བས་དེ་དེ་ཁོ་ནར་མ་ཟད་ཆོས་འཁོར་གསུམ་པའི་ངེས་དོན་མཐའ་དག་འདིར་སྤངས་སོ། །དུལ་བའི་གླང་ཆེན་ཞི་བའི་ནགས་ན་དགེ་བར་གནས་རྣམས་རྨོངས་པ་ལྟར་བསམས་ཏེ། །མ་དུལ་གླང་ཆེན་སྟོབས་ཆེན་གྱིས་རྒྱས་གཟུ་བོ་མིན་པའི་ལམ་དུ་ཞུགས་པ་ན། །ཐུབ་རྣམས་དགྱེས་པའི་སྨན་ལྗོངས་དག་དང་མཁས་ཀུན་དགའ་བའི་ཡིད་བཞིན་མཚོ་ཆེན་པོ། །རིང་ནས་དཀྲུགས་ཚེ་དྲང་པོའི་ལམ་དུ་འཇུག་མཁས་ལེགས་བཤད་གླང་རྫི་འདི་འཁྲུངས་སོ། །ཞེས་དྲིས་ལན་མན་ངག་གི་དགོངས་རྒྱན་ཞེས་བྱ་བ་འདི་ནི། བཀའ་གདམས་ཁྲི་དཔོན་བསོད་ནམས་རྒྱལ་མཆོག་རབ་བསྟན་དཔལ་བཟང་པོའི་གསུང་གི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།། མངྒ་ལཾ།། །།  ༄༅། །བཤེས་གཉེན་མུས་པ་རབ་འབྱམས་པའི་དྲི་ལན་མཐོང་བ་དོན་ལྡན་གྱི་སྐོར་བཞུགས་སོ།། ༄༅། །སྭསྟི། འགྲོ་བློའི་རྨོངས་པ་སེལ་བ་དང༌། །ཉམ་ངའི་ལམ་ལས་བསྲུང་བརྩོན་པ། །འཇམ་པའི་དབྱངས་དང་པད་དཀར་གྱིས། །གྲུབ་པ་བླ་ན་མེད་གྱུར་ཅིག །གང་འདིར་མང་དུ་གསན་ཞིང༌། ཡང་དག་པའི་སྒྲུབ་པ་ལ་མཐའ་གཅིག་ཏུ་གཞོལ་བའི་བཤེས་གཉེན་དམ་པ་མུས་རབ་འབྱམས་པས། འབེལ་བའི་གཏམ་གྱི་ཚིག་ལེའུར་བྱས་པ། རྒྱང་རིང་པོ་ནས་ཡི་གེར་སྤྲིངས་པ་འདིར་འཕྲོད་པས་རྗེས་སུ་ཡི་རངས། དེ་ཡང༌། སྐབས་ལ་ལར་འདྲི་བ་དང༌། འགའ་ཞིག་ཏུ་རྒོལ་བ་དང༌། སྐབས་སུ་ལན་འདེབས་པ་དང༌། གཞན་དུ་རང་གི་དམ་བཅའ་ལ་ཤེས་བྱེད་ཀྱི་གཏན་ཚིགས་དང༌། མི་མཐུན་པ་ལ་སུན་འབྱིན་བརྗོད་པ་དག་གི་རྣམ་གྲངས་སུ་སྣང་བ་ལས། རེ་ཤིག་ཐོག་མར་ཇི་སྐད་དུ། ཐོགས་མེད་ཞབས་ཀྱིས་ངེས་དོན་མ་གཟིགས་ཞེས། །ཟེར་བ་དེ་འདྲ་ཟླ་བའི་དགོངས་པ་མིན། །ཅེས་བྲིས་པ་འདིའི་ཤེས་བྱེད་ཅི་ཞེས་གསུང་བ། སྤྱིར་ཐོགས་མེད་ཞབས་ཀྱི་གཞུང་དག་ན། ངོ་བོ་ཉིད་མེད་པ་པའི་ལྟ་བ་མཐར་ཐུག་ལ་ཆད་པའི་སྐྱོན་བརྗོད། དབུ་མ་ཐལ་རང་དུ་སྨྲ་བའི་གཞུང་དག་ན་ཅིག་ཤོས་ཀྱི་ལྟ་བའི་མཐར་ཐུག་ལ་སེམས་ཙམ་དུ་གནས་པའི་སྐྱོན་བརྗོད། དེ་ལ་དཔགས་ནས་གངས་ཅན་པ་ཕྱི་མ་དག ཐོགས་མེད་མཆེད་ཀྱིས་བཤད་པའི་མཐར་ཐུག་གི་ལྟ་བ་སེམས་ཙམ་ཉིད་ལས་མ་འདས་སོ། །ཞེས་ཟེར་བ་འདི་ལ་ཚད་མར་བྱས་ན། སྔོན་གངས་ཅན་དུ་འགྱུར་བའི་མན་ངག་རྣམས་ལས་དབུ་མ་ལྟ་ཁྲིད་ཙམ་མ་གཏོགས། མན་ངག་གི་གཞུང་ཇི་སྙེད་པ་མཐའ་དག་དང༌། རྡོ་རྗེ་ཐེག་པའི་ཟུང་འཇུག་གི་རིམ་པ་ཐམས་ཅད་སེམས་ཙམ་དུ་གནས་སོ་ཞེས་ཟེར་བའི་ཧ་ཅང་ཐལ་བ་འདི་མ་བཟོད་ནས་དེ་སྐད་ཅེས་སྨྲས་སོ། །འོ་ན་ཇི་སྐད་དུ། འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་འབྱུང་བ་མ་ཡིན་ནམ་ཞེ་ན། སྤྱིར་ངོ་བོ་ཉིད་མེད་པ་པ་དག་ལ། མདོ་སྡེ་དང༌། གྲགས་སྡེ་དང༌། རྣལ་འབྱོར་སྤྱོད་པ་པར་གྲགས་པ་གསུམ་ལས། ལུགས་ཕྱི་མ་ཞལ་གྱིས་བཞེས་པའི་སློབ་དཔོན་ཞི་བ་འཚོ་རྗེས་འབྲང་དང་བཅས་པས་ནི། སྒོམ་པས་ཉམས་སུ་མྱོང་བྱའི་མཐར་ཐུག་གི་ལྟ་བ་ཐོགས་མེད་མཆེད་དང་མཐུན་པ་ཁོ་ནར་བཞེད་དེ། དཔེར་ན་སློབ་དཔོན་སེང་གེ་བཟང་པོ་བཞིན་ནོ། །ལུགས་དང་པོ་གཉིས་ཞལ་གྱིས་བཞེས་པ་ནི་ལེགས་ལྡན་དང་ཟླ་བ་གྲགས་པ་དག་ཡིན་ལ། ལེགས་ལྡན་གྱིས་ནི་རྟོག་གེ་འབར་བར། ཐོགས་མེད་སྐུ་མཆེད་གཉིས་ཀའི་གཞུང་དུ་དབུ་མའི་ལྟ་བ་མ་བསྟན་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པའི་གཞུང་དྲངས་ནས་དེ་ལ་དགག་པ་མང་དུ་བརྗོད་པར་མཛད་དོ། །ཟླ་བས་ནི་ཐོགས་མེད་ཞབས་ཀྱི་བཞེད་པ་ཟུར་དུ་བཀར་ནས། དབྱིག་གཉེན་དང་ཆོས་སྐྱོང་སོགས་ཀྱིས་རང་སྟོང་གི་ཚུལ་འདི་ཐུགས་སུ་མ་ཆུད་པར་བཤད་མོད། དེ་ཙམ་གྱིས་དབུ་མའི་ངེས་དོན་ཐུགས་སུ་མ་ཆུད་པར་མི་འགྲུབ་སྟེ། ཐོགས་མེད་ཞབས་ཀྱིས་ཐུགས་སུ་ཆུད་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་དེ་དང༌། ཟླ་བའི་ཞབས་རང་ཉིད་ཀྱིས་གསང་བ་འདུས་པར་བཤད་པའི་འོད་གསལ་བའི་རིམ་པ་དང༌། སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་ངོས་འཛིན་ལ་ཁྱད་པར་ཅི་ཡང་མི་སྣང་བའི་ཕྱིར་དང༌། ཤཱནྟི་པ་དང་སེང་བཟང་སོགས་ཀྱིས་ནི་ཐོགས་མེད་འཕགས་པར་འཆད་ལ། ཟླ་བས་དེར་མི་འཆད་པའི་ངེས་པའང་མེད་པའི་ཕྱིར་དང༌། ཟླ་བའི་ལུགས་འདི་ལ། ཕར་ཕྱིན་ཐེག་པའི་ངེས་དོན་ཉམས་སུ་ལེན་པ་ལ། གཏན་ལ་ཕབ་པའི་སྟོང་ཉིད་དང༌། ཉམས་སུ་བླང་བྱའི་སྟོང་ཉིད་ཀྱི་དབྱེ་བ་སོ་སོར་མི་མཛད་ཀྱང༌། རྡོ་རྗེའི་ཐེག་པར་ཉམས་སུ་བླང་བྱའི་ངེས་དོན་སེམས་ཀྱི་རྡོ་རྗེ་ལ་བཞེད་པའི་ཕྱིར། འོ་ན་ཆོས་སྐྱོང་ཞབས་ལ་མཚུངས་སོ་ཤེ་ན། མ་ཡིན་ཏེ། ཟླ་བས་གཞུང་རྩོམ་པའི་དུས་སུ་ནི། ཇི་སྐད་དུ། ད་ལྟའི་སྙན་ངག་མཁན་ཞེས་ཟེར་གྱི་རྣལ་འབྱོར་དབང་ཕྱུག་ཏུ་མ་གྲགས་པའི་ཕྱིར་རོ། །རྗེ་བཙོང་ཁ་པའི་རྗེས་འབྲང་དག་ལ་ནི་འདི་སྒྲུབ་དགོས་པ་མ་ཡིན་ཏེ། ཐོགས་མེད་ཞབས་ཀྱིས་རྒྱུད་བླའི་བསྟན་བཅོས་ཀྱི་དགོངས་པ་ཐལ་འགྱུར་དུ་བཀྲལ་ཞེས་འཆད་པས་སོ། །འོ་ན་དབྱིག་གཉེན་གྱི་གཞུང་དུའང་ངེས་དོན་མཐར་ཕྱིན་ཞིག་བཤད་ན། དེས་དེ་ཐུགས་སུ་མི་ཆུད་པ་ཅི་ཞེ་ན། ཐོས་བསམ་གྱི་ཚེ་རང་སྟོང་གི་ལྟ་བ་ནི་ཐུགས་སུ་མ་ཆུད་ཅིང༌། སོ་སོ་སྐྱེ་བོར་གྱུར་པ་ཉིད་ཀྱི་ཉམས་སུ་མྱོང་བྱའི་ངེས་དོན་ནི་གོམས་པར་མ་མཛད་དོ་སྙམ་དུ་དགོངས་པ་སྟེ། ཕྱོགས་ཀྱི་གླང་པོ་ལ་ཡང་དེ་བཞིན་ནོ། །གཞན་དུ་ན་ཟླ་བའི་ཞབས་ཀྱི་དབུ་མ་དང་སྔགས་གཞུང་གི་ངེས་དོན་ངོས་འཛིན་གང་རུང་ཞིག་གི་ཟུངས་མི་ཐུབ་པར་འགྱུར་རོ། །འོ་ན་ཁྱེད་ལའང་མཚུངས་སོ་ཤེ་ན། མ་ཡིན་ཏེ། ཁོ་བོ་ཅག་ལྟར་ན། ལྟ་བ་གཏན་ལ་འབེབས་པའི་ཚེ་རང་སྟོང་གི་ཚུལ་ལྟར་ཕབ་ནས། ཉམས་ལེན་གྱི་ཚེ་རྡོ་རྗེའི་ཐེག་པར་ཞུགས་པ་ཞིག་ཡིན་ན་ནི། ལྟ་བ་སེམས་རྣམ་པར་དབེན་པ་དང༌། འོད་གསལ་བའི་རིམ་པ་ལྟར་ཉམས་སུ་ལེན་ལ། དེར་མ་ཞུགས་ན་ཐོས་བསམ་གྱི་རིགས་པས་སྒྲོ་འདོགས་གང་བཅད་པ་དེ་ཉིད་ཉམས་སུ་ལེན་པར་བྱེད་དོ། །ཞེས་བྱ་བ་འདི་ཟླ་བའི་ཞབས་ཀྱི་དགོངས་པའོ། །ལེགས་ལྡན་ལྟར་ན་ཡང༌། ཐོས་བསམ་གྱི་ཚེ། སྒྲོ་འདོགས་གཅོད་པའི་གཞི་ལ་ལྷག་མ་ཞིག་བཞག་ན། མཐའ་བྲལ་གྱི་རྩེ་མོར་མ་ཕྱིན་ཏེ། དམིགས་པ་དང་མཚན་མར་འཛིན་པའི་ཡུལ་གྱི་ལྷག་མ་བཞག་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་གྱི། ཉམས་ལེན་གྱི་ཚེ། སོ་སོར་རང་གིས་རིག་པའི་ཡེ་ཤེས་ཞལ་གྱིས་རྣམ་པ་ཀུན་ཏུ་མི་བཞེས་པ་ནི་མ་ཡིན་ཏེ། གཞན་དུ་ན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཞུང་ཀུན་དང་འགལ་བའི་ཕྱིར་དང༌། དབུས་མཐའི་མཐར་ཐུག་གི་ལྟ་བ་མི་འཐད་ན། དཔལ་ཡང་དག་སྦྱོར་བའི་རྒྱུད་ཕྱི་མར། དབུས་མཐའི་གཞུང་ཉིད་གཞིར་བཞག་ནས་སྟོང་པ་ཉིད་ཀྱི་ལྟ་བ་ངོས་བཟུང་བ་དང་འགལ་བའི་ཕྱིར་རོ། །ཡང་རྒོལ་བའི་ཚུལ་གཞན་ཞིག་ཀྱང་སྣང་བ་ནི། ཇི་སྐད་དུ། རྣམ་རྫུན་གྱི་ལྟ་བ་དབུ་མར་ཁས་ལེན་ན། སེམས་ཙམ་པའི་སློབ་དཔོན་དང་གཞུང་མི་རྙེད་པར་འགྱུར་ཞེས་དང༌། རྣམ་བདེན་རྫུན་གཉིས་ཀ་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལས་ལྷག་པའི་ངེས་དོན་ངོས་འཛིན་རྒྱུ་མེད་ཅིང༌། དེ་ཡང་མེད་པར་དགག་པ་ཁོ་ནའོ། །ཞེས་གསུངས་པ་འདི་ལ་བརྟག་པ་ནི། དེ་སྐད་དུ་གླེང་བ་དེ་ནི་བོད་ཕྱི་མ་ཀུན་གྱི་གཏམ་ཡིན་ལ། རྗེ་བཙུན་ས་སྐྱ་པའི་གཞུང་ལུགས་དག་ནའང་སེམས་ཙམ་རྣམ་རྫུན་པ་ཞེས་ཟེར་བ་ཡོད་མོད། རྒྱུད་སྡེ་སྤྱི་རྣམ་དུ་རྣམ་རྫུན་གྱི་ལྟ་བ་དེ་དབུ་མ་དང་ཐུན་མོང་དུ་བཤད་པ་དེ་ཁོ་ནར་མ་ཟད། རྒྱུད་གསུམ་གྱི་ལྟ་བའི་འཆད་ལུགས་བཙོང་ཁ་པའི་འཆད་ཚུལ་དང་མ་འདྲེས་པར་རྗེ་བཙུན་མཆེད་ཀྱི་ཡི་གེ་ན་ཇི་ལྟར་བཞུགས་པ་དེ་ཉིད་ཚུལ་བཞིན་དུ་བཤད་པའི་ཚེ། བྱམས་ཆོས་བར་པའི་ལྟ་བ་ལས་ཁྱད་པར་ཅུང་ཟད་ཀྱང་དབྱེ་ནུས་པ་མ་ཡིན་པས། རང་གི་གཞུང་ལུགས་ནས་བཤད་པའི་ངེས་དོན་ལ་བསླབ་སྦྱང་དཔྱིས་ཕྱིན་པར་མཛད་པ་གལ་ཆེའོ། །ཞེས་མདོར་བསྟན་ནས། དེ་ཉིད་ཅུང་ཟད་ཕྱེ་སྟེ་བཤད་པ་ནི། ཤིང་རྟའི་སྲོལ་ཆེན་གཉིས་པོ། གྲུབ་མཐའ་བཞིའི་རྩེ་མོར་གྱུར་པའི་དབུ་མ་དང༌། དེ་སྨྲ་བ་པོའི་སློབ་དཔོན་གྱི་ངོས་འཛིན་ཤིན་ཏུ་མི་མཐུན་པར་སྨྲ་བ་ལས། ཁུངས་ནི་ཅིག་ཤོས་ཐུབ་པ་ཡིན་ཏེ། འཁོར་ལོ་གསུམ་པའི་དབང་དུ་བྱས་པའི་མདོའི་རྣམ་གྲངས་མང་པོ་དག་དང༌། རྗེ་བཙུན་བྱམས་པའི་གཞུང་རྣམས་ན། རྣམ་རྫུན་དུ་གྲགས་པའི་ལྟ་བ་དང༌། དེ་སྟོན་པའི་གཞུང་དག་ལ་དབུ་མར་འཆད་ཀྱི། དེ་ལས་གཞན་པའི་དབུ་མའི་གྲུབ་མཐའ་ཡོད་པར་མི་འཆད་པའི་ཕྱིར་དང༌། ལྟ་བ་དེ་དང་སེམས་ཙམ་གྱི་ལྟ་བ་སོ་སོར་ཕྱེ་ནས་བཤད་པའི་ཕྱིར། དཔེར་ན། ཇི་སྐད་དུ། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་དང༌། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་འབྱུང་བ་ལྟ་བུ་བྱམས་ཆོས་བར་པ་གསུམ་ན་དབུ་སེམས་ཀྱི་ལྟ་བ་དང་གཞུང་མཚམས་སོ་སོར་ཕྱེ་བ་ཤིན་ཏུ་མང་བ་ཡིན་ནོ། །ངོ་བོ་ཉིད་མེད་པ་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་འཆད་པ་ནི་དབུ་མ་ཐལ་རང་དུ་གྲགས་པའི་གཞུང་ལུགས་པ་དག་ཏུ་ངེས་ཀྱི། མདོ་དང་བསྟན་བཅོས་གཞན་གྱི་ཟིན་སོ་སྔ་མ་ལ་ཡོད་པ་ལྟ་བུ་མི་སྣང་ངོ༌། །དེ་བས་ན་ཐོགས་མེད་དང་ཆོས་སྐྱོང་ཞབས་ཀྱིས་ངོ་བོ་ཉིད་མེད་པའི་འགྲུབ་མཐའ་ལ་ཞུགས་ནས་གྲུབ་པའི་ས་བརྙེས་པར་འཆད་པ་ནི་ཕྱི་རབས་པ་གཞན་ཕྱོགས་ཀྱི་གཏམ་དང་འདྲེས་པ་ཡིན་ཏེ། འཁོར་ལོ་གསུམ་པ་དང་བྱམས་ཆོས་ཀྱི་གཞུང་ལུགས་ལས་འབྱུང་བའི་ས་ལམ་གྱི་རྣམ་གཞག་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར། རྣལ་འབྱོར་སྤྱོད་པ་པ་དག་སྔགས་ལམ་དུ་འཇུག་པའི་ཚེ་ཡང་ངོ་བོ་ཉིད་མེད་པ་པའི་གྲུབ་མཐའ་ལ་ཐོག་མར་འཇུག་དགོས་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་པའི་ཐབས་ནི་ཁོང་ལས་ཀྱང་གསང་སྔགས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །སེམས་ཙམ་གྱི་ལྟ་བས་ནི། བྱང་ཆུབ་གསུམ་གྱི་ནང་ནས་རང་རྒྱལ་གྱི་བྱང་ཆུབ་ཙམ་དང༌། བྱང་སེམས་ཀྱི་སྦྱོར་ལམ་དང་པོ་གསུམ་ལས་གོང་དུ་མི་འགྲོ་ལ། རྣམ་རྫུན་གྱི་ལྟ་བས་ནི་ལམ་ལྔ་དང་ས་བཅུའི་རིམ་པས་སངས་རྒྱས་ཀྱི་ས་འཐོབ་པར་བྱམས་ཆོས་བར་པ་གསུམ་དུ་གསལ་བར་གསུངས་སོ། །འདི་ལ་གཞུང་ལུགས་དེ་དག་དངོས་པོར་སྨྲ་བའི་ལུགས་དང༌། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ནོ་ཞེས་ཕྱི་རབས་པ་གཞན་གྱི་གཏམ་ངོ་སོ་ཉིད་དུ་མི་བྱ་སྟེ། ཁོང་དེ་དག་གིས་ནི་སློབ་དཔོན་ཟླ་བ་གྲགས་པའི་གཞུང་ལུགས་ནས་བཤད་པའི་སྟོང་ཉིད་ཀྱི་ལྟ་བ་ལས། གཞན་གྱི་ལྟ་བ་མཐའ་དག་ལ་བསྐུར་པ་འདེབས་ཀྱིན་སྣང་བའི་ཕྱིར་རོ། །ཁྱད་པར་དུ། སྤྱིར་ས་སྐྱ་པའི་རྗེས་འབྲང་དང༌། ཁྱད་པར་ལམ་འབྲས་ཀྱི་ཉམས་ལེན་པ་དག་གིས་ནི། ངོ་བོ་ཉིད་མེད་པ་པས་བཤད་པའི་སྟོང་པ་ཉིད་ཁོ་ན་མཆོག་ཏུ་བཟུང་བར་མི་བྱ་སྟེ། རྗེ་བཙུན་སྐུ་མཆེད་ཀྱིས་ངོ་བོ་ཉིད་མེད་པ་པས་འདོད་པའི་སྟོང་པ་ཉིད་ནི་དོན་དམ་པའི་བདེན་པ་དངོས་སུ་མི་རུང་བ་དང༌། ལུགས་དེའི་སློབ་དཔོན་དག་གིས་རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པ་ཞིག་ངོས་མ་བཟུང་བར་བཤད་པའི་ཕྱིར་དང༌། གསུང་ངག་གི་གཞུང་འགྲེལ་ལས། ལུགས་དེ་པའི་སྟོང་ཉིད་ཀྱི་ལྟ་བ་དེ་ཆགས་པ་གཅོད་པའི་ལམ་དུ་འཆད་ཀྱི། བྱང་ཆུབ་ཆེན་པོའི་ལམ་དུ་མི་འཆད་པའི་ཕྱིར་དང༌། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་སྟོང་པ་ཉིད་ཡུལ་དུ་བྱེད་པའི་ལྟ་བ་ལ་དུག་ཅན་དུ་བཤད་པའི་ཕྱིར་དང༌། རྗེ་བཙུན་མཆེད་ཀྱིས། མཐའ་བྲལ་དུ་གཏན་ལ་ཕབ་པའི་ལྟ་བ་དང་ཟུང་འཇུག་ཉམས་ལེན་གྱི་ལྟ་བའི་དབྱེ་བ་སོ་སོར་ཕྱེ་བའི་ཕྱིར་དང༌། ཆོས་ཀྱི་རྗེ་པཎྜི་ཏས་ཀྱང༌། བཤད་པས་གོ་བའི་ལྟ་བ་དང༌། སྒོམ་པས་ཉམས་སུ་མྱོང་བའི་ལྟ་བའི་དབྱེ་བ་སོ་སོར་ཕྱེ་བ་ཡིན་ལ། དེའི་ཚེ་གོ་ཡུལ་གྱི་སྟོང་པ་ཉིད་ནི་ཡུལ་ཅན་རྟོག་པ་ལས་གཞན་སུའི་ཡང་ཡུལ་དུ་མི་རུང་བའི་ཕྱིར་རོ། །དེ་ལྟ་ན་ཡང༌། སེམས་ཙམ་གྱི་གཞུང་དང་སློབ་དཔོན་གྱི་ངོས་འཛིན་བྱེད་མི་ནུས་པ་མ་ཡིན་ཏེ། རྒྱན་དང་དབུས་མཐའ་ལྟ་བུའི་གཞུང་རེ་རེ་ན་དབུ་སེམས་ཀྱི་ལྟ་བའི་རིམ་པ་མ་འདྲེས་པར་བཤད་པས་ལྟ་བའི་གཞུང་སོ་སོར་ཡོད་པའི་ཕྱིར་དང༌། རྣལ་འབྱོར་སྤྱོད་པའི་ཐེག་པ་ཆེན་པོ་པ་དག་གི་སྤྱོད་པའི་དབྱེ་བ་སོ་སོར་འཆད་མི་དགོས་པའི་ཕྱིར་དང༌། གཞུང་ཐུན་མོང་བ་དེ་དག་གི་རྩོམ་པ་པོའི་སློབ་དཔོན་ཡང་ཐུན་མོང་བར་བཤད་པས་ཆོག་པའི་ཕྱིར། དཔེར་ན་མངོན་པ་མཛོད་བྱེ་མདོ་ཐུན་མོང་བ་དང༌། ཚད་མ་རྣམ་འགྲེལ་དང༌། མངོན་པ་ཀུན་བཏུས་མདོ་སེམས་ཐུན་མོང་བའི་གཞུང་དང༌། རྩོམ་པ་པོ་ཡང་དེར་འཆད་དགོས་པ་བཞིན་ནོ། །དེ་བས་ན་རྣལ་འབྱོར་སྤྱོད་པ་པའི་དབྱེ་བ་གཉིས་ཀ་སེམས་ཙམ་པར་འཆད་པ་དང༌། ཤེས་བྱ་ནང་གིར་སྨྲ་བ་ཐམས་ཅད་སེམས་ཙམ་པ་ཡིན་ནོ་ཞེས་པ་ནི་སློབ་དཔོན་ལེགས་ལྡན་དང་ཟླ་བས་འཆད་པ་ཡིན་མོད། ཐོགས་མེད་སྐུ་མཆེད་ལྟ་ཅི་སྨོས། རྡོ་རྗེ་ཐེག་པ་པས་དེ་ལྟར་འཆད་པ་མ་ཡིན་ཏེ། རྡོ་རྗེ་ཐེག་པའི་ལྟ་བ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་གི་ནང་ཚན་དུ་སྣང་བའི་ཕྱིར་དང༌། ཀུན་རྫོབ་ཀྱི་སྣང་བ་མཐའ་དག་སེམས་སུ་ཁས་ལེན་ཞིང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁས་མི་ལེན་པ་དེ་ལ་སེམས་ཙམ་པ་ཞེས་མིང་འདོགས་པ་དེ་དང༌། གཉིས་མེད་ཀྱི་ཡེ་ཤེས་ལས་མ་གཏོགས་པའི་དོན་དམ་པའི་བདེན་པ་ཁས་མི་ལེན་པ་དེ་ལ་རྣམ་རྫུན་དབུ་མ་པ་ཞེས་བྱ་ཞིང༌། དེ་གཉིས་ཀ་ཡང་ཤེས་བྱ་ནང་གིར་སྨྲ་བ་དང༌། རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ཁྱད་པར་མེད་དོ། །མདོ་འགའ་ཞིག་དང་ཐོགས་མེད་མཆེད་ཀྱིས་ངོ་བོ་ཉིད་མེད་པ་པ་ལ་ཆད་སྨྲ་བ་ཟེར་བ་ཡང༌། སྒོམ་པས་ཉམས་སུ་མྱོང་བྱ་ཞིག་ངོས་མ་བཟུང་བ་ལ་བསམས་པ་ཡིན་གྱི། རིགས་པས་གཏན་ལ་འབེབས་ཚུལ་ལ་ཀླན་ཀ་མཛད་པ་མ་ཡིན་ཏེ། རིགས་པ་ནི་ཆོས་ཀྱི་གྲགས་པ་ཡང་ངོ་བོ་ཉིད་མེད་པ་པ་ལྟར་བཞེད་པའི་ཕྱིར་རོ། །དེས་ན་སྔགས་ལུགས་ཀྱི་ལྟ་བ་ཐུན་མོང་བ་རྣམས་ནི་རྣལ་འབྱོར་སྤྱོད་པ་དང་མཐུན་ཞིང༌། ཐལ་རང་དང་མི་མཐུན་ལ། ཐུན་མོང་མ་ཡིན་པ་ནི་ཕར་ཕྱིན་པའི་དབུ་མ་གསུམ་ཀ་ལས་ཁྱད་པར་དུ་འཕགས་སོ། །འོ་ན་ཇི་སྐད་དུ། དེ་རྗེས་དབུ་མ་བསྟན་པར་བྱ། །ཞེས་བཤད་པ་དེ་ཅི་ཞེ་ན། དེ་ནི་ལྟ་བ་རིམ་འཇུག་གི་ཚེ་སྒྲོ་འདོགས་གཅོད་བྱེད་ཀྱི་རིགས་པ་སྟོན་ཚུལ་ལ་དགོངས་པ་ཡིན་གྱི། ཉམས་སུ་བླང་བྱའི་ངེས་དོན་ནི། ཇི་སྐད་དུ། དེ་རྗེས་ཀྱཻ་ཡི་རྡོ་རྗེ་བརྩམ། །ཞེས་འབྱུང་བ་དེ་ཉིད་དོ། །སྐལ་ལྡན་ཅིག་ཆར་བ་ལ་ནི་ཐོག་མ་ཉིད་ནས་དབང་བསྐུར་བས་ཟུང་འཇུག་གི་དེ་ཁོ་ན་ཉིད་རྟོགས་ནུས་པ་ཡིན་གྱི། འདི་ལ་དབུ་མ་ཐལ་རང་གི་ལྟ་བ་སྟོན་ཚུལ་དང་རྟོགས་ཚུལ་གང་ཡང་དགོས་པ་མེད་དོ། །གཞན་ཡང་སྐབས་འདིར་རྣམ་བདེན་རྫུན་གཉིས་ཀ་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལས་ལྷག་པའི་སྟོང་ཉིད་ཀྱི་ལྟ་བ་འཆད་རྒྱུ་མེད་པ་དང༌། གཟུང་འཛིན་གཉིས་མེད་ཅེས་བྱ་བའི་རྣམ་གཞག་ཁས་མི་ལེན་པ་དང༌། སྟོང་ཉིད་ཀྱི་ངོས་འཛིན་ཡང་མེད་དགག་ཁོ་ན་ལ་འདོད་པ་དང༌། རྒྱན་འགྲེལ་ནས་འབྱུང་བའི་རྣལ་འབྱོར་གྱི་ས་བར་པ་གཉིས་ཀྱི་ལྟ་བ་ལ་གོང་འོག་གི་རིམ་པ་མེད་པ་དང༌། གཟུང་བ་ཆོས་ཀྱི་བདག་ཅེས་བྱ་བའི་ངོས་འཛིན་གཟུང་འཛིན་རྫས་གཞན་ལ་འཆད་པ་དང༌། རྣམ་རྫུན་གྱི་ལྟ་བས། ཡིན་ལུགས་ལ་རང་རྒྱལ་དང་བྱང་སེམས་ཀྱི་ལམ་ལྟ་ཅི། ཉན་ཐོས་ཀྱི་མཐོང་ལམ་ཙམ་ཡང་ཐོབ་མི་ནུས་ལ། སེང་གེ་བཟང་པོ་ལྟར་ན་ཡང་རང་སངས་རྒྱས་ཀྱི་ལྟ་བ་ལས་ལྷག་པ་རྣམ་རྫུན་པ་ལ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི། ཕྱིས་རྗེ་བཙོང་ཁ་པ་རྗེས་འབྲང་དང་བཅས་པ་དག་ཁོ་ནའི་ལུགས་ཡིན་གྱི། སྔ་རབས་པ་དག་སུའི་ལུགས་ལ་ཡང་དེ་ལྟར་འཆད་པ་མེད་ན། རྗེ་བཙུན་ས་སྐྱ་པའི་རྗེས་འབྲང་དག་གི་ལྟ་ཅི་སྨོས། འོན་ཀྱང་གངས་ཅན་དུ་བྱམས་ཆོས་ཀྱི་བཤད་སྲོལ་གཉིས་བྱུང་བར་གྲགས་ཏེ། ཐོས་བསམ་གྱི་ཚུལ་དུ་འཆད་པ་རྔོག་ལོ་ལས་བརྒྱུད་པ་དང༌། སྒོམ་ལུགས་སུ་འཆད་པ་བཙན་ཁའོ་ཆེ་ལས་བརྒྱུད་པ་ཞེས་ཟེར་ལ། དེའི་ཚེ་སྟོང་པ་ཉིད་ཀྱི་ངོས་འཛིན་མེད་པར་དགག་པ་དང་མ་ཡིན་པར་དགག་པ་ལས་འབྱེད་དོ། །དེ་ལྟ་མོད་ཀྱི་རྣམ་འགྲེལ་མཛད་པའི་ལུགས་ལ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་པའི་གཞུང་གིས་བསྟན་པའི་སྟོང་པ་ཉིད་ནི་མེད་དགག་ལ་བཤད་དུ་མི་རུང་སྟེ། མེད་དགག་ཡིན་ན་ལྡོག་པ་གཞན་སེལ་ལས་མ་འདས་པས་དོན་དམ་པའི་བདེན་པར་མི་རུང་བའི་ཕྱིར་དང༌། ཡུལ་ཅན་གྱི་བློ་རྟོག་པ་ཁོ་ནར་ཐལ་བའི་ཕྱིར་རོ། །གལ་ཏེ་འོ་ན། ཆོས་ཀྱི་རྗེས་སེམས་ཙམ་རྣམ་མེད་པ་ཞེས་ལན་དུ་མར་བཤད་པ་མ་ཡིན་ནམ་ཞེ་ན། ངོ་བོ་ཉིད་མེད་པ་པའི་གཞུང་ལུགས་ལ་གནས་པ་དེའི་ཚེ་དེ་སྐད་དུ་བཤད་པས་ཆོག་པ་ཡིན་ཏེ། ཐལ་རང་གི་སློབ་དཔོན་གཉིས་ཀས་དེ་ལྟར་བཤད་པའི་ཕྱིར་རོ། །འདི་ཡང་དོན་དམ་ཤེས་པར་སྨྲ་བའི་ཆ་ནས་དེ་སྐད་ཟེར་ཡང༌། སེམས་ཙམ་དངོས་མ་ཡིན་ཏེ། ལུགས་དེར་མཚན་འཛིན་གྱི་རྟོག་པའི་ས་བོན་འཇོམས་པའི་དངོས་གཉེན་གོ་ཆོད་པོ་བཞེད་པའི་ཕྱིར། ཡང་རྣམ་རྫུན་གྱི་གཞུང་ལུགས་ལ་གནས་པའི་ཚེ། ངོ་བོ་ཉིད་མེད་པ་པ་ལ་ཆད་པར་སྨྲ་བ་ཞེས་ཟེར་བས་ཀྱང་ཆོག་པ་ཡིན་ཏེ། ལུགས་དེར་སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་གོ་ཆོད་པོར་བཤད་ཀྱང༌། གོམས་བྱེད་ཀྱི་ཡེ་ཤེས་དང་དེའི་མྱོང་བྱ་གོ་ཆོད་པོ་མ་བཤད་པའི་ཕྱིར། གསུང་ངག་རིན་པོ་ཆེའི་གཞུང་བཤད་དག་ཏུ་ནི། ལྟ་བའི་དུས་ཀྱི་སྔོན་འགྲོ་ལ་རང་སྟོང་གི་ལྟ་བ་བཤད་ནས། དངོས་གཞིའི་དུས་སུ་ཟུང་འཇུག་བཤད་ལ། འདི་ཡང་འགལ་འདུས་སྐྱོན་མེད་ཅེས་པའི་མིང་ཅན་གཞན་སྟོང་ན་མཆོག་གཅིག་ལ་བཤད་པས་རྣམ་རྫུན་དང་མཐུན་ལ། སྦྱོར་བ་རང་སྟོང་དུ་བཞེད་ཀྱང༌། དུག་དང་བཅས་པས་ལྟ་བ་དངོས་མ་ཡིན་ཀྱང་ཐོག་མར་མི་དགོས་ཀ་མེད་ཡིན་ཏེ། ཀུན་ཏུ་རྨོངས་པའི་དུག་སེལ་དགོས་པའི་ཕྱིར། དཔེར་ན་རྡོ་རྗེའི་གདན་དུ་སླེབ་པ་ལ་ཐོག་མར་ལམ་ངོ་ཤེས་དགོས་པ་བཞིན་ནོ། །ཞེས་བཞེད། ལམ་འབྲས་པ་ཕྱི་མ་དག་གི་བསམ་པ་ལ་འདི་ལྟར་ཤར་འདུག་སྟེ། སྣང་བ་དང༌། གསལ་བ་དང༌། བདེ་བ་ཞེས་བྱ་བ་ཆོས་ཅན་ཚད་མས་གྲུབ་པ་གསུམ་པོ་སོ་སོའི་སྟེང་དུ། དགག་བྱ་བདེན་གྲུབ་ཀྱིས་སྟོང་བ་དེ་འབྲལ་མི་ཤེས་པར་ཡོད་པ་ལ་སྣང་སྟོང་ཟུང་འཇུག་གི་མིང་འདོགས་མཛད་པ་འདྲའོ། །འདི་བཙོང་ཁ་པའི་ཆོས་སྐད་ཡིན་གྱི། ས་སྐྱ་པ་ལ་མེད་དོ། །ཅིའི་ཕྱིར་ཞེ་ན། སྐབས་དེར་སྣང་བ་སོགས་ཀྱིས་འཇུག་པ་སེལ། སྟོང་པས་ཆགས་པ་གཅོད། ཟུང་འཇུག་གམ་དབྱེར་མེད་ཀྱིས་བྱང་ཆུབ་ཆེན་པོའི་ལམ་བྱེད་རྒྱུ་ཡིན་པ་ལ། གསལ་སྟོང་ཟུང་འཇུག་ཅེས་གཅིག་ཏུ་བསྡུས་པའི་ཕྱིར་དང༌། ཟུང་འཇུག་དང་ཟུང་འབྲེལ་གྱི་ཤན་མ་ཕྱེད་པའི་ཕྱིར་དང༌། སྐབས་དེར་སྟོང་པའི་ངོས་འཛིན་རང་སྟོང་གི་ལུགས་ལྟར་ན་ཅི་ཡང་མི་དམིགས་པ་ལ་བྱེད་དགོས། གཞན་སྟོང་གི་ཚུལ་ལྟར་ན་གསལ་བ་སོགས་འཛིན་པས་སྟོང་པ་ལ་འཆད་པ་གཞུང་བཤད་དག་ན་ཡོད་པ་ཡིན་གྱི། དེ་དག་གང་ཡང་མ་ཡིན་པའི་བདེན་པས་སྟོང་པ་ཞེས་ཟེར་བ་ནི་གཞན་གྱི་རྗེས་ཟློས་དབྱངས་སུ་བླངས་པའི་ཕྱིར་དང༌། ལ་ལ་དག འཁོར་བ་བདེན་པས་སྟོང་བ་ལ་འཁོར་འདས་དབྱེར་མེད་དང༌། གཞན་དག ཕུང་པོ་ལྔ་ལྷ་ཡིན་པ་ལ་འཁོར་འདས་དབྱེར་མེད་ཅེས་ཟེར་བ་འདི་ཡང་གཞན་གྱི་ལུགས་ཡིན་པའི་ཕྱིར། ཡང་གལ་ཏེ་འོ་ན། ཕར་ཕྱིན་ཐེག་པའི་ཐོས་བསམ་ལ་མ་ལྟོས་པར་དབང་བཞི་བསྐུར་བས་ལྟ་བ་བཞི་རྟོགས་པ་དེ་ལྟ་ན། ལྟ་བའི་སྔོན་འགྲོ་དུག་ཅན་དེ་དག་དང༌། ཉམས་སུ་ལེན་པའི་གནད་གསུམ་ལ་སོགས་པས་ཅི་ཞིག་བྱ་ཞེ་ན། བཤད་པ། ཐོས་བསམ་སྔོན་དུ་མ་སོང་བའི་ཅིག་ཆར་བ་འགའ་ཞིག དབང་དང༌། བྱིན་རླབས་དང༌། ལུས་གནད་སོགས་ཀྱིས་ཟུང་འཇུག་གི་ལྟ་བ་རྟོགས་པ་ཡོད་ཀྱང༌། རྗེས་ཀྱི་ཚེ། མཉམ་གཞག་གི་རྟོགས་བྱ་དེ་ལ་ཆོས་དང་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་སྲིད་པས། སྣང་བ་སེམས་དང་སེམས་སྒྱུ་མར་སྒྲུབ་པ་ནི་གཞན་སྟོང་གི་རིགས་པས་སྒྲོ་འདོགས་དེ་དག་སེལ་བ་ཡིན་ལ། རྟེན་འབྲེལ་དུ་སྒྲུབ་པ་ནི་རང་སྟོང་གི་རིགས་པས་དེ་དག་སེལ་བ་དང༌། བརྗོད་བྲལ་གྱིས་ནི་མཉམ་གཞག་གི་རྟོགས་པ་དེ་ཉིད་ངོ་སྤྲོད་པའོ། །གཞན་དག་རིགས་པ་འདི་རྣམས་ལྟ་བ་རྟོགས་བྱེད་དུ་ཁས་ལེན་པ་ནི་ཕར་ཕྱིན་པའི་ལྟ་བ་རྟོགས་ལུགས་དང་ཁྱད་མེད་པས་ནོངས་སོ། །དེ་བཞིན་དུ་མཚོན་བྱེད་དཔེའི་ཡེ་ཤེས་ལན་གཅིག་སྐྱེས་ཀྱང༌། སྐྱེས་ཟིན་གོམས་པར་བྱེད་པའི་ཚེ། ཉམས་སུ་ལེན་པའི་གནད་གསུམ་མམ། ཡང་ན་སྣང་སྟོང་དང་གསལ་སྟོང་སོགས་ཀྱི་སྦྱོར་བ་དང་འབྲེལ་ཆགས་སུ་གོམས་པར་བྱེད་དགོས་ཀྱི། གཞན་དུ་ན་སྤྲིན་བར་གྱི་ཉི་མ་བཞིན་དུ་འགྲིབ་པར་འགྱུར་རོ། །ཡང་གལ་ཏེ་གསལ་སྟོང་ཟུང་འཇུག་གི་ཚེ་ན་གཉིས་མེད་ཀྱི་ཡེ་ཤེས་མི་དམིགས་ཏེ། སྟོང་པར་བྱས་པའི་འོག་ཏུ། ཡང་ཡེ་ཤེས་དེ་ཉིད་མྱོང་བྱར་འཆད་པ་ནི་གླང་ཆེན་གྱི་ཁྲུས་དང་འདྲ་བ་མ་ཡིན་ནམ་ཞེ་ན། ཐལ་རང་བས་ནི་དེ་ལྟར་གྱུར་དུ་དོགས་ནས་ཐོས་བསམ་སྒོམ་གསུམ་གྱི་ཡུལ་སོ་སོ་བ་མི་འདོད་མོད། བྱམས་པའི་ཆོས་ལས་ནི་ཡེ་ཤེས་དེ་རིགས་པས་དཔྱད་པའི་ངོར་མ་གྲུབ་ཀྱང༌། སྒོམ་བྱུང་གི་མྱོང་བྱར་མི་འགལ་ཏེ། སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར་ཞེས་བཞེད་ལ། གསུང་ངག་གི་སྐབས་སུ་ཡང་དེ་བཞིན་ནོ། །དེ་ལྟར་ན་སྔོན་བྱོན་པའི་སྒྲུབ་བརྒྱུད་པ་མཐའ་དག་གི་ངེས་དོན་གོམས་པར་མཛད་པའི་ཚུལ་ནི་ཕྱི་མའི་དུས་འདིར་ཤིན་ཏུ་ནུབ་པར་གྱུར་ཀྱང༌། ཡིན་ལུགས་ནི་སྒྲོ་སྐུར་དང་བྲལ་བར་བཤད་ཟིན་པ་དེ་ཉིད་དོ། །ནུབ་པའི་རྒྱུ་མཚན་ཡང་རྗེ་བཙུན་རེད་མདའ་པས། ཇི་སྐད་དུ། སེམས་ཙམ་པའི་གྲུབ་པའི་མཐའ་ཇི་ལྟ་བ་བཞིན་དུ་ཤེས་པ་གཞན་མི་སྣང་ངོ༌། །ཞེས་དང༌། འཕགས་པ་ཡབ་སྲས་ཀྱི་བཞེད་པའི་འོད་གསལ་ཇི་ལྟ་བ་བཞིན་དུ་ངོས་ཟིན་པ་ནི་གངས་ཅན་འདི་ན་གཞན་མི་སྣང་ངོ༌། །ཞེས་གསུངས་ལ། གསུང་དེས་ནི་ཞི་ཕྱག་རྫོགས་གསུམ་དང་ལམ་འབྲས་ཀྱི་ལྟ་བ་སེམས་ཙམ་དུ་སྒྲུབ་པ་དང༌། དགྱེས་རྡོར་ནས་བཤད་པའི་རང་རིག་པའི་དག་པ་སེམས་ཙམ་དུ་སྒྲུབ་པ་དང༌། དོན་དམ་བདེན་པ་དང་ཤེས་པའི་གཞི་མཐུན་འགོག་པར་བཞེད་ནས་བཤད་པ་ཡིན་པས་ན། རང་གཞན་གྱི་གྲུབ་པའི་མཐའ་ཤན་ཕྱེད་པར་གལ་ཆེའོ། །ཕྱི་དུས་འདི་ན་ས་སྐྱ་པའི། །ལྟ་བ་ཕྱོགས་སྔའི་ནང་ནས་ཚོལ། །རང་གཞུང་ཕྱོགས་སྔར་བྱེད་པ་འགའ། །སླད་ནས་བསླབ་སྦྱང་དགོས་མིན་ནམ། །ཞེས་སྨྲས་སོ། །ཡང་འབེལ་གཏམ་དུ་བྱ་བའི་མཆིང་ཤོག་དེའི་ནང་ན། ཀུན་གཞི་རྒྱུ་རྒྱུད་ཅེས་བྱ་བ་ཀུན་གཞིའི་རྣམ་ཤེས་ཉིད་ལ་ཟེར་བ་ཡིན་གྱི། ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས་སུ་འབྱེད་པ་གཞུང་འགྲེལ་ནས་བཤད་པ་མེད། ཅེས་གསུང་བ་ལྟ་བུ་ཅིག་སྣང་བ། དེ་ལ་འདི་སྐད་དུ། སྤྱིར་ཀུན་གཞི་ཞེས་བྱ་བའི་མིང་ནི་ཀུན་གཞིའི་རྣམ་ཤེས་ལ་ཡང་འཇུག་པའི་སྐབས་དུ་མ་ཡོད་པ་དེའི་ཚེ། ཀུན་གཞི་ཁོ་ནར་མ་ཟད་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་གཉིས་དབྱེ་དགོས་པ་ཡིན་ཏེ། ཕྱི་ལྟ་ལ་རྣམ་ཤེས་ཀྱི་ཆ་དང༌། ནང་ལྟ་ལ་འཛིན་རྣམ་གྱི་ཆ་སོ་སོར་དབྱེ་བ་ནི་ཐེག་པ་ཆེན་པོ་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། བསམ་མི་ཁྱབ་ཀྱི་གཞུང་ལས། མིག་གི་རྣམ་ཤེས་རྟོགས་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་གསུངས་པ་ནི་རྣམ་ཤེས་ཚོགས་བརྒྱད་ཀ་ལ་སྦྱོར་རྒྱུ་ཡིན་པའི་ཕྱིར་དང༌། ཐོགས་མེད་ཞབས་ཀྱིས་ཀུན་གཞིའི་སྟེང་གི་ཡེ་ཤེས་ཀྱི་ཆ་སྙིང་པོའི་སྒྲུབ་བྱེད་དང༌། ས་བོན་དང་རྣམ་སྨིན་གྱི་ཆ་རྣམ་ཤེས་ཀྱི་སྒྲུབ་བྱེད་དུ་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་སོགས་ཀྱི་ལུང་དེ། བསྡུ་བར་ཀུན་གཞིའི་རྣམ་ཤེས་ཀྱི་སྒྲུབ་བྱེད་དང༌། རྒྱུད་བླའི་འགྲེལ་པར་སྙིང་པོའི་སྒྲུབ་བྱེད་དུ་དྲངས་སོ། །དེ་ལྟ་ན་ཡང་ཀུན་གཞིའི་རྣམ་ཤེས་དེ་ཡིན་ན་རྒྱུ་རྒྱུད་དུ་འགལ་བ་ཡིན་ཏེ། འགྲོ་བ་རྣམས་སུ་འཆི་བ་དང་སྐྱེ་བའི་ཚེ་སོ་སོར་རྒྱུན་ཆད་ཅིང༌། རྣམ་སྨིན་མི་འདྲ་བ་སོ་སོར་སྐྱེ་བའི་ཕྱིར་དང༌། རྒྱུ་རྒྱུད་ཀྱི་མཚན་གཞིར་བཟུང་བ་དེ་ཡིན་ན་རྒྱུན་ཆད་པར་འགལ་བའི་ཕྱིར་དང༌། དེའི་མཚན་གཞིར་བཟུང་བ་ནི་ཕྱོགས་སུ་མ་ཆད་པའི་མྱོང་རིག་ཙམ་པོ་དེ་ཡིན་ལ། དེ་ནི་ཀུན་གཞིའི་རྣམ་ཤེས་སུ་འགལ་བའི་ཕྱིར་དང༌། ལམ་འབྲས་ཀྱི་གཞུང་བཤད་ན་ཀུན་གཞི་ཟེར་བ་མང་དུ་ཡོད་ཀྱང༌། དེ་ལ་རྣམ་ཤེས་སྦྱར་བ་གཅིག་ཀྱང་མེད་པའི་ཕྱིར་དང༌། རྩ་བར་ཀུན་གཞིའི་རྣམ་ཤེས་དག་པ་ཞེས་འབྱུང་བ་དེ་ནི་ཡེ་ཤེས་ལས་མ་འདས་པའི་ཕྱིར། མདོར་ན་ཀུན་གཞི་དངོས་ནི། སེམས་ཅན་གྱི་ཆོས་དབྱིངས་ཡེ་ཤེས་དེ་ཉིད་ཡིན་ལ། དེའི་སྟེང་དུ་འཁོར་བའི་ས་བོན་བཞག་པ་དང་སྨིན་པ་ནི་འབྲལ་རུང་གློ་བུར་བ་ཡིན་ཞིང༌། དེ་ལ་ཀུན་གཞིའི་རྣམ་ཤེས་ཞེས་ཟེར། ཡང་དེའི་སྟེང་དུ་རྣམ་བྱང་ཕྱོགས་ཀྱི་བག་ཆགས་བཞག་པ་དེ་སྨིན་པ་ན། ཡེ་ཤེས་དེ་དང་དབྱེར་མེད་དུ་འགྲོ་བས། ཀུན་གཞི་ལ་འཁོར་འདས་གཉིས་ཀ་ཚང་ཞེས་ཟེར་བ་ཡིན་གྱི། རྣམ་ཤེས་རྐྱང་པ་ལ་མྱང་འདས་ཚང་བ་དང་ཡེ་ཤེས་འཁོར་བའི་ཆོས་སུ་ཁས་ལེན་ནུས་པ་མ་ཡིན་ནོ། །ཀུན་གཞིའི་རྣམ་ཤེས་ཀྱི་གསལ་ཆ་ལ་ཟག་པ་མེད་པའི་སེམས་རྒྱུད་ཅེས་ཐེག་བསྡུས་སུ་བཤད་མོད། དེ་མ་སྒྲིབས་ལུང་མ་བསྟན་དུ་འཆད་པ་ནི་ཅུང་དཀའ་བ་ཡིན་ཏེ། རྣམ་བྱང་གི་ཆོས་ཐམས་ཅད་མཐར་གསལ་ཆ་དེ་ཉིད་ཀྱི་ངོ་བོར་སྐྱེ་དགོས་པ་དང༌། ཉོན་ཡིད་ཀྱི་གསལ་ཆ་བསྒྲིབས་ལུང་མ་བསྟན་དུ་འཆད་མི་ནུས་པ་བཞིན་ནོ། །ཡང་བཀའ་བརྒྱུད་པའི་ཡི་གེ་ལ་ལ་ན་ཀུན་གཞིའི་རྣམ་ཤེས་ཉིད་བདེ་གཤེགས་སྙིང་པོར་འཆད་པ་དེ་ཡང་རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་མ་ཕྱེད་པར་འདྲའོ། །ཞེས་ཀྱང་ཞར་ལ་སྨྲས་སོ། །ཡང་འབེལ་གཏམ་གྱི་མཆིང་ཤོག་དེའི་ནང་ན། སྟོང་ཉིད་མེད་པར་དགག་པའི་ཆ་ལ་ལ་ཆོས་དབྱིངས་ཡེ་ཤེས་ཞེས་བྱ་བའི་མིང་གིས་བཏགས་པ་ཙམ་དུ་ཟད་ཀྱི། ཆོས་དབྱིངས་དང་ཡེ་ཤེས་ཀྱི་གཞི་མཐུན་མི་སྲིད་དོ། །ཞེས་དང༌། ཇི་སྐད་དུ། འཆད་པ་པོ་ང་ཆོས་ཀྱང་ང༌། །ཞེས་སོགས་ཀྱིས་བསྟན་པའི་ང་དེ་ཡང་མེད་པར་དགག་པ་ལས་གཞན་དུ་ངོས་མི་བཟུང་ངོ༌། །ཞེས་གསུང་བ་འདི་ལ། བརྟག་པ་གཉིས་ཏེ། སྤྱིར་བཤད་པ་དང༌། རྒྱུད་ཀྱི་དོན་ལ་དཔྱད་པའོ། །དང་པོ་ནི། ཆོས་དབྱིངས་དང་སྟོང་པ་ཉིད་ཀྱི་ངོས་འཛིན་ལ་ཤིང་རྟ་ཆེན་པོའི་སྲོལ་གཉིས་བྱུང་སྟེ། ཀླུ་སྒྲུབ་ཀྱི་བཞེད་པ་ཐལ་རང་གིས་བཀྲལ་བ་ལ་ནི་ཆོས་དང་གང་ཟག་མཐའ་དག་རང་རང་གིས་སྟོང་བའི་མེད་དགག་སྟེ། དགག་བྱ་བཀག་ཤུལ་དུ་ཆོས་གཞན་ཅི་ཡང་འཕེན་པ་མེད་དོ། །གལ་ཏེ་ཡོད་ན་ཉི་ཚེ་བའི་སྟོང་ཉིད་དུ་སོང་བས་སྟོང་ཉིད་གོ་ཆོད་པོ་མ་ཡིན་ནོ། །ཞེས་དགོངས་ནས། ཇི་སྐད་དུ། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་གསུངས་སོ། །འདི་ལའང་ལུགས་གཉིས་ཏེ། ཉམས་སུ་མྱོང་བྱ་ཡང་སྟོང་ཉིད་ལས་གཞན་མེད་པ་ཐལ་རང་གི་ལུགས་དང༌། ཤེས་རྣམ་ཉམས་སུ་མྱོང་བྱར་འདོད་པ་རྒྱན་རྩ་འགྲེལ་གྱི་ལུགས་སོ། །ལུགས་ཕྱི་མ་འདི་ལའང་མྱོང་བྱའི་སྟོང་ཉིད་ཤེས་པར་འཆད་པ་ཤིན་ཏུ་མང་སྟེ། བཟང་པོའི་ཞབས་ཀྱིས་སྐུ་ལྷག་མ་གསུམ་དང་སྒོམ་ལམ་ཆོས་དབྱིངས་ཀྱི་ངོ་བོར་བཤད་པ་དང༌། དེ་བཞིན་ཉིད་དང་མི་གནས་པའི་མྱང་འདས་ཀྱི་ངོས་འཛིན་གཉིས་མེད་ཀྱི་ཤེས་པ་ལ་བཤད་པ་བཞིན་ནོ། །སྲོལ་ཆེན་གཉིས་པ་ཐོགས་མེད་མཆེད་དང་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་ནི་སྟོང་ཉིད་གོ་ཆོད་པོ་ཡེ་ཤེས་ཁོ་ན་ལ་འཆད་དགོས་པ་ཡིན་ཏེ། རྒྱུད་བླ་མར་སྟོང་པ་ཉིད་ཀྱི་ངོ་བོ་ངོས་འཛིན་པ་ན། བློ་བུར་དག་གིས་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་རྩ་འགྲེལ་ན་གསལ་བ་དང༌། དབུས་མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་འཆད་པ་ན། གཉིས་དངོས་མེད་པའི་དངོས་མེད་པའི། །དངོས་པོ། ཞེས་དང༌། བརྒྱད་སྟོང་དོན་བསྡུའི་འགྲེལ་པར་ལུང་དྲངས་པ་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །ཞེས་སོགས་དང༌། གཞན་ཡང་ལུགས་ཕྱི་མ་འདིར་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ཆོས་ཉིད་ཀྱི་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཡིན་པར་བཤད་དོ། །གཉིས་པ་ལ། གཉིས་ཏེ། སྔགས་ལུགས་ཀྱི་ཆོས་དབྱིངས་ངོས་བཟུང༌། ལུགས་དེར་གྲགས་པའི་ང་དང་བདག་གི་ངོས་འཛིན་བཤད་པའོ། །དང་པོ་ལ་གཉིས་ཏེ། སྔགས་ལུགས་ཀྱི་ཆོས་དབྱིངས་ཤེས་པར་འདོད་དགོས་པ་དང༌། ཆོས་དབྱིངས་ཡེ་ཤེས་པར་གཏན་མི་རུང་དོན་དམ་མི་སྲིད་པར་ཐལ་བའོ། །དང་པོ་ནི། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང༌། ཆོས་དབྱིངས་གསུང་གི་དབང་ཕྱུག་ཅེས་འཆད་པ་དང༌། འཇམ་དཔལ་གྱི་ལྟ་བའི་འདོད་པ་ལས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལས་གཞན་སྟོང་ཉིད་གོ་ཆོད་པོ་མ་ཡིན་པར་བཤད་པ་དང༌། གསང་སྔགས་པ་སྤྱིའི་ཡེ་ཤེས་ཚོགས་གསོག་གི་ཚེ་མ་ཡིན་དགག་ཏུ་གྱུར་པའི་སྟོང་པ་ཉིད་སྒོམ་པར་བཤད་པ་དང༌། གཞན་ཡང་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཞེས་འཆད་པ་དང༌། བདེ་སྟོང་གཉིས་མེད་ཅེས་འཆད་པའི་ཚེ། བདེ་བ་ཉིད་སྟོང་པའི་མཚན་གཞིར་འཆད་རྒྱུ་ཡིན་པ་དང༌། དེ་མིན་ན་ཟུང་འཇུག་གི་དོན་མ་གོ་བ་ལས་འོས་མེད་དོ། །བྱེ་བྲག་ཏུ་ས་སྐྱ་པ་རྣམས་ནི། སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཞེས་འཆད་པ་དང༌། ལམ་འབྲས་གཞུང་བཤད་ཀྱི་ནང་ན་སྟོང་པ་ཉིད་ཀྱི་དབྱེ་བ་དགུར་ཕྱེ་ནས་སྔ་མ་བརྒྱད་སྟོང་ཉིད་ཕལ་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁོ་ན་ལ་སྟོང་ཉིད་མཆོག་ཏུ་བཤད་ནས། དེའི་ངོས་འཛིན་ཆོས་ཀྱི་སྐུའི་ཡེ་ཤེས་ལ་བཞེད་དོ། །གཉིས་པ་ནི། དེ་ལྟ་ན་སྔགས་ལུགས་ལ་དོན་དམ་བདེན་པ་ངོས་བཟུང་དུ་མེད་པར་འགྱུར་ཏེ། ཆོས་དབྱིངས་མེད་དགག་གི་ཆ་ནི་དེར་མི་རུང་བའི་ཕྱིར། དཔེར་ན་དབུ་མ་ཐལ་རང་བས། ཀུན་རྫོབ་ལས་མ་གཏོགས་པའི་ཆོས་གཞན་ཁས་ལེན་མི་ནུས་པ་བཞིན་ནོ། །གཏན་ཚིགས་ནི་རྣམ་འགྲེལ་མཛད་པའི་རིགས་པར་མ་ཟད། རྗེ་བཙུན་མཆེད་ཀྱི་ལུང་ལས་ཀྱང་སྟེ། སཾ་ཊིའི་འགྲེལ་ཆེན་དང༌། མངོན་རྟོགས་ལྗོན་ཤིང་ལས། བློ་སྣང་གི་བྲལ་ཆ་དེ་ལ་དོན་དམ་རྣལ་མར་མ་སྟོན་ཅིང༌། ཅེས་དང༌། བསྟན་བཅོས་མཛད་པའི་སློབ་དཔོན་རྣམས་ཀྱིས་རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པ་ལ་སྒྲུབ་བྱེད་མ་གསུངས། ཞེས་སོ། །ཕྱི་དུས་ཀྱི་ས་སྐྱ་པས་རང་ལུགས་ཀྱི་སྟོང་པ་ཉིད་མེད་དགག་གི་ཆ་དེ་ཡང་ངོས་འཛིན་པ་དཀའ་བ་ཡིན་ཏེ། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་ལ་དེར་འཆད་པ་ནི་ཤར་བཙོང་ཁ་པས་སྦྱར་བའི་ཁྱད་ཆོས་ཡིན་པའི་ཕྱིར་དང༌། དེ་ལས་གཞན་དུ་འཆད་པ་ནི་འགའ་ཡང་མ་མཐོང་བའི་ཕྱིར་རོ། །རྗེ་བླ་མ་ཨཱ་ནནྟའི་བཞེད་པ་ནི་སྤྲོས་མེད་མཛེས་རྒྱན་དང་རིམ་ལྔའི་ཁྲིད་ཡིག་ན་གསལ་ཞིང༌། རྗེ་རྒྱལ་རོང་པའི་བཞེད་པ་ནི། རྒྱན་གྱི་ཁྲིད་ཡིག་ཏུ་སྟོང་ཉིད་བཞི་སྦྱོར་གྱི་བཤད་པ་ལས་གསལ་ལོ། །མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ་དང༌། རྗེ་དམ་པ་རྒྱ་གར་དང༌། རྒྱལ་རོང་བ་ཆེན་པོ་གསུམ་ནི་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་ལུགས་ཆོས་འཁོར་བར་པ་ལྟར་བཤད་ནས། མཉམ་པར་འཇོག་པའི་ཡུལ་གྱི་ངེས་དོན་འཁོར་ལོ་གསུམ་པ་ལྟར་འཇོག་པ་ཡིན་ཏེ། དབུ་མ་སྣང་བ་དང༌། སྒོམ་རིམ་དང༌། གསེར་གྱི་ཨུཏྤལ་འདབ་དྲུག་དང་རྒྱན་གྱི་ཁྲིད་ཡིག་རྣམས་སུ་གསལ་བས་སོ། །གཉིས་པ་ལ། གཉིས་ཏེ། རྡོ་རྗེའི་ཐེག་པར་གྲགས་པའི་ང་དང་བདག་སོགས་ངོས་བཟུང་བ་དང༌། དེ་ཡང་ཉམས་ལེན་ཐབས་ཀྱིས་ཟིན་དགོས་པའོ། །དང་པོ་ནི། སྤྱིར་དང་གང་ཟག་སོགས་ཀྱི་ཐ་སྙད་འདོགས་ལུགས་ལ་གཉིས་ཏེ། ཀུན་རྫོབ་ཀྱི་ང་སོགས་དང་དོན་དམ་པའི་བདག་སོགས་སོ། །དང་པོ་ནི། ངར་འཛིན་ལྷན་སྐྱེས་ཀྱིས་གདགས་གཞི་ཕུང་པོ་ལྔ་ལ་བརྟེན་ནས་ང་སོགས་སུ་སྒྲོ་བཏགས་པའི་བཏགས་ཡོད་ཞིག་སྟེ། ཇི་སྐད་དུ། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་ལྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམ་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་དོན་དམ་པའི་ང་སོགས་ཀྱི་བརྡ་ཆད་ནི་སྤྱིར་འཁོར་ལོ་གསུམ་པ་དང༌། བྱེ་བྲག་ཏུ་རྡོ་རྗེའི་ཐེག་པ་ལ་གྲགས་པའི་སྐད་ཡིན་ཏེ། ཇི་སྐད་དུ། དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས། འདི་ནི་ངར་འཛིན་ལྟ་ཅི་སྨྲོས། །སྒྲ་རྟོག་གི་ཡུལ་ལས་འདས་པ་ཡིན་ཏེ། ཇི་སྐད་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་བདག་དམ་པ་ཞེས་བྱ་བའི་ཐ་སྙད་ཀྱི་འདོགས་པ་འདི་ནི། རྡོ་རྗེ་ཐེག་པ་ལས་ཤིན་ཏུ་གསལ་བ་དང་ཉེ་བར་མཁོ་བ་ཡང་ཡིན་ཏེ། ཡེ་ཤེས་ཚོགས་བསག་གི་སྔགས་དོན་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་ང་ཡིན་ཞེས་སྒོམ་པའི་ཕྱིར། དེ་ལྟ་བུའི་དེ་སྒྲུབ་པའི་གཞིར་བྱས་ནས། རྟེན་གཞལ་ཡས་ཁང་དང༌། བརྟེན་པ་ལྷ་དང༌། གསུང་ཡིག་འབྲུ་དང༌། ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་སོགས་སྒྲུབ་དགོས་པའི་ཕྱིར་དང༌། རང་བཞིན་ལྷན་སྐྱེས་དང༌། འོད་གསལ་བ་དང༌། ཤིན་ཏུ་སྤྲོས་མེད་དང༌། བསམ་མི་ཁྱབ་སོགས་མཐའ་དག་ཀྱང་དོན་དམ་པའི་བདག་གམ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་འདི་ལས་གཞན་དུ་མ་དམིགས་པའི་ཕྱིར། དོན་དེ་ལ་བསམས་ནས། ཇི་སྐད་དུ། བདེ་བ་རྟོག་ཕྱིར་ང་སངས་རྒྱས། །ཞེས་དང༌། འཇིག་རྟེན་འཇིག་རྟེན་འདས་པ་དང༌། །ཞེས་གསུངས་སོ། །ཡང་ང་ལས་གནས་གསུམ་པོ་ཡང་འབྱུང༌། །ཞེས་དང༌། འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་སོགས་ཀྱང༌། ཇི་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་འབྱུང་བ་དེ་ཉིད་དོ། །དབྱིངས་དེ་ཡང་མེད་དགག་ལ་བཤད་དུ་མི་རུང་སྟེ། ལུང་དེ་ཀུན་གཞིའི་རྣམ་ཤེས་ཀྱི་སྒྲུབ་བྱེད་དུ་དྲངས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ཙམ་ཞིག་ཉམས་སུ་མྱོང་བ་ནི་ཕྱི་ནང་གི་མུ་སྟེགས་བྱེད་དག་ལ་ཡང་ཡོད་ལ། དེ་འདྲ་དེ་ལ་བདག་མེད་གཉིས་ཀྱི་ལྟ་བ་མ་བསྟན་ན། གང་ཟག་གི་བདག་ཏུ་སྨྲ་བ་དང༌། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དང༌། གཟུང་འཛིན་གཉིས་མེད་ཀྱི་རང་རིག་རང་གསལ་དེ་ལ་བདག་ཤེས་རིག་གི་སྐྱེས་བུར་སྒྲོ་འདོགས་པ་སོགས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང༌། རྒྱུད་ལས། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །ཅེས་པ་ནས། བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་ཆོས་དབྱིངས་ཡེ་ཤེས་ཉམས་སུ་མྱོང་བའི་རྗེས་ཐོབ་ཏུ་སྣང་བ་སེམས་སུ་ཐག་བཅད་པས་བཟུང་བ་ཡུལ་གྱི་ཞེན་པ་སྤོང༌། སེམས་སྒྱུ་མར་ཐག་བཅད་པས་འཛིན་པ་ཡུལ་ཅན་གྱི་ཞེན་པ་སྤོང༌། གཉིས་མེད་རྟེན་འབྲེལ་དུ་བཤད་པས་ཡེ་ཤེས་སྟོང་པ་ཉིད་དུ་ཐག་ཆོད་པས་ན་ཉམས་སུ་མྱོང་བྱ་ཡེ་ཤེས་དེ་ལ་གྲུབ་མཐའ་ངན་པ་སྒྲོ་འདོགས་པ་མི་སྲིད་དོ། །བཞི་པ་བརྗོད་བྲལ་ནི་མཉམ་གཞག་གི་ཉམས་མྱོང་ངོ་འཕྲོད་པ་སྟེ། གྲུབ་པའི་དོན་ནོ། །དེ་ལྟར་དེ་བཤད་པ་ལས་ནི། །བྱུང་བའི་དགེ་བ་རྣམ་དཀར་པོས། །དང་པོར་རང་ཉིད་སྨིན་བྱས་ནས། །གཞན་ཡང་གྲོལ་བར་བྱེད་གྱུར་ཅིག །རྗེ་བཙུན་བརྩེ་ཆེན་ཡབ་སྲས་ཀྱི། །ལྟ་གྲུབ་འདི་ལས་གཞན་ཡིན་ཞེས། །རྣལ་འབྱོར་དབང་ཕྱུག་ཉིད་བྱོན་ཡང༌། །འདིར་རྗེས་འབྲང་རྣམས་སྙེམས་མི་འཚལ། །གལ་ཏེ་མངོན་པའི་ང་རྒྱལ་གྱིས། །ཡིན་ན་མང་ཐོས་མཁྱེན་པ་ཅན། །རྣམས་དང་རྩེ་གཅིག་སྒྲུབ་པ་ལ། །གཞོལ་རྣམས་དེང་འདིར་བཟོད་མཛོད་ཅིག །འདི་ནི་ཁོ་བོ་ཀློག་པ་པའི། །རི་ཆོས་འཆི་སྐབས་གསུམ་མེད་ཚང༌། །དཔྱོད་མེད་ཕྲག་དོག་ཅན་གཞན་ལ། །ལྟོས་འགྲོའི་མགྲིན་པར་འོ་མ་བཞིན། །སྐལ་བཟང་དཔག་བསམ་ལང་ཚོ་ལ། །ཉེ་བར་སོང་བའི་ལྷ་གཞོན་དག །ཡོངས་འདུའི་འབབ་སྟེགས་ལས་འཁྲུངས་པའི། །བདུད་རྩི་བཞིན་དུ་མྱོང་གྱུར་ཅིག །ཅེས་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དགེ་བའི་བཤེས་གཉེན་དམ་པ་མུས་རབ་འབྱམས་པའི་མཆིད་ལན་དུ་སྦྱར་བ་འདི་ཡང་དག་པར་རྟོགས་སོ།།  །།  ༄༅། །སྭསྟི། སྤྱན་རས་གཟིགས་དབང་ཐུགས་རྗེ་ཡི། །སྤྱན་གྱིས་མ་བཟུང་འགྲོ་བ་ནི། །འགའ་ཡང་གང་ན་ཡོད་མིན་པ། །དེ་ཕྱིར་དེ་ལ་སྐྱབས་སུ་མཆི། །ཐོས་བསམ་གྲུ་དང་རྣམ་དཔྱོད་ཀྱི། །སྐྱ་བ་རིགས་པར་འཛིན་པོ་དེས། །སྡེ་སྣོད་གསུམ་དང་གྲུབ་པའི་མཐའ། །རྒྱ་མཚོའི་གཏིང་མཐའ་འདིར་བཙལ་བྱ། །ཞེས་ཤིས་པར་བརྗོད་ནས་སྐབས་སུ་བབ་པ་ནི། བཤེས་གཉེན་དམ་པ་མུས་པའི་འབེལ་གཏམ་གྱི་མཆིད་ཤོག་ན། འདི་སྐད་དུ། བཅས་ལྡན་དགེ་སློང་རྣམ་དག་གི །ངེས་འབྱུང་ཚུལ་ཁྲིམས་གཟུགས་ཅན་ལ། །སྡོམ་པ་མིན་པ་ཅི་ཞིག་ཡོད། །ཅེས་དྲིས་པ་འདི། དམ་བཅས་པའམ་དྲི་བའི་ཚིག་ཏུ་སྦྱར་བ་གང་ཡིན་ཀྱང་རུང་སྟེ། གཅིག་ཕྱོགས་ལ་སྒྲུབ་བྱེད་དང༌། གཞན་ཕྱོགས་ལ་སུན་འབྱིན་རྒོལ་བར་བྱེད་པའི་ཚུལ་འདི་ལྟར། འདིར་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་གཞིར་བྱས་ན། ཇི་སྐད་དུ། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་པས་བསྟན་པའི་གཟུགས་ལ་རིག་བྱེད་ཡིན་མིན་གཉིས་ཀ་ཡོད་ཅིང༌། རིག་བྱེད་ལ་བར་མས་ཁྱབ་པ་དང༌། རིག་མིན་ལ་སྡོམ་པ་དང་བར་མ་གཉིས་ཡོད་ཅིང༌། ཕྱི་མའི་དཔེ་ནི་སྡོམ་ལྡན་གྱི་རྒྱུད་ཀྱི་མི་དགེ་བའི་ལས་ལམ་དངོས་གཞི་ལྟ་བུའོ། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་པ་འདི་ལ་ཡང་རིག་བྱེད་ཡིན་མིན་གཉིས་ལས། དང་པོ་ལ་བར་མས་ཁྱབ་ཅིང༌། ཕྱི་མ་ལ་སྡོམ་པ་ཡིན་མིན་གཉིས་ལས། དང་པོ་རྟོགས་པར་སླ་ལ། ཕྱི་མའི་དཔེ་ནི་ཕྱི་རོལ་པའི་རྒྱུད་ཀྱི་སྤོང་བདུན་གྱི་ཚུལ་ཁྲིམས་རིག་མིན་གྱི་གཟུགས་སུ་གྲུབ་པ་ལྟ་བུའོ། །དེ་ཡང་རྒྱས་པར་ན་མཛོད་འགྲེལ་དུ། ཆོས་འདི་པ་དག་གི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་ལ་སོ་ཐར་སྡོམ་པས་ཁྱབ་པ་ལྟ་བུ་བཤད་པའི་འཁྲུལ་གཞི་ཡོད་ཀྱང༌། དེར་མ་ངེས་ཏེ། འདུལ་བར་སྤང་བྱ་ལྡོག་པའི་ཚུལ་ཁྲིམས་དང་ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་གཉིས་བཤད་པ་ལས། དང་པོ་ལ་ཡང་སྡོམ་པས་མ་ཁྱབ་ན། ཕྱི་མ་ལ་ལྟ་ཅི་སྨོས་ཏེ། དཔེར་ན་གནས་དང་གནས་པའི་ཚུལ་ཁྲིམས་བཞིན་ནོ། །ཞེས་སྤྱིར་བསྟན་ནས། དངོས་ལན་ནི། དེ་འདྲ་དེ་ལ་སྡོམ་པས་མ་ཁྱབ་པ་ནི་འདི་ལྟར། བཅས་ལྡན་དགེ་སློང་གི་རྒྱུད་ལ་ཡོད་པའི་སྐྱབས་འགྲོ་དང༌། དེའི་བསླབ་བྱ་ལ་སློབ་པའི་རིག་བྱེད་ཡིན་མིན་གྱི་གཟུགས་དང༌། སྔོན་ཁྱིམ་པའི་དུས་སུ་བླངས་པའི་སྣ་གཅིག་གཅོད་པ་དང༌། སྣ་འགའ་དང་ཕལ་ཆེར་གཅོད་པའི་དགེ་བསྙེན་གྱི་མིང་ཅན་རྣམས་དང༌། བར་མ་ཡང་དག་པར་བླངས་པ་གསུམ་དང༌། གསོ་སྦྱོང་སོགས་གཞི་གསུམ་གྱིས་བསྡུས་པའི་ཚུལ་ཁྲིམས་དང༌། གོས་དང་ལྷུང་བཟེད་དང་སྨན་དང་རུང་ཁང་བྱིན་གྱིས་རློབ་པ་ལྟ་བུའི་ཚུལ་ཁྲིམས་རིག་བྱེད་ཀྱི་གཟུགས་སུ་གྱུར་པ་རྣམས་དང༌། ལྟུང་བ་བཤགས་པ་དང་བྱིན་གྱིས་རླབས་པ་དང་སྤོ་བ་དང་མགུ་བ་དང་དབྱུང་བ་ནོད་པ་དང༌། སྤྱོད་པ་སོགས་ཀྱི་རིག་བྱེད་རྣམས་ཀྱང་དེར་མ་ངེས་པ་དང༌། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་དག་ཀྱང་སྡོམ་པར་མ་ངེས་ལ། ཁོ་བོ་ཅག་ལྟར་ན། བཅུ་གཉིས་སྤོང་བྱེད་ཀྱི་བསླབ་པ་ཡང་སྡོམ་པར་མི་འདོད་ཅིང༌། གཞན་དག་རྣམས་ནི་ཚངས་སྤྱོད་ཉེར་གནས་ཀྱང་སྡོམ་པར་མི་བཞེད་དོ། །གཞན་ཇི་སྐད་དུ། སངས་རྒྱས་ཀྱིས་ནི་བཅས་པ་ཡང༌། །ཞེས་པས་བཅས་རྐྱང་བསྲུང་བའི་ངེས་འབྱུང་གི་ཚུལ་ཁྲིམས་ཀྱང་བཞེད་མོད། དེ་ལ་སྡོམ་པའི་མཚན་ཉིད་ཚང་བ་མ་ཡིན་ནོ། །ཞིབ་མོར་ན་དགེ་སློང་རྣམ་དག་གི་རྒྱུད་ཀྱི་ལུས་ངག་གི་སྤོང་བར་རིག་བྱེད་མ་ཡིན་པའི་གཟུགས་སུ་གྲུབ་པ་བདུན་པོ་དེ། རྒྱུ་འབྱུང་བ་བཞི་ཚན་རྫས་ཐ་དད་པ་རེ་རེ་ལས་སྐྱེ་བ་ཡིན་པས་དེའི་ཚེ་སྤོང་བ་བདུན་པོ་རེ་རེ་ནས་སྡོམ་པ་ཉིད་དུ་ཐལ་བར་འགྱུར་ཏེ། གཏན་ཚིགས་སུ་བཀོད་པ་དེ་ཉིད་ཀྱི་ཕྱིར་རོ། །འདོད་ན་རེ་རེ་ནས་ཀྱང་རྩ་བ་བཞི་ཀ་སྤོང་བའི་ཚུལ་ཁྲིམས་སུ་ཐལ་ལོ། །གལ་ཏེ་ཇི་སྐད་དུ། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་བཤད་པས། རྩ་བ་གཅིག་གཉིས་ལ་སོགས་པ་བཏང་ནས་མེད་པའི་དགེ་སློང་ཡང་བཤད་པས་སྔ་མ་ལ་ཁྱབ་པ་མ་ངེས་སོ་ཤེ་ན། དེ་ནི་རྩ་བའི་མ་ངེས་པར་སླར་ཡང་འོང་པ་ཡིན་ཏེ། དེ་ལ་ཁྲིམས་ལྡན་དང་ཁྲིམས་འཆལ་གྱི་གཞི་མཐུན་པ་ཞེས་འཆད་ཀྱི་སྡོམ་ལྡན་དང་སྡོམ་མེད་ཀྱི་གཞི་མཐུན་ཞེས་མི་ཟེར་བས་སོ། །གཞན་ཡང་དམ་བཅའ་འདིའི་ཞེ་ཕུགས་ཀྱི་བསམ་དོན་ལ། དགེ་སློང་རྣམ་དག་གི་རྒྱུད་ལ་དགེ་སློང་གི་སྡོམ་པ་དང་ལུས་སམ་ངག་གི་རིག་བྱེད་དུ་གྱུར་པའི་གཞི་མཐུན་ཞིག་ཡོད་པར་ཁས་བླངས་པས་དེའི་མཚན་གཞི་གང་ཡིན། སྔོན་སྡོམ་པ་ལེན་དུས་ཀྱི་ལུས་ངག་གི་རིག་བྱེད་དམ། ད་ལྟ་སྡོམ་པ་རྫོགས་པར་ཡོད་དུས་ཀྱི་རིག་བྱེད་ལ་འདོད། ཕྱི་མ་ལྟར་ན། དེ་དག་ཆོས་ཅན། རང་འཐོབ་བྱེད་ཀྱི་རྒྱུ་བསྙེན་རྫོགས་ཀྱི་འཐོབ་རྒྱུ་ལས་ཐོབ་པར་འགྱུར་ཏེ། དགེ་སློང་གི་སྡོམ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྔོན་གྱི་དུས་དེར་རིག་བྱེད་མ་འོངས་པ་དང་མི་ལྡན་པར་བཤད་པས་སོ། །དེ་བས་ན་བཅས་ལྡན་དགེ་སློང་གི་རྒྱུད་ལ་རྩ་བ་བཞི་སྤོང་བའི་རིག་བྱེད་ད་ལྟར་བ་ཡོད་སྲིད་ཀྱང༌། དེ་སྡོམ་པར་མི་འདོད་ཏེ། སྡོམ་པའི་འཐོབ་རྒྱུས་ཐོབ་པ་མ་ཡིན་ཞིང༌། གཏོང་རྒྱུས་ཀྱང་མི་གཏོང་ལ། ཕམ་པ་འཆབ་བཅས་ཀྱིས་ཉམས་པར་ཡང་བྱེད་པའི་རིགས་ཅན་དུ་མི་གནས་པའི་ཕྱིར། དཔེར་ན་ཁྲིམས་འཆལ་ལམ་རྐུ་ཐབས་སུ་གནས་པའི་རྒྱུད་ཀྱི་རྩ་བ་བཞི་སྤོང་བ་ལྟར་འཆོས་པའི་ངག་གི་སྒྲ་དང་ལུས་ཀྱི་དབྱིབས་བཞིན་ནོ། །མདོར་ན་སོ་ཐར་གྱི་སྡོམ་པ་ཉན་ཤེས་ཀྱིས་ཐོས་པ་དང༌། མིག་ཤེས་ཀྱི་གཟུང་བྱར་བྱེ་བྲག་ཏུ་སྨྲ་བས་མི་འདོད་དེ། དེ་ནི་ལུང་ལས་བཤད་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་སྒྲུབ་བྱེད་དུ་བཀོད་ནས་སྡོམ་པ་གཟུགས་ཅན་དུ་སྒྲུབ་པར་མཛད་པས་སོ། །བརྟག་པ་སྔ་མ་ལྟར་ན། སྔོན་སྡོམ་པ་ལེན་དུས་ཀྱི་ལུས་ཀྱི་དབྱིབས་ནི་ད་ལྟར་གྱི་དུས་སུ་ལྡན་པར་བཤད་ཀྱང༌། སྡོམ་པ་མ་ཡིན་ཏེ། དུས་དེར་ཡོད་པ་མ་ཡིན་པས་སོ། །ད་ལྟ་མེད་ཀྱང་སྔོན་སྡོམ་པ་ཐོབ་དུས་སུ་ཡོད་པའི་རིག་བྱེད་དེ་རང་དུས་དེ་ཉིད་དུ་སྡོམ་པར་ཁས་ལེན་ནོ་ཞེ་ན། འོ་ན་རིག་བྱེད་དེ་སྤང་བྱ་བདུན་པོ་སྤོང་བའི་རིག་བྱེད་དུ་འདོད་དམ། སྤངས་པའི་རིག་བྱེད་དུ་འདོད། དང་པོ་ལྟར་ན། སོར་སྡོམ་དུ་མི་རིགས་ཏེ། དགེ་བའི་ལས་ལམ་དངོས་མ་ཡིན་པའི་ཕྱིར། དཔེར་ན་སྲོག་གཅོད་པར་བྱེད་པའི་ལུས་ངག་གི་རིག་བྱེད་དེ་དེའི་ལས་ལམ་དངོས་མ་ཡིན་པ་བཞིན་ནོ། །གཉིས་པ་ལྟར་ན། དེ་ཆོས་ཅན། ལུས་ངག་གི་དགེ་བའི་ལས་ལམ་དངོས་མ་ཡིན་ཏེ། དེའི་མཇུག་ཡིན་པའི་ཕྱིར། དཔེར་ན་ཤི་བའི་རོ་ལ་བསྣུན་པར་བྱེད་པ་བཞིན་ནོ། །རིག་བྱེད་མ་ཡིན་པ་ལ་ནི་མི་མཚུངས་ཏེ། རང་ཉིད་ལས་ལམ་དངོས་གཞིར་སྐྱེ་ཞིང་ལས་ལམ་ཕྱི་མ་གཞན་རྩོམ་བྱེད་མ་ཡིན་པའི་ཕྱིར་དང༌། རང་རྒྱུ་རིག་བྱེད་སྔ་མ་ཞིག་སྔོན་དུ་འགྲོ་དགོས་པའི་ཕྱིར། འོ་ན་ལས་ལམ་དངོས་གཞིའི་རྒྱུན་ཕྱི་མ་རྣམས་མཇུག་ཏུ་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། མཇུག་གི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པ་ནི་དངོས་གཞིའི་རྒྱུ་ལས་གཞན་པའི་ཀུན་སློང་དང་སྦྱོར་བ་གཞན་གྱིས་བྱེད་དགོས་པའི་ཕྱིར། སྦྱོར་བ་དང་ཀུན་སློང་དེ་ཡང་ལས་ལམ་དངོས་གཞིའི་གོང་དུ་འབྱུང་བ་ཡང་སྲིད་འོག་ཏུ་འབྱུང་བ་ཡང་སྲིད་དེ། དཔེར་ན་བསད་བྱ་དེ་མ་ཤི་བའི་གོང་དེའི་ཤ་ཟ་བའི་ཀུན་སློང་བྱུང་བ་དང༌། ཤི་ཟིན་པའི་འོག་ཏུ་ཀུན་སློང་དེ་བྱུང་བ་བཞིན་ནོ། །མདོར་ན་དེ་བས་ན་སྡོམ་པ་ལེན་པའི་ཆོ་ག་ལ་སྡོམ་པ་ཉིད་དུ་འཁྲུལ་བར་མི་བྱའོ། །ཞེས་སྨྲས་སོ། །ཡང་འབེལ་གཏམ་གྱི་མཆིད་ཤོག་ན། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་པར། སོ་ཐར་དང་དེའི་སྡོམ་པ་ལ་མུ་བཞི་རྩི་བའི་རྣམ་བཤད་མཛད་མཁན་སུ་བྱུང་ཞེས་དང༌། འགྲེལ་པར། སྡོམ་པ་ཡང་དག་པར་བླངས་པའི་རིག་བྱེད་ཅེས་འབྱུང་བས། སྦྱོར་བའི་དུས་ཀྱི་རིག་བྱེད་དུ་མི་འཐད་ཅེས་དང༌། དངོས་གཞིའི་རིག་བྱེད་མ་ཡིན་པ་དང་པོ་ཆོས་ཅན། སོ་ཐར་མ་ཡིན་པར་ཐལ། ཁྱོད་ཀྱི་སྦྱོར་བའི་དུས་ཀྱི་རིག་བྱེད་དེ་སོ་ཐར་ཡིན་པའི་ཕྱིར། ཅེས་པ་རྣམས་ལས། དང་པོ་དྲི་བར་མངོན་པ་དེའི་ལན་ནི། དངོས་གཞིའི་དུས་ཀྱི་རིག་བྱེད་དམ། རིག་བྱེད་དང་པོ་སྡོམ་པ་མ་ཡིན་པར་གྲུབ་པ་ན། དེ་འདྲའི་མུ་བཞི་རྩ་འགྲེལ་ཉིད་དུ་རང་ཆས་སུ་བྱུང་བས། བོད་ཀྱི་རྣམ་བཤད་ལ་རག་མ་ལས་ཤིང༌། སོ་ཐར་གྱི་རིག་བྱེད་དང་པོ་སྦྱོར་བའི་དུས་ཁོ་ནར་འབྱུང་བ་ནི། ཇི་སྐད་དུ། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །ཅེས་པས་ཐོན་ལ། སྦྱོར་བའི་དུས་སུ་སྡོམ་པ་མ་སྐྱེས་པ་ནི་ཀུན་གྱིས་ཤེས་སོ། །དངོས་གཞིའི་དུས་ཀྱི་རིག་བྱེད་སྡོམ་པ་དངོས་སུ་འཆད་པ་ནི་བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་མ་མཛད་གོང་དུ་ནི་དེ་ལྟར་འཆད་པའི་རྒྱ་བོད་ཀྱི་འགྲེལ་བྱེད་སུ་ཡང་མི་སྣང་ལ། རིན་པོ་ཆེ་པས་རིག་བྱེད་ངོས་འཛིན་མ་དགོངས་པ་ནི་མི་སྲིད་མོད། དགོངས་ན་འདི་ལྟར། དེང་སང་བསྙེན་པར་རྫོགས་པའི་དགེ་སློང་དེའི་རྒྱུད་ལ་སྡོམ་པ་དངོས་དང་སྐྱེས་དུས་གཅིག་པའི་ངག་གི་རིག་བྱེད་བསྒྲུབ་བྱ་རང་གི་རྒྱུད་ལ་ནི་མེད། ལས་བྱེད་པ་དང་ཡུལ་དགེ་འདུན་གྱི་རིག་བྱེད་ནི་རྟེན་བསྒྲུབ་བྱ་དེའི་སྡོམ་པར་མི་རུང་བས་ན། དེ་དུས་ཀྱི་ལུས་ཀྱི་རིག་བྱེད་ཁོ་ན་སྡོམ་པར་འདོད་དགོས་པས། འདི་ལྟར། བསྒྲུབ་བྱ་ལྷས་སྦྱིན་གྱི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དང་སྐྱེས་དུས་གཅིག་པའི་ལུས་ཙོག་པུའི་དབྱིབས་དེ་ཆོས་ཅན། དེ་དུས་ཀྱི་བསྙེན་རྫོགས་དངོས་མ་ཡིན་ཏེ། རང་རྒྱུད་གསོལ་བཞིའི་ཆོ་ག་ལས་གསར་དུ་བྱུང་བ་མ་ཡིན་པའི་ཕྱིར་དང༌། ཆོ་ག་དེ་མ་བྱས་གོང་ནས་ལུས་ཀྱི་དབྱིབས་དེ་ལྟར་བཅོས་ཏེ་འདུག་པའི་ཕྱིར། དེ་བཞིན་དུ་དགེ་ཚུལ་བླངས་པའི་ཚེ། བརྗོད་པ་ཐ་མའི་ཆ་གསུམ་པའི་རྗེས་ཟློས་ཀྱི་ངག་སྒྲ་དེ་ལས་གཞན་པའི་ངག་གི་རིག་བྱེད་ནི་ཁྱོད་ཀྱང་མི་འདོད་པས་དེ་འདྲ་དེ་ཆོས་ཅན། དགེ་ཚུལ་གྱི་སྡོམ་པ་དངོས་མ་ཡིན་ཏེ། རང་འབྲས་དགེ་ཚུལ་གྱི་སྡོམ་པ་འཐོབ་བྱེད་ཀྱི་རྐྱེན་ཆོ་ག་ཡིན་པའི་ཕྱིར། མདོར་ན་དེ་དུས་ཀྱི་ལུས་ཀྱི་དབྱིབས་ནི་རྗེས་ཟློས་ལན་གསུམ་ལས་བྱུང་བ་མ་ཡིན་ཞིང༌། བདག་ཇི་སྲིད་འཚོའི་བར་དགེ་ཚུལ་དུ་ཞེས་པའི་ཚིག་ཡན་ཆད་ནི་སྡོམ་པའི་རྐྱེན་ཆོ་ག་ཡིན་པས་སྦྱོར་བར་གཏོགས་ལ། སློབ་དཔོན་གྱིས་ཞེས་པ་མན་ཆད་ནི་མཇུག་ཡིན་པ་ཉིད་ཀྱི་ཕྱིར་ན། སྦྱོར་མཇུག་ལས་མ་གཏོགས་པའི་ངག་གི་རིག་བྱེད་དངོས་གཞིར་གཏོགས་པ་ནི་ཡོད་པ་མ་ཡིན་པ་ནི་འགྲེལ་པ་ཉིད་ལས་ཤེས་སོ། །ལུས་ཀྱི་དབྱིབས་ཀྱང་སྦྱོར་དངོས་རྗེས་གསུམ་ཀའི་ཚེ་ཡོད་ཀྱང༌། སྡོམ་པའི་འཐོབ་རྒྱུས་བྱས་པ་མ་ཡིན་པའི་ཕྱིར་དང༌། ལུས་ཀྱི་རིག་བྱེད་དེ་ཡང་རང་འབྲས་ལུས་ཀྱི་རིག་བྱེད་མ་ཡིན་པ་དེའི་རྒྱུར་འདོད་ཀྱི། ལུས་ཀྱི་རིག་བྱེད་དེ་ཉིད་སྡོམ་པའི་འཐོབ་རྒྱུ་གཞན་གྱིས་བྱས་པར་ཁས་ལེན་ནུས་པ་ནི་སུ་ཡང་མེད་དོ། །དེ་ལ་དགོངས་ནས་ཆོས་ཀྱི་རྗེས། ཉན་ཐོས་སྡོམ་པ་རྣམ་རིག་མིན། །ལུས་ངག་ལས་ནི་སྐྱེ་བར་འདོད། །ཅེས་གསུངས་མོད། ལུས་ངག་དེ་ཡང་སྡོམ་པ་ཡིན་ཞེས་གསུངས་པ་ནི་མེད་དོ། །རྒོལ་བ་གཉིས་པའི་ལན་ནི། སོ་ཐར་གྱི་སྡོམ་པ་ཡང་དག་པར་བླངས་བའི་རིག་བྱེད་ཅེས་བཤད་པ་དེ་བླངས་རྗེས་སུ་བྱུང་བ་ལ་བཤད་ན་ཧ་ཅང་ཐལ་བ་ཡིན་ཏེ། དེ་ལྟར་ན་མཇུག་ཏུ་སོང་བས་དང་པོའི་རྣམ་རིག་ཏུ་འགལ་བའི་ཕྱིར། བླངས་དུས་ཀྱི་རིག་བྱེད་ཉིད་དོ་ཅེ་ན། དེ་ལྟ་ན་ཡང་དང་པོའི་རིག་བྱེད་དུ་འགལ་བ་ཡིན་ཏེ། རང་དང་རིགས་རྒྱུན་གཅིག་པའི་རིག་བྱེད་སྔ་མ་སྔོན་དུ་སོང་བའི་ཕྱིར། རྒོལ་བ་གསུམ་པའི་ལན་ལ། དངོས་དང༌། མགོ་མཚུངས་སོ། །དང་པོ་ནི། ལས་ལམ་དངོས་གཞིའི་ངོ་བོར་གྱུར་པའི་དེ་སྐབས་ཀྱི་རིག་མིན་དང་པོ་ཆོས་ཅན། སོ་སོར་ཐར་པ་ཡིན་ཏེ། མི་དགེ་བའི་ལས་ལམ་དངོས་གཞིའི་སྡུག་བསྔལ་ལས་དང་པོར་ཐར་པའི་ཕྱིར་དང༌། དེ་འདྲ་དེ་ལས་ཐར་བྱེད་ཀྱི་རིགས་འདྲའི་རྒྱུན་སྔ་མ་སྔོན་དུ་མ་སོང་བའི་ཕྱིར། འོ་ན་མཇུག་ལ་ཡང་མཚུངས་སོ། །ཤེ་ན། མ་ཡིན་ཏེ། སྦྱོར་དངོས་ལས་དང་པོར་ཐར་ན་མཇུག་ལས་ཀྱང་དང་པོར་ཐར་ཟིན་པས་ཁྱབ་པའི་ཕྱིར་དང༌། ཁྱེད་རང་གིས་ཀྱང་གཉིས་པོ་འདོད་ལ། ཅིག་ཤོས་མི་འདོད་པའི་ཕྱིར་དང༌། དངོས་གཞིའི་རྗེས་ཐོགས་སུ་གཉེན་པོ་སྐྱེས་པ་དེ་དངོས་གཞིའི་གཉེན་པོར་འདོད་ཀྱི་མཇུག་གི་གཉེན་པོར་མི་འདོད་པའི་ཕྱིར། དཔེར་ན་མཚམས་མེད་ཀྱི་རྗེས་ལ་བསམ་པ་དྲག་པོས་འགྱོད་བཞིན་ནོ། །གཉིས་པ་ནི། འོ་ན་སྡོམ་གསུམ་རིམ་པར་མནོས་པའི་དགེ་སློང་གི་རིག་བྱེད་མ་ཡིན་པ་དང་པོ་ཆོས་ཅན། རྩ་བའི་ལྟུང་བ་རྣམས་ལས་དང་པོར་ཐར་བ་མ་ཡིན་པར་འགྱུར་ཏེ། དེ་ལས་ཐར་བྱེད་ཀྱི་སྡོམ་པ་སྔ་མ་སྔོན་དུ་སོང་ལ་མ་ཉམས་པའི་ཕྱིར། མདོར་ན་རིག་བྱེད་བཏང་སྙོམས་སུ་བཞག་ཀྱང༌། སོ་ཐར་དང་དེའི་སྡོམ་པ་ལ་མུ་བཞི་རྩི་བ་ནི་རྟོགས་པར་སླ་སྟེ། བག་ཡོད་དང་བརྟུལ་ཞུགས་ཀྱི་ཡན་ལག་ཏུ་བཞག་པའི་ཚུལ་ཁྲིམས་དང་པོ་ནི་མུ་སྔ་མ་དང༌། ཚུལ་ཁྲིམས་ཀྱི་ཡན་ལག་ཏུ་བཞག་པའི་རིག་བྱེད་མ་ཡིན་པ་སྔ་མ་ནི་གཉིས་ཡིན་གྱི་མུ་དང༌། དེའི་རིགས་འདྲ་ཕྱི་མ་ནི་སྡོམ་པ་ཡིན་ལ་སོ་ཐར་མ་ཡིན་པའི་མུ། མུ་བཞི་པ་ནི་བཅས་རྐྱང་སྤོང་བའི་རིག་མིན་ཕྱི་མ་རྣམས་སོ། །ཡང་འབེལ་གཏམ་གྱི་མཆིད་ཤོག་དེ་ན། གསེར་གྱི་ཐུར་མ་ལས། བསྟན་བཅོས་ཀྱི་གཞུང་བཅོས་པ་དེ་ཤིན་ཏུ་མི་རིགས་སྙམ་དུ་སེམས་པ་དང༌། འཆོས་མི་དགོས་བཞིན་དུ་བཅོས་པ་ནི། སྨོན་ལམ་དེ་ཡང་མདོར་བསྡུ་ན། །ཞེས་སོགས་དང༌། མདོ་སྡེ་ལས་ནི་དུད་འགྲོ་སོགས། །ཞེས་པ་ལྟ་བུ་སྟེ། དེའི་ཤེས་བྱེད་ཀྱང་སྨོན་ལམ་ལ་བསྔོ་བས་ཁྱབ་པའི་ཕྱིར་དང༌། མདོ་སྡེ་པ་དང་ཐེག་པ་ཆེན་པོ་དག་གི་འདུལ་བའི་དགོངས་པ་བཀྲལ་བ་ན་རང་རང་གི་གྲུབ་མཐའ་ན་གྲགས་པ་བཞིན་དུ་འགྲེལ་དགོས་ལ། དེའི་ཚེ་ན་དུད་འགྲོ་སོ་ཐར་སྡོམ་པའི་རྟེན་དུ་རུང་བ་ཞིག་ཀྱང་སྲིད་པའི་ཕྱིར་སྙམ་དུ་བསམ་པ་ལྟ་བུར་མངོན་ནོ། །དེ་ལྟར་གསུམ་ལས། རྒོལ་བ་དང་པོའི་ལན་ནི། གཞུང་འདི་ལྟར་བཏོན་ན་འཁྲུལ་བ་མེད་དོ་ཞེས་པ་ཁ་ཅིག་གསེར་ཐུར་ན་ཡོད་པ་དེ། གཞུང་གི་འབྲུ་གནོན་ཚུལ་ཚིག་ཉུང་ངུར་བསྡུས་པ་ཡིན་མོད། ཚིགས་བཅད་དེ་རྗེ་བཙུན་གྱི་གཞུང་དཀྱུས་མའི་ནང་དུ་འཇུག་དགོས་ཟེར་བ་ག་ལ་ཡིན། དེ་འདྲ་ཡིན་ན་ལ་ལའི་འཆད་ཚུལ་ལས་ཉན་ཐོས་སྡོམ་པ་རྣམ་རིག་ཡིན། ཟེར་བ་དང༌། དེས་ན་སོ་སོར་ཐར་པ་ཡི། །སྡོམ་པ་ཤི་རྗེས་མེད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །ཞེས་སོགས་གཞུང་དུ་འཇུག་དགོས་པར་འགྱུར་རོ། །དཔེར་ན་རིན་པོ་ཆེ་གཡག་པས་གཞུང་སྦྱོར་ཞེས་བྱ་བའི་རྒྱན་འགྲེལ་མཛད་པ་དང༌། རེད་མདའ་པས་ཚད་མ་རྒྱན་གྱི་ཁ་སྐོང་ཚིགས་སུ་བཅད་པ་མཛད་ལ། དེ་ཡང་སློབ་མ་ལ་འཆད་ཚུལ་ཡིན་མོད། གཞུང་གི་ནང་དུ་ཕར་མཇུག་དགོས་སྙམ་དུ་བསམ་པ་ག་ལ་ཡིན། འདི་འདྲ་ཟེར་མཁན་གཞན་ཡང་མང་བ་དེ་དག་ནི། འབེལ་གཏམ་ཞིབ་མོར་དཔྱོད་པའི་མཐུ་མེད་བཞིན་དུ། རྨོངས་པ་ལ་དོན་མ་ཡིན་པའི་མྱུ་གུ་བསྐྱེད་པའི་ས་བོན་འདེབས་པར་ཟད་དོ། །རྒོལ་བ་གཉིས་པོའི་ལན་ནི། སྡོམ་གསུམ་གྱི་བསྟན་བཅོས་མཛད་པའི་ལུགས་འདིར་སྨོན་ལམ་ལ་བསྔོ་བས་ཁྱབ་པ་མ་ཡིན་ཏེ། ཆོས་ཉིད་སྨོན་ལམ་དུ་འདེབས་རུང་ལ། བསྔོ་བའི་རྒྱུར་མི་རུང༌། སྨོན་ལམ་དུ་བཏབ་ཀྱང་མི་འགྲུབ་པ་མང་ལ། བསྔོ་བས་བསྒྱུར་ན་མི་འགྱུར་བ་མི་སྲིད་ལ། གང་དུ་སྨོན་པ་དེར་འགྱུར་མི་སྲིད་པ་ཞིག་ཀྱང་དེར་སྨོན་པ་དག་ཚད་ལྡན་གྱིས་གསུངས་པའི་ཕྱིར་དང༌། བསྔོ་བ་ནི་ཡུལ་ཁྱད་པར་ཅན་དུ་མ་བསྔོས་ན་བར་དོར་ཆུད་འཛའ་བ་སྲིད་པའི་དགེ་བ་ཞིག་བསྔོ་བ་ཡིན་ལ། སྨོན་ལམ་ནི་ཆུད་འཛའ་བ་མི་སྲིད་པ་དག་དང༌། ཆུད་ཟོས་པ་དག་ཀྱང་སྨོན་པར་བྱེད་ལ། སྨོན་ལམ་དུ་བཏབ་ཀྱང་ཆུད་ཟོས་པའང་སྲིད་པའི་ཕྱིར་དང༌། མི་དགེ་བ་དང་ལུང་མ་བསྟན་དག་ཀྱང་འབྲས་བུ་ཡིད་འོང་འབྱིན་བྱེད་དུ་སྨོན་པ་དག་ཡོད་པའི་ཕྱིར་དང༌། བསྔོ་བ་ལ་དེ་མི་སྲིད་པའི་ཕྱིར་རོ། །དེ་དག་གི་ཤེས་བྱེད་ཀྱང་བསྔོ་བའི་ཕྱོགས་ནི་གཞུང་ཉིད་ན་གསལ་ལ། སྨོན་ལམ་ནི། ང་སངས་རྒྱ་བར་གྱུར་ཅིག་ཅེས་དོན་དམ་པའི་ང་ལ་བསམ་པ་དང༌། གཞན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་ཅེས་པ་ལྟ་བུ་མཐའ་མི་བཙན་པའི་སྨོན་ལམ་དུ་བཤད་པ་དང༌། ཤལ་མ་ལིའི་སྡོང་པོ་དཔག་བསམ་གྱི་ཤིང་དུ་འགྱུར་མི་སྲིད་ཀྱང་དེར་སྨོན་པ་དང༌། ལས་ཉོན་ཟད་པ་དང་འཁོར་བ་སྟོངས་པ་དང་ཉོན་མོངས་པ་བྱང་ཆུབ་ཀྱི་ལམ་དུ་སྨོན་པ་སོགས་དུ་མ་དམིགས་པའི་ཕྱིར། སྤྱོད་འཇུག་བསྔོ་ལེའི་སྨོན་ལམ་ཀུན་གྱི་ཐོག་མར། བདག་གིས་བྱང་ཆུབ་སྤྱོད་པ་ལ། །ཞེས་སོགས་སྦྱར་བས་ཀུན་ཀྱང་བསྔོ་བར་འགྱུར་བ་ཡིན་གྱི། དེ་མ་སྦྱར་ན་ལོང་བས་མིག་མཐོང་བར་ཤོག་པ་སོགས་བསྔོ་བར་མི་འགྱུར་རོ། །ཆོས་ཉིད་སྨོན་ལམ་གྱིས་འགྱུར་ན་བསྔོ་བས་མི་འགྱུར་བ་འགལ་ཞེས་ཟེར་མོད། བསྔོ་བ་ལྟ་ཅི་སྨོས། སྨོན་ལམ་གྱིས་ཀྱང་བསྒྱུར་བ་མ་ཡིན་ཏེ། སྨོན་ལམ་བཏབ་ཀྱང་སངས་རྒྱས་ཀྱི་རིགས་སུ་ངེས་པའི་ཕྱིར་རོ། །འདི་ནི་སྨོན་ལམ་འདེབས་པ་པོ་ཡིན་གྱི། སྨོན་ལམ་འགྲུབ་པའི་རྐྱེན་མ་ཡིན་ཏེ། དེ་ལ་ནི་རྒྱས་འགྱུར་གྱི་རིགས་ཤིག་དགོས་པའི་ཕྱིར་དང༌། བསགས་པའི་དགེ་བ་འདིས་ང་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ན་ནི་བསྔོ་བ་དང་སྨོན་ལམ་གཉིས་ཀ་ཡིན་ནོ། །རྒོལ་བ་གསུམ་པའི་ལན་ནི། ཐེག་པ་ཐུན་མོང་གི་འདུལ་བའི་ལུང་དང༌། མདོ་ནི་སྔོན་གྱི་བཀའ་བསྡུ་བ་པོས་གང་བསྡུས་པ་ཉིད་ཐད་སོར་འཇོག་མ་གཏོགས་གྲུབ་མཐའ་སྨྲ་བ་བཞིའི་ལུགས་སོ་སོར་བཀྲལ་བའི་བསྟན་བཅོས་ནི་སྔོན་བྱོན་པ་མེད་པས་དེ་ལྟར་འགྲེལ་བ་མིག་འགལ་ཅེས་འཆད་མི་ནུས་སོ། །ཆོས་ཀྱི་རྗེ་ཉིད་ཀྱིས་ཀྱང༌། སོ་སོར་ཐར་པ་འདུལ་བ་བཞིན། །ཞེས་སྡོམ་པ་གསུམ་གྱི་ཟླར་བགྲང་པའི་སོ་ཐར་ཏེ། ཐུན་མོང་གི་འདུལ་བ་རྣམས་ཇི་ལྟར་ཡོད་པར་བཞིན་རྣམ་གཞག་བྱེད་དགོས་ཀྱི། བྱང་ཆུབ་སེམས་དཔའི་འདུལ་བ་དང་སྔགས་ཀྱི་འདུལ་བ་ལྟར་བཤད་པས་ཆོག་པ་མ་ཡིན་པར་གསུངས་སོ། །སོ་སོར་ཐར་པའི་སྡོམ་པ་ལ། །ཉན་ཐོས་ཐེག་ཆེན་ལུགས་གཉིས་ཡོད། །ཅེས་འཆད་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེའི་རྒྱས་བཤད་ལ་བལྟས་པ་ན། ཐེག་ཆེན་གྱི་སོ་ཐར་དེས་ལེའུ་དང་པོར་བཤད་པའི་སོ་ཐར་གྱི་གོ་མི་ཆོད་པ་དང༌། ཐེག་ཆེན་སོ་ཐར་ནི་ལེའུ་གཉིས་པའི་བསྟན་བྱའི་གཙོ་བོ་ཉིད་དུ་འཆད་པར་འགྱུར་རོ། །བདེ་གཤེགས་སྙིང་པོའི་སྐབས་ཀྱི་བརྒལ་ལན་ནི་གཞན་དག་གིས་ཀྱང་བརྩད་པའི་འབེལ་གཏམ་གྱི་ཡི་གེ་པར་དུ་འཁོད་པ་ཉིད་གཟིགས་སུ་ཕུལ་བས་ཆོག་པས་མ་སྤྲོས་ལ། ཡང་དག་པར་ན་རྩོད་པའི་གཞི་ཉུང་ངུ་ཞིག་ལས་མི་སྣང་སྟེ། དེང་སང་གི་མཚན་ཉིད་པར་གྲགས་པ་རྣམས་སེམས་བདེན་སྟོང་ལ་སྙིང་པོར་འདོད་པ་དང༌། སྒྲུབ་རྒྱུད་པ་རྣམས་སེམས་རང་བཞིན་འོད་གསལ་ལ་དེར་འདོད་པ་དང༌། སེམས་ཕྱོགས་པར་གྲགས་པ་རྣམས་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཡེ་ཤེས་ལ་དེར་འཆད་པ་རྣམས་ལས། དང་པོ་ནི། བཀའ་འཁོར་ལོ་བར་པའི་དངོས་བསྟན་རིགས་ཚོགས་ཀྱིས་བཀྲལ་བའི་ཚེ་ན་དང༌། གཉིས་པ་ནི། དེའི་དགོངས་དོན་བསྟོད་ཚོགས་ཀྱིས་བཀྲལ་བའི་ཚེ་ན་དང༌། གསུམ་པ་ནི་འཁོར་ལོ་གསུམ་པའི་དབང་དུ་བྱས་པའི་མདོའི་ཁྱད་པར་འགའ་ཞིག་སྟེ། ཇི་སྐད་དུ། འོན་ཀྱང་མདོ་སྡེ་འགའ་ཞིག་དང༌། །ཐེག་པ་ཆེན་པོ་རྒྱུད་བླ་མར། །ཞེས་བཤད་པ་ལྟར་རོ། །དང་པོས་ཤེས་བྱ་ཀུན་ལ་ཁྱབ་པ་དང༌། གཉིས་པ་དེ་དངོས་པོ་ཀུན་གྱི་རང་བཞིན་དུ་ཁྱབ་པར་གསུངས་པ་བཞིན་ཡིན་མོད་ཀྱང༌། སྙིང་པོ་དངོས་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་པོས་ཁྱབ་པར་གསུངས་པའི་དགོངས་གཞི་ཡིན་གྱི། དགོས་པའི་ཁྱད་པར་དུ་བཤད་པ་རྣམས་ཀྱང་དེ་ལ་མེད་པའི་ཕྱིར་དང༌། དངོས་ལ་གནོད་བྱེད་ཡོད་པའི་ཕྱིར། །ཞེས་བྱ་བ་ནི་ཆོས་ཀྱི་རྗེ་ཉིད་ཀྱི་བཞེད་པ་ཡིན་ལ། དོན་དེ་ཉིད་འཁོར་ལོ་གསུམ་པའི་མདོ་དང་སྦྱར་ནས་རྒྱས་པར་འཆད་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པས་སྙིང་པོའི་མཛེས་རྒྱན་ཞེས་བྱ་བའི་བསྟན་བཅོས་སུ་བཀོད་པ་ཡིན་ནོ། །དྲི་བ་གསུམ་པ་ལ། ཇོ་བོ་རྗེ་ལྷ་གཅིག་དང་རྔོག་ལོ་ཆེན་པོས་བསྟན་པ་བསྐྱངས་ཚུལ་མདོར་བསྡུས་པའི་ཡི་གེ་ཞིག་སྔོན་ཉིད་ནས་སྦྱར་མཆིས་པས་དེ་ཉིད་གཟིགས་སུ་འབུལ་བ་ཅི་གྲུབ་བྱེད་པ་དང༌། སྐྱེས་མཆོག་མར་པའི་རྣམ་ཐར་རྒྱས་པ་ནི་ཤིན་ཏུ་དར་བས་གསར་དུ་སྦྱར་དགོས་པ་ལ་མ་རག་ཀྱང༌། བཞེད་པ་མཆིས་ན་ཚིག་ཉུང་ངུར་བསྡུས་པ་ཞིག་སླད་ནས་འབུལ་འཚལ་ལོ། །འདིར་སྨྲས་པ།                     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*