གང་ཁྱོད་སྒྱུ་མས་སྤྲུལ་པའི་ཐང་ཆེན་དུ། །སྨིག་རྒྱུའི་རླབས་ཕྲེང་གཡོ་འདྲའི་ངོ་མཚར་ལ། །སྲེད་པའི་ཞགས་པས་ནམ་ཡང་མ་བཅིངས་པར། །ཞི་བའི་ནགས་སུ་རི་དྭགས་དབང་པོ་བཞིན། །ཏིང་འཛིན་ཀུ་ཤའི་སྟན་འཇམ་ལ་འཁོད་ནས། །རྩ་བརྒྱུད་བླ་མའི་ཐོར་ཅོག་མ་ཉམས་པར། །སྟོང་ཉིད་གཙང་སྦྲའི་ཁྲུས་མཆོག་མཁན་ཁྱོད་ཀྱིས། །འབེལ་གཏམ་འགུགས་པའི་མཆིད་ཤོག་ཕོ་ཉར་མངགས། །འདིར་བྱོན་ཁོང་ལ་ཡི་རང་སྣ་ལེན་བགྱིས། །གསོང་པོར་སྨྲ་བའི་གཏམ་གྱི་བཀུར་སྟིས་བསྟབས། །ཕྲག་དོག་ཁྱད་གསོད་སྤངས་པའི་ཆོས་གྲྭ་ནས། །ལེགས་བཤད་འགྱུར་ཁུགས་དབྱངས་སུ་ལེན་བྱེད་མཁན། །མཆིད་ལན་མགྲིན་པར་ཐོགས་པའི་ཁུ་བྱུག་ཁྱོད། །མུས་ཆེན་བསྟི་བའི་ཕྱོགས་དེར་ཕྱག་བྱོས་ལ། །འབེལ་གཏམ་མཛད་པོའི་དྲུང་དུ་ཁྱོད་འཁོད་ཅིག །བྱིས་རྣམས་མགུ་བྱེད་ལུང་རིགས་རྩེ་འཇོ་ཡི། །ཟློས་གར་ཕྲེང་བས་གང་བློ་འདིར་དུབ་ནས། །མདོ་དང་བསྟན་བཅོས་མང་པོའི་སྐྱེད་ཚལ་དུ། །ངེས་དོན་སྦྲང་རྩིར་བྱེད་ཅེས་འདིར་ཁས་བླངས། །གང་ཡིད་ནམ་ཡང་མྱ་ངན་མེད་མ་ཡི། །ཐུབ་རྣམས་དགྱེས་པའི་མཛའ་བོ་དང་འགྲོགས་ནས། །ལེགས་བཤད་སྦྲང་རྩིའི་རོ་བརྒྱ་དོན་གཉེར་བའི། །བློ་གསལ་རྐང་དྲུག་པ་རྣམས་གར་བྱེད་དོ། །ཞེས་ཐུབ་བསྟན་གསེར་མདོག་ཅན་སྡེ་སྣོད་ཀློག་པའི་ཆོས་ཀྱི་གྲྭ་ཆེན་པོ་ནས་ཕུལ་བ་འདི་ཡང་དག་པར་རྟོགས་སོ།། །།འདིར་དབུ་མའི་ཚུལ་གཉིས་རྣམ་འབྱེད་ལས་འཕྲོས་པའི་དྲིས་ལན་ནི། དཔྱོད་པ་ཅན་ལ་ལ་དག་ན་རེ། བྱམས་ཆོས་ཀྱི་དབུ་མ་དང་ངོ་བོ་ཉིད་མེད་པར་སྨྲ་བའི་ནང་ཚན་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་ལ་ལྟ་བའི་ཁྱད་པར་ཅི་ཡོད་ཟེར་རོ། །ལྟ་བའི་གཙོ་བོར་གྱུར་པ་ཉམས་མྱོང་གི་ལྟ་བ་ལ་ཁྱད་པར་དབྱེ་ནུས་པ་མ་ཡིན་ཏེ། གཉིས་ཀས་ཀྱང་འཕགས་པ་རྣམས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཉིད་ལྟ་བའི་གཙོ་བོར་བཞེད་པས་སོ། །ལྟ་བ་དེ་རྟོགས་བྱེད་ཀྱི་ཐབས། ཐོས་བསམ་གྱི་ལྟ་བའི་ཁྱད་པར་ནི་རང་རང་གི་གཞུང་ལས་གསལ་བ་ཡིན་ཏེ། དང་པོས་ནི་གཟུང་མེད་རྟོགས་པ་རྣལ་འབྱོར་གྱི་ས་དང༌། འཛིན་མེད་རྟོགས་པ་རྣལ་འབྱོར་གྱི་ས། ཞེས་གྲགས་པ་དེ་ནས་བཤད་པའི་བསམ་བྱུང་གི་རིགས་པས་སྒྲོ་འདོགས་གཅོད་ལ། ལུགས་གཉིས་པས་ནི་སྔ་མས་བཞེད་པའི་ངེས་དོན་མཐར་ཐུག་གི་ཡེ་ཤེས་དེ་ཡང་རང་གི་ངོ་བོས་སྟོང་པར་རྟོགས་པའི་བསམ་བྱུང་གི་རིག་པ་ཞིག་ཀྱང་འཆད་པས་སོ། །དེའི་ཕྱིར་ལུགས་སྔ་མ་ལ་ཤེས་བྱ་ནང་གིར་སྨྲ་བ་དང༌། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་དབུ་མ་པ་ཞེས་བྱའོ། །དེ་སྐད་དུ་ཡང༌། སྤྱན་རས་གཟིགས་ཀྱིས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་དང༌། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་ཕྱིར་ནམ་མཁའི་པདྨོ་བཞིན། །ཞེས་གསུངས་སོ། །ལུགས་དང་པོ་སྨྲ་བ་དེ་གྲུབ་མཐའ་སྨྲ་བ་བཞིའི་སེམས་ཙམ་པ་མ་ཡིན་ཀྱང༌། བོད་སྔ་མས་སེམས་ཙམ་པའི་མིང་གིས་འདོགས་པའི་ཤེས་བྱེད་ནི། དོན་དང་ཐ་སྙད་གཉིས་ཀར་ཡང་ཡེ་ཤེས་བདེན་པར་སྒྲུབ་ཅིང༌། བདེན་མེད་དུ་སྒྲུབ་པའི་རིགས་པ་ཁས་མི་ལེན་པས་སོ། །དེ་ལྟ་ན་ཡང་ཡེ་ཤེས་དེ་ལ་བདེན་འཛིན་སྤང་བྱར་མི་འདོད་པ་མ་ཡིན་ཏེ། འཛིན་པ་ཀུན་བཏགས་ངོ་བོས་སྟོང་པ་དང༌། གཞན་དབང་སྤང་བྱར་ཁས་ལེན་པས་སོ། །ལུགས་གཉིས་པ་ལ་དབུ་མ་པ་ཞེས་ཟེར་བའི་ཤེས་བྱེད་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར་གྲུབ་པའི་ཆོས་ཐ་སྙད་དུ་ཡང་ཁས་མི་ལེན་པ་དང༌། མཉམ་གཞག་གི་མྱོང་བྱ་ནས་ལུགས་ལ་གྲུབ་པས་བདེན་ཀྱང༌། བདེན་པའི་ཐ་སྙད་མི་འདོགས་ཏེ། ཐ་སྙད་ཀྱི་ཡུལ་ལས་འདས་པས་སོ་སྙམ་དུ་དགོངས་སོ། །དེ་སྐད་དུ་ཡང༌། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཅེས་སོ། །རྡོ་རྗེ་ཐེག་པའི་ཚུལ་ཡང་འདི་དང་མཐུན་ཏེ། ཇི་སྐད་དུ། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་རྗེ་དབུ་མ་བསྟན་པར་བྱ། །ཞེས་སོ། །ཉམས་སུ་མྱོང་བྱ་ནི་ཐལ་རང་གི་གཙོ་བོ་གཉིས་དང་མི་མཐུན་ཏེ། ཇི་སྐད་དུ། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་འགྲོལ་མིན། །ཞེས་དང༌། དེ་རྗེས་ཀྱཻ་ཡི་རྡོ་རྗེ་བརྩམ། །ཞེས་གསུངས་པས་སོ། །གལ་ཏེ་ཡེ་ཤེས་དོན་དམ་དུ་ཡོད་ན། དོན་དམ་པར་མེད་དེ། ཞེས་བསྒྲུབ་བྱར་བྱེད་པ་དང་འགལ་ལོ། །ཞེ་ན། དེ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར་ཡོད་པ་མ་ཡིན་པ་ལ་བསམས་པ་ཡིན་ལ། དེར་མེད་པས་མེད་པའི་གོ་ཆོད་པ་ནི་ཐལ་རང་གི་གཙོ་བོའི་ལུགས་ཡིན་གྱི། རྣལ་འབྱོར་སྤྱོད་པ་པ་ལ་མེད་དོ། །འོ་ན་ཀུན་རྫོབ་དབང་བཙན་པར་ཐལ་ལོ། །ཞེ་ན། མ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར་མེད་ན། དོན་དམ་དུ་མེད་པས་ཁྱབ་པ་མ་ངེས་པའི་ཕྱིར། དེས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་ལ། བྱམས་ཆོས་ནས་བཤད་པ་དང༌། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ཡབ་སྲས་ཀྱིས་བཞེད་པ་དང་གཉིས་འདུག་པ་དེའི་ཁྱད་པར་ནི། གནས་ལུགས་ལ་མཚན་འཛིན་གྱི་རྟོག་པ་འགོག་བྱེད་ཀྱི་རིགས་པ་མི་འདྲ་བ་ཡིན་གྱི། དོན་དམ་གྱི་གནས་ཚུལ་དང་ཉམས་སུ་མྱོང་བྱ་ལ་ཁྱད་པར་མེད་ཀྱང༌། ངག་ཏུ་བརྗོད་ཤེས་པ་མ་ཡིན་ཏེ། ཇི་སྐད་དུ། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་འཆད་པས་སོ། །ལུགས་འདིར་རིགས་ངོའི་སྟོང་ཉིད་མེད་དགག་ཏུ་འཆད་ཀྱང༌། སྒོམ་པས་ཉམས་སུ་མྱོང་བྱའི་སྟོང་ཉིད་མེད་དགག་ཏུ་མི་འཆད་པས་ཐལ་རང་གི་གཙོ་བོ་ཉིད་དང་ཁྱད་པར་ཕྱེད་དགོས་སོ། །དེ་སྐད་འདི་ཡང་དབུ་མ་ཡི། །ཚུལ་གཉིས་རྣམ་འབྱེད་འགྲེལ་པ་ལས། །འཕྲོས་པའི་བརྒལ་ལན་ཞིབ་མོར་ནི། །བསམ་པ་འདི་ཡང་སྦྱར་བར་བྱ།། །། ༄༅། །ན་མོ་བུདྡྷ་ཡ། ཆོས་ཀྱི་འབེལ་གཏམ་ཡིད་འོང་བསིལ་ཟེར་ཅན། །འཕྲོས་དོན་སྐར་མའི་ཚོགས་དང་ལྷན་ཅིག་པར། །ཐུབ་བསྟན་མཚན་མོར་གྱུར་པའི་དུས་སུ་ཡང༌། །ཉེ་བར་སྤྲོས་པས་དགའ་བ་མང་ཐོབ་བྱ། །མང་དུ་གསན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་མུས་རབ་འབྱམས་པས། གསེར་གྱི་ཐུར་མ་ལས་བརྩམས་པའི་འབེལ་གཏམ་གྱི་མཆིད་ཤོག་གསེར་མདོག་ཅན་གྱི་ཆོས་གྲྭར་སྤྲིངས་པའི་ནང་ན། སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། །ཞེས་པའི་ངག་དོན་ལ་མཚུངས་པ་མང་དུ་མཛད་འདུག་པ་དེ་དག་ནི་མཐའ་ཆོད་པའི་རྒོལ་བ་མ་ཡིན་ཏེ། འདི་ལྟར་རྗེ་བཙུན་ཆོས་ཀྱི་རྗེས། རྒོལ་བ་གཞན་ལ་སོར་སྡོམ་ཆོས་ཅན་དུ་བཟུང་ནས། ཚེ་འཕོས་པས་གཏོང་བའི་ཤེས་བྱེད་དུ་རིག་མིན་གྱི་གཟུགས་བཀོད་པ་འདི། ཕྱོགས་ཆོས་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་ཕྱིར་གཏན་ཚིགས་ཡང་དག་ཏུ་མི་རུང༌། རྟགས་ཆོས་གཉིས་ཀ་བྱེ་སྨྲའི་ལུགས་གཞིར་འཇོག་ན་གྲུབ་ཟིན་སྒྲུབ་པར་སོང་བས་ན་ངག་དོན་ཐལ་འགྱུར་དུ་བྱས་ན་ལེགས་སོ་བྱས་པ་ལ། བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ཐམས་ཅད་ལ་དེ་ལྟར་མཚུངས་པའི་གོ་སྐབས་ཡོད་པ་མ་ཡིན་ཏེ། ཚུལ་གསུམ་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་པའི་ཕྱིར་རོ། །ཡང་མཆིད་ཤོག་དེའི་ནང་ན། མདོ་སྡེ་པ་རྣམས་དུད་འགྲོ་སོགས། །ཞེས་པ་འདི་སྒྲ་ཇི་བཞིན་པ་ཉིད་ཀྱིས་ཆོ་ག་སྟེ། མདོ་དེ་སྒྲ་ཇི་བཞིན་པར་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་བཞི་ཀ་སྲིད་པའི་ཕྱིར། ཞེས་པ་འདི་ཡང་དེ་ལྟ་མ་ཡིན་ཏེ། དུད་འགྲོ་སོ་ཐར་སྡོམ་པའི་རྟེན་དུ་འདོད་པ་ནི་སྤྱིར་སངས་རྒྱས་པ་ལ་མེད། བྱེ་བྲག་ཏུ་བསྟན་བཅོས་མཛད་པ་འདིས་ཀྱང་དེ་ལྟར་དུ་བཀྲལ་བའི་དམིགས་བསལ་ཡོད་པ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། སོ་སོར་ཐར་པ་འདུལ་བ་བཞིན། །ཞེས་དང༌། ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །ཞེས་བཤད་ནས། གསོ་སྦྱོང་རང་གིས་བླང་བ་དང༌། དུད་འགྲོའི་རྟེན་ཅན་གྱི་གསོ་སྦྱོང་ལྟ་བུ་ནི་སྡོམ་པ་མ་ཡིན་པར་བཞེད་དོ། །དེ་བས་ན་གཞུང་གི་འབྲུ་གཉེར་བའི་ཚེ། མདོ་སྡེ་པ་སྟེ་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་ལས་དུད་འགྲོ་སོགས་ཞེས་སྦྱར་ན་ལེགས་པར་མངོན་ནོ། །སྤྱིར་མདོ་སྡེ་པ་ལ་བཤད་ཚུལ་གཉིས་ཏེ། ཀུན་ལ་གྲགས་པ་ཉན་ཐོས་སྡེ་པ་ཉིད་དང༌། བྱང་ཆུབ་བཟང་པོ། མཚོ་སྐྱེས་ཞབས། ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣམས་ཀྱིས་མདོ་སྡེ་པ་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བར་བཤད་པ་ལ་ཡང་བསམས་ནས། ཉན་ཐོས་སྡེ་པ་ཡོད་དམ་ཅི། །ཞེས་དྲིས་ལ། དེ་ཡང་ཉན་ཐོས་མདོ་སྡེ་པས་ནི་མངོན་པའི་སྡེ་སྣོད་ནི་བཀའ་ཡིན་པ་ལྟ་ཅི་སྨོས། དགྲ་བཅོམ་པས་མཛད་པ་ཡང་མ་ཡིན་པས་འཁྲུལ་བའི་ཕྱིར་ཚད་མར་མི་རྩི་ལ། འདུལ་བ་དང་ཉན་ཐོས་ཀྱི་མདོ་སྡེ་ནི་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་ནོ། །ཞེས་པ་ནི་ཐེག་པ་ཆུང་ངུའི་བསྟན་བཅོས་སྨྲ་བ་རྣམས་ཀྱི་བརྡ་ཆད་དོ། །ཐེག་པ་ཆེན་པོའི་སློབ་དཔོན་ཐོགས་མེད་ཀྱིས་ཀྱང་འདུལ་བ་བསྡུས་པ་ན་སོ་ཐར་སྡོམ་པའི་རྟེན་སོགས་ཐུན་མོང་གི་འདུལ་བ་ལས་གཞན་དུ་མི་འཆད་དོ། །ཡང་ཉིད་ཀྱི་མཆིད་ཤོག་ན། མདོ་སྡེ་པའི་ལུགས་ལ་བསྙེན་གནས་ཞག་གྲངས་དུ་མར་སྐྱེ་བའི་ལུང་རིགས་ཇི་ལྟ་བུ། ཉིན་མོ་དང་མཚན་མོ་རྐྱང་པའི་མཐའ་ཅན་གྱི་གསོ་སྦྱོང་གི་ཁུངས་གང་ནས་འབྱུང་ཞེས་པ། རིགས་པ་ནི། མཛོད་འགྲེལ་དུ་ཉིན་ཞག་གཅིག་པའི་སྡོམ་པ་འདི་དབང་པོ་གདུལ་དཀའ་བའམ་ཕྱིན་ཆད་མི་སྐྱེ་བ་ལ་དགོངས་པ་ཡིན་ཞེས་དྲིས་པའི་ལན་དུ། ཇི་སྐད་དུ། དེ་དེ་ལྟར་བརྟག་ག་ལ་ནུས། ཕྱིན་ཆད་སྐྱེ་བ་ཡང་རིགས་པ་དང་འགལ་བ་མེད་པའི་ཕྱིར་རོ། །ཞེས་བཤད་ལུང་ནི་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོར་བསྙེན་གནས་ཡན་ལག་བརྒྱད་པ་ཚེ་ཇི་སྲིད་འཚོའི་བར་དུ་ལེན་པའི་ཆོ་ག་གསུངས་པ་དང༌། ཐུབ་པ་དགོངས་རྒྱན་ལས། བསྙེན་གནས་ཡན་ལག་བརྒྱད་པ་ཚེ་ཇི་སྲིད་འཚོའི་བར་དུ་བསྲུང་བ་ནི་གོ་མིའི་དགེ་བསྙེན་ནོ་ཞེས་འཕགས་པ་གནས་བརྟན་པའི་མན་ངག་ལས་འབྱུང་ངོ༌། །ཞེས་དང༌། བྱམས་པ་ལུང་བསྟན་པ་སོགས་ལས། བཅུ་བཞི་དང་ནི་བཅོ་ལྔ་དང༌། །ཟླ་བ་ཡར་གྱི་ཚེས་བརྒྱད་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །ཞེས་གསུངས་པ་དེས་ཀྱང་ཞག་གྲངས་དུ་མར་ལེན་པ་བསྟན་དགོས་ཤིང༌། ཇོ་བོ་རྗེའི་ཕྱག་ལེན་ཟླ་བ་བྱུང་ངོ་ཅོག་གི་དུས་བཟང་ལ་བསྲུང་བའི་སེམས་པ་སྟབས་གཅིག་ཏུ་བླངས་པ་འདི། བོད་ཀྱི་མཁས་པ་ལ་ལ་དག་བར་མར་བཞེད་པ་དང༌། ལ་ལ་དག་སྡོམ་པར་བཞེད་མོད། དེ་ལྟར་འདོད་པ་དེས་ཀྱང་བསྙེན་གནས་ཞག་གྲངས་དུ་མའི་བར་དུ་སྐྱེ་བ་ཉིད་དུ་ཁས་ལེན་དགོས་སོ། །དེ་ལྟ་ན་ཡང་ཐུན་མོང་གི་འདུལ་བ་དང་ཆོས་མངོན་པའི་ནང་ན་དེ་ལྟར་མི་བཞུགས་པས་མདོ་སྡེ་པའི་ལུགས་ཞེས་བགྲང་བར་བྱ་ལ། དེའི་ཚེ་གཞུང་གི་འབྲུ་གཉེར་བ་ན། མདོ་སྡེ་པ་ཡི་ལུགས་བཞིན་དུ། །ཇི་ཙམ་འདོད་པ་ལེན་ན་ཡང༌། །ཞེས་སྦྱར་ན་ནུས་པ་ཐོན་པ་ཡིན་གྱི། བསམ་ཡས་པའི་འཆད་ཚུལ་ཟས་ཟོས་ནས་བླངས་པ་ཞེས་པ་ལ་ནི་ནུས་པ་མེད་ཅིང༌། ཡོད་དུ་ཆུག་ནའང༌། དེ་འདྲ་མདོ་སྡེ་པའི་ལུགས་མ་ཡིན་ནོ། །དྲི་བ་གཉིས་པའི་ལུང་ཁུངས་ནི་ཐུབ་པ་དགོངས་རྒྱན་དུ་ཉིན་མོ་དང་མཚན་མོའི་མཐའ་ཅན་གྱི་གསོ་སྦྱོང་མདོ་སྡེ་འགའ་ཞིག་གི་ལུགས་སུ་བཤད་པ་དང༌། འདུལ་བ་ལུང་དུ་དྲོ་བཞིན་སྐྱེས་ཀྱི་རྟོགས་བརྗོད་ལས་དེ་ལྟར་བཤད་པ་ནི་ཀུན་ལ་གྲགས་སོ། །དེ་འདྲ་དེ་སོ་ཐར་གྱི་སྡོམ་པར་ནི་མི་འཆད་དེ། བསྐལ་བཟང་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ཀྱང༌། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པ་ལ། ཆོས་ཀྱི་རྗེས། ལུགས་དེ་སོ་སོར་ཐར་པ་མིན། །ཞེས་སོ། །ཡང་ཉིད་ཀྱི་མཆིད་ཤོག་ན། དགེ་སློང་གིས་དོན་ཞགས་ལུགས་ཀྱི་གསོ་སྦྱོང་བླངས་པ་ན་སེམས་བསྐྱེད་ཀྱི་སྡོམ་པར་འགྱུར་བ་ཡིན་ཞེས་དང༌། དེའི་ཚེ་ཉིན་ཞག་གི་གྲངས་ངེས་ཀྱང་མེད་དོ་ཟེར་བ་ལྟ་བུ་ཅིག་སྣང་བ། འདི་བརྟག་པར་བྱ་བ་ལ་གཉིས་ཏེ། རབ་བྱུང་སྡོམ་ལྡན་གྱིས་ཡན་ལག་བརྒྱད་པ་འདི་བླང་དུ་མི་རུང་བ། རུང་དུ་ཆུག་ཀྱང་སྡོམ་པར་མི་འཐད་པའོ། །དང་པོ་ལ། གཉིས་ཏེ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའོ། །དང་པོ་ནི། རབ་ཏུ་བྱུང་བས་ཀྱང་བྱ་སྤྱོད་ཀྱི་ཆོ་གའི་སྔོན་དུ་གསོ་སྦྱོང་དང་བསྙེན་གནས་ཀྱི་རྣམ་དབྱེ་མི་བྱེད་པའམ། ལ་ལ་དག་གིས་འབྱེད་དུ་ཆུག་ཀྱང༌། འདི་ངེས་པར་ལེན་པའི་ཕྱག་ལེན་བྱེད་པ་ནི་མི་རུང་སྟེ། དྲི་མེད་དང་སྨན་བླའི་ཆོ་ག་ན། ཞི་བ་འཚོས། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང༌། ཞེས་དམིགས་ཀྱིས་བསལ་བའི་ཕྱིར་དང༌། དེ་སྡོམ་པར་མི་འདོད་ནའང་བར་མའི་ཚུལ་ཁྲིམས་ལས་གཞན་དུ་མེད་པའི་ཕྱིར། གཉིས་པ་ནི། རབ་ཏུ་བྱུང་བས་གསོ་སྦྱོང་འདི་བླང་དུ་རུང་ན་དགེ་བསྙེན་ཀྱང་བླང་དུ་རུང་བ་དང༌། དགེ་སློང་གིས་དགེ་ཚུལ་ཀྱང་བླང་དུ་རུང་བར་འགྱུར་ལ། འདོད་ན་དེ་དག་གི་ནི་བསླབ་པ་འབུལ་བའི་ཆོ་གར་བཤད་པས་གསལ་ལོ། །འབུལ་སེམས་མེད་པའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ། །ཞེ་ན། སང་ཉིན་ཕན་ཆད་ཡན་ལག་བརྒྱད་པོ་འདི་བསྲུང་བའི་བསམ་པ་མེད་པའི་ཕྱིར་དེ་ཕན་ཆད་ཡན་ལག་བརྒྱད་པོ་འདི་མི་བསྲུང་བར་ཁས་ལེན་དགོས་པ་མ་ཡིན་ནམ། བྱེ་བྲག་ཏུ་སྨྲ་བའི་བསྙེན་གནས་ལ་ནི་ཧ་ཅང་ཐལ་བ་མེད་དེ། དགེ་བསྙེན་གྱི་སྡོམ་པ་དང་བསྙེན་གནས་གཉིས་པོ་རིག་མིན་གྱི་གཟུགས་རྫས་ཐ་དད་པ་ཉིད་དུ་འདོད་དགོས་པའི་ཕྱིར། སངས་རྒྱས་དྲིན་ལན་བསབ་པ་ལས། རབ་ཏུ་བྱུང་བས་ཡན་ལག་བརྒྱད་པ་འདི་བླང་བྱ་མ་ཡིན་པ་དང༌། དགེ་བསྙེན་གྱིས་ལེན་པའི་ཚེ་ནའང་དགེ་བསྙེན་གྱི་སྡོམ་པ་ལས་ལོགས་ཤིག་ཏུ་བླང་དགོས་པར་བཤད་དོ། །གཉིས་པ་ནི། དེ་ལྟར་ཐལ་བ་མེད་དེ། འདི་ཐེག་ཆེན་སེམས་བསྐྱེད་ཀྱིས་ཀུན་ནས་བསླང་བའི་ཕྱིར། ཞེ་ན། རབ་ཏུ་བྱུང་བས་ཀུན་སློང་གིས་ཁྱད་པར་དུ་བྱས་པའི་ཡན་ལག་བརྒྱད་ལྡན་ཉིན་ཞག་གཅིག་ཏུ་བླངས་ནས་བསྲུངས་པ་ལ། ཉེས་པ་མེད་ཀྱི་སྟེང་དུ་ཕན་ཡོན་ཆེ་སྲིད་ནའང༌། དེ་སེམས་བསྐྱེད་དང་བསྙེན་གནས་ཀྱི་སྡོམ་པ་ནི་གང་དུའང་མི་རུང་སྟེ། སེམས་བསྐྱེད་ཉིན་ཞག་གཅིག་ཏུ་ལེན་པའི་ཆོ་ག་སངས་རྒྱས་ཀྱིས་མ་གསུངས་པའི་ཕྱིར་དང༌། སྔགས་ཚིག་ཏུ། སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་བགྱིའོ། །ཞེས་འབྱུང་བས། སང་གི་ཉི་མ་ཤར་ནས་སེམས་བསྐྱེད་ཀྱི་བསླབ་བྱ་མི་བསྲུང་བའི་བསམ་པ་སྔོན་དུ་གཏོང་ན་ཕན་ཡོན་ལས་ཉེས་དམིགས་ཤིན་ཏུ་ཆེ་སྟེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་དགོས་ཀྱི་བསླབ་བྱ་དེ་སང་ཉིན་ཕན་ཆད་མི་བསྲུང་བའི་གྲུབ་མཐའ་དང་དམ་བཅའ་བཞག་པའི་ཕྱིར། དེ་ལྟ་ན་སེམས་བསྐྱེད་ཀྱི་སྡོམ་པར་མི་རུང་ལ། བསྙེན་གནས་ཀྱི་སྡོམ་པར་ཡང་མི་རུང་སྟེ། བསྙེན་གནས་སོ་སོར་ཐར་པའི་ལུགས། །གཙོ་ཆེར་ཉན་ཐོས་གཞུང་ལུགས་ཡིན། །ཞེས་བཤད་པས་ལེན་པའི་ཆོ་ག་འདུལ་མངོན་གང་རུང་དང་མཐུན་དགོས་པ་ལས། འདུལ་བ་ལྟར་ན། ཡུལ་དགེ་སློང་གི་དྲུང་དུ་སྐྱབས་འགྲོ་རྩོམ་བྱེད་དུ་བྱས། དངོས་གཞི་ཁས་ལེན་ལན་གསུམ་པའི་མཐར་སྡོམ་པ་སྐྱེས་པའི་འོག་ཏུ་བསླབ་བརྗོད་ལན་གཅིག་གིས་ཆོག་པ་ཡིན་ལ། རྟོག་པ་ལས་འབྱུང་བའི་ཆོ་ག་འདི་ལ་ནི་མཚན་ཉིད་དེ་དག་གང་ཡང་མེད་པའི་ཕྱིར་དང༌། མངོན་པ་ལས་ཀྱང༌། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང༌། མི་རྒྱན་ནམ་ནི་ལངས་བར་དུ། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་བཤད་པས་སོ། །ཡང་ཉིད་ཀྱི་མཆིད་ཤོག་ན། སྨོན་པ་སེམས་བསྐྱེད་རྒྱུད་ལྡན་བྱང་ཆུབ་སེམས་དཔས་སྤང་བྱའི་གྲངས་མང་ཉུང་དང་དུས་རིང་ཐུང་ཇི་ལྟར་ནུས་པ་ཞིག་ཏུ་བསྲུང་བར་ཁས་བླངས་ན་སེམས་བསྐྱེད་ཀྱི་སྡོམ་པར་འཇོག་ནུས་པ་དང༌། དེར་མ་ཟད་སེམས་བསྐྱེད་སྡོམ་ལྡན་གྱི་རྒྱུད་ལ་སྡོམ་པ་གང་སྐྱེས་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡོམ་པར་འཇོག་དགོས་གསུང་བ་ལྟ་བུ་གཅིག་སྣང་ངོ༌། །འདི་བརྟག་པ་ལ། གཉིས་ཏེ། དམ་བཅའ་དང་པོ་ལ་ཅུང་ཟད་བརྟག་དགོས་པ་དང༌། གཉིས་པ་དེ་ཆེས་ཤིན་ཏུ་བརྟག་དགོས་པའོ། །དང་པོ་ནི། རྒྱལ་པོ་དེ་དག་གཤན་པ་ལྟ་བུ་སྡོམ་མིན་ཅན་གྱིས་ཀྱང་སྨོན་པའི་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་བ་དང༌། དེའི་སྤང་བྱའི་གཙོ་བོ་ཡང་བསྲུང་ནུས་པ་དང༌། དེས་འཇུག་སྡོམ་ལེན་པ་དང་བསྲུང་བ་དཀའ་ཡང༌། མི་དགེ་བ་སྣ་རེ་ཙམ་གང་ཡང་སྤངས་ནུས་པ་དེ་བསྲུངས་ན། དེ་འཇུག་པའི་ཚུལ་ཁྲིམས་སུ་འགྱུར་བ་ཞིག་བཤད་ཅིང༌། དེ་ཉིད་ཇི་སྐད་དུ། གལ་ཏེ་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་ས་བོན་འཇོག་འདོད་ན། །ཆོ་ག་འཁྲུལ་པ་མེད་པ་ཡི། །དབུ་མ་པ་ཡི་ལུགས་བཞིན་གྱིས། །ཞེས་གསུངས་པ་དེ་ཉིད་ཡིན་མོད། དེའི་ཚེ་ཉེས་བྱས་སྣ་རེ་སྤོང་བའི་སེམས་པ་དེ་སྡོམ་པ་ནི་མ་ཡིན་ཏེ། སྨོན་འཇུག་གང་གི་ཡང་སྡོམ་པར་མི་རུང་བའི་ཕྱིར། དུས་ཀྱི་ཁྱད་པར་ཉི་ཚེ་བ་ཙམ་དུ་ཟད་པ་དང༌། ཡན་ལག་ངེས་པ་ཅན་དུ་སོང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སྨོན་པ་ནི་བྱང་ཆུབ་བར་དུ་ཁས་ལེན་དགོས་པའི་ཕྱིར་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་འཇོག་པ་ལ་ནི་ཡན་ལག་ངེས་པ་སོགས་ལྔ་དང་བྲལ་དགོས་པའི་ཕྱིར། དཔེར་ན་རབ་ཏུ་བྱུང་བའི་སྡོམ་པ་བཞིན་ནོ། །འོ་ན་སྣ་གཅིག་གཅོད་པའི་དགེ་བསྙེན་དང་བསྙེན་གནས་སོགས་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་འགྱུར་བ་མི་སྲིད་དམ་སྙམ་ན། བྱང་ཆུབ་ཀྱི་སྤྱོད་པ་དང་དེའི་སྡོམ་པ་གཅིག་ཏུ་འཁྲུལ་བར་མི་བྱ་བ་ནི་དེ་མ་ཐག་ཏུ་འབྱུང་ངོ༌། །གཉིས་པ་ལ། གཉིས་ཏེ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའོ། །དང་པོ་ནི། སྤྱིར་སྡོམ་པ་གསུམ་ལྡན་གྱི་གསུམ་པོའི་གནས་ཚུལ་འཆད་པ་ན། བོད་སྔ་མ་ལ་གྲགས་པ་ནི། ཟིལ་གནོན་དང༌། གནས་གྱུར་དང༌། ཕྱི་མས་སྔ་མའི་གཏོང་རྒྱུ་བྱེད་པ་ཞེས་བྱ་བ་གསུམ་ལས་གཞན་མ་གྲགས་ལ། སྤྲུ་ལུང་པས་ས་སྐྱ་པ་ཁུ་དབོན་གྱི་བཞེད་པ་གཅིག་ཏུ་བསྡུས་པ་ནི་གནས་གྱུར་ཏེ་ངོ་བོ་གཅིག་པ་ཞེས་བཤད། ངོ་བོ་གཅིག་པའི་དོན་བསམ་ཡས་པས་གཙོ་བོ་སེམས་གཅིག་གི་འཁོར་དུ་སེམས་པ་ངོ་བོ་ཐ་དད་པ་གཉིས་བྱུང་ན་རྫས་མཚུངས་ཀྱི་ཚུལ་ཉམས་པར་འགྱུར་ཞེས་གསུངས། རྣམ་གཞག་འདི་ཙམ་ཞིག་མ་གཏོགས་པ། གསུམ་པོ་གཞི་མཐུན་པའི་ཐ་སྙད་ནི་རྗེ་བླ་མ་ཨཱ་ནནྡའི་ཞལ་སྔ་ནས་ཡན་ཆོད་དུ་འཆད་པོ་སུ་ཡང་མེད་ལ། དམ་ཚིག་དང་སྡོམ་པའི་ཟིན་བྲིས་དག་ཏུའང་བྲིས་པ་མེད་ལ། རྗེ་མུས་ཆེན་པོའི་གསུང་ཡིན་ཟེར་ན། དེས་མཛད་པའི་གསུང་དཔང་པོར་ཡོད་ན་གུས་པས་བླང་བར་བགྱིའོ། །གལ་ཏེ། ཇི་སྐད་དུ། རིགས་ཅན་གསུམ་གྱི་སྡོམ་པ་ཡང༌། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རིག་པ་འཛིན་པ་ཞེས་བྱའོ། །ཞེས་པ་ནི་ལུང་གི་སྒྲུབ་བྱེད་ཡིན་ཞིང༌། གཞི་མཐུན་མེད་ན་ངོ་བོ་ཐ་དད་པར་འགྱུར་ལ། དེ་ལྟ་ན་ཟིལ་གནོན་དང་གཏོང་རྒྱུར་འདོད་པའི་ལུགས་གང་རུང་ལས་མ་འདས་པར་ཐལ་ལོ་སྙམ་པ་ནི་རིགས་པའི་སྒྲུབ་བྱེད་དོ། །ཅེ་ན། ལུང་དེས་ནི་སྡོམ་གསུམ་གཞི་མཐུན་སྲིད་པར་འཆད་ནུས་པ་མ་ཡིན་ཏེ། གཞན་དུ་ན་རིགས་ཅན་གསུམ་པོས་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ཞུགས་པའི་ཚེ་རིགས་ཅན་གསུམ་གྱི་གཞི་མཐུན་སྲིད་པར་འགྱུར་ལ་དེ་ལྟ་ན་ནི་ལུང་དེས་གང་བཀག་པ་དེ་ཉིད་དུ་སོང་བ་ཡིན་ཏེ། ལུང་གི་དོན་ནི། གསུམ་པོས་དེར་ཞུགས་པའི་ཚེ་རིག་པ་འཛིན་པའི་རིགས་གཅིག་ཉིད་ལས་གཞན་མེད་པར་སྟོན་རྒྱུ་ཡིན་པས་སོ། །གཞན་དུ་ན་གསེར་འགྱུར་གྱི་དཔེ་དེ་ཡང་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ངོ་བོ་གཅིག་ལ་གཞི་མཐུན་པས་ཁྱབ་པ་ནི་ཧ་ཅང་ཐལ་ཏེ་གོ་བར་སླའོ། །ཡང་གནས་གྱུར་ན་གཞི་མཐུན་དགོས་པ་ཡིན་ནོ་ཞེ་ན། གནས་གྱུར་པའི་གོ་བ་ནི། གནས་སམ་གཞི་དེའི་ངོ་བོ་རྫས་གཞན་དུ་མ་སོང་བར། གཞི་དེའི་སྟེང་གི་ཉེས་པའི་ཆ་གཞན་དུ་གྱུར་པ་ལ་འཆད་རྒྱུ་ཡིན་ཏེ། དཔེར་ན་སྦྱང་གཞི་སྦྱོང་བའི་རྣམ་གཞག་བཞིན་ནོ། །གཞན་དུ་ན་དཔེའི་སྐབས་སུ་ཡང་ལྕགས་དང་ཟངས་གསེར་དུ་ཐལ་བ་སོགས་འཇུག་གོ །འོ་ན་ཁྱེད་ཀྱང་སྡོམ་པ་ཕྱི་མ་དག་སྔ་མའི་གཏོང་རྒྱུར་ཁས་ལེན་པ་ཡིན་ནམ་ཞེ་ན། སྡོམ་པ་ཡར་ལྡན་དུ་ཡོད་པའི་ཕྱིར་ན་གཏོང་རྒྱུར་འདོད་པའི་གོ་སྐབས་ཅི་ཡོད། དེ་ཡང་དཔེར་ན་དམན་པའི་ངེས་འབྱུང་གིས་ཟིན་པའི་དགེ་སློང་དེས་ཕར་ཕྱིན་ཐེག་པའི་ལུགས་ཀྱི་སྨོན་འཇུག་གི་སྡོམ་པ་ཙམ་ཞིག་བླངས་པའི་ཚེ་ཉན་ཐོས་བྱང་ཆུབ་སེམས་དཔར་གནས་གྱུར་པ་དང༌། དགེ་སློང་གིས་རྒྱུའི་ཀུན་སློང་དམན་པའི་ཡིད་ཀྱི་ཆ་མེད་པར་སོང་ནས། གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་དགེ་སློང་གི་སྡོམ་པ་དེའི་དུས་ཀྱི་ཀུན་སློང་བྱེད་བཞིན་པར་སོང་བས་ན། དེའི་ཚེ་ཉན་ཐོས་ཀྱི་སོ་ཐར་བྱང་ཆུབ་སེམས་དཔའི་སོ་ཐར་དུ་གནས་གྱུར་པ་ཞེས་བྱ། དེའི་ཚེ་སྤོང་བ་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་ནི་སྔོན་ཉན་ཐོས་ཀྱི་དུས་སུ་བླངས་པ་དེ་ཉིད་ལས་རྫས་གཞན་གསར་དུ་སྐྱེ་དགོས་པ་མ་ཡིན་པས་ན་ངོ་བོ་གཅིག་པ་ཞེས་བྱ་སྟེ། དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩི་བཏབ་པ་བཞིན་ནོ། །འོ་ན་ཉན་ཐོས་ཀྱིས་འཇུག་པ་སེམས་བསྐྱེད་བླངས་པའི་ཚེ། བྱང་ཆུབ་སེམས་དཔའི་འདུལ་བ་ལས་འབྱུང་བའི་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་བ་དེའི་སྐྱེ་བ་དང་གནས་པའི་ཚུལ་ཇི་ལྟ་བུ་ཞེ་ན། འཇུག་པའི་སྡོམ་པ་ནི་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་དང༌། དགེ་བ་ཆོས་བསྡུད་ཀྱི་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོས་བསྡམ་པར་བྱ་རྒྱུའི་ཉེས་སྤྱོད་ནི། ལུས་ངག་གི་བདུན་དང༌། ཡིད་ཀྱི་གསུམ་ལས། གཙོ་བོ་ནི་ཡིད་ཀྱི་ཉེས་པ་ཁོ་ན་སྟེ། བྱང་ཆུབ་སེམས་དཔའི་སོ་ཐར་ལ་སྤང་གཉེན་གཉིས་ཀ་ཡང་ཡིད་གཙོ་བོར་གྱུར་པའི་ཕྱིར། དེ་བས་ན་དགེ་བ་ཆོས་བསྡུད་སོགས་ཕྱི་མ་གཉིས་དང་ཡིད་ཀྱི་ཉེས་པ་སྤོང་བའི་སོ་ཐར་ནི་འཇུག་སྡོམ་གྱི་ཚེ་གསར་དུ་བླངས་པས་འཐོབ་པ་ཡིན་ལ། ལུས་ངག་གི་སྤང་བྱ་བདུན་སྤོང་བའི་ཆ་ནི་སྔོན་ཉན་ཐོས་ཀྱི་དུས་སུ་བླངས་པའི་སྤང་བྱ་བདུན་སྤོང་གི་སེམས་པ་དང་རྫས་གཅིག་ཏུ་སྐྱེ་བ་ཡིན་ཡང་ལྡོག་པས་སོ་སོར་འབྱེད་དགོས་ཏེ། རྒྱུའི་ཀུན་སློང་དང་དུས་ཀྱི་ཁྱད་པར་མི་འདྲ་བའི་ཕྱིར། དེ་སྐད་དུ། ཐེག་ཆེན་སོ་སོར་ཐར་ཡིན་ཡང༌། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཞེས་གསུངས་སོ། །དེ་ལྟར་ན་ཡིད་ཀྱི་ཉེས་པ་གསུམ་སྤོང་བའི་ཚུལ་ཁྲིམས་སོགས་གསུམ་པོའི་ལྡན་ཚུལ་ལོགས་སུ་དཔྱད་མི་དགོས་ཏེ། ཉན་ཐོས་ཀྱི་སོ་ཐར་དང་ལྡན་ཚུལ་དཔྱད་དགོས་ཀྱི་དོགས་པ་ཤས་ཆུང་བའི་ཕྱིར། དཔེར་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་ངོ་བོར་གྱུར་པའི་སྤོང་བ་བདུན་པོ་དང་འདྲའོ། །དེའི་ཕྱིར་ལ་ལ་དག་སྡོམ་གསུམ་གྱི་ལྡན་ཚུལ་འཆད་པ་ན་སོ་ཐར་རིགས་བདུན་ལོགས་སུ་འབོར་བ་དེས་ནི་དཀའ་གནས་ཀྱི་རྩ་བ་མ་ཆོད་ཅིང་འཁྲུལ་སྤོང་དང་འགལ་ལོ། །དེ་བཞིན་དུ་ཕར་ཕྱིན་རྐྱང་པའི་བྱང་ཆུབ་སེམས་དཔའ་དེས་གསང་སྔགས་བླ་མེད་ཀྱི་དབང་རྫོགས་པར་ཐོབ་པའི་ཚེ། ཐེག་པ་སྔ་མ་གཉིས་ཀྱི་དུས་སུ་ཐོབ་པའི་སྡོམ་པ་དང་རིགས་འདྲ་བ་རྣམས་ནི་སྔར་གྱི་རྒྱུན་དེ་དང་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་ཏེ། ཐེག་པ་གསུམ་ཀའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དག་བཞིན་ནོ། །ལྡོག་པས་འབྱེད་དགོས་པ་ནི་སྔ་མ་དང་འདྲ་ལ། ཕྱིས་སྔགས་ཀྱི་ཚེ་གསར་དུ་ཐོབ་པ་རྣམས་ལ་སྔོན་གྱི་དེ་དང་ལྡན་ཚུལ་ཇི་ལྟར་ཡིན་ཞེས་དཔྱད་མི་དགོས་ཏེ། དོགས་པའི་གནས་མེད་པའི་ཕྱིར་དང༌། ཡོད་དུ་ཆུག་ཀྱང་ཟིལ་གནོན་དང་གནས་གྱུར་ལྟ་བུ་གང་གིས་ཀྱང་ལན་མི་ཐེབས་པའི་ཕྱིར། གཉིས་པ་གནོད་བྱེད་ཡོད་པ་ནི། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་བྱང་སེམས་དང་སྔགས་ཀྱི་སྡོམ་པར་ཁས་ལེན་ནུས་ན་སེམས་བསྐྱེད་སྡོམ་པའི་འཐོབ་རྒྱུ་ལས་བྱུང་བ་དང༌། སྔགས་ཀྱི་དབང་བསྐུར་ལས་བྱུང་བར་ཐལ་བ་དང༌། བྱང་ཆུབ་ཀྱི་བར་དུ་ཁས་བླངས་པར་ཐལ་བ་དང༌། སྨོན་པ་བྱང་ཆུབ་ཀྱི་སེམས་བཏང་བ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྩ་བའི་ལྟུང་བ་དག་གིས་ཀྱང་གཏོང་ནུས་པར་ཐལ་བ་སོགས་སུ་མ་ཟད། ཅིག་ཤོས་གཉིས་པོ་ཡང་སོ་ཐར་སྡོམ་པའི་འཐོབ་རྒྱུ་ལས་བྱུང་བར་ཐལ་བ་དང༌། ཇི་སྲིད་འཚོའི་བར་དུ་ཁས་བླངས་པར་ཐལ་བ་དང༌། ཕམ་པ་འཆབ་བཅས་ཀྱིས་གསོར་མི་རུང་དུ་བྱེད་ནུས་པར་ཐལ་བ་སོགས་མཐའ་ཡས་སོ། །གལ་ཏེ་འོ་ན་སྡོམ་པ་གསུམ་ལྡན་གྱི་རྒྱུད་ལ་ལུས་ངག་གི་སྤོང་བ་བདུན་པོ་ངོ་བོ་གཅིག་ཏུ་ཡོད་ན་གཞན་ལ་བརྗོད་པའི་ཉེས་པ་རྣམས་མཚུངས་པ་དང༌། ཇི་སྐད་དུ། གཞན་གྱི་དོན་གྱི་སེམས་བསྟན་པས། །ཕམ་པ་བཞི་པོ་སྤྱད་ན་ཡང༌། །བྱང་ཆུབ་སེམས་དཔའི་དགེ་ཆེན་དེ། །ཉན་ཐོས་ཀྱི་ནི་སྡིག་ཆེན་ཡིན། །ཞེས་སོགས་དང་འགལ་བ་མ་ཡིན་ནམ་སྙམ་ན། ཉེས་པ་སྔ་མ་རྣམས་མི་མཚུངས་ཏེ། རྒྱུའི་ཀུན་སློང་གི་དུས་སུ་ཁས་བླངས་པའི་སྤང་བྱའི་གྲངས་དང༌། དེ་ལ་ལྟོས་པའི་སྡོམ་པ་ཇི་ཙམ་ཞིག་བླངས་པ་དང༌། དུས་ཇི་ཙམ་གྱི་བར་དུ་བླངས་པ་སོགས་མི་འདྲ་བའི་རྒྱུ་མཚན་གྱིས་ན་སྡོམ་པ་གསུམ་པོ་གཞི་མཐུན་པར་ཁས་མི་ལེན་པའི་ཕྱིར། ངོ་བོ་གཅིག་པས་དེར་ཁས་ལེན་དགོས་ན་ཧ་ཅང་ཐལ་ཏེ། གངས་ཅན་པ་ཕྱི་མ་དག་བདེན་གཉིས་ངོ་བོ་གཅིག་པ་དང༌། ལམ་འབྲས་པ་ཕྱི་མ་རྣམས་འཁོར་འདས་ངོ་བོ་གཅིག་ཏུ་འདོད་པ་བཞིན་ནོ། །འོ་ན་ཁྱེད་ཀྱིས། དགེ་སློང་གིས་སྲོག་གཅོད་སྤོང་བའི་སེམས་པ་དང༌། བྱང་སེམས་སྡོམ་པའི་སྨོན་པའི་སྡོམ་པ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་པ་འགའ་ཞིག་བསྲུང་བའི་སེམས་བྱུང་སེམས་པ་རྣམས་ཁྱོད་ཀྱིས་རྫས་ཐ་དད་དུ་ཁས་བླངས་པས་རྗེ་བཙུན་ས་སྐྱ་པའི་ལུགས་ལས་ཉམས་སོ། །ཤེ་ན། རྗེ་བཙུན་གྱིས་ནི་ལུས་ངག་གི་སྤང་བྱ་བདུན་སྤོང་གི་ཚུལ་ཁྲིམས་གནས་གྱུར་དུ་བཤད་ཀྱི། ཡིད་ཀྱི་སྤང་བྱ་གསུམ་སྤོང་གི་ཚུལ་ཁྲིམས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་སུ་གནས་གྱུར་ནས་ངོ་བོ་གཅིག་པའི་བཤད་པ་ནི་ཡེ་མཛད་པ་མེད་ལ། དེ་ལྟ་ན་ཡང་གཙོ་བོ་སེམས་གཅིག་གི་འཁོར་དུ་བྱུང་བའི་སྡོམ་པ་གསུམ་གྱི་སེམས་པ་གསུམ་པོ་ངོ་བོ་གཅིག་ཏུ་ཁས་བླངས་པ་ལ་ཉེས་པ་ཡོད་མེད་ཆོས་མངོན་པ་གོང་མ་ལས་དཔྱད་པར་བྱའོ། །གོང་གི་ཉེས་པ་གཉིས་པས་མི་གནོད་པ་ནི། ཁོ་བོ་ཅག་ལྟར་ན་བྱང་ཆུབ་སེམས་དཔའི་དགེ་སློང་གིས་གཞན་དོན་དུ་ཕམ་པ་བཞི་པོ་སྤྱད་ན་དགེ་སློང་གི་སྡོམ་པ་ནི་མ་རུངས་པར་གྱུར་པ་ཡིན་ཏེ། ཇི་སྐད་དུ། མང་པོ་སྐྱབས་ཕྱིར་བསད་པ་སོགས། །ཞེས་པའི་སྐབས་ནས་བཤད་པའི་སྲོག་གཅོད་ལ་ནི་ཕམ་པའི་ཡན་ལག་གི་རྩི་བ་རྣམ་པར་གཞག་པ་ཐམས་ཅད་ཚང་དུ་རུང་བའི་ཕྱིར། གསུམ་པོ་གཞི་མཐུན་པར་ཁས་ལེན་པས་ནི། གཞན་གྱི་དོན་གྱི་སེམས་བརྟན་པས། །ཞེས་སོགས་ཀྱི་ལུང་དོན་འཆད་པར་མི་ནུས་སོ། །དེ་དང་འདྲ་བར་ཨ་ཏི་ཤས་ཀྱང༌། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་བཤད་དོ། །དེ་ལྟ་ན་ཡང་དགེ་སློང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་སྤྱོད་པ་དང༌། བྱང་ཆུབ་སེམས་དཔས་ཀྱང་ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔའི་གོ་འཕང་མངོན་དུ་མཛད་པའི་དགོས་པ་ཡོད་ན་ནི། སྡོམ་པ་སྔ་མ་རྣམས་བཏང་སྙོམས་སུ་བཞག་ནས་སྡོམ་པའི་ཁྱད་པར་ཐུན་མོང་མ་ཡིན་པ་ཕྱི་མ་རྣམས་དབང་བཙན་པར་བྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། བསླབ་གསུམ་གནང་བཀག་འགལ་བའི་ཚེ། །དགག་བྱ་དང་ནི་དགོས་པ་གཉིས། །གཙོ་བོ་གང་ཆེའི་དབང་དུ་ཐོང༌། །ཞེས་སོགས་དེ་ཡང་དགོས་པ་གཙོ་ཆེ་བ་ནི་ཀུན་ལ་གྲགས་མོད། དགག་བྱ་གཙོ་ཆེ་བ་ཡང༌། འདུལ་བའི་བསྟན་པ་འཛམ་བུའི་གླིང་ཐམས་ཅད་དང་ཡུལ་ཕྱོགས་ཉི་ཚེ་བར་ནུབ་ཏུ་ཉེ་བའི་ཚེ། ཡུལ་དེའི་དགེ་སློང་གཅིག་བུ་དེས་ཚེ་དེ་ཉིད་ལ། ཉེ་རྒྱུའི་སྤྱོད་པ་ལ་འཇུག་པའི་རྟོགས་པ་འཁྲུངས་ཀྱང༌། གཞན་དོན་དུ་ཕམ་པ་སྤྱད་པར་མི་བྱ་སྟེ། བསྟན་པའི་རྩ་བ་ནུབ་པའི་ཉེས་དམིགས་ཡོད་པའི་ཕྱིར། མདོར་བསྡུས་པ་དེ་ཙམ་མོ། ཡང་ཉིད་ཀྱི་མཆིད་ཤོག་ན། མངོན་པ་འོག་མར་འཆི་སེམས་ལུང་མ་བསྟན་མ་བཤད་པའི་རྒྱུ་མཚན་ཅི་ཞེས་དང༌། མངོན་པ་འོག་མ་ཡང་ངོ་བོ་ཉིད་ཀྱི་དགེ་བ་དད་སོགས་བཅུ་གཅིག་ལ་བཞེད་པས་གཞུང་འཆོས་མི་དགོས་སོ། །ཞེས་གསུང་བ། དེ་གཉིས་ཀའི་སྐབས་སུ། ཁོ་ན་ཞེས་པའི་རྣམ་དཔྱད་རེ་ཡོད་པ་ལ་མ་བརྟགས་པའི་སྐྱོན་ཡིན་ཏེ། དེ་ཡང་འདི་ལྟར། རྣམ་བཤད་མཛད་པ་བསམ་ཡས་པས། སོ་ཐར་ཤི་འཕོས་པས་གཏོང་བའི་ཤེས་བྱེད་དུ་གཟུགས་ཅན་གྱི་དགེ་བ་འཆི་སེམས་ལུང་མ་བསྟན་གྱིས་གཏོང་བ་ཡིན་ཞེས་བཤད། དེའི་ཚེ་དེ་ལྟར་གཏོང་དུ་ཆུག་མོད། འཆི་སེམས་དགེ་བའི་ཚེ་གང་གིས་གཏོང་ཞེས་དྲིས་པ་ན། འཆི་སེམས་ལུང་མ་བསྟན་ཁོ་ནར་ངེས་སོ་ཞེས་ཟེར་བ་ལས་འོས་མི་འདུག་པས། གཞན་ནི་རྣམ་གསུམ། ཞེས་པ་དང་མ་མཐུན་ཞེས་འཆད་རྒྱུ་ཡིན་ནོ། །མངོན་པ་གོང་མར་ནི། འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བ་གཉིས་ཀ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ནས་བྱེད་པར་ཐེག་བསྡུས་རྩ་འགྲེལ་ལས་བཤད་ལ། དེ་ལྟ་ན་དགེ་སེམས་ཐམས་ཅད་ཤི་འཕོས་པས་གཏོང་བར་འགྱུར་རོ། །དེས་ན་རང་རྒྱུད་ཀྱི་གཏན་ཚིགས་འགོད་པའི་ཚེ། ཤི་ནས་ཁས་བླངས་མེད་པའི་ཕྱིར། །ཤི་བའི་ཚེ་ན་སྡོམ་པ་གཏོང༌། །ཞེས་པ་ཉིད་ཀྱིས་ཆོག་གོ །རྒོལ་བ་གཉིས་པའི་ལན་ནི། ཟློག་ཕྱོགས་མི་དགེ་བར་འཆད་པའི་ཚིག་གི་སྡེབ་སྦྱོར་འགྲིག་པའི་ཕྱིར་དུ་བྱས་པ་ཡིན་ཞེས་མཆིམས་ཊཱིཀ་པ་རྣམས་གསུངས་མོད། ཉན་ཐོས་པ་རྣམས་ཞེས་པ། མངོན་པ་འོག་མ་ལ་དགོངས་རྩེ་གཏོད་ན། བཅུ་གཅིག་ཁོ་ན་ཡིན་ཞེས་གསུང་བ་འདི་བཤད་དཀའ་བ་ཡིན་ཏེ། དེར་ནི་དགེ་བའི་ས་མང་པོ་པ་བཅུ་ལས་མི་འཆད་པའི་ཕྱིར་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བ་སེམས་ཀྱི་ས་མང་པོ་པའི་ནང་གི་བློ་གྲོས་ཞེས་པ་དེའི་ནང་དུ་འདུས་པར་འཆད་པའི་ཕྱིར། དེ་ལས་གཞན་དུ་འོག་མར་ཡང་དགེ་བའི་ས་མང་བཅུ་གཅིག་ཏུ་འཆད་ན་སེམས་གང་གི་འཁོར་དུ་སེམས་བྱུང་དུ་ཞིག་འབྱུང་གི་གྲངས་ངེས་ལ་གནོད་པ་སོགས་འཁྲུལ་བ་མང་པོ་འབྱུང་ངོ༌། །དེས་ན་འབྲུ་གཉེར་ཚུལ་བཅོས་པ་དེ་འགྱུར་བཅོས་པ་དང་འདྲ་བར་གཞུང་དཀྱུས་མའི་ནང་དུ་འཇུག་དགོས་ཟེར་བ་ག་ལ་ཡིན། དེས་ན་ཆོས་ཉམས་མེད་པ་དག་ལ་དེ་འདྲའི་དོགས་པ་འུར་དིང་ངེ་བ་ཅིག་བྱུང་སྣང་ངོ༌། །འདི་ཕྲན་ཚེགས་ཡིན་ཀྱང་རྣམ་བཤད་མཛད་པ་རྣམས་དཔྱོད་པ་གང་ཡང་མི་འཇུག་པར། ས་པཎ་ཉིད་ཀྱིས་གསུངས་པས་ཆོག །ཅེས་གཞུང་ཆུད་གསོན་པ་དག་མང་བར་སྣང་ངོ༌། །ཡང་ཉིད་ཀྱི་མཆིད་ཤོག་ན། སོ་ཐར་སྡོམ་པ་དངོས་གཞིའི་དུས་ཀྱི་རིག་བྱེད་རིག་མིན་གྱི་གཟུགས་གཉིས་ཀ་སྡོམ་པ་དེ་ཉིད་ཀྱི་འཐོབ་རྒྱུ་གང་ཡིན་པ་གཅིག་པུ་དེ་ཉིད་ལས་བྱུང་བར་བཤད་འདུག་པ། འདི་ནི་རྣམ་པ་མ་བརྟགས་པ་ཆེན་པོ་ཡིན་ཏེ། བུ་སྟོན་རིན་པོ་ཆེ་ལྟ་བུས་ཀྱང་མ་བརྟགས་ན། གཞན་དག་གིས་ལྟ་ཅི་འཚལ་བའི་ཕྱིར་རོ། །སོར་སྡོམ་གྱི་རིག་བྱེད་མ་ཡིན་པའི་གཟུགས་ནི་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་རང་གི་རྒྱུ་འབྱུང་བ་ལས་སྐྱེ་དགོས་ལ། དེ་ཡང་དགེ་སློང་དེ་ལྟ་བུའི་རྣམ་སྨིན་གྱི་ལུས་ལས་རྫས་ཐ་དད་པ་ཞིག་གསར་དུ་སྐྱེ་དགོས་པ་ཡིན་ཏེ། རྣམ་སྨིན་གྱི་ལུས་ནི་ལུང་མ་བསྟན་དུ་ངེས་པའི་ཕྱིར། འབྱུང་བ་དེ་ཡང་རྒྱུའི་ཀུན་སློང༌། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཞེས་བཤད་ཀྱང༌། གོ་བདེ་བ་ནི་ལུས་ངག་གི་སྤང་བྱ་སྤོང་བའི་སེམས་པ་ཀུན་སློང་དྲག་པོར་གྱུར་པ་བདུན་གྱིས་ཀུན་ནས་བསླང་བའི་འབྱུང་བ་བཞི་ཚན་རྫས་ཐ་དད་པ་བདུན་སྐྱེ་ལ། དེ་དག་སོ་སོ་དང་ཚོགས་པ་གཅིག་ཏུ་སྲོག་གཅོད་སྤོང་བའི་དང༌། མ་བྱིན་ལེན་སྤོང་བ་སོགས་རིག་མིན་གྱི་གཟུགས་རྫས་ཐ་དད་པ་བདུན་ཅིག་ཆར་དུ་སྐྱེ། རིག་མིན་འདི་ལའང་སྦྱོར་བ་དང་དངོས་གཞིའི་དུས་སུ་སྐྱེ་བ་གཉིས་ཡོད་ཀྱང༌། སྡོམ་པའི་ངོ་བོར་གྱུར་པ་ནི་བརྗོད་པ་གསུམ་པའི་མཐར་སྐྱེས་པ་དེའོ། །སོ་སོར་ཐར་བའི་སྡོམ་པ་སྐྱེས་ནས་ཇི་སྲིད་མ་བཏང་གི་བར་དུ་དེའི་རིག་མིན་གྱི་གཟུགས་ད་ལྟར་བ་དང་ནི་རྟག་ཏུ་ལྡན་ཞེས་པ་གཞུང་འགྲེལ་ན་གསལ་ལོ། །རིག་བྱེད་ལ་ནི་སྐྱེ་ཚུལ་དང་གནས་ཚུལ་དེ་ལྟར་མ་ཡིན་ཏེ། ཇི་སྐད་དུ། དང་པོའི་རྣམ་རིག་ཞེས་བཤད་པ་དེ་ལ་ལུས་དང་ངག་གི་དབྱེ་བ་གཉིས་ལས། དང་པོ་ནི། སྡོམ་པ་ལེན་པའི་ཚེ་ལུས་ཀྱི་སྤྱོད་ལམ་འདི་ལྟར་བྱའོ་སྙམ་པའི་སེམས་པ་བདག་པོའི་རྐྱེན་དུ་གྱུར་པ་ལས། རྣམ་སྨིན་གྱི་ལུས་ལས་རྫས་ཐ་དད་དུ། དགེ་བར་གྱུར་པའི་འབྱུང་བ་བཞི་ཚན་འབྱུང་གྱུར་ལུས་ཀྱི་དབྱིབས་དང་ལྷན་ཅིག་པ་དེ་སྐྱེའོ། །དབྱིབས་དེ་ཡང་རྣམ་སྨིན་གྱི་ལུས་ལས་རྫས་ཐ་དད་དུ་ཡོད་ཀྱང༌། དེ་ལྟར་མི་མངོན་པ་ཞིག་སྟེ། མིག་ཤེས་ལ་སྣང་ཚུལ་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཙོག་བུའི་དབྱིབས་ཅན་དུ་སྣང་བ་ལྟ་བུ་དེའོ། །དཔེར་ན་ནགས་ལ་མེ་ཞུགས་པའི་ཚེ་གཉིས་པོ་རྫས་ཐ་དད་དུ་ཡོད་ཀྱང་མི་མངོན་པ་ལྟ་བུའོ་ཞེས་བྱེ་བྲག་ཏུ་སྨྲ་བས་འཆད་དོ། །ངག་གི་རིག་བྱེད་ནི། རྒྱུ་འབྱུང་བ་རྫས་གཞན་ལ་མི་ལྟོས་པས་བརྗོད་པ་གསུམ་པོ་སོ་སོའི་ཚེ། དགེ་ཚུལ་དུ་ཞེས་པ་ལྟ་བུའི་ཚིག་དགེ་བའི་ངོ་བོར་སྐྱེས་པ་དེའོ། །འདི་ཡང་སྡོམ་པའི་ངོ་བོར་ཁས་ལེན་པ་ལྟར་ན་བརྗོད་པ་གསུམ་པའི་དུས་ཀྱི་ངག་སྒྲ་རང་མཚན་པ་དེ་དང་ལུས་ཀྱི་དབྱིབས་ཙོག་པུའི་རྣམ་པ་ཅན་དེ་ལས་གཞན་ཕྱིས་གསར་དུ་སྐྱེ་བ་མེད་པས་སོ་སོར་ཐར་པའམ་དེའི་སྡོམ་པ་རིག་བྱེད་ཀྱི་ངོ་བོར་གྱུར་པ་ནི་དུས་གཞན་གྱི་ཚེ་ད་ལྟར་བ་དང་ལྡན་ཞེས་པའི་ཐ་སྙད་མེད་དོ། །དེའི་ཕྱིར་བྱེ་སྨྲའི་བརྡ་ཆད་ལ་རིག་བྱེད་མ་ཡིན་པའི་གཟུགས་ནི་རྒྱུའི་ཀུན་སློང་ལ་གཙོ་བོར་ལྟོས་ཤིང་དེ་དབང་ཆེ། རིག་བྱེད་ཀྱི་གཟུགས་ནི་དུས་ཀྱི་ཀུན་སློང་གཙོ་ཆེ་ཞིང་དབང་བཙན་ཞེས་འཆད་དོ། །དེ་བས་ན་སྡོམ་པ་དངོས་གཞིའི་དུས་ཀྱི་གཟུགས་གཉིས་པོ་རྒྱུ་ཚོགས་གཅིག་ལས་སྐྱེས་པ་ག་ལ་སྲིད། གལ་ཏེ་བསྒྲུབ་བྱ་དེས་དགེ་ཚུལ་གྱི་སྡོམ་པ་བླང་བར་བྱ། དེའི་ཆེད་དུ་ལུས་ངག་གི་སྤྱོད་ལམ་འདི་ལྟར་བྱའོ་སྙམ་པའི་བསམ་པ་སྔོན་དུ་གཏོང་དགོས་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་ཙམ་གྱིས་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ཏེ། བསྒྲུབ་བྱའི་རིག་བྱེད། དེའི་སྡོམ་པའི་འཐོབ་རྒྱུར་སོང་བའི་ཕྱིར་དང༌། དགེ་ཚུལ་གྱི་སྡོམ་པ་བླང་བར་བྱ་སྙམ་པ་ནི་རིག་མིན་གཟུགས་ཀྱི་རྒྱུ་འབྱུང་བ་བཞི་མཚན་དེའི་འགྲུབ་བྱེད་ཀྱི་རྒྱུ་ཡིན་ལ། དེའི་ཆེད་དུ་སོགས་ཀྱི་བསམ་པ་ནི་རིག་བྱེད་ཀྱི་རྒྱུའི་འགྲུབ་རྒྱུར་སོང་བའི་ཕྱིར། མདོར་ན་སྡོམ་པ་ཡང་དག་པར་བླངས་པའི་ལུས་ཀྱི་རིག་བྱེད་ནི་བརྗོད་པ་གསུམ་ལ་ངེས་པར་མི་ལྟོས་ཏེ། བརྗོད་པ་དང་པོའི་གོང་རོལ་ནས་དབྱིབས་དེ་ལྟར་བྱས་ཟིན་འདུག་པའི་ཕྱིར། དབྱིབས་དེའི་རྒྱུན་སྦྱོར་དངོས་ཐམས་ཅད་ཀྱི་ཚེ་ནར་ཏེ་ཡོད་པ་དེ་ནི་སྐབས་འདིའི་དབྱིབས་སུ་མི་རུང་སྟེ། ཇི་སྐད་དུ། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་པ་ཡིས་འཇིག་ཕྱིར་རོ། །ཞེས་པའི་ཕྱོགས་སྔ་མ་དེར་སོང་བ་དང༌། ཙོག་པུ་ལས་ལངས་ཏེ་ཕྱག་འཚལ་བ་ལྟ་བུའི་ཚེ་སྤྱོད་ལམ་སྔོན་མ་བཤིག་པར་ཁས་ལེན་ན་ནི་སྡོམ་པ་ཡང་བཤིག་པར་ཐལ་བའི་ཕྱིར། འགྲེལ་པར། སྡོམ་པ་ཡང་དག་པར་བླངས་པའི་ཞེས་འབྱུང་བ་ཡང༌། སྦྱོར་བ་སྔོན་དུ་སོང་བའི་དངོས་གཞི་ལ་ཐུགས་རྩེ་གཏོད་པ་ནི་མ་ཡིན་གྱི། སོ་ཐར་ལ་ཡང་དག་པར་བླངས་པ་ལས་བྱུང་བ་དང༌། ཆོས་ཉིད་ཀྱིས་ཐོབ་ཞེས་བྱ་བ་གཉིས་ལ་དགོངས་པའོ། །དེ་ལྟར་རྟགས་ཀྱི་ཚུལ་རྒྱས་པར་བསྒྲུབས་ནས། སྦྱོར་བ་ནི། སོ་ཐར་སྡོམ་པ་ཡང་དག་པར་བླངས་པའི་བརྗོད་པ་གསུམ་པའི་དུས་ཀྱི་ལུས་ངག་གི་རིག་བྱེད་ནི་ཆོས་ཅན། རང་དུས་ཀྱི་སོ་ཐར་སྡོམ་པ་དང་རྒྱུ་ཚོགས་གཅིག་ལས་སྐྱེས་པ་མ་ཡིན་ཏེ། ཀུན་སློང་གི་སེམས་པ་རྫས་ཐ་དད་རྒྱུ་འབྱུང་བ་ལ་གཞི་མཐུན་མི་སྲིད། རང་གི་ངོ་བོ་ཆོས་དང་གཟུགས་ཀྱི་སྐྱེ་མཆེད་སོ་སོར་ངེས་པའི་ཕྱིར། ཞེས་བྱ་བ་འདི་གྲུབ་བོ། །ཡང་ཉིད་ཀྱི་མཆིད་ཤོག་ན། གསེར་གྱི་ཐུར་མར་སྡོམ་པ་ལ་རིག་མིན་གཟུགས་ཀྱིས་ཁྱབ་པའི་ཤེས་བྱེད་དུ། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །ཞེས་དྲངས་པ་དེ་ལ་མ་ངེས་པ་མང་པོ་འཕེན་པ་ལྟ་བུར་སྣང་ལ། ཁོ་བོ་ཅག་ནི་ཁྱབ་པ་དེ་ལྟར་ཁས་མི་ལེན་ཏེ། བྱེ་སྨྲའི་སྐབས་སུའང་ཡིད་དང་དབང་པོའི་སྡོམ་པ་འཆད་པའི་ཕྱིར་དང༌། བར་ཆད་མེད་ལམ་སྐྱེས་དེ་གཉིས། །ཞེས་འཆད་པའི་ཕྱིར་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ལའང་ཡིད་ཀྱི་སྤང་བྱ་གསུམ་སྤོང་བའི་སྡོམ་པ་ཁས་ལེན་དགོས་པའི་ཕྱིར། ཇི་སྐད་དུ། གསུམ་ཞེས་བྱ། ཞེས་པ་འདིའི་རྒྱས་བཤད་ན། བསམ་ཟག་གཉིས་དང་བར་མ་ལ་སེམས་པ་དང་རིག་བྱེད་ཀྱི་སྐྱེ་ཚུལ་དང་ལྡན་ཚུལ་གཉིས་ཀ་དངོས་སུ་བཤད། སོ་ཐར་དང་སྡོམ་མིན་གཉིས་ལ་འཐོབ་ཚུལ་འཆད་པ་ན་སེམས་པ་དང་རིག་བྱེད་རྒྱུར་བཤད་ཀྱི། ངོ་བོར་བཤད་པ་གཅིག་ཀྱང་མེད་པ་ལ་བསམ་པའོ། །འདིར་སྨྲས་པ། སྡོམ་གསུམ་བསྟན་བཅོས་འཆད་པོ་འགའ། །གཞུང་རྩོམ་བྱེད་པོ་མི་བཞེད་པའི། །རིག་བྱེད་འབད་ནས་སྒྲུབ་པ་ནི། །མཁྱེན་ཅན་གཞན་གྱི་ལུགས་ལ་སྣང༌། །གཞུང་རྩོམ་བྱེད་པོ་སངས་རྒྱས་ཀྱི། །སྙིང་པོ་དྲང་བའི་དོན་དུ་འཆད། །མཁྱེན་ཅན་གཞན་གྱིས་དེ་སྒྲུབ་པའི། །ལུང་རིགས་བཤད་པ་དེ་ཡང་བཟུང༌། །ཞེས་རེ་ཤིག་འབེལ་བའི་གཏམ་དུ་བྱ་བ་ནི་དེ་ཙམ་མོ།། །། ༄༅། །ན་མོ་བུདྡྷ་ཡཱ། ཡང་གསེར་གྱི་ཐུར་མ་ཞེས་བྱ་བའི་བསྟན་བཅོས་སུ་སངས་རྒྱས་ཀྱི་སྙིང་པོའི་རྣམ་པར་གཞག་པ་མདོ་ཙམ་བཤད་པ་ལ། རྒྱུད་བླ་མའི་བསྟན་བཅོས་རྩ་འགྲེལ་དང་འགལ་བ་ཁོ་ནར་སོང་བ་བཅུ་གསུམ་ཙམ་ཞིག་བརྗོད་པ་འདི་ནི་ཟློག་པར་མི་ནུས་སོ། །ཞེས་གསུང་བ་ལྟ་བུ་ཞིག་སྣང་ངོ༌། །འདི་བརྟག་པར་བྱ་བ་ལ། གཉིས་ཏེ། ཀློག་པ་པ་དག་གི་འདོད་པ་མདོར་བསྡུས་ཏེ་བརྗོད་པ་དང༌། ས་རྔོག་གི་བཞེད་པ་སོ་སོར་ཕྱེ་ནས་ཕྱི་དུས་འདིར་སུས་ཀྱང་ལུགས་དེ་དག་གང་ཡང་མ་བཟུང་བར་བསྟན་པའོ། །དང་པོ་ནི། གསེར་གྱི་ཐུར་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མི་འཆད་པ་དེ་ནི་ཁོ་བོ་ཅག་གྲུབ་པའི་མཐའ་རྩོམ་པར་འདོད་པ་མ་ཡིན་གྱི། རྒྱུ་མཚན་དང་དགོས་པ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་རྗེ་པཎྜི་ཏས་ཆོས་ལོག་སུན་འབྱིན་གྱི་བསྟན་བཅོས་ཆེན་པོ་བཞི་མཛད་པའི་ནང་གི་བརྗོད་པར་བྱ་བ་མང་བ་དང༌། བརྒལ་ལན་གྱིས་གཏན་ལ་མ་ཕབ་ན་གཞན་དག་གི་འདོད་པ་དང་འདྲེས་པར་དོགས་པའི་རྒྱུ་མཚན་གྱིས་སོ། །ལུགས་དེ་དང་མཐུན་པར་ཞལ་གྱིས་བཞེས་པའི་རྩོད་བྲལ་གྱི་ཆེན་པོ་གཞན་ཡང་ཇི་ལྟར་ཡོད་པ་ནི། བུ་སྟོན་རིན་པོ་ཆེས་སྙིང་པོའི་མཛེས་རྒྱན་ཞེས་བྱ་བའི་བསྟན་བཅོས་མཛད་ནས། འཁོར་ལོ་གསུམ་པར་སྙིང་པོ་བསྟན་པའི་མདོ་རྣམས་མདོ་གཞན་གྱིས་དགོངས་པ་ཅན་དུ་ཇི་ལྟར་བཀྲལ་བའི་ཚུལ་རྣམས་རྒྱས་པར་བཤད་ལ། རྗེ་བཙུན་རེད་མདའ་བ་ཡང་དེ་དང་མཐུན་ནོ། །རྗེ་རིན་པོ་ཆེ་གཡག་པ་དང་ལོ་ཙཱ་བ་སྐྱབས་མཆོག་དང་རྒྱལ་རོང་པ་ཆེན་པོ་རྣམས་ནི་ས་སྐྱ་པའི་བཞེད་པ་སྔ་མ་ལྟར་ཡིན་ཀྱང༌། ཀློག་པ་པ་རྣམས་ལ་རྔོག་ལོའི་བཞེད་པ་འདི་ཤིན་ཏུ་མཛེས་པ་ཡིན་གསུང༌། ཁོ་བོ་ཅག་གིས་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང༌། འཕགས་པ་བསམ་གཏན་པའི་དཔེ་མཁྱུད་ཀྱི་མདོ་སོགས་སུ་མ་ཟད། རྒྱུད་བླ་མའི་བསྟན་བཅོས་ཉིད་ཀྱིས་ཀྱང་སྙིང་པོའི་མདོ་སོགས་སུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་དེ་ལ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱིས་བཤད་པ་ཡིན་ནོ། །ཞེས་འཆད་པ་ལ་ཧ་ཅང་ཐལ་བ་མེད་དོ། །བོད་ཕྱི་མས་མཚན་དཔེ་གསལ་རྫོགས་ཀྱི་སྙིང་པོ་དང༌། ཆོས་ཉིད་མེད་པར་དགག་པའི་སྙིང་པོ་གཉིས་སུ་འབྱེད་པ་ཡིན་ཞེས་ཟེར་ཀྱང༌། གཞུང་འགྲེལ་གྱི་ཐ་སྙད་ལ་མེད་ཅིང༌། བྱེ་བྲག་ཏུ་མེད་དགག་ལ་སྙིང་པོར་འཆད་པ་རྒྱུད་བླ་མའི་རྩ་འགྲེལ་དང་འགལ་བ་དང༌། ས་སྐྱ་པས་ནི་མེད་དགག་སྙིང་པོའི་དགོངས་གཞིར་འཆད་ཀྱི། སྙིང་པོ་དངོས་སུ་འཆད་པ་མེད་དོ། །གཉིས་པ་ལ་གཉིས་ཏེ། རྔོག་ལོ་ཆེན་པོའི་ལུགས་བཤད་ནས་དེང་སང་ལུགས་དེ་དཔྱིས་མ་ཕྱིན་པ་དང༌། ས་ལུགས་བཤད་ནས་རྗེས་འཇུག་གིས་དེ་མ་བཟུང་བའོ། །དང་པོ་ལ། དེ་ལྟར་བཤད་པ་དངོས་དང༌། ཁོ་བོ་ཅག་ལ་ལུང་འགལ་བཅུ་གསུམ་མི་འཇུག་པའོ། །དང་པོ་ནི། ཁོང་འདི་ལྟར་བཞེད་པ་ཡིན་ཏེ། སྙིང་པོ་ངོས་བཟུང་བ་དང༌། དེ་སེམས་ཅན་ལ་ཡོད་ཚུལ་ལོ། །དང་པོ་ནི། དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུ་སྟེ། ཇི་སྐད་དུ། རྫོགས་སངས་སྐུ་ནི་སོགས་དང༌། འདི་ཡི་རང་བཞིན་ཆོས་སྐུ་ཞེས་པས་བསྟན་ནོ། །དེ་སེམས་ཅན་ལ་ཡོད་ཚུལ་ནི་སྙིང་པོ་དེའི་ཕྱོགས་གཅིག་ཡོད་པ་དང་རྒྱུ་ཡོད་པ་ལ་དེར་བརྗོད་པའོ། །དེ་ལྟར་གསུམ་པོ་དེ་ལ་འབྲས་བུ་དང་རང་བཞིན་དང་རྒྱུའི་བདེར་གཤེགས་སྙིང་པོ་ཞེས་འཆད་མོད། རྒྱུ་ནི་སེམས་ཅན་ལ་ཡོད་ཀྱང་སྙིང་པོ་དངོས་མ་ཡིན། འབྲས་བུ་ནི་སྙིང་པོ་དངོས་ཡིན་ཀྱང་སེམས་ཅན་ལ་མེད། རང་བཞིན་ནི་སྙིང་པོ་དངོས་དང་སེམས་ཅན་ལ་ཡོད་པ་གཉིས་ཀའོ། །རང་བཞིན་དང་རིགས་ཀྱི་ཁྱད་པ་ནི། དྲི་མས་རྣམས་པར་དག་པའི་ཆ་ནས་རང་བཞིན་དང༌། དྲི་མ་དང་བཅས་པའི་ཆ་ནས་རིགས་སུ་བཞེད་པ་ཡིན་གྱི། རང་བཞིན་བདེར་གཤེགས་སྙིང་པོའི་ངོས་འཛིན་རང་བཞིན་གནས་རིགས་ལ་མི་བཞེད་དོ། །སྦྱོར་བ་ནི། ལུས་ཅན་ཀུན་ཆོས་ཅན། མདོ་ལས་དུས་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་ལ་རྒྱུ་མཚན་ཡོད་དེ། ཆོས་སྐུ་འཕྲོ་བ་དང༌། འཕྲོ་བའི་ཚུལ་ཡང་ཆོས་སྐུ་དེའི་ཕྱོགས་གཅིག་རང་བཞིན་རྣམ་དག་གི་ཆ་ལ་དབྱེ་བ་མེད་པ་དང༌། དེའི་རྒྱུ་རིགས་ཀྱིས་ཁྱབ་པའི་ཕྱིར། ཅེས་པའོ། །འདིར་བླ་མ་དར་མས་ནི་སྙིང་པོ་དང་རང་བཞིན་གནས་རིགས་ཁྱབ་མཉམ་དུ་བྱས་ནས་སངས་རྒྱས་ལ་སྙིང་པོ་མེད་པར་འདོད། དྲི་མ་དང་བཅས་པའི་སེམས་བདེན་སྟོང་ལ་རང་བཞིན་གནས་རིགས་སུ་འདོད་མོད། གཞུང་དང་རྔོག་གི་དགོངས་པར་མ་སོང༌། བོད་ཕྱི་མ་ཕལ་ཆེར་རང་བཞིན་བདེར་གཤེགས་སྙིང་པོས་ཀུན་ལ་ཁྱབ་པ་བསྒྲུབ་བྱར་བྱེད་མོད། འགྲེལ་པ་དང་འགལ། རྗེ་གཡག་རོང་གཉིས་ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་དང༌། ཀུན་ལ་སྙིང་པོས་ཁྱབ་པ་དོན་གཅིག་ཏུ་བཞེད། དེ་ནི་བཀའ་འཁོར་ལོ་བར་པའི་དངོས་བསྟན་དང་མཐུན། རྔོག་ལོ་ཆེན་པོ། རང་བཞིན་བདེ་གཤེགས་སྙིང་པོའི་ངོས་འཛིན་སྤྲོས་བྲལ་མེད་དགག་གི་ཆ་ལ་འཆད་པ་དེ་ནི་འཁོར་ལོ་བར་པའི་ལུགས་སུ་སོང་ཡང༌། རྒྱུད་བླ་རྩ་འགྲེལ་དང་མ་མཐུན། སློབ་དཔོན་སྔ་མ་དག་གི་གསུང་ནས། གཉིས་སྟོང་མེད་དགག་གི་ཆ་དང་མ་ཡིན་དགག་གི་ཆ་ལ་སྙིང་པོའི་ངོས་འཛིན་དུ་བྱེད་པ། བྱམས་ཆོས་ཐོས་བསམ་ལྟར་འཆད་པ་དང༌། བྱམས་ཆོས་སྒོམ་ལུགས་ལྟར་འཆད་པའི་ཁྱད་ཡིན་གསུང༌། རྩ་འགྲེལ་ན་ནི་ལུགས་ཕྱི་མ་དེ་ཉིད་གསལ་བར་བཞུགས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་གསུངས་པའི་སྙིང་པོ་དེའི་ངོས་འཛིན། སངས་རྒྱས་ཉིད་ལ་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཉིད་ལ་བྱེད་པའི་ལུགས་གཉིས་ལས། འཁོར་ལོ་གསུམ་པའི་མདོའི་བསྟན་ཚུལ་ནི་སྔ་མ་ལྟར་ཡིན་ལ། བསྟན་བཅོས་ན་ཕྱི་མ་གསལ་ཞིང༌། དེ་ཉིད་སྙིང་པོ་དངོས་སུ་འཆད་པ་རྔོག་ལོའི་ལུགས་དང༌། སྙིང་པོ་བཏགས་པ་བར་འཆད་པ་ས་ལོའི་ལུགས་གཉིས་བྱུང་ངོ༌། །རྔོག་ལོ་ཆེན་པོས་བྱམས་ཆོས་ལྔའི་ནང་ནས་རྒྱུད་བླ་མ་ཁོ་ན་ངེས་དོན་གྱི་བསྟན་བཅོས་དང༌། སྤྲོས་བྲལ་མེད་དགག་གི་ཆ་ཁོ་ན་བསྟན་བྱའི་གཙོ་བོར་བཞེད་མོད། འཁོར་ལོ་བར་པའི་དངོས་བསྟན་གྱི་སྟོང་པ་ཉིད་དེ་བསྟན་བཅོས་འདིའི་བརྗོད་བྱའི་གཙོ་བོར་འཆད་པ་ནི་གཞུང་འགྲེལ་གཉིས་ཀ་དང་མ་མཐུན་ནོ། །གཉིས་པ་ལ། གཉིས་ཏེ། དོན་གྱི་ཁོག་ཕུབ་པ་དང༌། དངོས་ལན་སོ་སོར་བཏབ་པའོ། །དང་པོ་ནི། རྒྱུད་བླ་རྩ་འགྲེལ་དུ་བཤད་པའི་སྙིང་པོའི་ངོས་འཛིན་གསལ་ཤོས་འཆད་ཐུབ་པ་ནི། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཚིགས་བཅད་གཉིས་པོ་འདི་ཡིན་ལ། འདིས་ནི་གློ་བུར་རྣམ་དག་གི་དེ་བཞིན་ཉིད་ཁོ་ན་སྙིང་པོར་བསྟན་པ་ཡིན་ཏེ། སྔ་འགྲེལ་དང་ཕྱི་འགྲེལ་དག་ལས་གསལ་བས་སོ། །ཇི་ལྟར་ཞེ་ན། སྔ་འགྲེལ་དུ། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པའི་དེ་བཞིན་གཤེགས་པའི་སྙིང་པོ་དེ་གང་ཞེ་ན། ཞེས་མཚམས་སྦྱར་ནས། དྲི་མ་སྔར་ཡོད་བསལ་དུ་མེད། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་གངྒཱའི་ཀླུང་གི་བྱེ་མ་སྙེད་སྔར་མེད་གསར་དུ་བཞག་མི་དགོས་པའི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་ལ་ངོས་བཟུང་བ་ཡིན་ནོ། །དེ་ཉིད་སྤྱིར་གློ་བུར་རྣམ་དག་གི་ཆོས་སྐུ་ཡིན་པ་དང༌། ས་མཚམས་ས་དང་པོ་ནས་འཛིན་པར་ཡང་འདི་ཉིད་ཀྱི་དངོས་འགྲེལ་ན་གསལ་ཞིང༌། རྫོགས་པའི་སངས་རྒྱས་མ་ཡིན་པས་སྙིང་པོ་དེ་རྫོགས་པར་མངོན་སུམ་དུ་མི་མཐོང་བའི་ཚུལ་ཡང་འདི་ཉིད་ཀྱི་ཕྱི་འགྲེལ་ན་གསལ་ལོ། །ལོ་ཆེན་རྗེས་འབྲང་དང་བཅས་པས། བདེན་གྲུབ་བསལ་དུ་མེད། བདེན་མེད་བཞག་ཏུ་མེད། སེམས་ཀྱི་ཆོས་ཉིད་དང་ཡོན་ཏན་གྱི་ཆོས་ཉིད་དབྱེར་མེད། ཞེས་འཆད་པ་ནི་འགྲེལ་པ་དང་མ་མཐུན། ཡང་སྙིང་པོའི་ངོས་འཛིན་ཡུམ་ཤེར་ཕྱིན་གྱི་སྟོང་པ་ཉིད་ལ་བཤད་ནས། དེ་སེམས་ཅན་ཐམས་ཅད་ལ་ཡོད་ཅེས་འཆད་པ་དེ་ལོ་ཙཱ་བའི་དགོངས་པ་ཡིན་ན། གཞུང་རྩ་བ་ཉིད་དང་མ་མཐུན་ནོ། །གལ་ཏེ། འདི་ལ་ཞེས་སོགས་ཀྱི་གཞུང་དེས་སྙིང་པོའི་ངོས་འཛིན་དེ་ལྟར་འཆད་ན། ཡོན་ཏན་དབྱེར་མེད་པ་ཞེས་བྱ་བ་རང་བཞིན་རྣམ་དག་གི་ཆ་ནས་སམ། གློ་བུར་རྣམ་དག་གི་ཆ་ནས་ཡིན། ཇི་སྐད་དུ། ཉི་དང་ཟེར་བཞིན་ཞེས་བཤད་པས་ན་ཕྱི་མ་ལྟར་ཡིན་ལ། དེ་ཡང་ཡོན་ཏན་རེ་རེ་བ་དང་དབྱེར་མེད་པ་ནི་ས་དང་པོ་ནས་ཀྱང་ཡིན་ཏེ། ཇི་སྐད་དུ། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཞེས་བཤད་པ་ལྟར་རོ། །གལ་ཏེ་ཡོན་ཏན་དབྱེར་མེད་པ་ཡང་གཞི་སོ་སོ་སྐྱེ་བོའི་དུས་ནས་ཡོད་པ་ཡིན་ཏེ། ཇི་སྐད་དུ། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཞེས་བཤད་པས་སོ། །གོམས་བྱེད་ཀྱི་རྐྱེན་ལ་ལྟོས་ནས་དེར་འགྱུར་དུ་རུང་བ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། དེ་གོམས་པ་ལས་བདག་གྱུར་པས། །ཞེས་དང༌། སེམས་ལ་བརྩེ་སོགས་གོམས་སྐྱེས་པས། །རང་གི་ངང་གིས་འཇུག་འགྱུར་ཏེ། །མེ་ལ་སོགས་པས་ཤིང་དག་དང༌། །དངུལ་ཆུ་དང་ནི་གསེར་སོགས་བཞིན། །ཞེས་གསུངས་སོ། །གཞི་ཡི་དུས་ཉིད་ནས་དབྱེར་མེད་དུ་ཡོད་པར་འདོད་ན་ནི། ཇི་སྐད་དུ། དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །དེའི་བདག་གྱུར་ལ་ཕྱིས་ནུས་མེད། །ཞེས་པ་དང་འགལ་ལོ། །འོ་ན་ཡོན་ཏན་སྔར་མེད་བཞག་ཏུ་ཡོད་པར་འགྱུར་རོ། །ཞེ་ན། དེའི་དོན་ནི། སྔར་མེད་པའི་ཡོན་ཏན་རྣམས་ལུས་ལ་རྒྱན་བཏགས་པ་ལྟར་གསར་དུ་འཇོག་པ་མ་ཡིན་གྱི། སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་ཡོན་ཏན་གྱི་ངོ་བོར་སྐྱེས་པ་ལ་དེ་སྐད་ཅེས་བརྗོད་པའོ། །དེ་དྲི་མ་དང་ཇི་ཙམ་འགྲོགས་ཀྱང་དྲི་མའི་ངོ་བོར་སོང་བ་མི་སྲིད་པས་ན་དྲི་མ་སྔར་ཡོད་ཅེས་བྱ་བའི་ཐ་སྙད་མ་ཐོགས་པ་ཡིན་ནོ། །གཉིས་པ་ནི། གཞི་སེམས་ཅན་གྱི་དུས་སུ་སྙིང་པོ་མེད་པ་ལ་གནོད་བྱེད་ཀྱི་ལུང་འགལ་དང་པོར་བརྗོད་པ་ནི། འགྲེལ་པར། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ས་དང་པོ་ནས་མཐོང་བ་དེ་དགེ་འདུན་དཀོན་མཆོག་གི་ཇི་སྙེད་པ་རིག་པའི་ཡོན་ཏན་དུ་བཤད་དོ། །ཞེས་པ་དེའི་ལན་ནི། སྤྱིར་རྒྱུད་བླའི་གཞུང་འདི་ནི། ཚིག་རིང་གི་སྒོ་ནས་མདོའི་དངོས་བསྟན་སོར་བཞག་པ་རེ་དང༌། དེ་ཉིད་ཚིག་ཐུང་གི་སྒོ་ནས་བསྟན་བཅོས་སུ་བཤད་པ་གཉིས་གཉིས་ཡོད་པ་ནི་ཤིན་ཏུ་མང་ལ། འདིར་ཡང༌། འགྲོ་ཀུན་ལ། རྫོགས་པའི་སངས་རྒྱས་རྗེས་ཞུགས་མཐའ་ཡས་ཡུལ་ཅན། །ཞེས་པ་ནི་མདོའི་དངོས་བསྟན་དང༌། དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བརྗོད་པ་ཡིན་གྱི། དེའི་དགོངས་པ་བསྟན་བཅོས་སུ་འཆད་པ་ན། སངས་རྒྱས་དངོས་མ་ཡིན་གྱི། དེའི་ཆོས་ཉིད་ལ་དགོངས་པ་ཡིན་ནོ། །ཞེས་འཆད་པ་ནི། ཇི་སྐད་དུ། ཤེས་བྱའི་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར། ཞེས་གསུངས་སོ། །དེ་ལས་གཞན་དུ་ན། ཁྱེད་ཀྱིས་ཀྱང༌། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་སུ་ཁས་ལེན་དགོས་ཏེ། འདིར། རྫོགས་པའི་སངས་རྒྱས་རྗེས་ཞུགས། ཞེས་དང༌། འོག་ནས་ཀྱང༌། རྫོགས་སངས་རིན་པོ་ཆེ། དུད་འགྲོ་ལ་ཡང་གཟིགས་ནས། ཞེས་འབྱུང་བས་སོ། །ལུང་འགལ་གཉིས་པས་མི་གནོད་པ་ནི། དྲི་བཅས་དེ་བཞིན་ཉིད་སྙིང་པོ་དངོས་ཡིན་ཞེས་འཆད་པ་ནི་འགྲེལ་པ་ན་མེད་ལ། ཇི་སྐད་དུ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་བདེ་བར་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །ཞེས་གནས་སྐབས་དུ་མར་འབྱུང་བ་དེ་ནི་བཏགས་པ་བའི་ཤེས་བྱེད་དུ་གསལ་བ་ཡིན་ནོ། །མདོར་ན་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་བཞུགས་པར་འདོད་པའི་གྲུབ་མཐའ་ལ་དྲི་བཅས་དེ་བཞིན་ཉིད་སྙིང་པོ་དངོས་སུ་འཆད་ནུས་པ་ཡིན་གྱི། འགྲེལ་པ་དང་ས་རྔོག་གང་གི་ལུགས་ལ་ཡང་དེ་ལྟར་འཆད་པ་མེད་དོ། །རྔོག་ལོ་ཆེན་པོ་རང་བཞིན་རྣམ་དག་གི་དེ་བཞིན་ཉིད་སྙིང་པོ་དངོས་དང༌། ངེས་དོན་མཐར་ཐུག་ཏུ་བཞེད་ཀྱང༌། དེའི་ངོས་འཛིན་ངོ་བོ་ཉིད་མེད་པ་པ་དང་མཐུན་པར་བཤད་ན། རྒྱུད་བླ་རྩ་འགྲེལ་གྱི་དགོངས་པར་སོང་བ་མ་ཡིན་ནོ། །ཡང་ལུང་འགལ་ཡིན་གསུང་བ་ཕྱི་མ་རྣམས་ལ་ནི་ངེས་པ་མི་སྣང་སྟེ། གཞུང་གི་དོན་མ་ཡིན་པ་ཁོ་ན་ལ་དེར་བཤད་འདུག་པས་སོ། །དེ་ཡང་འདི་ལྟར། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པས་སེམས་ཅན་ལ་ཆོས་ཉིད་ཡོད་པར་སྒྲུབ་པ་ག་ལ་ཡིན། སྙིང་པོ་ཅན་དུ་གསུངས་པའི་དགོངས་གཞི་འཆད་པ་ཡིན་ཏེ། འགྲེལ་པར། སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་ཕྱིར། །སེམས་ཅན་སངས་རྒྱས་སྙིང་པོ་ཅན་དུ་བརྗོད། །ཅེས་འབྱུང་བས་སོ། །མདོར་ན་རྫོགས་སངས་སྐུ་ཞེས་སོགས་ཀྱི་ཤླཽ་ཀ་འདི་ཁོ་བོ་ཅག་གི་སྒྲུབ་བྱེད་དང༌། གཞན་ཕྱོགས་ལ་གནོད་བྱེད་བླ་ན་མེད་པ་ཡིན་ཏེ། ཇོ་ནང་པ་ལྟ་བུས་ནི་གཞུང་འདིའི་རྟགས་སྦྱོར་འགོད་ཐུབ་པ་ཡེ་མ་བྱུང༌། ལོ་ཆེན་ཐ་སྙད་འབའ་ཞིག་སྒྲུབ་ཏུ་བཞེད་ཀྱང་ནུས་པ་མི་སྣང་བས་སོ། །ངོ་བོའི་དོན་སོགས་ཀྱང་འཆད་ཚུལ་དེ་འདྲ་མ་ཡིན་ཏེ། མཐུ་དང༌། ཞེས་སོགས་ནི་དོན་གསུམ་དང་སོ་སོར་སྦྱོར་རྒྱུ་ཡིན། རྒྱུའི་དོན་ནི་སྦྱང་བྱའི་དྲི་མ་བཞི་དང་སྦྱོང་བྱེད་ཀྱི་གཉེན་པོ་བཞི་དང་སྦྱོར་རྒྱུ་ཡིན། འབྲས་བུ་དང་ལྡན་པའི་དོན་ནི་ཕལ་ཆེར་སངས་རྒྱས་ཀྱི་ས་དང་སྦྱོར་བ་ཡིན། ལས་ཀྱི་དོན་ནི། རྒྱུ་ཁམས་མེད་ན་འབྲས་བུ་སྡུག་བདེའི་སྐྱོན་ཡོན་མི་འབྱུང་ཞེས་ཐལ་བར་འཕངས་པ་ཡིན་གྱི། སྙིང་པོ་ཡོད་པའི་སྒྲུབ་བྱེད་དུ་བཀོད་པ་མ་ཡིན། རིགས་ཡོད་ལས་ཡིན། ཞེས་པ་ཡང་རང་བཞིན་གནས་རིགས་ལ་ཟེར་བ་མ་ཡིན། རྐྱེན་འཁོར་ལོ་བཞི་པོས་ཁམས་ཀྱི་ནུས་པ་བསྟན་པའི་གནས་སྐབས་ལ་བཤད་པས་རྒྱས་འགྱུར་གྱི་རིགས་ལ་ཟེར་བ་ཡིན། དཔེར་ན་ཆུ་ལུད་དྲོད་གཤེར་དང་ཕྲད་ན་མྱུ་གུ་སྐྱེ་བ་དེ་ཞིང་གི་བྱེད་ལས་སུ་བཤད་པ་དང་འདྲ། ལོག་སྲེད་ཅན་གཏན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་ཀྱང༌། འདི་སྐབས་ཀྱི་རིགས་དེ་ཡོད་པར་མི་འཆད། རྒྱུད་བླ་དང་རྒྱན་གཉིས་ཀར་དུ་མི་འདྲ་བའི་ཆོས་ཅན་དེ་ཞལ་གྱི་བཞེས་ཀྱང༌། མཐར་ཐུག་ཐེག་པ་གསུམ་དང་གཅིག་ཏུ་འཇོག་པའི་ཁྱད་པར་འབྱེད། གཉིས་ཀས་ཀྱང་སེམས་ཅན་ཀུན་ལ་ཁམས་དང་རང་བཞིན་གནས་རིགས་ཀྱིས་ཁྱབ་པར་བཞེད། བྱང་ས་ནས་རང་བཞིན་གནས་རིགས་ཆད་པའི་སེམས་ཅན་བཤད་ཟེར་བ་མི་བདེན། ཁོ་བོ་ཅག་སེམས་ཅན་ཐམས་ཅད་ལ་ཁམས་བདེར་གཤེགས་སྙིང་པོས་ཁྱབ་པར་འདོད་པས་རྩོད་པ་ཕལ་ཆེར་དོན་མེད་དུ་སོང༌། མདོ་དང་བསྟན་བཅོས་གཉིས་ཆར་དུ་སྙིང་པོ་ལ། ཁམས་ཤེས་དང༌། སྙིང་པོ་ཞེས་དང༌། ཆོས་ཀྱི་སྐུ་ཞེས་རྣམ་གྲངས་གསུམ་གསུངས་པ་དེ་གཞི་ལམ་འབྲས་བུའི་གནས་སྐབས་ལ་བཤད། མ་དག་པ་སེམས་ཅན་གྱི་སྐབས་སུ་སངས་རྒྱས་ཀྱི་ཁམས་དངོས་ཡིན་ཀྱང་སྙིང་པོ་དངོས་མ་ཡིན། ལམ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གློ་བུར་རྣམ་དག་གི་ཆོས་ཉིད་དེ་སྙིང་པོ་དངོས་ཀྱི་ཕྱོགས་གཅིག་ཡིན་ཀྱང་ཡོན་ཏན་ཐམས་ཅད་མ་ཚང་བས་ན་མདོའི་དངོས་བསྟན་གྱི་སྙིང་པོ་དངོས་མ་ཡིན། སེམས་ཅན་ཀུན་གྱི་ཆོས་ཉིད་ཡོན་ཏན་དང་དབྱེར་མེད་དུ་འགྲོགས་རུང་བ་ལ་དགོངས་ནས་བཤད་པ་ཡིན་གྱི། དབྱེར་མེད་དངོས་མ་ཡིན་ཏེ། ཇི་སྐད་དུ། དེ་གོམས་པ་ལས་བདག་འགྱུར་བས། །ཞེས་དང༌། དེ་བདག་གྱུར་ལ་ཕྱིས་ནུས་མེད། །ཅེས་དང༌། རྗེ་བཙུན་གྱིས། མཐའ་ཡས་ཡོན་ཏན་ཚོགས་རྣམས་གནས་གྱུར་ཡིན། །ཞེས་བཤད་པས་སོ། །འདི་དག་ཏུ། གནས་ཞེས་པ་དྲི་བཅས་དེ་བཞིན་ཉིད་ཡིན་ལ། འདི་ཀུན་གཞིའི་ཕྱོགས་གཅིག་ཡེ་ཤེས་ཀྱི་ཆ་དང་རྒྱུའི་རྒྱུད་དུ་འཇོག་ལ། གྱུར་པ་ནི་བྱང་ཆུབ་དང་ཡོན་ཏན་གྱི་མིང་ཡིན་ཞིང༌། གྱུར་ཚུལ་ནི། ཆོས་ལ་ཁོང་ཁྲོ་སོགས་ཀྱི་སྒྲིབ་པ་བཞི། ཆོས་མོས་སོགས་བཞི་པོས་སྦྱངས་པ་ལས་གྱུར་པའོ། །རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེའི་ཡོན་ཏན་རྣམས་དབྱེར་མེད་དུ་མི་འབྱུང་བའི་ཤེས་བྱེད་ནི། འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་དང༌། ཉི་མ་དེ་རིང་ཤར་བ་ཡི། །འོད་ཟེར་ནང་པར་འབྱུང་བ་མཚར། །ཞེས་འབྱུང་བ་དེ་ཡིན་ནོ། །ཡང༌། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་སེམས་ཅན་གྱི་ཁམས་ལ་སྦྱོར་བཞིན་དུ། ཇོ་ནང་པ་ལ་བཞད་གད་དུ་བྱེད་པ་ནི་གསལ་བྱེད་པའི་ལུགས་སོ། །ཡོན་ཏན་གྱི་ཆོས་ཉིད་དང་སེམས་ཅན་གྱི་ཆོས་ཉིད་དབྱེར་མེད་པ་རྒྱུ་མཚན་དུ་འགོད་པ་ནི། ཉི་དང་ཟེར་བཞིན་ཞེས་པ་རྩ་འགྲེལ་དང་འགལ་ཞིང༌། དགོངས་གཞི་དེ་ཙམ་ལ་དགོངས་ནས་དེར་འཆད་ཅེས་ཟེར་ན་ནི་འདོད་པ་གྲུབ་པའོ། །ཡང་འདི་ལ་བསལ་བྱ་ཞེས་སོགས་ཀྱི་ཤླཽ་ཀ་གཉིས་པོ་འདི་སྙིང་པོ་གང་ལ་དགོངས་ནས་གསུངས་པའི་སྟོང་པ་ཉིད་དེ་ངོས་འཛིན་པའི་གཞུང་ཡིན་ལ། དེ་ལ་ཡང་གནས་སྐབས་གསུམ་ལས། འབྲས་བུའི་གནས་སྐབས་ཉིད་བསྟན་བྱའི་གཙོ་བོ་ཡིན་ཏེ། འདིའི་ཕྱི་འགྲེལ་དུ། དབྱེར་མེད་པའི་མཚན་ཉིད་ཅན་གྱི་སྙིང་པོ་འདི་ས་བཅུ་པ་བས་ཀྱང་མི་མཐོང་བ་དང༌། ཕྱོགས་གཅིག་ས་དང་པོ་ནས་ཀྱང་མཐོང་བར་བཤད་ནས། དེ་ལྟ་ན་སེམས་ཅན་ཐམས་ཅད་ལ་སྙིང་པོ་དེ་ཡོད་པར་བཤད་པ་དང་འགལ་ལོ། །ཞེས་རྒོལ་བའི་ལན་དུ། དགོས་པའི་དབང་གིས་སོ། །ཞེས་གསལ་བར་བཤད་པས་སོ། །སྟོང་པ་ཉིད་དེ་ཡང་ངོ་བོ་ཉིད་མེད་པ་པ་དང་མཐུན་པར་འཆད་པ་མང་མོད། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌། ཡང་དག་མཐའ་ནི་འདུས་བྱས་ཀྱི། །ཞེས་སོགས་ཀྱིས་གཞན་སྟོང་གི་ཚུལ་གསལ་བར་བཤད་པ་ཡིན་ནོ། །གཞན་སྟོང་ཅི་ལ་ཟེར་མི་ཤེས་པར། བདེན་གྲུབ་ཁས་བླངས་པས་སྒྲིབ་པའི་གཉེན་པོར་མ་སོང་ངོ༌། །ཞེས་ཟེར་བ་དེ་དག་ནི་མདོ་སྡེའི་རྒྱན་དུ་ཐེག་ཆེན་བཀར་སྒྲུབ་ཀྱི་ལེའུ་དང༌། རྒྱུད་བླ་མར། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང༌། ཞེས་སྙིང་བརྩེ་བའི་ཡུལ་དུ་བསྟན་པ་དེ་ཉིད་དོ། །བདེན་ཀྱང་རིགས་པས་དཔྱད་པའི་ངོར་མ་གྲུབ་པ་ནི། ཇི་སྐད་དུ། བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །ཞེས་སོགས་ཤིན་ཏུ་མང་ངོ༌། །འདིར་བདེན་གྲུབ་བསལ་བར་བྱར་མེད་བདེན་མེད་བཞག་པར་བྱར་མེད། ཅེས་འཆད་པ་ནི། ངོ་བོ་ཉིད་མེད་པ་པའི་རྒྱས་འགེབས་ཡིན་མོད། འགྲེལ་པ་དང་མ་མཐུན་ནོ། །ཡང་གཞུང་འདི་གཞི་ལམ་གྱི་སྙིང་པོ་དང་སྦྱོར་བའི་ཚེ། གློ་བུར་གྱི་དྲི་མ་རྣམས་ནི་སེམས་རྒྱུད་ལ་ཡུན་ཇི་ཙམ་གོམས་ཀྱང་འབྲལ་རུང་ཡིན་པས་དབྱེར་ཡོད་ཅེས་བྱ། བརྩེ་སོགས་ཡོན་ཏན་ནི་ཡུན་རིང་དུ་གོམས་ན་འབྲལ་མེད་ཁོ་ནར་འགྱུར་པས་དབྱེར་མེད་ཅེས་བྱ། དོན་དེ་ལ་དགོངས་ནས་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །ཞེས་བཤད་པས་ཆོག་གོ །ཡང་སྡོམ་གསུམ་གྱི་བསྟན་བཅོས་དང་མ་མཐུན་ནོ་ཞེས་རྒོལ་བའི་ལན་ནི། བདེར་གཤེགས་ཁམས་ཀྱི་སྒྲུབ་བྱེད་འཐད། །ཅེས་བཤད་པས། ཁོ་བོ་ཅག་ལ་གནོད་རྒྱུ་མེད་ལ། འོན་ཀྱང་ཇི་སྐད་དུ། མེ་ཡི་བྱེད་ལས་ཚ་བ་ལྟར། །སེམས་ནི་རང་གནས་སྙེག་པའི་ཕྱིར། །བདེར་གཤེགས་ཁམས་ཀྱི་བྱེད་ལས་འཐད། །ཅེས་བཤད་ན་མཛེས་པ་མ་ཡིན་ནམ། གཞུང་དེ་སྐབས་འདིར་འདྲེན་པའི་ཤེས་བྱེད་ནི། ཕྱོགས་སྔ་མས་སྙིང་པོའི་ངོས་འཛིན་ཆོས་དབྱིངས་ལ་མི་བྱེད་ཅེས་ཟེར་བ་དེ་ལ་འཁོར་ལོ་བར་མཐའ་གཉིས་ཀའི་ལུང་འགལ་བསྟན་པའོ། །ཡང་བརྒྱད་སྟོང་པ་དང་དབུ་མའི་ལུང་དྲངས་པ་དེར་སྤྲོས་པ་དང་བྲལ་བའི་མེད་དགག་ལ་སེམས་ཅན་དང་སངས་རྒྱས་ཀྱི་སྙིང་པོར་བཤད་ཅེས་ཟེར་མོད། སྙིང་པོ་དེ་ནི་སྙིང་པོ་མེད་པ་ལ་སྙིང་པོར་མིང་བཏགས་པ་ཡིན་ཏེ། གནས་ལུགས་ཡོད་པ་མ་ཡིན་པ་ལ་དེར་བཏགས་པ་དང༌། ཅི་ཡང་མ་མཐོང་བ་ལ་ཆོས་དབྱིངས་མཐོང་བར་བཏགས་པ་བཞིན་ནོ། །དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་སོ། །དེའི་ཕྱིར་སྤྲོས་བྲལ་མེད་དགག་ཏུ་ཁས་ལེན་པ་དང༌། དེ་སེམས་ཅན་ལ་ཡོད་པར་ཁས་ལེན་པ་ནི་འགལ་བ་འདུས་པ་ཡིན་ནོ། །ཇི་སྐད་དུ། དེས་ན་སངས་རྒྱས་བསྟན་པ་ལ། །གུས་པར་བྱེད་ན་ཆོས་ཀྱི་དབྱིངས། །ཡོད་མེད་གང་དུའང་མ་འཛིན་ཅིག །ཅེས་སོ། །གཉིས་པ་རྗེ་བཙུན་ས་སྐྱ་པའི་ལུགས་མ་ཡིན་པ་ནི། དེང་སང་པ་དག རྗེ་བཙུན་གྱི་དག་ལྗོན་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བཤད་པ་མང་ངོ༌། །ཞེས་ཟེར་མོད། དཔྱིས་ཕྱིན་པ་མ་ཡིན་ཏེ། རྩ་བའི་རྒྱུད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པ་དང༌། རྒྱུད་བླར། ལུས་ཅན་ཀུན། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པའི་དངོས་བསྟན་གཉིས་པོ་དོན་གཅིག་པ་དང༌། དེ་ཡང་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་དུ་དག་ལྗོན་གཉིས་ཀ་ལས་བཤད་པས་སོ། །དེ་ཡང་འདི་ལྟར། རྣམ་བཤད་དེ་གཉིས་ཀ་ལས་ཡེ་ཤེས་ཆེན་པོ་ནི་འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་ཡང་ལུས་ཅན་ཀུན་ལ་ཆོས་ཉིད་ཀྱི་ཚུལ་དུ་གནས་པ་ཡིན་པས། དེ་དངོས་གནས་པ་མ་ཡིན་པའི་ཚུལ་རྒྱས་པར་བཤད་པས་སོ། །ཆོས་ཉིད་དེ་སྙིང་པོ་དངོས་ཡིན་པར་རྗེ་བཙུན་གྱིས་བཞེད་དོ། །ཅེ་ན། ཆོས་ཉིད་དོན་དམ་པའི་ངོས་འཛིན་ཀྱང་རྗེ་བཙུན་དང་ཁྱེད་ཅག་མཐུན་པ་མ་ཡིན་ཏེ། ཁྱེད་ཅག་གིས་ནི་ཕར་ཕྱིན་ཐེག་པའི་ལུང་རིགས་ཀྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་དང་ཆོས་ཉིད་ལ་སྙིང་པོ་དང་དོན་དམ་པའི་བདེན་པར་འདོད་པ་ལ། རྗེ་བཙུན་མཆེད་ཀྱིས་ནི་དོན་དེ་ལ་རྣམ་གྲངས་པའི་དོན་དམ་ཞེས་བྱ་བ་དོན་དམ་བཏགས་པ་དང༌། ཀུན་རྫོབ་བདེན་པ་དངོས་སུ་བཤད་པའི་ཕྱིར་དང༌། སྤྱི་དོན་གྱི་སྒོ་ནས་བཤད་པའི་གནས་ལུགས་དང་དོན་དམ་པ་དང་ཆོས་ཉིད་སོགས་ཀྱིས་དེའི་གོ་མི་ཆོད་པར་རྒྱས་པར་བཤད་པའི་ཕྱིར་རོ། །དེ་ལྟར་ལུང་དང་རིགས་པ་ཡིས། །པཎ་ཆེན་དགོངས་པ་དེར་གྲུབ་མོད། །སེམས་ཅན་ཀུན་ལ་གློ་བུར་གྱི། །དྲི་མའི་སྦུབས་ན་རྫོགས་སངས་རྒྱས། །བཞུགས་ཞེས་བསྒྲགས་ན་འགྲོ་མང་པོ། །ཆོས་ལ་བསྐུལ་བའི་གཏམ་བཟང་དང༌། །མདོ་སྡེ་མང་པོའི་དངོས་བསྟན་གྱི། །ལུང་རྣམས་ཆུད་མི་ཟ་བར་འགྱུར། །ས་སྐྱའི་གཞུང་ལུགས་ཕལ་ཆེར་ན། །སེམས་ཙམ་པ་དང་རང་རྒྱལ་གྱི། །ལྟ་བ་མཐོ་དམའ་མེད་པར་བཞེད། །དེ་ལ་བུ་སྟོན་ཁ་ཆེ་ཡིས། །རྣམ་རྫུན་པ་ཡང་སེམས་ཙམ་པར། །བསམས་ནས་ལུང་གི་སྙེ་མར་ནི། །གཅོམ་སྒྲོགས་འགའ་ཞིག་མཛད་པ་ཡིན། །གཟུང་འཛིན་རྫས་གཞན་གྱིས་སྟོང་པའི། །སྟོང་ཉིད་ཅེས་བྱའི་ཐ་སྙད་ནི། །བཙོང་ཁ་པ་ཡི་ཁྱད་ཆོས་ཏེ། །གཟུང་འཛིན་གཉིས་མེད་སྔོན་གྱི་གཞུང༌། །ཁྱེད་ཅག་སྔོན་དུ་གང་སྦྱངས་པ། །དེ་ཉིད་དྲན་པ་ལ་སིམ་མོད། །ལུང་མང་གཟིགས་པའི་སྐབས་མཆིས་ན། །ལ་ལར་སྤྲོ་བ་མཆོག་ཏུ་འགྱུར། །ཞེས་པ་འདི་ཡང་མུས་རབ་འབྱམས་པས་སྙིང་པོ་ལས་བརྩམས་པའི་དྲིས་ལན་དུ་རྒྱས་བསྡུས་འཚམ་པར་སྦྱར་བ་ཡིན་ནོ།། །། ༄༅། །གཟི་བསམ་གྲུབ་གླིང་པའི་དགེ་འདུན་སྤྱིའི་དྲིས་ལན་ཡ་མཚན་བཅུ་བདུན་པ་ཞེས་བྱ་བ་བཞུགས་སོ།། ༄༅། །ཨོཾ་སྭསྟི་སིདྡྷཾ། ལྷ་དབང་དབང་པོའི་དགྲ་དང་པད་དཀར་མིག །མིག་གསུམ་པས་མཆོད་མཆོད་སྦྱིན་བརྒྱ་པའི་ལྷ། །ལྷ་ཡི་བླ་མ་མ་ལུས་འགྲོ་བ་ཀུན། །ཀུན་མཁྱེན་མཁྱེན་བརྩེའི་དཔལ་གྱིས་སྐྱོང་ཁྱོད་ལ། །ཟུང་འཇུག་བདེ་བ་ཆེན་པོས་ཕྱག་བགྱིའོ། །བདག་བློ་ཆོས་དབྱིངས་མལ་དུ་གཉིད་ལོག་པ། །དམ་པའི་ཆོས་ཀྱིས་མགྱོགས་པར་ནམ་བསླངས་ནས། །ལེགས་བཤད་ཉི་གཞོན་འཆར་ཀའི་མདངས་གསལ་བས། །ཁྱོད་བློ་ཉིན་མོར་བྱེད་པ་འདི་སྤྲིངས་སོ། །གང་འདིར་བོད་ཆེན་དམར་ཁམས་ཀྱི་སའི་ཐིག་ལེ། །བསམ་གྲུབ་གླིང་ཞེས་བྱ་བའི་ཆོས་གྲྭ་ནས། །མདོ་སྔགས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་བཤེས་གཉེན་དགེ་འདུན་དཔལ་ཞེས་བྱ་བའི་མཚན་རྣམ་པར་དཀར་བ་གང་དེས། མང་དུ་ཐོས་པའི་ཀློག་པ་པ་རྒན་པོ་ལ། བསྟོད་བཀུར་བསྔགས་པའི་མཆིད་ཤོག འབེལ་བའི་གཏམ་མང་པོ་བ་དག་གིས་མཛེས་པར་བརྒྱན་པ། དེ་ནང་དུ་ཤར་བའི་འབུལ་སྐྱེས་ཀྱི་རྣམ་པར་བཞག་པ་རྣམས་དང་བཅས་པ། ཆུ་མོ་ཕག་གི་ལོ་ཧོར་ཟླ་བདུན་པའི་ཚེས་བཅུ་བདུན་ལ། སྡེ་སྣོད་ཀྱི་ཚོགས་རྣམས་ཀློག་པའི་ཆོས་ཀྱི་གྲྭ་ཆེན་པོར་ཕེབས་པས་རྗེས་སུ་ཡི་རང༌། འབུལ་བའི་མོལ་མཆིད་ཀྱི་ལན་མདོར་བསྡུས་པ་དྲི་བ་སོ་སོའི་གོ་རིམ་དང་མཐུན་པར་བརྗོད་པ་ནི། དེང་སང༌། གངས་ཅན་གྱི་ལྗོངས་སུ་བརྒྱུད་པ་རྣམ་པར་དག་པ་ལས་འོངས་པའི་ཆོས་ལུགས་བདུན་ཙམ་ཡོད་ཟེར་བ་དེ་གང་ཡིན་གསུང་བ། སོ་ཐར་གྱི་སྡོམ་བརྒྱུད་མ་ཆད་པ་ཞི་འཚོ་ནས་བརྒྱུད་པ། བྱང་སེམས་ཀྱི་སྡོམ་བརྒྱུད་མ་ཆད་པ། ཨ་ཏི་ཤ་ནས་བརྒྱུད་པ། གསང་སྔགས་ཀྱི་སྡོམ་བརྒྱུད་མ་ཆད་པ། འབྲོག་མི་དང་མར་ལོ་ནས་བརྒྱུད་པ། སྔགས་ཀྱི་བཤད་སྲོལ། སློབ་དཔོན་གྱི་ཐུགས་ནས་བསྒྱུར་བ་ལ་རྙིང་མ་དང༌། རྒྱ་དཔེ་ནས་བསྒྱུར་བ་ལ་གསར་མར་གྲགས་པ་དང༌། མཚན་ཉིད་པའི་བཤད་སྲོལ། ལུང་རིགས་གཉིས་ཀ་རྔོག་ལོ་ནས་བརྒྱུད་པ་དང༌། ཁ་ཆེ་པ་ནས། ས་ལོ་ལ་བརྒྱུད་པ་དང༌། རྗེ་བཙུན་དམ་པ་རྒྱ་གར་ནས་བརྒྱུད་པ་དང༌། ཤངས་པ་གདུ་བུ་བ་ནས་བརྒྱུད་པ་ལྟ་བུ་ཡང་ཡོད་པ་དེ་དག་ནི། འཕགས་ཡུལ་ནས་གྲུབ་ཐོབ་ཀྱི་རྒྱུན་མ་ཆད། བདེན་པ་གཉིས་དང་ལྟ་སྒོམ་དང་ཞི་ལྷག་གི་འཇོག་ལུགས་རྣམས་ཀྱི་རྩ་བ་མཐུན་པ་ཁོ་ན་ཡིན་ལ། དུས་ཕྱིས་གངས་ཅན་དུ། དེ་དང་དེ་དག་གི་རྣམ་པར་བཞག་པ། སྔོན་བོད་ཡུལ་དུ་བྱོན་པའི་བཤད་བརྒྱུད་པ་དང༌། སྒྲུབ་བརྒྱུད་པ་ཀུན་དང་ཕྱོགས་གཅིག་ཏུ་མི་མཐུན་པའི་གླེགས་བམ་གྱི་ཚོགས་གསར་བྱུང་གི་སྨྲ་བ་རབ་ཏུ་མང་པོ་དག་གིས། ཆོས་བརྒྱུད་སྔ་མ་དེ་དག་གི་རྗེས་འབྲང་དུ་ཁས་འཆེ་བའི་ཕྱིས་བྱོན་བཤད་ཉན་པ་དག་གི་ཐུགས་རྒྱུད་རྣམ་པར་བསླད་ནས། རང་རང་གི་བརྒྱུད་པ་ལ་མེད་པའི་གཏམ་ཆོས་སྐད་དུ་སྨྲ་བ་དག་ལ་ཟུར་ཟ་བའོ། །དེ་དག་ཀྱང་གང་ཞེ་ན། གཙོ་བོར་ཀུན་རྫོབ་ཀྱི་བདེན་པ་ལ་ལྷག་པར་ཞེན་པའི་གྲུབ་མཐའ་གཞུང་ཤིང་དུ་བཙུགས་པ་ལས་འཕྲོས་པའི་གླེགས་བམ་གྱི་ཚོགས་རྣམས་ཏེ། དེ་དག་གི་རང་ཚང༌། ཁོ་བོ་ཅག་གིས་གཞན་དུ་རྒྱ་ཆེར་བསྒྲགས་ཟིན་པས། འདིར་མང་དུ་དོགས་པའོ། །འབེལ་གཏམ་གཉིས་པ། རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པ་སེམས་འགྲེལ་སྐོར་གསུམ་གྱི་ལུགས་ཡིན་ན། རྗེ་ངོར་པ་ཆེན་པོས། སེམས་འགྲེལ་སོགས་ཕྱོགས་སྔར་བྱས་པ་ཡིན་ནམ་གསུངས་པ། དེ་ལྟར་དོགས་པ་འདི་ནི། སྔོན་བྱུང་གི་ཆོས་གཏམ་ནུབ་ནས། ཕྱིས་བྱུང་གི་ཆོས་སྐད་རྒྱ་ཆེར་འདྲེས་པའི་ནོངས་པ་མང་པོས་དེང་སང་ཀུན་ལ་ཁྱབ་པ་ཡིན་ནོ། །འདི་ལྟར་དོན་དམ་པའི་བདེན་པ་ཁས་བླངས་ནས་བདེན་པར་མ་གྲུབ་ཟེར་བ་དང༌། ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་ཅིང༌། དོན་དམ་དུ་མ་ཡིན་པ་དང་མེད་པས་དེ་དང་དེའི་གོ་མི་ཆོད་པར་འདོད་པ་དང༌། རྣམ་མཁྱེན་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་ཤེས་པ་མཐའ་དག་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཁས་བླངས་ནས། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན། གནས་ལུགས་དང་དོན་དམ་པའི་བདེན་པར་བཤད་ན་སེམས་ཙམ་ལས་མ་འདས་སོ། །ཞེས་བླ་མ་རེད་མདའ་པས་བཤད་ལ། འདིའི་རྒྱབ་བརྟེན་དབུ་མ་འཇུག་པར་ཐུག་ཅིང༌། རང་གཞན་གྱི་ཕྱི་རབས་པ་དག་ལ་ནི། འཇུག་པར་བཤད་པ་ལས་མ་གཏོགས་པའི་དོན་དམ་བདེན་པའི་ངོས་འཛིན་མི་འདུག་པས་རྡོ་རྗེ་ཐེག་པའི་ལམ་སྲོལ་མཐའ་དག་ལས་ཉམས་ཏེ། ཀུན་རྫོབ་ཀྱི་བདེན་པ་གང་ཡིན་མཐའ་དག་ནི་མ་རིག་པ་ཁོ་ནའི་འཁྲུལ་སྣང་དུ་མི་འཆད་པའི་མདོ་སྔགས་ཀྱི་གཞུང་མེད་ཅིང༌། དེ་ལྟར་མི་འཆད་པའི་བོད་སྔ་རབས་པ་སུ་ཡང་མེད་དོ། །དེའི་ཕྱིར་བདེན་གྲུབ་ལ་འཇིགས་མི་དགོས་ཏེ། ཡོད་ན་བདེན་དགོས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཡོད་འཛིན་གྱི་རྟོག་པ་སྤང་བྱར་མི་འདོད་པའི་དབུ་མ་དང་སྔགས་ཀྱི་གཞུང་ལུགས་ཡོད་པ་མ་ཡིན་ནོ། །རྒྱུད་གསུམ་གནོད་འཇོམས་ལས། རྒྱུད་གསུམ་དགོངས་པ་རྣམ་རིག་ཏུ། །གནས་ན་རྡོ་རྗེ་འཆང་ཆེན་གྱིས། །སྟོང་པ་ཉིད་ཀྱི་གདུལ་བྱ་རྣམས། །ལོག་པའི་ལམ་དུ་འཁྲིད་པར་འགྱུར། །ཞེས་གསུངས་པ་དེ་ནི། སེམས་ཙམ་པ་རང་རྐང་ལ་སྟོང་ཉིད་གོ་ཆོད་པོ་འཇོག་རྒྱུ་མེད་པ་ལ་ཐུག་སྟེ། ལུགས་དེར་གཟུང་བ་ཕྱི་རོལ་གྱི་དོན་ཙམ་ཁེགས་ཀྱང༌། འཛིན་པ་བདེན་གྲུབ་འདོད་ལ། ཇི་སྲིད་གཟུང་འཛིན་གཉིས་མེད་གཏན་ལ་མ་ཕེབས་པ་དེ་སྲིད་དུ། ནང་སྟོང་པ་ཉིད་ལ་སོགས་པ་ལྷག་མ་རྣམས་འཇོག་རྒྱུ་མེད་པ་ལ་དགོངས་པ་དང༌། སྟོང་པ་ཉིད་ཀྱི་འཆད་ཚུལ་ངོ་བོ་ཉིད་མེད་སྨྲ་དང་མཐུན་ཤས་ཆེ་བ་ནི། སྒྲོ་སྐུར་སེལ་བྱེད་ཀྱི་ལྟ་བ་དགོངས་པ་ཡིན་ནོ། །ཕྱི་རབས་པ་ནི། མདོ་སྔགས་ཀྱི་མཐར་ཐུག་གི་ལྟ་བའི་ཡུལ། སློབ་དཔོན་ཟླ་བས་བཤད་པའི་སྟོང་ཉིད་དེ་ལས་གཞན་ངོས་འཛིན་རྒྱུ་མེད་ཅིང༌། དེ་ལས་གཞན་པའི་དོན་དམ་བདེན་པའི་མཚན་གཞི་ཡང་ངོས་འཛིན་མེད་པར་འདོད་ལ། འདོད་པ་དེ་དེང་སང་རང་ཕྱོགས་པ་ཀུན་ལ་འདྲེས་བྱུང༌། ས་སྐྱ་པ་ནི། ངོ་བོ་ཉིད་མེད་སྨྲའི་གཞུང་ནས་དོན་དམ་བདེན་པ་གོ་ཆོད་མ་བཤད་པར་བཞེད་པ་དང༌། ལུགས་དེའི་སྟོང་པ་ཉིད་ནི་སྤྱི་དོན་དང་རྣམ་གྲངས་པའི་དོན་དམ་ཙམ་དང༌། ཐོས་པ་དང༌། བཤད་པས་གོ་བའི་ལྟ་བར་བཞེད་ཀྱི། མཐར་ཐུག་གི་དང་སྒོམ་པས་ཉམས་མྱོང་གི་ལྟ་བ་ནི། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་གཞན་དུ་མི་བཞེད། དེ་རྗེས་དབུ་མ་བསྟན་པར་བྱ་ཞེས་ལུང་གིས་བསྟན་པའི་སྟོང་ཉིད་དེ་ཐོས་བསམ་གྱི་ཡུལ་དུ་གྱུར་ཀྱང༌། ཉམས་མྱོང་གི་ཡུལ་དུ་བྱས་ན་ལྟ་བ་དུག་ཅན་དུ་འགྱུར་བར་བཞེད། ཕྱི་རབས་པ་ནི། ཐོས་བསམ་གྱི་ཡུལ་དུ་གང་བྱས་དེ་སྒོམ་དགོས་པར་འདོད། ས་སྐྱ་པ་ནི། ཐོས་བསམ་གྱི་ཡུལ་དུ་བྱས་པ་དེ་ཀུན་ཏུ་རྨོངས་པ་མ་རིག་པའི་གཉེན་པོར་འགྱུར་ཡང༌། རྣམ་རྟོག་རྒྱུན་ཆགས་ཀྱི་གཉེན་པོར་མི་བཞེད། ཡང་དེ་འདྲ་དེ་ཆགས་པ་གཅོད་པའི་ལམ་དུ་བཞེད་ཀྱང༌། བྱང་ཆུབ་ཆེན་པོའི་ལམ་དུ་མི་བཞེད། ཕྱི་རབས་པ་ནི། སྔགས་ཀྱི་ལྟ་བའི་མཐར་ཐུག་ཡིན་ན། དབུ་མ་ནས་བཤད་པའི་སྟོང་པ་ཉིད་ཁོ་ན་ཡུལ་དུ་བྱས་པའི་ཤེས་རབ་ཞིག་ཡིན་པས་ཁྱབ་པར་འདོད་པ་དང༌། ལམ་འབྲས་ནས་བཤད་པའི་ལྟ་གྲུབ་བརྒྱད་པོ་ཡུལ་དང་བཅས་པ་ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་འདོད། ས་སྐྱ་པ་ནི། ལྟ་བ་རིམ་འཇུག་གི་མཐར་ཐུག དེ་རྗེས་ཀྱཻའི་རྡོ་རྗེ་བསམ་ཞེས་པ་དེར་བཞེད་ཅིང༌། དེ་ནི་ཡེ་ཤེས་སུ་ངེས་ལ། ཡེ་ཤེས་ཀུན་རྫོབ་བདེན་པར་བཞེད་པའི་བོད་སྔ་རབས་ཀྱི་གསང་སྔགས་པ་མི་འདུག་པ་དེའི་ཚེ། དོན་དམ་དུ་བདེན་ན་བདེན་གྲུབ་ལས་འོས་མེད་ལགས་སོ། །དྲི་བ་གསུམ་པ། བྱམས་ཆོས་དང་ཐོགས་མེད་ཀྱི་ཤིང་རྟའི་སྲོལ་དབུ་མ་ཡིན་ན། སེམས་ཙམ་གྱི་གཞུང་དང་སློབ་དཔོན་གྱི་མཚན་གཞི་གང་ཡིན་གསུང་བ། འདི་ལ་སྤྱིར་བཤད་པ་དང་དངོས་ལན་བཏབ་པའོ། །དང་པོ་ནི། ཐོགས་མེད་མཆེད་ཀྱི་གཞུང་ལས་ནི། ཐལ་རང་གི་ལྟ་བ་དེ་ངན་གཡོ་དང་ཆད་སྨྲ་སོགས། མདོ་ལས་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་ལུང་བསྟན་པ་དེའི་ནང་དུ་འདུས་པར་བཤད། ལེགས་ལྡན་དང་ཟླ་བས་ནི། ཐོགས་མེད་མཆེད་ཀྱིས་དབུ་མའི་ལྟ་བར་བཤད་པ་དེ། ངོ་ཚ་དང་ཁྲེལ་མེད་པའི་ལྟ་བ་དང༌། སེམས་ཙམ་གྱི་དང༌། རྟག་པའི་ལྟ་བར་འཆད། འཕགས་ཡུལ་དུ་ཕྱིས་བྱོན་པའི་མཁས་པ་ཆེན་པོ་ཤཱནྟི་པ་སོགས། ཐོས་བསམ་གྱི་ཚེ་འཁོར་ལོ་བར་པ་ངེས་དོན་དང༌། སྒོམ་བྱུང་གི་ཚེ་འཁོར་ལོ་གསུམ་པ་ངེས་དོན་དུ་བཞེད། ཇི་སྐད་དུ། ཤཱནྟི་པས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས། ལུགས་གཉིས་ཀའི་དབུ་མ་ཚད་ལྡན་དུ་འཆད་པ། སློབ་དཔོན་ཞི་འཚོ་ནས་སེང་གེ་བཟང་པོའི་བར་སློབ་དཔོན་རྣམས་མཐུན་པར་ཐོས་བསམ་གྱི་སྒྲོ་འདོགས་གཅོད་ཚུལ་རིགས་ཚོགས་དང༌། སྒོམ་པས་ཉམས་སུ་མྱོང་བྱ་ཐོགས་མེད་མཆེད་ཀྱི་སྲོལ་ལྟར་འཆད་པར་གྲགས་ཤིང༌། དེ་ལྟར་གསལ་བ་ཡང་ཡིན་ལ། ས་སྐྱ་པས་ཇི་སྐད་དུ། མཐའ་བྲལ་དུ་གཏན་ལ་ཕབ་ནས། ཟུང་འཇུག་ཏུ་ཉམས་སུ་ལེན་ཞེས་པ་དང༌། གཞུང་བཤད་ན་དེ་ལྟར་གསལ་བས། སྲོལ་གཉིས་ཀ་དབུ་མར་བཞེད་ལ། རྗེ་བཙུན་གྲགས་པས་ཀྱང་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ། ཤཱནྟི་པ་ཞེས་གསུང་ངོ༌། །རྣལ་འབྱོར་དབང་ཕྱུག་གི་དགོངས་པ་ཡང་དེ་ཁོ་ན་ལྟར་ངེས་པ་དང༌། དེ་རྗེས་དབུ་མ་བསྟན་པར་བྱ་ཞེས་དང༌། དེ་རྗེས་ཀྱེའི་རྡོ་རྗེ་བསམ་ཞེས་པས། ཐོས་བསམ་སྒོམ་གསུམ་གྱི་ལྟ་བ་རིམ་འཇུག་བསྟན་པར། རྡོ་རྗེ་བདག་མེད་མས་དགོངས་པ་ཡིན་ཏེ། ལུང་དེ་བདག་མེད་མས་སངས་རྒྱས་ལ་ཞུས་པའི་ལན་དུ་གསུངས་པའི་ཕྱིར་རོ། །བོད་ཡུལ་དུ་སྔོན་བྱོན་པའི་གསང་སྔགས་གསར་རྙིང་ཕལ་ཆེ་བ་དང༌། ཞི་ཕྱག་རྫོགས་གསུམ་པ་སོགས། སྒྲུབ་བརྒྱུད་པ་མཐའ་དག་བཀའ་འཁོར་ལོ་གསུམ་པ་ནས་འབྱུང་བའི་ལྟ་བ་ཁོ་ན་ངེས་པའི་དོན་ཅན་དུ་འདོད་ཅིང༌། དེའི་འགྲེལ་ཚུལ་བྱམས་ཆོས་ཕྱི་མ་དང་མཐུན་པ་ཁོ་ན་ཡིན། ས་སྐྱ་པས་ནི། མཐའ་བྲལ་དུ་གཏན་ལ་ཕབ་ནས་ཤེས་པ། བཀའ་འཁོར་ལོ་བར་པའི་དངོས་བསྟན། གཙོ་བོར་འཇོག་པ་དང༌། ཟུང་འཇུག་ཏུ་ཉམས་སུ་ལེན་ཞེས་པ། བཀའ་འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་ལྟར་གཙོ་བོར་ངེས་པ་ཡིན་ལ། རྒྱུད་ནས་གསུངས་པའི་དག་པ་གསུམ་གྱི་རྣམ་གཞག་འཆད་ཚུལ་ཀྱང་དེ་ཉིད་དོ། །སྔོན་དུས་བོད་ཡུལ་གྱི་མཚན་ཉིད་པ་ཕལ་ཆེར་ཐལ་རང་གི་དབུ་མ་དེ་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོ་དང༌། བྱམས་ཆོས་ཀྱི་དབུ་མ་ནི། སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས་སུ་ཕྱེ་ནས། རྣམ་རྫུན་གྱི་ལུགས་སུ་འཆད། རྗེ་བཙུན་གྲགས་པ་ནི་མངོན་རྟོགས་ལྗོན་ཤིང་སོགས་སུ་དབུས་མཐའི་དབུ་མ་ལ་ཐུགས་རྩིས་ཆེ། མཻ་ཏྲི་པ་རྗེས་འབྲང་དང་བཅས་པ་ནི། ཐལ་རང་ལུགས་ཀྱི་དབུ་མ་དེ་བླ་མའི་མན་ངག་གིས་མ་བརྒྱན་པས། དབུ་མ་འབྲིང་པོ་ཙམ་ལས་མ་ཡིན། སྔགས་ཀྱི་དབུ་མ་ནི་དེས་བརྒྱན་པས་ན་དབུ་མ་ཆེན་པོའོ་ཞེས་བཞེད། དགེ་ལྡན་པ་ནི། ཐལ་རང་གི་དབུ་ལས་ལྷག་པའི་སྔགས་ཀྱི་དབུ་མ་ཞེས་པའི་དོན་དང་ཐ་སྙད་མི་འདོད། རྗེ་ས་པཎ་ནི་སྔགས་ཀྱི་དབུ་མའི་ངོས་འཛིན་མེད་པར་དགག་པའི་སྟོང་ཉིད་ཀྱི་ཆ་ནས་མི་འཇོག ཐབས་ཀྱི་ཆ་ནས་འཇོག ཐབས་བདེ་བ་ཆེན་པོའོ། །དེ་ཡང༌། དོན་དམ་བདེན་པར་འདོད་པ་རང་ལུགས་དང༌། ཀུན་རྫོབ་ཏུ་འདོད་པ་ཕྱི་རབས་པའི་ལུགས་ཡིན་མོད། འདི་དེང་སང་རང་ལུགས་སུ་འདྲེས་བྱུང༌། གུར་དུ། གལ་ཏེ་སྟོང་པ་ཐབས་ཡིན་ན། །ཞེས་སོགས་ཕྲེང་གཅིག་པུ། ས་པཎ་གྱི་དྲངས་པ་དེ་ལ་རྟོགས་དཔྱོད་ཞིབ་མོར་གཏོང་དགོས། གཉིས་པ་དངོས་ལན་གདབ་པ་ནི། བྱམས་ཆོས་བར་པ་གསུམ་གྱི་གཞུང་ན། ཐེག་པ་ཆེན་པོའི་ལྟ་བ་རིམ་འཛེག་ལ། སེམས་ཙམ་དུ་དང་དབུ་མར་འཇུག་ཚུལ་ཏེ། གཉིས་གཉིས་སུ་བཤད་པ་ཡིན་ཏེ། རྒྱན་དུ། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་དང༌། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་དང༌། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་དང༌། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་པ་ལྟ་བུ། རྒྱབ་འགལ་གཉིས་གཉིས་སུ་ཕྱེ་བ་ཤིན་ཏུ་མང་ཞིང༌། རྣམ་འགྲེལ་དུ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་དང༌། རིགས་གཏེར་དུའང༌། དོན་མེད་དེས་ན་རྣམ་པའང་མེད། །ཅེས། ཚིག་ཕྱི་མས་བསྟན་པའི་དོན་རྣམས། སེམས་ཙམ་པ་ལ་ཇི་ལྟར་འཐད། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་པ་ཞེས་བྱ་བ་འདི། བྱམས་ཆོས་བར་པའི་གཞུང་ཤིང་གི་རྩ་བ་ཡིན། དེ་སེམས་ཙམ་པ་ལ་ཇི་ལྟར་འཐད་དེ། ཁམས་གསུམ་པོ་སེམས་ཙམ་དུ་ཁས་ལེན་པའི་གོང་དུ་མི་འཕགས་པའི་ཕྱིར། ཡང་དགེ་ལྡན་པ་ནི། བྱམས་ཆོས་བར་པའི་ལྟ་བས་ཉན་ཐོས་ཀྱི་མཐོང་ལམ་ཙམ་དུའང་མི་སླེབས་པར་འདོད་ལ། བར་པ་གསུམ་གྱི་གཞུང་ན་ནི། ལྟ་བ་དེ་ཉིད་ལ་གནས་པའི་ལམ་ལྔ་དང་ས་བཅུའི་རྣམ་གཞག་རྒྱས་པར་གསུངས་པས་ན། ཕྱི་རབས་པའི་རྗེས་སུ་འབྲངས་ན་ཆོས་སྤོང་གི་ལས་སོག་ཅིང༌། གསོག་པ་དེ་ཉིད་བྱམས་པས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་པའི་སྐབས་ཀྱི་ཆོས་དེའི་ངོས་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་བདེན་པའི་མཆོག་ཏུ་བསྟན་པ་དེ་ལ་བྱེད་དགོས་བའི་ཕྱིར་དང༌། སློབ་དཔོན་སེང་གེ་བཟང་པོས་འགྲེལ་ཆེན་དུ། མདོ་སྡེ་རྒྱན་གྱི་ལུང་སོར་བཞག་ནས། སེམས་ཙམ་པའི་ལྟ་བས་ཐེག་ཆེན་གྱི་བཟོད་པ་དང༌། ལྟ་བ་ཕྱི་མ་དེས། ཆོས་མཆོག་ནས་ས་བཅུ་རིམ་གྱིས་བགྲོད་པར་བཤད་པ་དང༌། ས་སྐྱ་པ་གོང་མས། སེམས་ཙམ་པ་དང་རང་རྒྱལ་ལྟ་བ་མཚུངས་སོ་ཞེས། ལན་གཅིག་མ་ཡིན་པར་བཤད་ལ། རང་རྒྱལ་ལ་ནི་འཛིན་པ་བདེན་མེད་ཀྱི་ལྟ་བ་སྦལ་པའི་རལ་པ་བཞིན་ནོ། །ཡང་རང་རེ་ཚང་དད་པའི་རྗེས་འབྲང་གཙོ་བོར་བྱེད་ན། བྱམས་ཆོས་ལྔ་ཆར་གྱི་དགོངས་པ་དབུ་མར་གནས་པ་དང༌། སེམས་ཙམ་དུ་གནས་པ་གཉིས་ནི། རིན་པོ་ཆེ་གཡག་གཞོན་གཉིས་ཀྱི་དགོངས་པ་སོ་སོ་ཡིན་པར་ཀུན་ལ་གྲགས་སོ། །ཡང་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སྔགས་ལུགས་ལ་དོན་དམ་བདེན་པར་ཁས་བླངས་ན། རྒྱུད་གསུམ་གནོད་འཇོམས་དང་འགལ་བསམ་པ་ཅིག ངོར་ལུགས་པར་ཁས་ལེན་པ་རྣམས་ལ་མཆིས་མོད། དེ་དག་གིས་ནི། རྗེ་བླ་མས་མཛད་པའི་གཤེད་དམར་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཐོག་མར་སྟོང་པ་ཉིད་ཀྱི་སྔགས་དོན་བསམས་པའི་ངེས་དོན་མཐར་ཐུག་རང་རིག་རང་གསལ་ལ་བཞག་པ་དང༌། སྤྲོས་མེད་མཛེས་རྒྱན་དུ་ཇི་སྐད་བཤད་པ་རྣམས་མ་བལྟས་པའམ། བལྟས་ཀྱང་མི་ཤེས་པར་ཟད་དོ། །དེ་བས་ཀྱང་ཐག་ཉེ་བ་འཁོར་འདས་དབྱེར་མེད་ཀྱི་འགྲེལ་པར་སྣང་བ་སེམས་སུ་བསྒྲུབས་པས་ཕྱི་དོན་ཙམ་ཁེགས་ཀྱི་སེམས་ཙམ་དང༌། སེམས་སྒྱུ་མར་བསྒྲུབས་པས་རྣལ་འབྱོར་སྤྱོད་པའི་དབུ་མ་དང༌། རྟེན་འབྲེལ་དུ་བསྒྲུབས་པས་ངོ་བོ་ཉིད་མེད་པའི་དབུ་མ་དང༌། བརྗོད་བྲལ་དུ་བསྒྲུབས་པས་སྔགས་ཀྱི་ཉམས་སུ་མྱོང་བྱའི་དབུ་མ་ངོས་བཟུང་བ་ཡིན་མོད། རང་ཕྱོགས་པ་རྣམས་ཀྱང་བརྡ་མ་འཕྲོད་པས། གཞན་ཕྱོགས་ཁོ་ན་དང་དུ་ལེན་པར་སྣང་ངོ༌། །སེམས་ཙམ་གྱི་གཞུང་དང༌། སློབ་དཔོན་གྱི་མཚན་གཞི་གང་ཡིན་འདྲི་བ་ནི། སྤྱིར་གྲུབ་མཐའ་བཞི་ཀ་སངས་རྒྱས་ཀྱིས་གསུངས་པས་མཛད་པ་པོ་སངས་རྒྱས་ཡིན་མོད། གནས་སྐབས་སུ་མཛད་པོ་གང་དང་གང་གི་གཞུང་སོ་སོ་ན། གྲུབ་མཐའ་སྨྲ་བ་གང་དང་གང་གི་གཞུང་བཙུགས་པ་གང་ན་འདུག་པ་དེ། དེའི་གཞུང་དང་མཛད་པ་པོ་དེ་ཉིད་གྲུབ་མཐའ་དེ་དང་དེ་ལ་ལྟོས་པའི་སློབ་དཔོན་དུ་ཁས་བླངས་ཆོག་པ་ཡིན་མོད། དེར་འཇོག་པ་ལ་སེམས་ཙམ་གྱི་ལྟ་བ་རྒྱུད་ལ་སྐྱེས་ཤིང༌། དེ་ལས་གོང་དུ་མ་འཕགས་པ་གཅིག་ཅིས་ཀྱང་དགོས་ན། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཙམ་རྒྱུད་ལ་སྐྱེས་པའི་པཎྜི་ཏའམ། བྱང་ཆུབ་སེམས་བསྐྱེད་པའི་རང་རྒྱལ་དགྲ་བཅོམ་པ་ཞིག་ཡིན་ཞེས་བརྗོད་དོ། །སྤྱིར་ནི། དེ་འདྲ་དགོས་པ་མ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་དང་སེང་བཟང་ལ་སེམས་ཙམ་དང་དབུ་མའི་ལྟ་བ་མ་འཁྲུངས་ཀྱང༌། དེ་དང་དེའི་སློབ་དཔོན་དུ་འཇོག་པ་ཡིན་ནོ། །སེམས་ཙམ་གྱི་གཞུང་མཛད་པ་པོ་ཡིན་པས། སེམས་ཙམ་གྱི་པཎྜི་ཏ་ཡིན་པའི་ངེས་པ་མེད་དེ། ཨཱརྻ་དེ་ཝ་བཞིན་དང༌། ཐེག་བསྡུས་དབུ་མའི་གཞུང་ཡིན་པས། མཛད་པ་པོ་དབུ་མ་པར་གྲུབ་པ་ཡང་ཡིན་ལ། འཕགས་པ་ཐོགས་མེད་བཞིན་ནོ། །གཞན་དག་ལ་ཕར་འདྲི་དགོས་པ་ཡང༌། བྱམས་ཆོས་བར་པར། རྣམ་ཤེས་བདེན་པར་ཡོད་མེད་ཀྱི་རྒྱབ་འགལ་གཉིས་རིམ་ཅན་དུ་བྱུང་བ། གཉིས་པོ་གང་སེམས་ཙམ་པའི་གྲུབ་མཐར་བྱེད། སྤྱིར་ནི། དབུ་མ་པའི་སློབ་དཔོན་གྱིས་ངོས་འཛིན་འདྲི་ན་ཡང༌། མཐའ་གཅིག་ཏུ་ངེས་པ་མི་འབྱུང་སྟེ། དཔེར་ན། སློབ་དཔོན་ཆོས་སྐྱོང་གིས་ནི། ཤེར་ཕྱིན་གྱི་མདོའི་ངེས་དོན། འཁོར་ལོ་གསུམ་པས་བཀྲལ་བ་དེ་ཉིད་རྒྱབ་རྟེན་ཏུ་མཛད་ནས། རིགས་ཚོགས་ཀྱི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་མཛད་པས་ན། ཁོང་དབུ་མའི་སློབ་དཔོན་དུ་འཆད་དགོས། ཟླ་བ་གྲགས་པས་ནི། ཁོང་སེམས་ཙམ་པའི་སློབ་དཔོན་དུ་འཆད། ཁོང་གིས་ཀྱང་ཟླ་བའི་དབུ་མ་ཉམས་མྱོང་གི་ལྟ་བ་དེ་དུག་ཅན་དུ་འཆད། སློབ་དཔོན་སངས་རྒྱས་ཡེ་ཤེས་སོགས་ཀྱང༌། ཟླ་བས་བཤད་པའི་སྟོང་ཉིད་ལ། ཟབ་མོ་ཐལ་བྱུང་གི་ལྟ་བ་ལ་ང་མི་དད་དོ་ཞེས། ཉམས་སུ་མྱོང་བྱ་མ་ཡིན་པ་ལ་འཆད། འདིར་ཞར་བྱུང་གལ་ཆེ་བ་འདི་ལྟ་སྟེ། བླ་མ་གོང་མའི་གསུང་ལས། གནས་བརྟན་ཆོས་སྐྱོང་དབུ་མ་ཉིད་དུ་གནས་གྱུར་གསུང་བའི་གོ་བ། དེང་སང་ནི་ངོ་བོ་ཉིད་མེད་སྨྲའི་གྲུབ་མཐར་ཞུགས་པ་ཡིན་ནོ། །སྙམ་དུ་དོགས་པར་འགྱུར་ཏེ། དེང་སང་མདོ་སྔགས་ཀྱི་འཆད་ཉན་པ་ལ་ནི། དབུ་མའི་མཚན་གཞི་དེ་ལས་གཞན་མ་དམིགས་པའི་ཕྱིར། འདོད་པ་ཁོ་ནའོ་སྙམ་ན། དེའི་ཚེ་རྣལ་འབྱོར་དབང་ཕྱུག་གི་ལྟ་གྲུབ་ཀྱི་ཉམས་ལེན་མཛད་ཚུལ། གླང་ཆེན་གྱི་ཁྲུས་དང་འདྲ་བར་གྱུར་ཏེ། ལམ་འབྲས་སུ་བཤད་པའི་ལྟ་གྲུབ་བརྒྱད་ཀྱི་ནང་ན། ངོ་བོ་ཉིད་མེད་སྨྲ་བའི་སྟོང་ཉིད་ཀྱི་ལྟ་བ་དེ་འདྲ་ཅི་ཡང་མ་དམིགས་པའི་ཕྱིར། གལ་ཏེ་དེ་དུས་ཀྱི་བདེ་སྟོང་ཟུང་འཇུག་འཆད་པའི་སྟོང་པ་ཉིད་དེ། ངོ་བོ་ཉིད་མེད་སྨྲའི་སྟོང་ཉིད་དོ་སྙམ་ན། དེ་ལ་ནི་ཟུང་འཇུག་གི་དོན་མེད་དེ། མེད་པར་དགག་པ་ཁོ་ན་ཉིད་ཀྱི་ཕྱིར་རོ། །དེ་ནས་དྲི་བ་བཞི་པ། དབུ་མ་ལྟ་ཁྲིད་ཆུང་ངུ་དེ་ལ་ལུང་སྦྱོར་གཅིག་བྱུང་ན་གསུང་བ། སྤྱིར་ནི། ནང་པའི་གྲུབ་མཐའ་སྨྲ་བ་བཞི་ཀ རང་རང་གི་ལྟ་བ་དབུ་མར་ཁས་ལེན་ཞེས། མཁས་པ་ཀུན་ལ་གྲགས་པས་གྲུབ་ལ། ཁྱད་པར་དུ། ཉན་ཐོས་ལ་གཙོ་བོར་དགོས་པ། གང་ཟག་གི་བདག་མེད་པའི་ལྟ་བ་ནི། ཉན་ཐོས་པའི་གཞུང་ལས་བཤད་པ་དེ་ཉིད་ལྟ་བ་གོ་ཆོད་པོ་ཡིན་ཏེ། ལྟ་བ་དེའི་ངོས་འཛིན་མཛོད་ཀྱི་འགྲེལ་པར་བཤད་པ་ལས་ལྷག་པ་དབུ་མ་ལ་འཇུག་པ་སོགས་ན་ཡང་མ་དམིགས་པའི་ཕྱིར། རང་རྒྱལ་དང་སེམས་ཙམ་པ་ལ་གཙོ་བོར་དགོས་པ། གཟུང་བ་ཆོས་ཀྱི་བདག་མེད་པའི་ལྟ་བ་ཡང་གོ་ཆོད་པོ་ཡིན་ཏེ། ཕྱི་རོལ་གྱི་དོན་རང་སྟོང་དུ་འཆད་ཚུལ། ཤེར་མདོ་ཇི་ལྟ་བ་ལས་མ་འདས་པའི་ཕྱིར། ཉན་ཐོས་སྡེ་པའི་གྲུབ་མཐའ་གཞིར་བྱས་ལ། བདག་མེད་དང་པོའི་ངོས་འཛིན་མེད་པར་དགག་པ་དང་མ་ཡིན་པར་དགག་པ་གཉིས་ལས། དོན་དམ་བདེན་པའི་མཚན་གཞི་ནི་གཉིས་པ་ཁོ་ན་ལ་འཇོག་དགོས་ཏེ། དོན་དམ་པར་དོན་བྱེད་ནུས་དགོས་པའི་ཕྱིར། སེམས་ཙམ་པའི་གཟུང་བ་ཆོས་ཀྱི་བདག་མེད་འཆད་ཚུལ་ཡང་དེ་དང་འདྲ་ཞིང༌། དེ་དག་ནི་ཕྱོགས་རེ་ན་དབུ་མ་གོ་ཆོད་པོ་ཡིན་ཡང༌། ཆོས་ཐམས་ཅད་ལ་མ་ཁྱབ་པས་ཉི་ཚེ་བ་ཉིད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་ནི། བྱམས་ཆོས་ཕྱི་མ་རྩ་འགྲེལ་མཐའ་དག་ཏུ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལ་དབུ་མའི་ལམ་དང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད། དོན་དམ་པའི་བདེན་པར་བཤད་ལ། དེ་དག་ཀྱང་དོན་དམ་པར་དོན་བྱེད་ནུས་དགོས་པའི་ཕྱིར། ཡེ་ཤེས་ཁོ་ནའོ། །གཟུང་འཛིན་ཀུན་བཏགས་བཀག་པའི་མེད་དགག་གི་ཆ་ནི། ཐོས་བསམ་གྱི་ཚེ་ལྡོག་པ་མེད་དགག་གི་གཞན་སེལ་ལས་མ་འདས་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པ་ཁོ་ནའོ། །གསང་སྔགས་བླ་མེད་ཀྱི་ཚེ་ན་ཡང༌། རྟོགས་བྱེད་ཀྱི་བློ་དང༌། ཐབས་ཁྱད་པར་དུ་འཕགས་པ་ཡིན་གྱི། རྟོགས་བྱའི་ཡུལ་ནི། གཉིས་མེད་ཀྱི་ཡེ་ཤེས་འདི་ལས་ལྷག་པ་གཞན་འཛིན་རྒྱུ་མེད་དེ། ཇི་སྐད་དུ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པ་དེ་ཉིད་དོ། །དེ་ལ་དགོངས་ནས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་གསུངས་སོ། །ངོ་བོ་ཉིད་མེད་སྨྲའི་སྟོང་ཉིད་ལ་དོན་གཅིག་པར་བཤད་མི་ནུས་སོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི་ལྟ་བ་འདི་ནས། སྔགས་ཀྱི་དབུ་མར་ཞུགས་ན། ལམ་བདེ་ཞིང་འཇུག་པ་མྱུར་བ་ཡིན་ཏེ། དཔེར་ན། རྣལ་འབྱོར་དབང་ཕྱུག་བཞིན་ནོ། །ལྟ་བ་འདི་ནས་སྔགས་ཀྱི་སྒྲུབ་པ་ལ་ཐོག་མར་འཇུག་པ་ན། ཡེ་ཤེས་ཚོགས་གསོག་གི་ཚེ། ཀུན་རྫོབ་ཐམས་ཅད་རང་སྟོང་དུ་བསྒོམས་ནས། དོན་དམ་པའི་ཡེ་ཤེས་ཉག་གཅིག་བསྐྱེད་རྫོགས་ཀྱི་སྒྲུབ་གཞིར་འཇོག་ལ། ཉམས་ལེན་དངོས་གཞིའི་དུས་སུ་ཡང་དོན་དམ་པའི་ཡེ་ཤེས་དེ་ཉིད་གཞན་སྟོང་གི་ངོ་བོར་ཉམས་སུ་བླངས་པས། བདེ་སྟོང་ཟུང་འཇུག་སོགས་འཇོག་པ་འོང་བ་ཡིན་གྱི། རང་སྟོང་གི་ངོས་འཛིན་མ་ནོར་བ་ལ་ནི། ཟུང་འཇུག་གི་གོ་སྐབས་མེད་དོ། །གསུམ་པ། ཐལ་རང་གི་དབུ་མ་ནི། དུས་འཁོར་འགྲེལ་ཆེན་དང༌། ཡེ་ཤེས་སྙིང་པོ་ཀུན་བཏུས་སུ། གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་དབུ་མ་ཉིད་དུ། བཤད་པ་ལ་རྩོད་པ་མེད་མོད། ཐོགས་མེད་ཀྱི་ཤིང་རྟའི་སྲོལ་ལས་ནི། འདི་དག་ལ་དབུ་མའི་རྩེ་མོར་ཕྱིན་པའི་ལུང་མེད་དོ། །ངོ་བོ་ཉིད་མེད་སྨྲའི་བསྟན་བཅོས་མཛད་པ་པོ། ཀླུ་སྒྲུབ་ཡབ་སྲས་ཀྱིས་ནི། ཕར་ཕྱིན་ཐེག་པའི་གཞུང་རྣམས་སུ། ལྟ་བའི་ཡུལ་མཐར་ཐུག་ནི། སྤྲོས་པའི་ཚོགས་མཐའ་དག་དང་བྲལ་བའི་མེད་པར་དགག་པ་ནམ་མཁའ་ལྟ་བུ་ཞིག་ལས། གཞན་མ་བཤད་ལ། རྟོགས་ཚུལ་ཡང་མ་རྟོགས་པ་ལ་རྟོགས་པའི་ཐ་སྙད་མཛད་དོ། །དེ་དག་གིས་མཛད་པའི་སྔགས་གཞུང་རྣམས་སུ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཉིད། ལྟ་ཡུལ་མཐར་ཐུག་དང༌། དོན་དམ་པའི་བདེན་པར་བཞེད་པས། ཁྱད་པར་ཤིན་ཏུ་ཆེ་བ་གཉིས་བྱུང་བ་དེའི་ཚེ། མཚན་ཉིད་ཐེག་པ་ཁོ་ནས་ལམ་བགྲོད་པ་ལ། ལུགས་དང་པོ་དེ་ཙམ་གྱིས་ཆོག་ཅིང༌། རིགས་པའི་སྟོབས་ཀྱིས་སྤྲོས་པའི་ཚོགས་འགོག་པ་ལ། ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པ། དེ་ལ་གནས་སྐབས་སུ། ཐལ་རང་གི་སྲོལ་གཉིས་བྱུང་ཡང༌། མཐར་ཐུག་གི་ལྟ་བའི་འཇོག་ཚུལ་ལ་ཁྱད་པར་མི་སྣང་ངོ༌། །བོད་ཕྱི་མ་དག་གིས་བཤད་པས་ནི། ངོ་བོ་ཉིད་མེད་སྨྲའི་གཞུང་ལུགས་ཤིན་ཏུ་ཉམས་པར་བྱས་ཤིང༌། ཁྱད་པར། ཐལ་འགྱུར་བའི་ལུགས་དམིགས་མེད་དུ་གཏོང་དགོས་བྱུང་བ་ནི། གཙོ་བོར། ཀུན་རྫོབ་ཀྱི་བདེན་པ་ལ་ཞེན་ཆེས་པས་ནོངས་པ་ཡིན་ལ། དེ་ཡང་སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་གཞན་གྲགས་སུ་མི་བྱེད་པར། རྟོག་གེའི་རང་རྒྱུད་དང་བསྟུན་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་དང་མཐུན་པ་རང་ལུགས་སུ་བྱེད། ཡོད་མེད་སོགས་སྤྲོས་པའི་ཚོགས་མཐའ་དག་མི་འགོག་པར། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ། དགག་བྱ་བདེན་གྲུབ་སོགས་བཀག་ཙམ་ཞིག་ལ། སྤྲོས་བྲལ་དང་སྟོང་ཉིད་དང༌། དོན་དམ་བདེན་པའི་མཚན་གཞིར་འདོད། ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་པ་དང༌། དོན་དམ་དུ་ཡོད་པ་མ་ཡིན་པས། དེའི་གོ་མི་ཆོད་པ་དང༌། དོན་དམ་པའི་བདེན་པ་དང༌། རྫས་དང༌། དེ་ཁོ་ན་ཉིད་དང༌། ཡུལ་གྱི་གནས་ལུགས་ཞེས་བྱ་བ་ཡོད་ཀྱང༌། དེ་དང་དེར་གྲུབ་པ་ནི་མེད་དོ། །དབུ་མའི་གྲུབ་མཐའ་འཇོག་པའི་གསང་ཚིག་ཡིན། ཞེས་ཟེར། འདི་འདྲ་དེ་ནི་དེང་སང་རང་ལུགས་ཀྱི་བཤད་ཉན་པ་རྣམས་ལ། གོས་གཙང་མ་སྣུམ་གྱིས་སྦགས་པ་བཞིན་དུ། ཆེས་ཤིན་ཏུ་ཞེན་པར་སྣང་བས། སྡོམ་པར་དཀའོ། །དེ་ལྟ་ན་ཡང༌། ཇི་སྐད་དུ། ཡང་དག་རིགས་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །ཞེས་གསུངས་པས། འདི་ལྟར་དབུ་མ་ལ་འཇུག་པ་རྩ་འགྲེལ་ཙམ་ཞིག་གི ཚིག་དོན་ལ་བརྟགས་པ་ན། ཐ་སྙད་ཀྱི་བདེན་པ་ཐམས་ཅད་གཞན་གྲགས་ཁོ་ན་ཡིན་གྱི། རང་ལུགས་མཐར་ཐུག་ལ་ཡོད་པ་ཞེས་བྱ་བ་སྐྲ་རྩེ་ཙམ་ཡང་ཁས་མི་ལེན། ཡོད་པ་མ་ཡིན་ན། མེད་དགོས་པ་དེ། ཕན་ཚུན་སྤངས་ཏེ་གནས་པ་ཁས་ལེན་པའི་ལུགས་ཡིན། སྤྱིར་ཡོད་པར་ཁས་བླངས་ན་རྟག་པར་སོང༌། ཡོད་པ་དེ་རིགས་པས་བཤིག་པའི་ཚེ་མེད་པར་སོང་ན། ཆད་པའི་མཐར་སོང་བ་དང༌། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་ཡིན། ཆོས་དང་གང་ཟག་ཡོད་ན། རང་ཉིད་རང་གིས་མི་སྟོང་བར་སོང་བས། ངོ་བོ་ཉིད་མེད་སྨྲ་བའི་གཞུང་ལས་ཉམས། འཇིག་རྟེན་གྱི་བློ་ལྷན་སྐྱེས་ལ་གྲགས་པ་ཚད་མས་གྲུབ་ན། འཕགས་པའི་ལམ་དོན་མེད་དུ་ཐལ་བ་ཡིན། སངས་རྒྱས་ལ་ཀུན་རྫོབ་སྣང་ན། མཉམ་གཞག་སྣང་བཅས་སུ་མི་འདོད་བཞིན་དུ་ཐལ་བ་དང༌། སངས་རྒྱས་ཀྱི་སར་མ་རིག་པ་མ་སྤངས་པར་ཐལ་བ་ཡིན། རྟེན་འབྲེལ་ལ་ཡོད་དགོས་ན། ལྟོས་གྲུབ་ཏུ་འགལ་བ་ཡིན། ལྟོས་གྲུབ་ལ་ཡོད་པས་ཁྱབ་ན་གཞུང་དང་དངོས་སུ་འགལ་བ་ཡིན། སྟོང་ཉིད་བདེན་པ་དང་ཡོད་པར་ཁས་ལེན་ན། མི་སྟོང་པ་ཡང་དེ་ལྟར་ཁས་ལེན་དགོས་པ་ཡིན། དོན་དམ་བདེན་པ་ཡོད་པ་དང༌། ཡོད་ན་བརྫུན་དགོས་ཟེར་བ། དངོས་སུ་འགལ་བ་ཡིན། ཡོད་པའི་ཆོས་ཁས་མ་བླངས་པ་ལ། ལས་རྒྱུ་འབྲས་སོགས་མེད་པར་ཐལ་བ་དང༌། ཐ་སྙད་དུ་ཡོད་པའི་ཕྱིར་ཡོད་དོ་ཟེར་བ་དེ་ནི། དོན་དམ་སྒོ་ཅན་དང༌། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཡིན་པས། དེ་ལ་ལན་འདེབས་ཚུལ་ནི། དབུ་མ་རྩ་བར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ཞེས་སོགས་ཀྱིས་བཤད་ཟིན་པ་དེ་ཡིན། རང་ལུགས་ལ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གང་ཟག་ཡོད་པར་ཁས་བླངས་པས། སངས་རྒྱས་པའི་གྲུབ་མཐའ་ལས་ཉམས། ཕྱི་དོན་ཡོད་པར་ཁས་བླངས་པས། སེམས་ཙམ་པ་དང་རང་རྒྱལ་ལས་ཀྱང་ལྟ་བ་དམན་པར་སོང༌། ཡང་ཡོད་ན་སྤྲོས་བྲལ་དང༌། བརྫུན་པས་ཁྱབ། ཅེས་ཟེར་བ་དེ་འགལ་ཁྱབ་ཏུ་སོང་བ་ཡིན། ཡང་ཐ་སྙད་དུ་ཡོད་ན། ཡོད་དགོས་ཟེར་བ་དང༌། གང་ཟག་གི་བདག་དང་བདེན་གྲུབ་གནས་སྐབས་གང་དུའང་མེད་ཅེས་འཆད་པ་འགལ་བ་ཡིན། ཐལ་འགྱུར་བའི་ལྟ་བ་རང་རྒྱུད་ལ་འཁྲུངས་པ་ཞིག་གིས། རྗེས་ཐོབ་ཏུ་ཆོས་འཆད་པ་དང༌། ཟན་ཟ་བ་སོགས་ཡོད་པར་ཁས་ལེན་པ་དེའི་ཚེ། འཇིག་རྟེན་མཐུན་འཇུག་ཡིན་གྱི། རང་ལུགས་མ་ཡིན་ཞེས་བྱ་བ་འདི་ཙམ་ཞིག་ནི། རང་གཞན་གྱི་གྲུབ་མཐའ། ཤན་མི་ཕྱེད་པ་དག་གི་ངོར་ཞུས་པ་ཡིན། འདི་དག་ལ། ས་སྐྱ་པའི་མཚན་ཉིད་ཀྱི་ལྟ་གྲུབ་དང་འགལ་བ་འདུག་གམ། ལེགས་པར་གཟིགས། ད་ནི། དེ་བས་ཀྱང་རང་གཞན་ཀུན་གྱི་བློ་བར་མི་ཤོང་བ་ནི། དབུ་མ་ཐལ་འགྱུར་བའི་ལྟ་བ་གཙང་མ་གཅིག་འཆད་ན། ཐེག་ཆེན་འཕགས་པའི་མཉམ་གཞག་ན། ཡེ་ཤེས་ཡོད་པར་ཁས་ལེན་མི་ནུས། དེའི་ཤེས་བྱེད་ཆོས་དང་གང་ཟག་ཐམས་ཅད་སྟོང་པར་བཏང་ནས། ཡེ་ཤེས་གཅིག་པུས་རང་རྐྱང་ཐུབ་པར་འཇོག་མི་བཏུབ། ས་བཅུའི་ཁྱད་པར་ནི་རྗེ་ཐོབ་ཏུ། སངས་རྒྱས་བརྒྱ་མཐོང་བ་སོགས་ཀྱིས་འབྱེད། ཡེ་ཤེས་དེའི་དངོས་ཀྱི་ཉེར་ལེན་ནི། ཇི་སྲིད་གཉིས་སྣང་འཁྲུལ་བའི་བག་ཆགས་མ་ཟད་པ་དེ་སྲིད་དུ། འཕེན་པའི་དབང་གིས། ཆོས་ཉིད་ལ་མཉམ་པར་འཇོག་སེམས་ཐ་མས་བྱེད། ས་དྲུག་པར་འགོག་པའི་སྙོམས་འཇུག་མངོན་དུ་གྱུར་པ་དང༌། ས་བདུན་པར། སྐད་ཅིག་རེ་ལ་འཇུག་ལྡང་ནུས་པ་དང༌། ས་བརྒྱད་པར་འགོག་པ་ལས་སློང་དགོས་པར་བཤད་པའི་འགོག་སྙོམས་དེ། མེད་པར་དགག་པ་ནམ་མཁའ་ལྟ་བུ་ཞིག་ལ་ངོས་འཛིན་དགོས་ཀྱི། ཡེ་ཤེས་ལ་འཆད་པ་ཟླ་བའི་དགོངས་པ་མ་ཡིན། ས་བདུན་པར། ཉན་རང་བློས་ཀྱང་གནོན་ནུས་པར་བཤད་པ་དེ། ས་དེའི་རྗེས་ཐོབ་ཏུ། ཉོན་སྒྲིབ་མ་ལུས་པར་སྤངས་ཟིན་པའི་སྟེང་དུ། ས་བདུན་པ་མན་གྱི་ཤེས་སྒྲིབ་ཀྱང་སྤངས་ཟིན་པ་ལ་དགོངས། ས་དྲུག་པ་མན་ཆད་དུ། སྒྲིབ་པ་གཉིས་རགས་པ་ཆེད་དུ་གཉེར་ནས་སྤོང་ཡང༌། སྲིད་པར་སྐྱེ་བ་ལེན་པའི་སྲིད་པ་མི་སྤོང༌། ས་བདུན་པར་ནི། དེ་ཡང་སྤོང་ཞིང༌། ས་བརྒྱད་པ་ལ་འཇུག་ཀར་ནི། སྤངས་ཟིན་པས། དུས་དེ་ནས་བཟུང་སྟེ། སྲིད་པར་སྐྱེ་བ་མི་ལེན་གྱི། ཟག་མེད་ལས་ཀྱིས། དག་པའི་ཞིང་དུ་ཡེ་ཤེས་ཀྱི་སྐྱེ་བ་བླངས་ནས། མཉམ་གཞག་ཏུ་ཤེས་སྒྲིབ་ལྷག་མ་སྤོང་བ་དང༌། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་མ་ལུས་པར་རྫོགས་པར་བྱེད། ལུགས་འདིར། མཉམ་གཞག་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་གྱི་ཐ་སྙད་མི་མཛད། དོན་ཐོབ་ལ་དགོས་སྲིད་ནའང༌། མཉམ་གཞག་གི་ཚེ་སྤང་བྱ་སྤོང་བཞིན་པ་དང༌། རྗེས་ཀྱི་ཚེ་སྤང་བྱ་ལས་གྲོལ་བའི་ལམ་མོ། །ཇི་སྲིད་གཉིས་སྣང་གི་བག་ཆགས་ལས་མ་གྲོལ་བ་དེ་སྲིད་དུ། མཉམ་རྗེས་དང་ཀུན་རྫོབ་ཀྱི་སྣང་བ་འཆར་མོད། སངས་རྒྱས་ནས་ནི་དེ་ལས་གྲོལ་བའི་ཕྱིར། ཀུན་རྫོབ་བདེན་པའི་སྣང་བ་ཟད་ཅིང༌། ཤེས་བྱ་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་དང༌། དེ་བཞིན་ཉིད་དེ་ནི་བློ་ཡི་ཡུལ་ལས་འདས་པའི་ཕྱིར། དེ་ཡུལ་དུ་བྱེད་ངེས་ཀྱི་བློ་ཀུན་རྫོབ་པ་ག་ལ་སྲིད། དེའི་ཕྱིར། ལུགས་འདི་ལ་ནི། སྔོན་གྱི་དུས་སུ། རྒྱུན་ཆད་རབ་ཏུ་མི་གནས་པའི་དབུ་མ་ཞེས་གྲགས་སོ། །འོ་ན་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་པར་ཐལ་ལོ། །ཞེ་ན་མ་ཡིན་ཏེ། རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་ཀྱང༌། རང་གི་སྔོན་གྱི་སྨོན་ལམ་དང༌། གདུལ་བྱའི་བསོད་ནམས་ཀྱིས། རྒྱུ་མཐུན་གྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་རྣམ་རོལ། གདུལ་བྱའི་སྐལ་བ་དང་འཚམས་པར། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་ཡིན་ནོ། །དེ་ལྟར་བཤད་པ་དེ་ཡང་སྤྱོད་འཇུག་མཁན་པོའི་ཡང་དགོངས་པ་སྟེ། གཞུང་དེ་ཉིད་ན་གསལ་ལོ། །དེ་ཙམ་དུ་རྒྱས་པར་བཤད་པས་ཅི་ཞིག་བྱ་སྙམ་ན། ས་སྐྱ་པའི་རྗེས་འཇུག་དག་གི་བསམ་པ་ལ། གནས་བརྟན་ཆོས་སྐྱོང་དབུ་མ་པར་གནས་གྱུར་ཅེས་པའི་གསུང་གཅིག་ནས་གཅིག་ཏུ་བརྒྱུད་པ་དེའི་གོ་བ། དེང་སང༌། མཚན་ཉིད་པ་རྣམས་ཀྱིས་འཆད་པའི་དབུ་མ་པ་འདིའི་ལྟ་སྒོམ་དུ་འཇུག་པ་ཡིན་ནོ་སྙམ་པ་དེ་སྤང་བའི་ཕྱིར་ཡིན་ནོ། །དེ་ཡང༌། དང་པོ་གསང་སྤྱོད་མཛད་པའི་ཚེ་དང༌། ཕྱིས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་དུས། གང་དུ་ཡང༌། དབུ་མ་འདིར་འཇུག་དགོས་པ་མེད་དེ། སྐུ་ཚེ་དེ་ཉིད་ཀྱིས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པར་བཞེད་པའི་ཕྱིར་རོ། །དོན་འདི་ནི། རྡོ་རྗེ་གུར་ལས་གསལ་ཏེ། སྟོང་པ་ཉིད་ཀྱི་ལྟ་བས་མཚན་འཛིན་འགོག་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས། སངས་རྒྱས་མངོན་དུ་བྱེད་པ་རྒྱུད་དེ་ན་གསལ་བ་ལྟར། ཆོས་ཀྱི་རྗེས་ལུང་དུ་དྲངས་པའི་ཕྱིར་རོ། །རྗེ་བཙུན་གྱིས། སློབ་དཔོན་ཟླ་གྲགས་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་ན། སངས་རྒྱས་དང་སློབ་དཔོན་གཉིས་ཀ་ལ་སྐུར་འདེབས་ཡིན་གསུང་བ་ནི། སློབ་དཔོན་དེའི་སྔགས་ལུགས་ཀྱི་བཤད་སྲོལ་ལ་དགོངས་ཤིང༌། ཆོས་རྗེས། སངས་རྒྱས་ཀྱི་སར། ཡེ་ཤེས་ཡོད་མེད་ཀྱི་སྤྲོས་པ་ལས་འདས་པ། ཟླ་བའི་དགོངས་པར་འཆད་པ་ནི། སློབ་དཔོན་དེའི་ཕར་ཕྱིན་ཐེག་པའི་བཤད་སྲོལ་ལ་དགོངས་སོ། །བཞི་པ་སྔགས་ཀྱི་དབུ་མ་ལུང་དང་སྦྱོར་བ་ནི། བོད་ཕྱི་མ་དག་གི་བསམ་པ་ལ། ཐལ་འགྱུར་བར་གྲགས་པ་ལས་ལྷག་པའི་དབུ་མ་ནི། མདོ་སྔགས་གང་ན་ཡང་ཡོད་པ་མ་ཡིན་ནོ། །ཞེས་ཟེར་བ་དེ། རང་ཕྱོགས་པ་དག་ལ་ཡང་ལྷག་པར་ཞེན་ནས། སྔགས་ཀྱི་དབུ་མ་ཞེས་བྱ་བའི་ཐ་སྙད་མེད་དོ་སྙམ་དུ་སེམས་པ་དེ་ནི་མ་གོ་བ་ཡིན་ཏེ། དབུ་མ་ཞེས་བྱ་བ་འདི་ནི། ལྟ་བས་ཁྱད་པར་དུ་བྱས་པ་ཡིན་ལ། དེ་ལྟ་བུ། ཕར་ཕྱིན་པ་ལ་མེད་པ་ཞིག སྔགས་ལ་ཇི་ལྟར་ཡོད་པའི་ཚུལ་ནི། ལམ་འབྲས་ན་ཡོད་པའི་ལམ་བསྐོར་བ་དང༌། གསང་འདུས་དང་བདེ་མཆོག་གི་རིམ་ལྔ་སོ་སོ་བ་དང༌། དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་པ་ལྟ་བུ་ནི། སྔགས་ཀྱི་དབུ་མའི་མཚན་གཞི་ཡིན་ལ། ལྟ་བའི་ཡུལ་དུ་གྱུར་པའི་སྟོང་པ་ཉིད་ཀྱང༌། ཕར་ཕྱིན་པ་ལས་ཁྱད་པར་དུ་གྱུར་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་བ་ཞིག་སྔགས་སུ་ངོས་འཛིན་དགོས་པ་ཡིན་ཏེ། ཇི་སྐད་དུ། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་པ་ལས། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་དང༌། ཨཱརྻ་དེ་བས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་རྟོགས་པ་མེད། །ཅེས་དང༌། ལྟ་ཡུལ་སྒྱུ་མ་ལྟ་བུ་དང༌། དེ་རྟོགས་བྱེད་ཀྱི་ཐབས་ཀྱང༌། ཕར་ཕྱིན་པ་ལ་མེད་པ་ཞིག སྔགས་སུ་བཤད་པ་དང༌། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་རྗེས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ཞེས་སོགས་གསུངས་པ་དེ་ནི། ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་ལ་དགོངས་པ་ཡིན་གྱི། བསྒོམས་པས་ཉམས་མྱོང་གི་ལྟ་བ་ལ་བཤད་ན་ནི། རྒྱུད་དང་མན་ངག་ཀུན་དང་མི་མཐུན་ནོ། །དེའི་ཕྱིར་དབུ་མ་ཆེན་པོ་ནི་འདི་ཁོ་ན་ཏེ། འཇིགས་མེད་ཆོས་སྐྱོང་ཞབས་ཀྱང༌། དབུ་མ་ཆེན་པོ་འདིར་བྱོན་ནས། རྣལ་འབྱོར་དབང་ཕྱུག་ཏུ་གྱུར་པའོ། །དེར་མ་ཟད་དབུ་མའི་རིགས་པས་གཏན་ལ་ཕབ་པའི་སྟོང་པ་ཉིད་དེ་ནི། འཇལ་བྱེད་ཀྱི་བློ་རྟོག་པ་ཁོ་ན་དང༌། གཞལ་བྱའི་ཡུལ་དོན་སྤྱི་ཙམ་ལས་མ་འདས་ལ། ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་ཡང་དག་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་པའི་སྐབས་ཀྱི། ཨེ་ཝཾ་དེའི་འཇལ་བྱེད་མངོན་སུམ་དང༌། གཞལ་བྱ་བདེ་སྟོང་ཟུང་འཇུག་དང༌། རྟོགས་བྱེད་ཀྱི་ཐབས་དབང་དང་བྱིན་རླབས་ལ་བཤད་པས། ཐལ་འགྱུར་བའི་དབུ་མ་དང་ཁྱད་པར་ཤིན་ཏུ་ཆེའོ། །དེ་འདྲ་དེ་གྲུབ་མཐའ་བཞི་པའི་དབུ་མར་མི་རུང་ངོ་སྙམ་དུ་ཡང་བསམ་པར་མི་བྱ་སྟེ། བདེ་མཆོག་བསྟོད་འགྲེལ་ལས། སངས་རྒྱས་པ་ཡི་བཞི་པ་དང༌། །ཐུབ་པའི་དགོངས་པ་ལྔ་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན། ཐལ་འགྱུར་བ་དང་སྔགས་ཀྱི་དབུ་མ་གཉིས་ལས། དྲང་པོར་སྨྲ་བའི་ཚེ་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། ཐལ་འགྱུར་བས་ནི། གཞི་དབུ་མའི་གནས་ལུགས་མེད་དགག་ཁོ་ན། ལམ་དབུ་མའི་གཙོ་བོ་འཕགས་པའི་མཉམ་གཞག་ནི་མེད་དགག་ཁོ་ན། འབྲས་བུ་དབུ་མའི་གཙོ་བོ། སངས་རྒྱས་ཀྱི་ཆོས་སྐུ་ནི་མེད་པར་དགག་པ་ཁོ་ནའོ། །སྔགས་བླ་མེད་ཀྱི་གཞི་དབུ་མ་ནི། ཀུན་གཞི་རྒྱུ་རྒྱུད་ལམ་དབུ་མ་ནི། ཨེ་ཝཾ་ཟུང་འཇུག འབྲས་བུ་དབུ་མ་ནི། ཡན་ལག་བདུན་ལྡན་གྱི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དོ། །དེ་ཕྱིར་ཤིང་རྟའི་སྲོལ་ཤིན་ཏུ་མི་མཐུན་པ་འདི་དག ཉམས་ལེན་གཅིག་ཏུ་བསྲེས་པས་ནི། གསང་འདུས་དང་ཐལ་འགྱུར་བའི་ཞབས་ཏོག་ཏུ་ག་ལ་འགྱུར། རང་ཕྱོགས་པ། རྗེ་བཙུན་གོང་མ་ཞེས་ཁ་བཏོན་དུ་བྱེད་པ་དག གཞན་ཟེར་གྱིས་འཇིགས་ནས། དཔའ་ཞུམ་པར་མ་མཛད་ཅིག ཅེས་སྨྲས་པ་ཡིན་ནོ། དྲི་བ་ལྔ་པ་ནི། མ་དག་པའི་ཕུང་པོ་ལྷར་མི་སྒོམ་ཟེར་བ་འདི་ལ། ཁོ་བོ་ཅག་མང་པོ་ཞིག་བློ་ལ་མི་འཚམ་པར་གྱུར་ཏེ། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །ཅེས་དང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་ལུང་དུ་མ་དང་འགལ་བའི་ཕྱིར་དང༌། ལུས་དཀྱིལ་ནི། བཅོས་མ་གཉིས་དང་མི་འདྲ་བར། ལུས་གྲུབ་ཙམ་ནས། ལྷག་པའི་ལྷའི་དཀྱིལ་འཁོར་དུ་གྲུབ་པའི་ཕྱིར་དང༌། ལུང་མ་བསྟན་དགེ་བར་འགྲོ་མི་སྲིད་ན། ལུང་མ་བསྟན་ལམ་དུ་བྱེད་པའི་ཐབས་མཁས་གསུངས་པ་རྣམས་དང་འགལ་བའི་ཕྱིར་དང༌། རྣམ་སྨིན་གྱི་ཕུང་པོ་སྒོམ་སྟོབས་ཀྱིས་ལྷར་མི་འགྲོ་ན། སྟག་མོ་བྲག་དང་ཀེང་རུས་ཞེས་སོགས་ཀྱི་རྣམ་གཞག་གསུངས་པ་རྣམས་དང་འགལ་བའི་ཕྱིར། ཞེས་སྒྲུབ་བྱེད་བཞི་འགོད་དོ། །འདིའི་ལན་གདབ་པ་ལ་གཉིས་ཏེ། སྒོམ་གྱི་དབྱེ་བ་སྤྱིར་བཤད་པ་དང༌། སྒྲུབ་བྱེད་སོ་སོའི་ལན་བཏབ་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་དབྱེ་བ་དང་སྐབས་བབ་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། དབང་རྟུལ་དད་པའི་རྗེས་འབྲང་གི་དང༌། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་སྒོམ་མོ། །དང་པོ་ནི། འཇིག་རྟེན་པ་དང་དེ་ལས་འདས་པའི་ཤེས་རབ་ཀྱི་བརྟག་དཔྱད་གང་ཡང་མེད་པར། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་སམ། རྣམ་བྱང་གི་ཕྱོགས་འགའ་ཞིག ལྷན་སྐྱེས་རྟོག་པའི་ཡུལ་དུ་གོམས་པར་བྱས་པས། ཡུལ་དེ་མདུན་ན་གནས་པ་ལྟ་བུའི་གསལ་སྣང་སྐྱེ་བ་ནི། ཇི་སྐད་དུ། རྣམ་འགྲེལ་ལས། འདོད་འཇིགས་མྱ་ངན་གྱིས་བརླམས་དང༌། །རྐུན་པོ་རྨི་སོགས་ཀྱིས་བསླད་པ། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པ་མཐོང་བར་འགྱུར། །ཞེས་པ་ལྟ་བུ། དེ་འདྲའི་མོས་པ་ཡིད་བྱེད་ལ་བརྟེན་ནས་གསལ་སྣང་ཅི་སྐྱེས་ཀྱང༌། ཡང་དག་པའི་ཤེས་པ་མ་ཡིན་ཏེ། ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བས་ན། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་མ་འདས་པའི་ཕྱིར། གཉིས་པ་ནི། ཕྱི་རོལ་པའམ་ནང་པའི་རྣལ་འབྱོར་པ་གང་ཡིན་ཡང་རུང་སྟེ། བསམ་གཏན་གྱི་དངོས་གཞི་ལྟ་བུ་ཞི་གནས་ཁྱད་པར་ཅན་གྲུབ་ནས། སྤྲུལ་པ་པོ་སྣ་ཚོགས་པའི་གཟུགས་ཀྱིས། སྤྲུལ་པ་སྣ་ཚོགས་མངོན་སུམ་ལྟ་བུར་སྟོན་ནུས་པ་དང༌། ཟད་པར་ས་ལ་སོགས་པ་ཡང་དག་པ་མ་ཡིན་པའི་དོན་བསྒོམས་པས། གོམས་བྱ་ལ་གསལ་སྣང་སྐྱེ་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་ལྟ་བུ་ཡང་དག་པའི་དོན་ལ་གསལ་སྣང་སྐྱེ་བ་གཉིས་ཀ་ཡོད་དེ། རྣམ་འགྲེལ་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་སོ། །དེའི་ནང་ནས་གཅིག་ནི། འཇུག་ཡུལ་དང་མ་འབྲེལ་བས་འཁྲུལ་པ་ཡིན་ཏེ། ཇི་སྐད་དུ། ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། སྟོང་པ་ཉིད་ཀྱི་ལྟ་བ་དང་མ་འབྲེལ་བའི་སྒོམ་དང་འབྲེལ་བའི་སྒོམ་མོ། །དང་པོ་ནི། འཇུག་ཚེ་གཅིག་ཏུ་འཁྲུལ་བའི་སྒོམ་དེ། སྔོན་འགྲོ་ཡེ་ཤེས་ཚོགས་གསོག་དང༌། མཇུག་དག་པ་སྒོམ་པ་གཉིས་ཀ་མེད་པར། ཡི་དམ་གྱི་ལྷ་སྐད་ཅིག་དྲན་རྫོགས་སུ་སྒོམ་པ་སྟེ། འདི་ནི། བོད་ཀྱི་སྒོམ་ཆེན་པ་དང༌། གསང་སྔགས་གསར་རྙིང་པ་སོགས་ལ་མང་མོད། སྦྱོར་འཇུག་གི་རྟོག་པ་སྔོན་དུ་སོང་བ་དག་ལ་ནི། བདེན་གཉིས་སོ་སོར་མ་ཕྱེ་བའི་སྒོམ་དེ་རུང་ཙམ་ཡིན་ཏེ། མཐར་འབྲེལ་བས་མི་བསླུ་བ་སྲིད་པའི་ཕྱིར། གཉིས་པ་ནི། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ་ནི། རྒྱ་བོད་ཀྱི་གསང་སྔགས་པ་ཁུངས་ཐུབ་ཀུན་གྱི་སྒྲུབ་དཀྱིལ་ན། སྐྱེད་རིམ་གྱི་ཚེ། མ་དག་པའི་ཕུང་ཁམས་ཉིད། ལྷར་སྒོམ་པའི་བཤད་པ་སུ་ལའང་མི་སྣང་སྟེ། སྭ་བྷཱ་ཝའི་སྔགས་དོན་སྔོན་དུ་བཏང་ནས། ངག་ཏུ་སྟོང་པའི་ངང་ལས་ཞེས་འདོན་དགོས་པ་ཤ་སྟག་ཏུ་དམིགས་པའི་ཕྱིར། གཉིས་པ། སྒྲུབ་བྱེད་སོ་སོའི་ལན་ལ་བཞི་ལས། གཏན་ཚིགས་དང་པོའི་ལན་ལ། ལུང་གི་དོན་དང་སྒོམ་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །ཅེས་སོགས། མ་དག་པའི་ཕུང་ཁམས་སྐྱེ་མཆེད་སངས་རྒྱས་དངོས་སུ་བཤད་པ་དེ་ནི། སྤྱིར་སངས་རྒྱས་ལ། རང་བཞིན་རྣམ་དག་གི་དང༌། གློ་བུར་རྣམ་དག་གི་དབྱེ་བ་གཉིས་ལས། དང་པོ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་དེའོ། །སེམས་ཅན་གྱི་ངོས་འཛིན་ལ་གཉིས་ཏེ། ཀུན་རྫོབ་པའི་སེམས་ཅན་ཞེས་བྱ་བ། ཉེར་ལེན་གྱི་ཕུང་པོ་ལ་མ་རིག་པ་ལྷན་སྐྱེས་ཀྱིས་བཏགས་པའི་གང་ཟག་དང༌། ང་དང་བྱེད་པ་པོ་སོགས་སུ་ཞེན་པ་དེ་ཡིན་ལ། དོན་དམ་པའི་སེམས་ཅན་ཞེས་བྱ་བ་ནི། རང་བཞིན་གནས་རིགས་སམ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། དང་པོའི་སངས་རྒྱས་ཞེས་བྱ་བའི་མིང་ཅན་དེའོ། །དེའི་ཚེ། ཕུང་སོགས་རྣམས་ནི་ཆོས་དང་གང་ཟག་གི་དབྱེ་བ་སོ་སོར་ཕྱེ་བ་ན། ཆོས་སུ་འཇོག་གི གང་ཟག་ཏུ་མི་འཆད་པས་ན། ལམ་དུ་སྒྲུབ་པ་པོ་དང་འབྲས་བུར་སངས་རྒྱས་པ་ནི། དོན་དམ་པའི་སེམས་ཅན་ཁོ་ན་ཡིན་གྱི། ཀུན་རྫོབ་པའི་སེམས་ཅན་ནི་མ་ཡིན་ཏེ། ཡིན་ན་གྲོལ་བ་པོའི་བདག་ཁས་བླངས་པར་ཐལ་བའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་ངེས་དོན་མཐར་ཐུག་གི་ཚེ་ནི། ཆོས་དང་གང་ཟག་གི་དབྱེ་བ་སོ་སོར་མི་འབྱེད་དེ། ཇི་སྐད་དུ། འཆད་པ་པོ་ང་ཆོས་ཀྱང་ང༌། །ཞེས་གསུངས་སོ། །བསྐྱེད་རིམ་གྱི་ཉམས་ལེན་མཐར་ཕྱིན་ནས། གཞི་དུས་ཀྱི་དོན་དམ་པའི་སེམས་ཅན་ནམ། ཆོས་དབྱིངས་ཡེ་ཤེས་དེ། དྲུག་པ་རྡོ་རྗེ་འཆང་དུ་སངས་རྒྱས་པའི་ཚེ། ཕུང་ཁམས་སོགས་ཆོས་ཅན་སོ་སོ་དང་འབྲེལ་བའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཅན་གྱི་དབྱེ་བས་སོ་སོར་ཕྱེ་བ་རྣམས་ཀྱང༌། རྒྱལ་བ་རིགས་ལྔ་དང་ཡུམ་བཞི་ལ་སོགས་པ་སོ་སོའི་མིང་ཅན་རྣམས་སུ་སངས་རྒྱས་པ་ཡིན་ཏེ། ལམ་གྱི་སྐབས་སུ། ཉམས་ལེན་གྱི་དབྱེ་བ་དེ་ལྟར་བྱས་པས་སོ། །ཆོས་ཉིད་ཀྱི་དབྱེ་བ་འདི་དག་ལ་ནི། རང་བཞིན་རྣམ་དག་གི་ཕུང་སོགས་དང༌། དོན་དམ་པའི་ཕུང་སོགས་ཀྱི་མིང་གིས་བཏགས་སོ། །གཉིས་པ་ཉམས་སུ་ལེན་ཚུལ་ནི། རྡོ་རྗེ་ཐེག་པའི་སྐབས་འདིར། རང་བཞིན་རྣམ་དག་གི་སངས་རྒྱས་སུ་མ་འདུས་པའི་ཕུང་ཁམས་སོགས་མི་སྲིད་ཀྱང༌། ཉམས་སུ་ལེན་པའི་ཚེ། ལྷའི་སྒྲུབ་གཞི་རང་བཞིན་རྣམ་དག་གི་ཡེ་ཤེས་དེ་ཉིད། གློ་བུར་རྣམ་དག་གི་ལྷའི་ཚུལ་དུ་བསྒྲུབས་ནས། དེ་ཉིད་མོས་པ་ལམ་དུ་བྱེད་པ་ཡིན་ཏེ། མི་བསྐྱོད་པ་སོགས་ཡན་ལག་བཞི་རྫོགས་སུ་གྲུབ་པར་བྱས་ནས། དེ་ཉིད་ལ་མཉམ་པར་འཇོག་དགོས་པའི་ཕྱིར། བིརྺ་པའི་ལུགས་ཀྱི་བསྐྱེད་རིམ་ཀྱི་ལྷ་སྒོམ་ཚུལ་ལ། བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བ་མེད་དོ། །ཞེས། བླ་མ་གོང་མ་དག་གི་གསུང་ལས་བྱུང་བ་ཡིན་ནོ། །ཡིན་མོད་དེ་ལས་ཅིར་འགྱུར་ཞེ་ན། དེ་ཚང་བ་ལ་སྟོང་པ་ཉིད་ཀྱི་ལྟ་བ་ལ་ཐོག་མ་ཉིད་དུ་མཉམ་པར་འཇོག་དགོས་ཏེ། དེ་མེད་ན་ཡན་ལག་བཞི་རྫོགས་མི་འབྱུང་བའི་ཕྱིར་རོ། །དེ་ཉིད་གོམས་བྱེད་ཀྱི་ཚུལ་ལ་གཉིས་ཏེ། ཐུན་མོང་བ་ཕ་རོལ་ཏུ་ཕྱིན་པ་དང༌། ཐུན་མོང་མ་ཡིན་པ་སྔགས་ལས་བྱུང་བའོ། །དང་པོ་ལ་གཉིས་ཏེ། འཁོར་ལོ་བར་པ་དང་རིགས་ཚོགས་ཀྱི་དངོས་བསྟན་ངོ་བོ་ཉིད་མེད་སྨྲ་བས་ཕྱེ་བ་དང༌། འཁོར་ལོ་གསུམ་པ་དང་བྱམས་ཆོས་ཀྱི་དངོས་བསྟན། ཐོགས་མེད་མཆེད་ཀྱིས་བཀྲལ་བའོ། །བོད་ཕྱི་མ་དག་ནི། གསང་སྔགས་ཀྱི་སྒྲུབ་ཐབས་ལ་འཇུག་པའི་ཚེ། དཔལ་ལྡན་ཟླ་བས་བཀྲལ་བའི་ལྟ་བས་ཕུ་ཐག་ཆོད་པ་གཅིག་དགོས་ཀྱི། གཞན་གྱིས་ནི། ཅིར་ཡང་མི་རུང་ངོ༌། །ཞེས་ཟེར་ཞིང་རང་ཕྱོགས་པ་ཕྱི་མ་དག དེ་ལ་འཕྱོར་ཆས་སུ་བྱེད་པ་དག་ཀྱང་སྣང་ངོ༌། །དེའི་ལུགས་མ་ནོར་བར་ངོས་འཛིན་ན་ནི། མཚན་འཛིན་གྱི་རྟོག་པ་སེལ་བྱེད་ཙམ་དུ་རུང་ཡང༌། རིམ་པ་གཉིས་ཀྱི་ལམ་སྒྲུབ་པའི་རྟེན་དུ་རུང་བ་མ་ཡིན་ཏེ། ལུགས་དེའི་སྟོང་པ་ཉིད་ཀྱི་མཉམ་གཞག་ཏུ་ནི། རང་ཉིད་རང་གིས་མི་སྟོང་པའི་ཆོས་མི་སྲིད་ལ། ལམ་རིམ་པ་གཉིས་པོའི་མཉམ་གཞག་གི་ཡུལ་ནི། རང་སྟོང་དུ་ཁས་བླངས་ན་ཧ་ཅང་ཐལ་བའི་ཕྱིར། དེ་སྐད་དུ་ཡང༌། གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མིན་ཕྱིར། །ཞེས་གསུངས་སོ། །སྲོལ་འབྱེད་གཉིས་པའི་སྟོང་པ་ཉིད་ཀྱི་ངོས་འཛིན་ནི། ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་རང་སྟོང་དུ་གཏན་ལ་ཕབ་ནས། དོན་དམ་པའི་ཡེ་ཤེས་འབའ་ཞིག་ལྷག་པར་འཇོག་པ་ཡིན་ལ། ལྟ་བ་འདི་ནས། སྔགས་ཀྱི་ཡེ་ཤེས་ཚོགས་གསོག་ལ་འཇུག་པ། མཐུན་ཤས་ཤིན་ཏུ་ཆེ་བ་ནི་སྔགས་དོན་བསམས་པ་ཉིད་ལས་ཤེས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ལུགས་ཀྱི་སྟོང་པ་ཉིད་ནི། ཐོག་མར་རྒྱུ་དུས་ཀྱི་དབང་བསྐུར་དང༌། བྱིན་བརླབས་ལ་བརྟེན་ནས། རྟོགས་བྱའི་ལྟ་བ་འཁོར་འདས་དབྱེར་མེད་ལྟ་བུ། རྟོགས་ཚུལ་གྱི་ཁྱད་པར། ཕར་ཕྱིན་པ་ལྟར་རྟོག་པའི་ཡུལ་དུ་བྱས་པ་མ་ཡིན་གྱི། །མཚོན་བྱེད་དཔེའི་ཡེ་ཤེས་ཙམ་ལས་མ་སྐྱེས་ཀྱང༌། མངོན་སུམ་པ་ཉིད་དུ་གྱུར་པ་གཞིར་བྱས་ནས། ཕྱིས་སྒྲུབ་ཐབས་ལ་འཇུག་པའི་ཐོག་མར། སྭ་བྷཱ་ཝའི་སྔགས་བསམ་ཞིང་ཡིད་ལ་དྲན་པ་ཙམ་གྱིས། སྔར་རྒྱུ་དུས་སུ་སྐྱེས་པའི་ལྟ་བ་དེ་ཉིད་ཉམས་སུ་མྱོང་བར་བྱེད་པ་ཡིན་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ང་ཡིན་ཞེས་མཉམ་པར་འཇོག་པའི་ཕྱིར། དེ་ལྟར་བཞག་པ་དེ་ནས་བཟུང་སྟེ། མངོན་པར་རྟོགས་པ་བསྡུད་རིམ་ལ་མ་ཐུག་གི་བར། གང་དུ་ཡང་མ་དག་པའི་ཕུང་སོགས་ཀྱི་སྣང་བ་ཡུལ་དུ་མི་བྱེད་དེ། རྟེན་དང་བརྟེན་པའི་སྒྲུབ་ཐབས་རེ་རེའི་ཐད་དུ་ཡང༌། སྟོང་པའི་ངང་ལས་ཞེས་པ་དེ་མ་ཆད་པར་བྱེད་དགོས་པའི་ཕྱིར། ས་སྐྱ་པའི་གཞུང་ན་སྟོང་ཉིད་བཙན་ཐབས་སུ་སྒོམ་པ་དང༌། བཤིག་ནས་སྒོམ་པའི་ཚུལ་གཉིས་ཡོད་ཟེར་མོད། དགོངས་པ་ཤེས་དགོས་ཏེ། བཤིག་ནས་ཅི་ཡང་མ་དམིགས་པའི་མེད་དགག་ལ་འཆད་ན། དེ་ཟབ་མོ་ཐལ་ཆུང་དུ་སོང་བས། གཞན་ཟེར་དབྱངས་སུ་མ་ལེན་ཅིག དེ་ཁོ་ནར་མ་ཟད་ཀྱི། རྣལ་འབྱོར་ཕ་མའི་རྒྱུད་སྡེ་གང་ཡང༌། མ་དག་པའི་ཕུང་པོ་ཉིད་ཀྱི་རང་ལྡོག་ནས་ལྷར་མ་སྒོམས་ན། ཉེས་པ་ཆེན་པོར་འགྱུར་བའི་སྐད་ཆ་གསལ་པོ་རང་མི་སྣང་སྟེ། ཕུང་པོ་ལྔ་སངས་རྒྱས་ཟེར་མཁན་གྱི་གཙོ་བོ་གསང་འདུས་པ་ཡིན་ཡང༌། དེའི་ལུགས་ཀྱི་ཆོས་སྐད་ལ། མ་དག་པའི་ཕུང་པོ་སྣོད་ཟ་མ་ཏོག་ལྟ་བུ་དེའི་ནང་དུ་སྟོང་པ་གསུམ་གྱི་ཡེ་ཤེས། བསྐྱེད་རྫོགས་ཀྱི་ལྷར་གྲུབ་ནས། རྣལ་འབྱོར་པས་ཟུང་འཇུག་མངོན་དུ་བྱས་པ་དེའི་ཚེ། སྦྲུལ་གྱི་ཤུན་ལྤགས་བརྗེས་པ་བཞིན་དུ། མ་དག་པའི་ཕུང་པོ་ཤུལ་དུ་འདོར་བར་འཆད་ཀྱིན་འདུག་པའི་ཕྱིར་དང༌། མ་རྒྱུད་དུ། བསྐྱེད་རིམ་གྱི་ལྷ་སྒོམ་ཚུལ་ལ། མངོན་པར་བྱང་ཆུབ་པ་ལྔ་དང༌། ཆོ་ག་གསུམ་བསྐྱེད་དང༌། དབང་རྣོན་ལ་ལྟ་བ་སྔོན་སོང་གི དཀྲོངས་བསྐྱེད་དང་གསུམ་ལས་མ་བཤད་ལ། དེ་ཐམས་ཅད་ལ་ཡང༌། ཀུན་རྫོབ་ཀྱི་ཕུང་པོ་དམིགས་མེད་དུ་གཏོང་དགོས་པའི་ཕྱིར། ཞར་ལ་འདི་ཤེས་དགོས་ཏེ། སྔགས་ཀྱི་གཞི་ལམ་ཐམས་ཅད་དུ། གང་ཟག་དང་ཆོས་གཉིས་ལས་མ་གཏོགས་པའི་ཤེས་བྱ་མི་སྲིད་ལ། དེ་རེ་རེ་ལ་ཡང་ཀུན་རྫོབ་པའི་དང་དོན་དམ་པའི་གང་ཟག་དང་ཆོས་གཉིས་གཉིས་སུ་ཕྱེ་བ་ལས། ཀུན་རྫོབ་པའི་གང་ཟག་ནི། མཉམ་པར་གཞག་པའི་རྣལ་འབྱོར་གྱིས་ལམ་སྒྲུབ་པ་པོར་མི་རུང་སྟེ། གང་ཟག་དེ་ཡུལ་དུ་བྱེད་པའི་བློ་ནི་འཇིག་ལྟ་ལས་མ་འདས་པས། ཕྱི་རོལ་པའི་རྣལ་འབྱོར་དང་མཚུངས་པའི་ཕྱིར། ཀུན་རྫོབ་པའི་ཆོས་རྣམས་ཀྱང༌། ལམ་རིམ་པ་གཉིས་ལ་མཉམ་པར་བཞག་པའི་རྟེན་བརྟེན་པ་མཆོད་རྫས་སོགས་གང་གིས་ཡང་སྒྲུབ་གཞིར་མི་འཇོག་སྟེ། དེ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་བློ་ནི། རྣམ་ཤེས་སམ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཁོ་ནར་ངེས་པས། དངོས་པོར་སྨྲ་བའི་སྒོམ་དང་ཁྱད་མེད་དུ་ཐལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་མཉམ་པར་མ་གཞག་པའི་རྣལ་འབྱོར་ལ་ནི། མ་རིག་པ་ལྷན་སྐྱེས་ཀྱིས་བཏགས་པའི་ཀུན་རྫོབ་ཀྱི་བདེན་པ་ཐད་སོར་འཇོག་པ་ཡིན་ནོ། །དེ་ལྟ་བས་ན། མཉམ་པར་བཞག་པའི་སྒྲུབ་པ་པོ་དང༌། བསྒྲུབ་བྱའི་ཆོས་མཐའ་དག་ནི། དོན་དམ་པའི་དེ་དང་དེའི་དབང་དུ་བྱས་པ་ཁོ་ནའོ། །འདི་གྲངས་ཅན་གྱིས་བཏགས་པའི་བདག་ཤེས་རིག་གི་སྐྱེས་བུ་དང་འདྲ་བ་མ་ཡིན་ཏེ། འདི་ནི་བདག་འཛིན་རྟོག་པའི་ཡུལ་ལས་འདས་པའི་ཕྱིར། རྒྱུད་བླ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ། །དེ་ལྟར། སྒྲུབ་བྱེད་དང་པོའི་ལན་བཤད་ཟིན་ནས། སྒྲུབ་བྱེད་གཉིས་པས་ཀྱང་མི་འགྲུབ་པར་བསྟན་པ་ནི། ལུས་ཀྱི་དཀྱིལ་འཁོར་ནི། ཕྱིའི་དཀྱིལ་འཁོར་དང་མི་འདྲ་བར། ལུས་གྲུབ་ཙམ་ཉིད་ནས། ལྷ་དང་གཞལ་ཡས་ཁང་པར་གྲུབ་ཟིན་པས། ཇི་ལྟར་གྲུབ་པ་དེ་ཉིད་ལམ་དུ་བྱེད་པ་ཡིན་ནོ། །ཞེས་འཆད་པ་འདིའི་ལན་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། ཞིབ་མོར་བཤད་པའོ། །དང་པོ་ནི། གྲུབ་ལུགས་ཇི་ལྟར་ཡིན་ཡང༌། ངག་འདོན་བྲག་ཆ་ལྟ་བུར་སོང་བས་ནོངས་པ་ཡིན་ཏེ། དགྱེས་པ་རྡོ་རྗེ་མན་ངག་པའི་ལུགས་ཀྱིས། འབྲས་བུ་རྡོ་རྗེ་འཛིན་པའི་སྐུ་ལ། ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བཏབ་ནས། གོམས་པར་བྱེད་པ་ཡིན་ལ། རྡོ་རྗེ་འཛིན་པ་དེའི་སྐུ་ནི། མངོན་པར་བྱང་ཆུབ་པ་ལྔ་ཡོངས་སུ་རྫོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཞེས། ངག་ཏུ་འདོན་པ་ཡིན་གྱི། དེར་མ་དག་པའི་ཕུང་པོ་མི་འཇོག་པའི་ཕྱིར་དང༌། དྲིལ་བུ་ལུས་དཀྱིལ་སྒོམ་པའི་ཐོག་མར། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་སོགས། ངག་ཏུ་བཏོན་ནས་དགའ་བ་གསུམ་ཉམས་སུ་མྱོང་བའི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད། ལྷག་པའི་ལྷར་བཞེངས་པའི་ལུས་ལ། དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་འདེབས་པ་ཡིན་གྱི། མ་རིག་པ་ལྷན་སྐྱེས་ཀྱིས་བཏགས་པའི་གང་ཟག་དང་ཆོས་ཐམས་ཅད་དགའ་བ་གསུམ་པོ་ཉམས་སུ་མྱོང་བ་ཉིད་ཀྱིས་དམིགས་མེད་དུ་བྱས་ཟིན་པའི་ཕྱིར་དང༌། དེ་ལས་གཞན་དུ་ན། ལམ་ཟབ་རྒྱུན་གྱི་རྣལ་འབྱོར་དང༌། རྣལ་འབྱོར་པ་ལ་དུས་ཐ་མའི་ཆོ་ག་བྱས་པའི་ཚེ། རྩ་ལྟུང་བརྒྱད་པ་ངེས་པར་ཉམས་སུ་ལེན་དགོས་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་ལ་དངོས་དང་ཤེས་བྱེད་དགོད་པའོ། །དང་པོ་ནི། སྤྱིར་མིའི་ལུས་གྲུབ་ཙམ་ནས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རང་བཅས་སུ་གྲུབ་པ་ཡིན་པས། མ་དག་པའི་ལུས་ཉིད། ལྷར་སྒོམ་པར་མ་ཟད། ལྷ་ཉིད་ཡིན་ནོ། །ཞེས་འཆད་པ་དེ་དག་ནི། ལུས་ལ་ཐ་མལ་དུ་ཞེན་པ་སྤོང་བ་སོགས། ཕན་ཡོན་དུ་མ་ཡོད་པའི་ཆ་ནས། སྒྲུབ་པ་པོ་དད་པའི་རྗེས་འབྲང་ཙམ་དུ་འགྱུར་མོད། ཆོས་ཀྱི་རྗེས་སུ་འབྲང་བ་ནི་མ་སོང་སྟེ། ལུས་དཀྱིལ་ལ་ཉམས་ལེན་བྱེད་པའི་སྔོན་འགྲོ། དངོས་གཞི་རྗེས་སུ་ཡིད་ལ་བྱེད་ཚུལ་རྣམས་ཚད་ལྡན་གྱི་སྒྲུབ་དཀྱིལ་ནས་བཤད་པ་ལ། བརྡ་དོན་མ་འཕྲོད་པར་སྣང་བའི་ཕྱིར། ཇི་ལྟར་ཞེ་ན། དང་པོར། རྣལ་འབྱོར་པ་རང་ཉིད་ཡེ་ཤེས་ལྔའི་ངོ་བོར་གྱུར་པའི་ཧཱུྃ་ལས། ལྷག་པའི་ལྷ་ཞལ་བཞི་ཕྱག་བཅུ་གཉིས་པར་གྲུབ་པའི་སྐུ་ལ། ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་འདེབས་པ་དེ། ངག་ཏུ་འདོན་བཞིན་དུ་ཡང་གོ་ཡུལ་དུ་མི་འཇོག་པར། སྒྲུབ་པ་པོ་ཞལ་གཅིག་ཕྱག་གཉིས་པའི་ཐ་མལ་གྱི་ལུས་ལ། ལུས་དཀྱིལ་རྫོགས་པར་གྲུབ་ཟིན་པ་དེ་ཉིད་སྒོམ་པའི་གྲུབ་མཐའ་འཇོག་པ་ནི། སྔོན་འགྲོ་དགའ་བ་གསུམ་ངོས་མ་ཟིན་པས་ལེན་པ་དང༌། ལུས་དཀྱིལ་གྱི་རྟེན་བརྟེན་པ་ཀུན། ཡེ་ཤེས་སུ་ཁས་མི་ལེན་པར། ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་དུ་ཁས་ལེན་པ་ནི། བླ་མས་ལུས་དཀྱིལ་དུ་དབང་བསྐུར་དུས་དང༌། ཕྱིས་རང་ཉིད་དེར་བདག་འཇུག་ལེན་དུས་སུ། སྭ་བྷཱ་ཝའི་སྔགས་ཀྱིས། མ་དག་པའི་ཕུང་པོ་ལྔ་སོ་སོ་ནས་མི་དམིགས་པར་བྱས། སྟོང་པ་དེ་ཉིད་ཀྱི་ངང་ལས་རྒྱལ་བ་རིགས་ལྔ་སོ་སོར་ཡན་ལག་བཞི་རྫོགས་སུ་བསྒྲུབས་ནས། ཉམས་སུ་ལེན་དགོས་པ་དེ་མ་གོ་བས་ནོངས་པ་དང༌། གཞུང་ལས། ཇི་སྐད་དུ། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པ་ཡང་དག་འཛིན། །དཔའ་བོ་ཉི་ཤུ་རྩ་བཞི་ནི། །ལུས་ཀྱི་ཁམས་སུ་རྣམ་པར་བརྟག །ཅེས་གསུངས་པ་དེས། ཐ་མལ་གྱི་རྩ་ཁམས་ཉིད། དཔའ་བོ་དང་རྣལ་འབྱོར་མ་དངོས་སུ་བསྟན་ནོ། །ཞེས་ཟེར་བ་དེས་ནི། ལུས་དཀྱིལ་གྱི་བརྟེན་པ་ལྷ་ངོས་འཛིན་པ་ན། ཆོས་རྣམས་རང་བཞིན་རྙོག་བྲལ་དག །སངས་རྒྱས་ཡེ་ཤེས་བལྟ་བར་བྱོས། །ཞེས་དང༌། ཕོ་བྲང་ལྔའི་ལྷ་ངོས་འཛིན་པ་ན། ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་སོ་སོ་ནས་རྣམ་པར་དག་པ་ཉིད། རྒྱལ་བ་རིགས་ལྔ་འཁོར་བཅས་སུ་ངོས་བཟུང་བ་དེ་མ་གོ་བས་ནོངས་པ་དང༌། ལུས་ཀྱི་རྩ་ཁམས་ལྷ་ཡིན་པ་དང༌། ལྷ་རྩ་ཁམས་ཀྱི་རྣམ་པར་བསྟན་པའི་རྣམ་དབྱེ་མ་ཕྱེད་པས་ནོངས་པ་དང༌། རྟེན་གྱི་གཞལ་ཡས་ཁང་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཉིད་དུ་གནས་པའི་བཤད་པ་བྱེད་བཞིན་དུ། དེ་འདྲ་དེ་ལུས་ཀྱི་གཞལ་ཡས་ཁང་ལ་སྦྱོར་མི་ཤེས་པས་ནོངས་པའི་ཕྱིར་ན། སྒྲུབ་པ་པོ་ཆོས་ཀྱི་རྗེས་འབྲང་དུ་མ་སོང་ངོ༌། །འདིར་ཅུང་ཟད་སྤྲོས་ན། ལུས་དཀྱིལ་གྱི་རྟེན་བརྟེན་པའི་རྣམ་གཞག་ནི། གདོད་མ་ནས་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཉིད་དུ་གྲུབ་པ་ཡིན་གྱི། ལས་དང་ཉོན་མོངས་པའི་རྣམ་སྨིན་དང་བདག་པོའི་འབྲས་བུ་ནི་མ་ཡིན་ནོ། །བྱང་ཕྱོགས་ལ་ཡང༌། གཉིས་ཏེ། རང་བཞིན་རྣམ་དག་གི་དང་གློ་བུར་རྣམ་དག་གིའོ། །དང་པོ་ནི། གདོད་མ་ཉིད་ནས་བཅོས་མིན་གྱི་རྟེན་བརྟེན་པ་སོ་སོ་བ་ཉིད་མ་ཡིན་པའི་དཀྱིལ་འཁོར་དུ་གྲུབ་པ་ཡིན་གྱི། མིའི་ལུས་གསར་དུ་གྲུབ་པ་ལ་ལྟོས་དགོས་པ་མ་ཡིན་ཏེ། ལྟོས་ན་གསར་དུ་བཅོས་མར་ཐལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་རྣལ་འབྱོར་པས་ལམ་དུ་བྱེད་པ་ལ་ནི། མིའི་ལུས་སུ་གྲུབ་པ་ལ་ལྟོས་དགོས་པ་ཡིན་ཏེ། ལུས་དེའི་གནས་དེ་དང་དེར། རྟེན་དང་བརྟེན་པ་སོ་སོ་ཐ་དད་པའི་ཚུལ་གྱིས་གསལ་འདེབས་དགོས་པའི་ཕྱིར། དཔེར་ན། གནས་ཚུལ་གྱི་རྒྱལ་བ་རིགས་ལྔ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་བཞུགས་ཀྱང༌། ཉམས་ལེན་གྱི་ཚེ་སོ་སོར་བརྡ་འཕྲོད་པ་ཐིག་ཚོན་དང༌། རི་མོར་བྲིས་པ་སོགས་དང༌། རྣམ་ཤེས་ཀྱི་ཡུལ་དུ་སོ་སོར་འཆར་བ་ལ་རག་ལས་པ་བཞིན་ནོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་སྣ་བདུན་ནི། ཡེ་ཤེས་སུ་རོ་གཅིག་ཀྱང་སོ་སོར་ངོ་འཕྲོད་པ་མཆོད་གཤོམས་ལ་རག་ལས་པ་བཞིན་ནོ། །འོ་ན་བཅོས་མ་བཅོས་ཀྱི་དབྱེ་བ་མེད་པར་འགྱུར་རོ། །ཞེ་ན། དབྱེ་བ་དེ་ནི། སྒྲུབ་ཐབས་དང་སྒྲུབ་པ་པོའི་ཁྱད་པར་ལས་ཏེ། ཕྱི་དབྱིབས་ཀྱི་དཀྱིལ་འཁོར་གསར་དུ་འཆོས་དགོས་མི་དགོས་ཀྱི་ཁྱད་པར་ལས་སོ། །རྟེན་བརྟེན་པ་ཐམས་ཅད་རང་བཞིན་རྣམ་དག་གི་ཡེ་ཤེས་ལ་འཇོག་ན། ཕྱི་ནང་གི་དབྱེ་བ་གང་གིས་འབྱེད། ཅེ་ན། སྒྲུབ་པ་པོའི་བློ་ཀུན་རྫོབ་པའི་དབྱེ་བ་ལས་ཏེ། དོན་དམ་པར་ནི། རས་བྲིས་དང་རྡུལ་ཚོན་ཡང༌། མི་དམིགས་པར་བྱས་ཟིན་པའི་འོག་ཏུ་ཡེ་ཤེས་འབའ་ཞིག་ལས་གྲུབ་དགོས་པའི་ཕྱིར་རོ། །དེ་ལྟར་སྒྲུབ་པ་བཅོས་མ་གཉིས་ལ་ཡིན་གྱི། ལུས་དཀྱིལ་ལ་མེད་དོ་སྙམ་ན། བརྟག་པར་བྱ་སྟེ། ལུས་དཀྱིལ་དུ་དབང་མ་བསྐུར་བར་ནི། དེའི་ཉམས་ལེན་ལ་འཇུག་ཏུ་མི་རུང་ལ། དེའི་དབང་བསྐུར་བའི་ཚེ་ནི། དཔོན་སློབ་གཉིས་ཀས་སློབ་མའི་ཕུང་པོ་ལྔ་དམིགས་མེད་དུ་གཏོང་ཐེངས་ལྔ་ཙམ་བྱས་ཤིང༌། བརྟུལ་ཞུགས་ཀྱི་ཚེ་ཆོས་དབྱིངས་ཡེ་ཤེས་ལྷག་མར་བཞག་ནས། སློབ་དཔོན་གྱི་དབང་གི་ཚེ། དཀྱིལ་འཁོར་དང༌། ལྷ་དང༌། རྡོ་རྗེ་དྲིལ་བུ་སོགས་ཀྱི་དེ་ཁོ་ན་ཉིད་བཤད་ནས། ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པར་ངོ་སྤྲད་པའི་ཕྱིར་དང༌། དབང་གི་རྟོགས་པ་བརྗོད་པ་ན། ལུས་རྩ་དང༌། རྩ་ཡི་གེ་དང༌། ཁམས་བདུད་རྩི་སོགས་གནས་གྱུར་པ་ཉིད་དུ་ངོ་སྤྲོད་པའི་ཕྱིར་རོ། །སྒྲུབ་བྱེད་གསུམ་པས་མི་འགྲུབ་པར་བསྟན་པ་ནི། ལུང་མ་བསྟན་ལམ་དུ་བྱེད་པ་ཡོད་པས། རྣམ་སྨིན་གྱི་ཕུང་པོ་ལྷར་སྒོམ་མོ། །ཞེས་གསུང་མོད། ལམ་བྱེད་བཤད་པའི་དོན་ནི། ཐ་མལ་པ་ལ་ལུང་མ་བསྟན་དུ་འཆར་རྒྱུའི་གཉིད་ལྟ་བུ་སྟེ། ཐབས་ལ་མཁས་པས། འོད་གསལ་དུ་བསྒྱུར་བ་ལྟ་བུ་ལ་འཆད་མོད། དེའི་ཚེ་ལུང་མ་བསྟན་དང་དགེ་བའི་གཞི་མཐུན་ཁས་བླངས་ན། སྡེ་སྣོད་ཆེན་པོ་རྣམས་ཀྱི་རྣམ་གཞག་དང་འགལ་བར་འགྱུར་རོ། །དེ་བས་ཀྱང་ཅུང་ཟད་རགས་པ། ཉོན་མོངས་པ་བྱང་ཆུབ་ཀྱི་ལམ་དུ་བྱེད་པ་ཞིག་ཀྱང་བཤད་མོད། དེའི་ཚེ། མི་དགེ་བ་དང་མཐོང་ལམ་ལྟ་བུའི་གཞི་མཐུན་ཁས་ལེན་པ་ནི་མ་ཡིན་གྱི། ཉོན་མོངས་པ་འདོད་ཆགས་ལྟ་བུའི་དོན་དམ་པའི་ངོ་བོ་མྱོང་བ་གསལ་རིག་གི་ཆ་དེ། བདག་བྱིན་གྱིས་བརླབས་པ་ལྟ་བུའི་ཐབས་མཁས་ཀྱིས། མཐོང་བའི་ལམ་དུ་གནས་གྱུར་ཐུབ་པ་ལྟ་བུ་ལ་བྱ་བ་ཡིན་གྱི། དེའི་ཚེ་ཉོན་མོངས་རང་མཚན་པ་དང་མཐོང་ལམ་གྱི་གཞི་མཐུན་གསང་སྔགས་པས་ཁས་ལེན་དུ་ག་ལ་རུང༌། སྒྲུབ་བྱེད་བཞི་པས་ཀྱང་མི་འགྲུབ་པ་ནི། སྟག་མོར་བསྒོམས་པས་གསལ་སྣང་སྐྱེས་པ་ནི། སྔགས་དང་རྫས་ཀྱི་ནུས་པ་ལས་འབྱུང་བ་སྟེ། བརྫུས་སྟག་ཏུ་གྲགས་པ་ལྟ་བུ་དང༌། ཀེང་རུས་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པས། རྒྱ་མཚོའི་མཐའ་ཀླས་པ་ཉིད་དུ་ཁྱབ་པར་སྤྲོ་ནུས་པ་དག་བཤད་མོད། དེ་དག་ནི་འཇིག་རྟེན་ཐ་མལ་པའི་དང༌། གནས་སྐབས་སུ་ལུས་གཙང་འཛིན་གྱི་གཉེན་པོར་བཤད་པ་ཙམ་ཡོད་མོད། དེ་འདྲ་ཀུན་ནི། ཡང་དག་པ་མ་ཡིན་པའི་དོན་གོམས་པས་གོམས་བྱ་ལ་གསལ་སྣང་སྐྱེ་བའི་དཔེ་ཡིན་གྱི། འདིར་ནི། སངས་རྒྱས་ཉིད་དུ་གྲུབ་པར་བྱེད་པའི་ཉེར་ལེན་གྱི་རྒྱུ་དང༌། ལྷན་ཅིག་སྐྱེས་པའི་རྐྱེན་ཡིན་ངེས་གཅིག་ངོས་བཟུང་ནས། དེ་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པས། མཐར་སངས་རྒྱས་ཉིད་དུ་འགྱུར་ངེས་པའི་ཤེས་བྱེད་ཀྱི་གཏན་ཚིགས་ཡང་དག་གཅིག་འཚོལ་དགོས་པ་བྱུང་བ་དེའི་ཚེ། སངས་རྒྱས་པའི་ལུང་ནི། ཕྱི་རོལ་པ་སོགས་ཀྱི་ངོར་སྒྲུབ་བྱེད་དུ་མི་འཇུག་པས། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཉིད་དགོས་ཤིང༌། རིགས་པ་དེ་ནི། རྣམ་འགྲེལ་མཛད་པས་བཤད་པ་ལས་ལྷག་པ་ལྟ་ཞོག མཉམ་པ་ཙམ་ཡང་ཤིང་རྟའི་སྲོལ་གཞན་ལས་མ་བྱུང་ངོ༌། །དེ་ཡང་གང་ཞེ་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བརྩེ་བ་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བ་དེ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་ན། གོམས་བྱའི་དོན་ལ་གསལ་བ་རབ་ཀྱིས་མཐར་ཕྱིན་པ་འབྱུང་དུ་རུང་སྟེ། རྟེན་བརྟན་བྱས་ཟིན། འབད་རྩོལ་བསྐྱར་མ་ལ་མི་ལྟོས། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཞེས་གསུངས་པ་འདི། ཆོས་ཀྱི་རྗེས་རིགས་གཏེར་དུ་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟ་བུའི་རིགས་པ་དེ་ནི། གཞི་དུས་དང་ལམ་དུས་ཀྱི་རང་བཞིན་རྣམ་དག་གི་ཡེ་ཤེས། ཤེས་འདོད་ཆོས་ཅན་དུ་བཟུང་ནས། བསྒྲུབས་ན་འགྲུབ་པ་ཡིན་གྱི། རྣམ་སྨིན་གྱི་ཕུང་པོའམ། དེ་ལྟར་སྣང་བའི་རྣམ་རིག་གང་ཆོས་ཅན་དུ་བཟུང་ཀྱང༌། གཏན་ཚིགས་གསུམ་ག་མི་འགྲུབ་པས། སྒྲུབ་བྱེད་མེད་དོ། །རེ་ཤིག་དང་པོར། རྟེན་བརྟན་པ་མི་འགྲུབ་སྟེ། སྔགས་ལམ་གྱི་སྐྱེ་བ་བརྒྱུད་ནས་ལེན་པ་ནི། སྐྱེ་བ་བདུན་དང་བཅུ་དྲུག་ལྟ་བུ་ལ། སངས་རྒྱ་བ་ནི། རྣམ་སྨིན་གྱི་ཕུང་པོ་སྔ་མ་འདོར་ཞིང༌། ཕྱི་མས་ལེན་པས། བརྟན་པ་མ་ཡིན་ལ། ལུས་དཀྱིལ་བརྡ་འཕྲོད་པའི་ཚེ་འདི་ཉིད་ལ་སངས་རྒྱ་བ་ནི། དུས་ཀྱི་འཁོར་ལོ་དང༌། མ་རྒྱུད་ཀྱི་གདམས་ངག་པ་དག གསེར་འགྱུར་གྱི་རྩིས། ལྕགས་ཀྱི་ཁམས་ཟད་པར་བྱས་ཤིང༌། གསེར་དུ་བསྒྱུར་བ་ལྟར། བདག་བྱིན་གྱིས་བརླབས་པའི་རིམ་པས། རྣམ་སྨིན་ཕུང་པོའི་རང་གི་ངོ་བོ་ཟད་པར་བྱེད་དགོས་པ་ཉིད་དུ་བཤད་པས་ན། མི་བརྟེན་པར་མ་ཟད། སངས་རྒྱས་ཀྱི་ཉེར་ལེན་དུ་ཡང་མ་བཤད་དོ། །བྱས་ཟིན་འབད་རྩོལ་ལ་མི་ལྟོས་པ་དང༌། ངང་གིས་འཕེལ་བའི་དོན་ཡང༌། ཐབས་གང་དང་གང་གིས། ཆོས་ཉིད་མངོན་སུམ་དུ་མཐོང་བ་དང༌། མཐོང་ནས་འབད་རྩོལ་ལ་མི་ལྟོས་པར་འཕེལ་བའི་དོན་ཡིན་ལ། རྣམ་སྨིན་གྱི་ཕུང་པོ་ལྷར་མཐོང་བ་ནི། ཇི་ལྟར་བཟང་ཡང་བསྐྱེད་རིམ་ལས་མ་འདས་ལ། བསྐྱེད་རིམ་གྱི་ལྷའི་སྒྲུབ་གཞི་ཡིན་ངོ་ཤེས་པ་ཞིག་ལས་བསྒྲུབས་ན། ཆོས་ཉིད་མངོན་སུམ་དུ་མཐོང་སྲིད་ཀྱང༌། སྒྲུབ་གཞི་མ་ཡིན་པ་ལས་བྱུང་བའི་གསལ་སྣང་ནི། དེ་མ་ཡིན་པ་ལ་དེར་བཟུང་བའི་ཕྱིར། རྟོག་མེད་འཁྲུལ་ཤེས་ལས་མ་འདས་སོ། །མདོར་ན་བདག་བསྐྱེད་ཀྱི་དཀྱིལ་འཁོར་དང༌། ཟག་བཅས་ཀྱི་ཕུང་པོའི་གཞི་མཐུན་མི་སྲིད། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དངོས་དང༌། རྡུལ་ཚོན་དང་རས་བྲིས་སོགས་ཀྱི་གཞི་མཐུན་མི་སྲིད། བྱིན་གྱིས་བརླབས་པའི་མཆོད་རྫས་དངོས་དང༌། ལས་ཉོན་གྱི་བདག་འབྲས་སུ་གྱུར་པའི་མེ་ཏོག་སོགས་ཀྱི་གཞི་མཐུན་མི་སྲིད། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང༌། ལྷའི་གཞལ་ཡས་ཁང་གི་གཞི་མཐུན་མི་སྲིད་དོ། །ཞེས་བྱ་བ་ནི་སྒྲུབ་པ་པོ་ཆོས་ཀྱི་རྗེས་འབྲང་དག་གིས། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ཤེས་པར་བྱས་ནས། རྣལ་འབྱོར་དུ་བྱ་བའི་རིམ་པ་ཡིན་ལ། ཇི་སྐད་བཤད་མ་ཐག་པ་ལས་ལོག་སྟེ། དེ་དང་དེའི་གཞི་མཐུན་པ་ཉིད་དུ་ཞེན་ནས་འཇུག་པ་ནི། སྒྲུབ་པ་པོ་དད་པའི་རྗེས་འབྲང་དག་གིས། འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ལས་གཞན་མ་ཤེས་པས། ཡིད་ལ་བྱ་བའི་རིམ་པ་ཉིད་དུ་མཛད་དགོས་པས་ན། རྣམ་པ་ཀུན་ཏུ་དགག་པར་བྱ་བ་ནི་མ་ཡིན་ནོ། །དྲི་བ་འདིའི་ཞར་བྱུང་གི་སྐབས་ན། ལྷ་ཡིན་ཡང་ཀུན་རྫོབ་བདེན་པ་སྲིད་ཅེས་དང༌། གཞི་ལམ་འབྲས་བུའི་ཟུང་འཇུག་གི་རྣམ་གཞག་རེ་རང་ལུགས་སུ་མཛད་འདུག་པ་དེ་ལ། ཕྱི་རབས་པ་གཞན་གྱིས་བཏགས་པའི་ཆོས་སྐད་འདྲེས་པས། འདི་སྐད་ཅེས། སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་བདེན་པ་ནི། མདོ་སྔགས་གཉིས་ཀ་ནས་མི་སྲིད། གཞན་སྣང་གི་གཟུགས་སྐུ་གཉིས། སེམས་ཅན་གྱིས་བསྡུས་པ་བྱམས་ཆོས་ཀྱི་ལུགས། སངས་རྒྱས་དང་སེམས་ཅན་གཉིས་ཀས་མ་བསྡུས་པ། ཟླ་གྲགས་ཀྱི་ལུགས། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། དོན་དམ་བདེན་པར་འཇོག་པ། སྔགས་ཀྱི་ལུགས། ཟུང་འཇུག་ཅེས་པ། ཐ་དད་པར་གཉིས་སུ་དབྱེར་མེད་པའི་ཆོས་སྐད། ཟུང་འབྲེལ་ཞེས་པ་གཉིས་སུ་དབྱེར་ཡོད་པའི་བརྡ་སྐད་ཡིན་པ་དེ་རྣམས་བོད་ཕྱི་མ་ལ་མི་སྣང་ངོ༌། །ཡང་དྲི་བ་དྲུག་པ་ནི། སོ་སོར་ཐར་པའི་སྡོམ་པ་ལ། ཡིད་ཀྱི་སྡོམ་པ་མི་སྲིད་པར་བཤད་འདུག་པ་དང༌། མདོ་ལས། དགེ་བསྙེན་ཙམ་གྱིས་ཀྱང་མི་དགེ་བཅུ་སྤོང་བར་བཤད་འདུག་པ། མི་འགལ་ལམ་གསུངས་པ་ནི། སྤྱིར་འདུལ་བའི་མིང་ཅན་ལ། ཉན་ཐོས་ཀྱི་དང༌། བྱང་ཆུབ་སེམས་དཔའི་དང༌། གསང་སྔགས་ཀྱི་དང་གསུམ་གསལ་བར་བཤད། སོ་སོ་ཐར་པ་ལའང༌། ཉན་ཐོས་ཀྱི་དང༌། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ནི་གསལ་བར་བཤད་ལ། གསང་སྔགས་ལའང་དོན་གྱིས་གྲུབ། སྡོམ་པ་ལའང་ལུས་ཀྱི་དང༌། ངག་གི་དང༌། ཡིད་ཀྱི་དང་གསུམ་བཤད། འདིར་ཉན་ཐོས་ཀྱི་འདུལ་བ་དང༌། སོ་ཐར་ནི་བསྟན་པའི་རྩ་བ་དང༌། ཐེག་པ་ཐམས་ཅད་ལ་ཁྱབ་བྱེད་ཐུན་མོང་བ་ཡིན། བྱང་སེམས་ཀྱི་སོ་ཐར་ནི། ཐེག་པ་གོང་མ་གཉིས་ལ་ཁྱབ་བྱེད་དུ་འགྲོ། སྔགས་ཀྱི་དེ་དག་ནི་ཐུན་མོང་མ་ཡིན་པའོ། །འདིར་ཉན་ཐོས་ཀྱི་འདུལ་བ་དང་སོ་ཐར་གྱི་དབང་དུ་བྱས་ན། འདི་ལ་ཡིད་ཀྱི་སྡོམ་པ་མི་འཆད། སོ་ཐར་རིགས་བརྒྱད་པོ་གང་ལེན་ཀྱང༌། ཡིད་ཀྱི་སྡོམ་པ་མ་བླངས། བསླབ་བྱ་བརྗོད་པའི་ཚེ་ཡང༌། ཡིད་ཀྱི་ཉེས་པ་མ་བཤད། དགེ་སློང་གི་སྡོམ་པ་ལ་ལྟོས་པའི་ལྟུང་བ་འཆད་པའི་ཚེ། ལུས་ངག་གི་རིག་བྱེད་གང་དུ་ཡང་མ་གྲུབ་ན། ཡིད་ཁོ་ནའི་ཉེས་པ་ལ་ནི། ལྕི་བ་ཕམ་པ་ནས། ཡང་བ་ཉེས་བཅས་ཀྱི་བར་གང་དུ་ཡང་འཆད་མི་ཐུབ། སོ་ཐར་སྡོམ་པ་ལེན་དུས་ཀྱི་ཀུན་སློང་ལ། འཁོར་བ་སྤོང་སེམས་དང༌། མྱང་འདས་ལ་དོན་གཉེར་དགོས་ཀྱང༌། དེ་སྡོམ་པའི་ངོ་བོར་མི་འཆད། ཡིད་ཀྱི་ཉེས་པའི་མཐར་ཐུག ལོག་པར་ལྟ་བས། སོ་ཐར་གྱི་སྡོམ་པ་རྩ་བ་ནས་གཏོང་བར་བྱེད་ཀྱང༌། དེ་དགེ་སློང་གི་སྡོམ་པ་ལ་ལྟོས་པའི་ལྟུང་བ་སྡེ་ལྔ་པོ་གང་དུ་ཡང་མི་འཆད། མདོར་ན། དགེ་སློང་གི་སྡོམ་པ་ལ། སྤོང་བདུན་འཁོར་བཅས་ལས་གཞན་མི་འཆད་པ་དང༌། རིགས་བརྒྱད་ཀ་ལ། ཡིད་ཀྱི་སྡོམ་པ་མི་འཆད་པ་ནི། འདུལ་བ་འདིའི་ལུགས་ཀྱི་མདོ་འགྲེལ་པ་དང་བཅས་པའི་དངོས་བསྟན་རང་ཡིན་པས། ཡིད་གཉིས་འཚལ་དགོས་པ་མེད། སྡོམ་གསུམ་རབ་དབྱེ་འཆད་དུས་ཀྱི་སོ་ཐར་སྡོམ་པ་དེ་ཡང༌། འདི་ཁོ་ན་ལས་གཞན་དུ་མ་འཁྲུལ་ཅིག དེ་ནས་ཡང༌། དྲི་བ་བདུན་པ། སོ་ཐར་སྡོམ་པའི་སྐབས་སུ། རིག་བྱེད་དང་རིག་བྱེད་མ་ཡིན་པ་ཅི་ལ་ཟེར་ཞེས་གསུངས་པ་ནི། སྤྱིར་རིག་བྱེད་ཅེས་པ་ལུས་ངག་གི་བྱ་བྱེད་འཕྲལ་དུ་མཐོང་ཐོས་སུ་གྱུར་པ་འདི་ལས། གཞན་ལ་ངོས་འཛིན་རྒྱུ་མེད། སྡོམ་པ་ལེན་པའི་སྦྱོར་འཇུག་གི་ཚེ། རིག་བྱེད་མང་པོ་དགོས་ཀྱང༌། སྡོམ་པའི་ངོ་བོ་རིག་བྱེད་དུ་འདོད་མཁན་གྱི་ཐེག་པ་ཆེ་ཆུང་བ་སུ་ཡང་མེད། ལུས་ངག་གི་སྡོམ་པའི་ངོ་བོ། རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་པ། བྱེ་བྲག་ཏུ་སྨྲ་བ་ཁོ་ནའི་ལུགས་ཡིན། དེ་ནས་ཡང་དྲི་བ་བརྒྱད་པ། སྤྱི་བོ་སྣ་ཚོགས་རྡོ་རྗེ་ཞེས་པའི་དོན། སྤྱི་བོའི་དབང་དུ་བྱས་པའི་ཆོས་ཉིད་དམ། ཡེ་ཤེས་གང་ལ་འཆད་ཀྱང༌། སྐབས་སུ་མ་བབ་པས། ངེད་མང་པོའི་བློར་མ་ཤོང༌། ཇི་ལྟར་ཡིན་གསུངས་པ་ནི། འདི་ལ་གཉིས་ཏེ། དངོས་ལན་བཏབ་པ་དང༌། སྒྲུབ་བྱེད་བཤད་པའོ། །དང་པོ་ནི། འདིར་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་དུ་བྱས་ན། སྤྱི་བོ་ནས་རྐང་བརྒྱད་ཀྱི་བར་ལ་ཀུན་རྫོབ་ཀྱི་སྤྱི་བོ་སོགས་དང༌། དོན་དམ་པའི་སྤྱི་བོ་སོགས་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་བྱེད་པའི་ཚེ་ནི། ཀུན་རྫོབ་ཀྱི་སྤྱི་བོ་སོགས་གཞིར་འཇོག་ལ། སྒྲུབ་པ་ཉམས་ལེན་གྱི་ཚེ་ནི། དོན་དམ་པའི་སྤྱི་བོ་སོགས་དབང་བཙན་པ་ཡིན་ཏེ། དེ་དུས་ཀྱི་སྣ་ཚོགས་རྡོ་རྗེ་ནས། ཀ་བ་བརྒྱད་ཀྱི་བར་ནི། ཡུལ་དོན་དམ་པའི་བདེན་པ་དང༌། ཡུལ་ཅན་ཡེ་ཤེས་ཁོ་ནའི་དབང་དུ་བྱས་པ་དང༌། མཐར་ཐུག་རིགས་འདྲའི་རྒྱུན་མ་ཆད་པ་སངས་རྒྱས་ཀྱི་སར་འགྲོ་དགོས་ལ། ཀུན་རྫོབ་ཀྱི་སྤྱི་བོ་སོགས་ནི་དེ་དང་དེར་མི་རུང་བའི་ཕྱིར། ནང་གི་ལྷ་གྲངས་ལ་ཡང་དེ་བཞིན་དུ་སྦྱོར་དགོས་ཏེ། ལྷའི་ངོ་བོ་ནི། རང་བཞིན་གསལ་སྟོང་དང༌། ངོ་བོ་ཟུང་འཇུག་དུ་ཁས་ལེན་དགོས་པའི་ཕྱིར་དང༌། ལུས་དཀྱིལ་དུ་དབང་མ་བསྐུར་བར་ནི། ནང་གི་བསྐྱེད་རིམ་སྒོམ་པར་མི་རུང་ལ། དབང་དེ་བསྐུར་བའི་ཚེ་ནི། ཀུན་རྫོབ་ཀྱི་གཟུགས་ཀྱི་ཕུང་པོ་མཐའ་དག་མི་དམིགས་པར་བྱས་ནས། དོན་དམ་པའི་གཟུགས་ཕུང་གི་ངོ་བོ་ཉིད་དུ་རྟོགས་པ་བསྐྱེད་དགོས་པའི་ཕྱིར་དང༌། ཀུན་རྫོབ་པའི་གཟུགས་ཕུང་ནི། རྒྱུ་མ་རིག་པ་ལས་བྱུང་ཞིང༌། ངོ་བོ་ནི་གནས་ཚུལ་ལ་སྒྲིབ་པར་བྱེད་པ་ཞིག་ཡིན་ལ། དོན་དམ་པའི་གཟུགས་ཕུང་ནི། རྒྱུ་ཡེ་ཤེས་ལས་བྱུང་ཞིང༌། ངོ་བོ་གནས་ཚུལ་ཉིད་ཡིན་པས། དེ་དང་དེར་སྒོམ་དུ་རུང་ཞིང༌། སྒོམ་པ་མཐར་ཕྱིན་པ་ན། སྣ་ཚོགས་རྡོ་རྗེ་ལ་སོགས་པ་ཉིད་དུ་གསལ་བར་སྣང་དུ་རུང་བ་ཉིད་ཡིན་ནོ། །དེ་བས་ན་རྡོ་རྗེ་དྲིལ་བུ་དང༌། ཕྱག་རྒྱ་དང༌། སློབ་དཔོན་རྣམས་ལ་བདེན་པ་གཉིས་གཉིས་སུ་ཕྱེ་ནས། དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་བཤད་པ་བཞིན་དང༌། ཕྱག་དང་མཆོད་པ་ལ་ཡང༌། བདེན་པ་གཉིས་སུ་ཕྱེ་ནས། ཉམས་ལེན་གྱི་ཚེ་དོན་དམ་པའི་ཕྱག་མཆོད་དབང་བཙན་པ་ནི། གསང་སྔགས་པ་ཀུན་གྱི་ལུགས་ཡིན་དགོས་པ་ལས། ཁྱེད་རྣམ་པ་ལྟར་ན། མེ་ཏོག་ཕུལ་ཞེས་བརྗོད་པའི་ཚེ། མེ་ཏོག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་གོ་བ་བློ་ཡུལ་དུ་མི་ཤོང་བར་འགྱུར་བ་དེ་ལྟ་ན་ནི། བསང་སྦྱང་བྱིན་རླབས་བྱས་པ་ལ་འབྲས་བུ་ཅི་འབྱུང༌། བཛྲ་པུཥྤེ་ལ་སོགས་པ་ཅི་ལ་ཟེར་བསམ་དགོས་པ་ཡིན་ནོ། །དིང་སང༌། རང་ཕྱོགས་ཀྱི་གསང་སྔགས་པ་དག་ནི། ཟག་བཅས་ཀྱི་ཕུང་པོ་སྦྱང་གཞི་ཡིན། སྦྱང་གཞི་གང་ཡིན་ཐམས་ཅད་སྤང་བྱ་ཡིན། སྤང་བྱ་དེ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་ཡིན། ཞེས་འཆད་པར་སྣང་ངོ༌། །ཁོ་བོ་ཅག་ནི། གསང་སྔགས་བླ་མེད་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེར་སླེབས་ནས་ཕྱི་རོལ་གྱི་དོན་ཁས་མི་ལེན། དེར་སྣང་བའི་རྣམ་རིག་ལ། རྣམ་ཤེས་དང་ཡེ་ཤེས་ཀྱི་ཆ་གཉིས་སུ་ཕྱེ་ནས། དང་པོ་ནི། འཁྲུལ་སྣང་དང་ལས་སྣང་ལས་མ་འདས་པས་སྤང་བྱ་ཁོ་ན་ཉིད་ཀྱི་ཕྱིར། སྭ་བྷཱ་ཝས་དམིགས་མེད་དུ་གཏོང་གི ལྷ་དང་གཞལ་ཡས་ཁང་དུ་མི་བསྐྱེད་དོ། །གཉིས་པ་སྒྲུབ་བྱེད་བཤད་པ་ནི། བཀའ་འཁོར་ལོ་བར་པའི་ནང་ནས། ཤེས་བྱའི་རྣམ་པ་རེ་རེ་ལ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གསུམ་དུ་ཕྱེ། དེའི་དགོངས་པ་འགྲེལ་པ་ན་བྱམས་པས། དེ་མ་རྫོགས་དང་རབ་རྫོགས་དང༌། །ཞེས་གསུམ་པོ་གཉིས་སུ་བསྡུས་ནས། སྔ་མ་གཉིས་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པས། ཀུན་རྫོབ་ཀྱི་བདེན་པ་དང༌། ཡོངས་གྲུབ་གཅིག་པུ་ཡོན་ཏན་གྱི་རྟེན་དུ་རྫོགས་པས། དོན་དམ་བདེན་པར་གསུངས། བཀའ་འཁོར་ལོ་གསུམ་པ་བྱམས་ཆོས་སུ་བཅས་པའི་དགོངས་འགྲེལ། དབྱིག་གཉེན་གྱིས་མཛད་པ་ན། རྣམ་པར་རྟོག་པས་བརྟགས་པའི་དོན། །ཀུན་ཏུ་བརྟགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང༌། །དེ་ཡི་ཆོས་ཉིད་ཡོངས་སུ་གྲུབ། །ཅེས་སྔ་མ་གཉིས། ཀུན་ཏུ་རྟོག་པ་དང་རྣམ་ཤེས་ཀྱི་དབང་དུ་བྱས་པས་ན་ཀུན་རྫོབ་དང་ཡོངས་གྲུབ་ཁོ་ན་དོན་དམ་པའི་བདེན་པར་གསུངས། དེའི་ཕྱིར་གཟུགས་སྒྲ་ལ་སོགས་པ་རེ་རེའི་སྟེང་དུ། མཚན་ཉིད་གསུམ་གསུམ་དང༌། བདེ་བ་གཉིས་གཉིས་སུ་ཕྱེ་ནས། ཕར་ཕྱིན་ཐེག་པར་བསོད་ནམས་ཚོགས་གསོག་གི་ཚེ། ཀུན་རྫོབ་བདེན་པའི་སྣང་ཆ་མི་འགོག་པས་ཐད་སོར་འཇོག རྡོ་རྗེ་ཐེག་པ་རང་ལུགས་ཀྱི་བསོད་ནམས་ཚོགས་གསོག་གི་ཚེ། ཀུན་རྫོབ་དམིགས་མེད་དུ་བྱས་ནས། ཡེ་ཤེས་ཁོ་ནའི་རྣམ་རོལ་གྱིས། ཚོགས་གཉིས་པོ་གཙོ་ཆེར་མཉམ་པར་བཞག་པའི་རྣལ་འབྱོར་གྱིས་རྫོགས་པར་བྱེད་པས་ན། ཚོགས་གཉིས་ཀ་དོན་དམ་བདེན་པ་དབང་བཙན། དེའི་ཕྱིར་སྔགས་ལུགས་སུ་ཚོགས་གསོག་པ་ལ་གྲངས་མེད་གསུམ་གྱི་ཡུན་མི་འགོར། བླ་མེད་པ། ཚོགས་དང་པོ་རྫོགས་བྱེད་ཀྱི་གཙོ་བོ་བསྐྱེད་རིམ་ཡིན། དེ་གོམས་པའི་ཐོག་མར། སྟོང་པ་ཉིད་ལ་མཉམ་པར་འཇོག་ཅིང༌། དེ་ལས་མ་བཞེངས་པའི་ངང་ཉིད་ནས། རིམ་པ་དང་པོ་སྒོམ་པར་བྱེད། ཕར་ཕྱིན་པས་ནི། ཇི་སྐད་དུ། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེའང་བརྗོད་པར་མི་བྱ་སྟེ། །ཞེས་འཕགས་པ་ལྷས་དང༌། ཟླ་བས། དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། ཅེས། ཐེག་པ་གཉིས་ཀྱི་བསོད་ནམས་ཚོགས་གསོག་ལ། བདེན་པ་གཉིས་པོ་གང་དང་གང་དབང་བཙན། ཞེས་བསམ་པར་བྱས་ནས། དོན་དམ་པའི་བདེན་པར་གྱུར་པའི་སྤྱི་བོ་དང་རྐང་མཐིལ་སོགས་ལ། སོམ་ཉིད་མཛད་མི་འཚལ་ལོ། །རང་ལུགས་པ་ཕྱི་མ་དག་ན་རེ། ཤེས་བྱའི་རྣམ་པ་རེ་རེ་ལ། གསུམ་གསུམ་དུ་འབྱེད་པ་ནི་རྣ་བས་མ་ཚོར། སྤྱིར་ཤེས་བྱ་ལ་ཀུན་བཏགས་སོགས་གསུམ་དུ་འབྱེད་པ་ནི། སེམས་ཙམ་པའི་ལུགས་སོ། །ཞེས་ཟེར། འོ་ན། རྗེ་བཙུན་གྲགས་པས། གུར་རྒྱན་དུ། ཀུན་བཏགས་ལ་གཞན་དབང་གིས་རྒྱས་འདེབས། གཞན་དབང་ལ་ཡོངས་གྲུབ་ཀྱིས་རྒྱས་འདེབས་ཞེས་གསུངས་ལ། རྒྱས་འདེབས་ནི་ཉམས་ལེན་གྱི་ཐབས་ཀྱི་གཙོ་བོ་ཡིན། དེ་སེམས་ཙམ་ལུགས་སུ་བྱེད་དམ། འོ་ན་ཅི་ཞེ་ན། ཀུན་རྫོབ་ཀྱི་ཆོས་གང་ཡང་རྣམ་ཤེས་ལ་སྣང་ཙམ་ལས་མ་གཏོགས། གཞན་ཡོད་པ་མ་ཡིན་པར་ཐག་གཅོད་པ་ནི། ཀུན་བཏགས་ལ་གཞན་དབང་གི་རྒྱས་འདེབས་ཡིན། ཀུན་རྫོབ་པར་སྣང་བའི་རྣམ་ཤེས་དེ་ཡང༌། འཁྲུལ་པར་ཐག་བཅད་ནས། ཡེ་ཤེས་འབའ་ཞིག་ལྷག་པར་འཇོག་པ་ནི། གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱས་འདེབས་ཡིན། ཡེ་ཤེས་དེ་ཡང༌། རྣམ་ཤེས་ཡུལ་དང་བཅས་པས་དབེན་ཞིང༌། ཡེ་ཤེས་ཉིད་བསྐྱེད་རྫོགས་ཀྱི་རྣམ་རོལ་སྣ་ཚོགས་སུ་འཆར་ཞེས་ཐག་གཅོད་པ་ནི་ཟུང་འཇུག་གི་དོན་ནོ། །ཞེས་བྱ་བ་ནི་གྲུབ་པའོ། །དྲི་བ་དགུ་པ་ནི། དབང་པོ་རྟུལ་འབྲིང་གིས། སྭ་བྷཱ་ཝ་ཞེས་སོགས་ནས། སོ་སོར་ངོ་སྤྲོད་དགོས་པ་མེད་དོ་ཞེས་པའི་བར་གྱི་དོན་ཅི་ཡིན་གསུང་བ་ནི། ཕལ་ཆེར་གོང་དུ་བཤད་ཟིན་པ་དག་ཏུ་འདུས་སམ་སྙམ་དུ་བསམས་ནས། ཟུར་པ་མ་བྲིས་སོ། །དྲི་བ་བཅུ་པ་ནི། གསེར་གྱི་ཐུར་མར། སྦྱང་གཞི་བརྒྱ་ཡི་དབྱེ་བས་དམ་པ་རིགས་བརྒྱ་སོགས། །ཇི་ལྟར་འབྱེད་པའི་ཚུལ་ནི་ཞེས་པས་ནས། །གོང་མའི་དགོངས་པ་སྐོང་རྣམས་རན་པར་སྨྲོས། །ཞེས་པའི་བར། འགག་འདྲིལ་བ་ཞིག་གནང་བར་ཞུ། ཞེས་གསུངས་པ་ལ། རང་རེ་འདི་པས། སྦྱང་གཞི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་དང༌། སྦྱང་བྱ་དྲི་མ་གཉིས་དང༌། སྦྱོང་བྱེད་ལམ་རིམ་པ་གཉིས་སུ་ཁ་ཚོན་བཅད་པ་ལ། ས་སྐྱ་པ་གོང་མའི་དགོངས་པ་འཆད་ཟེར་བ་དག་ན་རེ། སྦྱང་གཞི་ཆོས་དབྱིངས་ལ་འཆད་པ། གང་ནས་ཀྱང་མ་བཤད། སྦྱང་གཞི་དང་སྦྱང་བྱའི་དབྱེ་བ་གོང་མས་མི་བཞེད། སྦྱང་གཞི་གང་ཡིན་ཐམས་ཅད་སྤང་བྱ་ཡིན། །ཞེས་འཆད་པ་དང༌། ཡང་ཁ་ཅིག སྦྱང་གཞི། སྦྱོང་བྱེད་སྦྱང་བྱ་གསུམ་ཀ རྣལ་འབྱོར་པ་རང་གི་ལུས་གཅིག་པུ། ཐབས་ཀྱིས་ཟིན་མ་ཟིན་གྱི་བྱེ་བྲག་ལས། སོ་སོར་ཕྱེ་བ་ཙམ་ཡིན་ཞེས་འཆད་པ་དག་ཡོད་པར་གྲགས་སོ། །དེ་ལ་བཞད་གད་དུ་བྱ་བའི་ཕྱིར། རྒྱུ་རྒྱུད་སྦྱང་གཞིར་བཞག་པ་མ་བལྟས་ཞིང༌། །ཞེས་སོགས། ཚིགས་བཅད་གཅིག་པུ་དེ་སྨྲས་པར་སྣང་ངོ༌། །འདིའི་དོན་ལ་གསུམ་སྟེ། མཐར་ཐུག་དང་གནས་སྐབས་ཀྱི་སྦྱང་གཞི་ངོས་བཟུང་བ། སྦྱང་གཞི་དང་སྦྱང་བྱ་སོ་སོར་དབྱེ་དགོས་པའི་ཤེས་བྱེད་དགོད། ལུས་སོ་སོར་བརྟགས་པའི་འགོག་པ་སྦྱོང་བྱེད་ལམ་དུ་འགྲོ་ཚུལ་བཤད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། མཐར་ཐུག་གི་སྦྱང་གཞི་ནི། དྲི་མ་དང་བཅས་པའི་ཆོས་དབྱིངས་ཡེ་ཤེས་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། རང་བཞིན་དུ་གནས་པའི་རིགས་ཞེས་བྱ་བའི་མིང་ཅན་རྣམས་ཏེ། དཔེར་ན། རྙོག་པ་དང་བཅས་པའི་ཆུ་དང༌། གཡའ་དང་བཅས་པའི་གསེར་དང༌། སྤྲིན་དང་བཅས་པའི་ནམ་མཁའ་བཞིན་ནོ། །རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས། མཐར་ཐུག་གི་སྦྱང་གཞི་ནི། ཀུན་གཞི་རྒྱུ་རྒྱུད་ལ་འཆད་པ་ཡིན་ལ། དེ་དང་སྔ་མ་གསུམ་པོ་དོན་གཅིག་མིང་གི་རྣམ་གྲངས་ཡིན་མོད། ལམ་འབྲས་པ་ཕྱི་མ་དག་ནི། ཀུན་གཞིའི་རྣམ་ཤེས་ལ་འཆད་པར་སྣང་ངོ༌། །སྦྱང་བྱ་མཐར་ཐུག་ནི། སྒྲིབ་པ་གཉིས་ཀྱི་ས་བོན་དང་བག་ཆགས་ཏེ། དེ་སྦྱོང་ནུས་པའི་ཤེས་བྱེད་ནི། སྦྱང་གཞི་དང་འབྲལ་རུང་ཡིན་པའི་ཕྱིར། དཔེར་ན། རྙོག་པ་དང༌། གཡའ་དང༌། སྤྲིན་བཞིན་ནོ། སྦྱང་གཞི་དེ་དག་ནི་སྤང་བྱ་མ་ཡིན་ཏེ། ཐབས་ཀྱིས་རྒྱུ་རྒྱུད་སྤངས་ན། འབྲས་རྒྱུད་མི་འགྲུབ་པའི་ཕྱིར་རོ། །སྦྱོང་བྱེད་ཀྱི་གཉེན་པོ་མཐར་ཐུག་ནི། ལམ་རིམ་གཉིས་པོ། འཇིག་རྟེན་ལས་འདས་པའི་སར་སླེབས་པ་དེའོ། །གནས་སྐབས་ཀྱི་སྦྱང་གཞི་རགས་པ་ནི། སྒྲུབ་པ་པོ་ལ་ཡོད་པའི་ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ཏེ། དེའི་མཚན་གཞི་ནི། བདག་དང་ཕུང་སོགས་སུ་སྣང་བའི་རྣམ་རིག་ཙམ་ལས་གཞན་ཡོད་པ་མ་ཡིན་ཏེ། ཐེག་པ་འདིར་ཞུགས་ནས། སེམས་ལས་གཞན་པའི་ཆོས་དང་གང་ཟག་ཁས་མི་ལེན་པའི་ཕྱིར། སྦྱང་བྱ་ནི་དེ་ལྟ་བུའི་རྣམ་རིག་དེ་ལ་ལྡོག་པའི་སྒོ་ནས། ནང་བལྟ་ཡེ་ཤེས་ཀྱི་ཆ་དང༌། ཕྱི་བལྟ་རྣམ་ཤེས་ཀྱི་ཆ་གཉིས་སུ་ཕྱེ་ནས། ཕྱི་མ་དེ་ཡིན་ལ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་ཁྱབ་མཉམ་ལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དབང་དང་མངོན་གྱུར་དུ་ལྡན་པ་རྣམས་སོ། །སྦྱོང་བྱེད་གཉེན་པོ་ནི། ནང་བལྟ་ཡེ་ཤེས་ཀྱི་ཆ་ལས་བསྒྲུབས་པའི་ལམ་རིམ་པ་གཉིས་སུ་ཡོད་ལ། འདི་དང་པོ། རྟོག་པའི་ངོ་བོར་སྐྱེས་སྲིད་ཀྱང༌། སྔགས་ཀྱི་ཚོགས་ལམ་དུ་བཞག་ནུས་ཤིང༌། དེ་ཡང༌། བསྐྱེད་རིམ་ནི་གཙོ་བོར་ཉོན་སྒྲིབ་སྦྱོང་བྱེད་དང༌། རྫོགས་རིམ་ནི་གཙོ་བོར་བདེ་ཆེན་གྱི་སྒྲིབ་པའི་མིང་ཅན་ཤེས་བྱའི་སྒྲིབ་པ་དག་གི་གཉེན་པོའོ། །གཉིས་པ་ནི། སྦྱང་གཞི་དང་སྦྱང་བྱ་སོ་སོར་འབྱེད་དགོས་པའི་ཤེས་བྱེད་ནི། སྦྱང་གཞི་དང་སྦྱང་བྱ་དོན་གཅིག་པ་མ་ཡིན་ཏེ། མཐར་ཐུག་གི་སྦྱང་གཞི་ནི་ཆོས་དབྱིངས་ཡིན་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་སྤང་བྱའི་གཞི་མཐུན། བསྟན་པ་འདི་ལ་མི་སྲིད་དོ། །སྦྱང་བྱའི་དྲི་མ་གང་ཡིན་སྦྱང་གཞིར་འཇོག་པ་ཡང་མ་ཤེས་པ་ཡིན་ཏེ། དྲི་མ་ནི་རྣམ་པ་ཀུན་ཏུ་སྤང་བྱ་ཁོ་ན་ཡིན་པས། གནས་སུ་འཇོག་པའི་གོ་སྐབས་མེད་ལ། སྦྱང་གཞི་ནི་གནས་ཀྱི་དོན་ཡིན་ཞིང༌། དེ་ལ་བརྟེན་ནས་གནས་གྱུར་གྱི་རྣམ་གཞག་འཇོག་པའི་ཕྱིར། གཞན་དག་གིས་ནི། སྦྱང་གཞི་སྦྱོང་བ་དང་སྤང་བྱ་སྤོང་བའི་ཁྱད་པར་མ་ཕྱེད་དོ། །ཁྱད་པར་དེ་ཉིད་ཅི་ཞེ་ན། སྦྱང་གཞི་རང་གི་ངོ་བོ་ནི། སེམས་ཅན་ནས། སངས་རྒྱས་ཀྱི་བར་རྒྱུན་མི་ཆད་པར་འགྲོ་ལ། སྤང་བྱ་ནི། རང་རང་གི་གཉེན་པོ་བར་ཆད་མེད་ལམ་ནམ་སྐྱེས་པ་དེའི་ཚེ་རྩ་བ་ནས་འདོན་པའོ། །སྦྱང་གཞི་དང་སྦྱང་བྱ་ཁྱད་མེད་དུ་འཆད་པ་དེ་དག རང་རང་གི་ངག་འདོན་ན། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་ཉོན་མོངས་ཞེ་སྡང་དག །ཅེས་སོགས་ལྔ་ཚན་གཅིག་གོམས་པས་འདོན་པར་བྱེད་པ་མ་ཡིན་ནམ། དེའི་ཕྱིར་ཡང༌། གནས་གྱུར་པ་དང་སྤང་བྱ་སྤངས་པའི་ཁྱད་པར་ཤེས་སླ་བ་ཡིན་ནོ། །མདོར་ན། གནས་གྱུར་འཆད་པའི་དུས་ཀྱི། གནས་ཀྱི་ངོས་འཛིན་དེ་ཡིན་ན། དོན་དམ་པའི་བདེན་པ་ཉིད་དུ་གནས་དགོས་པ་དེའི་ཕྱིར། བོད་ཕྱི་མ་གང་དག སྦྱང་གཞི་ལ་ཀུན་རྫོབ་བདེན་པས་ཁྱབ་པར་འདོད་པའང་ཉམས་སོ། །གལ་ཏེ། གོང་མ་དག་གིས་གཞི་མི་སྤོང་བའི་འཐད་པ་གསུངས་པ་དེས། སྦྱང་གཞི་སྤང་བྱ་མ་ཡིན་པ་ལ་ཇི་ལྟར་ཕན་ཞེ་ན། ཟག་པ་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་སྦྱང་གཞིར་མི་འདོད་པ་སུ་ཡང་མི་སྣང་ལ། དེའི་ཚེ། ཐེག་པ་མཆོག་གི་ཉམས་ལེན་བྱེད་པོས། བསྐྱེད་རིམ་གྱི་ཚེ་ཡང༌། དེ་དག་སྤོང་བར་བྱེད་པ་མི་འཐད་ཅིང༌། རྫོགས་རིམ་གྱི་ཚེ་ཡང༌། དེ་དག་སྤང་བྱར་བྱས་ན་ཤིན་ཏུ་འགལ་བ་ཡིན་ནོ། །དེ་ཡང་གང་གི་ཕྱིར་ན། བསྐྱེད་རིམ་གྱི་ཟབ་ཤོས་ནི། ནང་བསྐྱེད་པའི་རིམ་པ་ཞེས་བྱ་བ་དེ་ཡིན་ལ། ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པ། གནས་དང་བརྟེན་དང་སྦྱང་གཞིར་མ་བཞག་ན། དེ་ལ་བརྟེན་པའི་ཟག་མེད་ཀྱི་ལུས་དཀྱིལ། གང་དུ་གནས་པ་དང༌། ཇི་ལྟར་སྒོམ་པ་དང༌། དེས་དྲི་མ་གང་སྦྱོང་བའི་ཚུལ་རྣམས་མི་ཤེས་པའི་ཕྱིར་དང༌། ཁྱེད་རང་དག་ཀྱང༌། བསྒོམ་བྱ་ལུས་དཀྱིལ་ཟག་བཅས་ཀྱི་ལུས་སུ་ཁས་ལེན་པས་ཀྱང་གནོད་པའི་ཕྱིར། རྫོགས་རིམ་གྱི་ཚེ། ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་སྤངས་ན། ཟག་པ་མེད་པའི་བདེ་ཆེན་གྱི་ཡེ་ཤེས་འདྲེན་པར་མི་ནུས་པའི་ཕྱིར་ཏེ། དེ་དག་དེའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དཔེར་ན་ཇི་སྐད་དུ། འདོད་པའི་ཡོན་ཏན་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །ཞེས་གསུངས་པ་ལྟར། ཟག་བཅས་ཀྱི་འདོད་ཡོན་ལྔ། མ་སྤངས་པར་བརྟེན་པས། ཟག་མེད་ཀྱི་ཡོན་ཏན་ལྔ་སྐྱེ་བར་འཆད་དགོས་པ་བཞིན་ནོ། །འོ་ན་ཁྱེད་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་རང་སྟོང་དུ་འཆད་པ་མ་ཡིན་ནམ། ལམ་གྱི་གནས་སྐབས་སུ་ཇི་ལྟར་མི་སྤོང་ཞེ་ན། ཆོས་ཅན་ཀུན་རྫོབ་པ་རྣམས། ཡེ་ཤེས་ཀྱི་ཡུལ་དུ་ཡོད་པ་མ་ཡིན་པས། ལམ་དུ་མི་འགྱུར་ཡང༌། ཡེ་ཤེས་སྐྱེ་བའི་སྣ་འདྲེན་དུ། རྣམ་ཤེས་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པ་རྣམས་ཀྱང་བསྟེན་དགོས་པ་ནི། རྡོ་རྗེ་ཐེག་པ་པ་རྣམས་ཀྱི་ཐབས་མཁས་ཀྱི་ཁྱད་པར་ཡིན་ཏེ། ཇི་སྐད་དུ། ཤིན་ཏུ་བདེ་བ་དམ་པའི་ཐབས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །ཞེས་གསུངས་སོ། །དེ་བས་ན་མཉམ་གཞག་ཏུ་མི་དམིགས་པ་དང༌། རྗེས་ཐོབ་ཏུ་བསྟེན་དགོས་པའི་ཤན་ཕྱེད་པ་གལ་ཆེའོ། །འོ་ན། མཉམ་གཞག་གི་ཚེ་ཡང༌། ཀུན་རྫོབ་ཀྱི་སྤྱི་བོ་དང་རྐང་མཐིལ་སོགས་སུ། སྣ་ཚོགས་རྡོ་རྗེ་སོགས་བཀོད་ནས་སྒོམ་པ་མ་ཡིན་ནམ་ཞེ་ན། དེ་ཚེ་ནི། ལྷག་པའི་ལྷ་ཉིད་ཀྱི་སྤྱི་བོ་སོགས་དེ་དང་དེར་སྒོམ་པ་ཡིན་ཞེས་བཤད་ཟིན་ལ། དེ་ལྟར་གོམས་པས། རྣལ་འབྱོར་པ་རང་གི་རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའི་སྤྱི་བོ་སོགས། གནས་གྱུར་པ་ཉིད་དུ་བྱེད་དོ། །ཞེས་འཆད་པ་ནི། སྐབས་ཀྱི་དོན་ནོ། །གསུམ་པ་ནི། གལ་ཏེ་ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས། ལམ་རིམ་པ་གཉིས་ཀྱི་ངོ་བོར་མི་རུང་ན། རྡོ་རྗེའི་ཚིག་རྐང་དུ། ལུས་ཐབས་རྒྱུད་ཅེས་དང༌། ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་ཅེས་དང༌། ལུས་སོ་སོར་བརྟགས་པའི་འགོག་པ་ཞེས་བཤད་པ་རྣམས་དང་འགལ་ལོ་སྙམ་ན། ལན་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། དངོས་ལན་བཏབ་པའོ། །དང་པོ་ལ། སྤྱིར་སྔགས་ཀྱི་རྣལ་འབྱོར་པ་ལ་གཉིས་ཏེ། སོ་སོ་སྐྱེ་བོ་དང་འཕགས་པའོ། །ཕྱི་མ་ལ་ཡང་གཉིས་ཏེ། སློབ་པ་དང་མི་སློབ་པའོ། །རྣལ་འབྱོར་པ་དང་པོས། ལམ་རིམ་པ་གཉིས་ལ་སློབ་པའི་ཚེ། མཉམ་གཞག་དངོས་གཞིའི་དུས་སུ་ནི། རློམ་ཚོད་ལ་དོན་དམ་པའི་བདེན་པ་འབའ་ཞིག་ཡུལ་དུ་བྱེད་པ་ཡིན་ཏེ། དེའི་ཚེ། ཡེ་ཤེས་ཀྱི་ཚོགས་གསོག་སྔོན་དུ་བཏང་བ་ལས་མ་བཞེངས་པ་དེའི་ངང་ཉིད་ནས། ལམ་གོམས་པར་བྱེད་པའི་ཕྱིར། སོང་ཚོད་ལ་ནི། ཀུན་རྫོབ་ཡུལ་དུ་བྱས་པར་སོང་སྟེ། རྟེན་འདི་ལ་རྣལ་འབྱོར་མངོན་སུམ་མ་སྐྱེས་པས། དོན་དམ་ཡུལ་དུ་བྱེད་མཁན་གྱི་བློ་དེ་ཡང་རྟོག་པ་ལས་མ་འདས་པའི་ཕྱིར། དེ་ལྟ་ན་ཡང༌། འཇུག་ཡུལ་དོན་དམ་པ་ལ་འབྲེལ་བས་ན་མི་བསླུ་བ་ཉིད་དོ། །འཕགས་པ་སློབ་པའི་རྣལ་འབྱོར་པས། མཉམ་གཞག་དངོས་གཞིའི་དུས་སུ། ལམ་རིམ་པ་གཉིས་ཀྱི་དངོས་པོར་གྱུར་པའི་དོན་དམ་ཡུལ་དུ་བྱེད་པ་ཡིན་ཏེ། འདིས་ཆོས་ཉིད་མངོན་སུམ་དུ་མཐོང་ནས། ཇི་སྲིད་བྱ་བ་མ་རྫོགས་ཀྱི་བར་དུ། དོན་དེ་ཉིད་ལ་མཉམ་པར་འཇོག་པའི་ནུས་པ་ཐོབ་པས་སོ། །རྟེན་འདིས། རྫོགས་རིམ་ལ་འཇུག་པའི་སྦྱོར་བའི་དུས་སུ་ནི། ཀུན་རྫོབ་ཀྱི་བདེན་པ་ཡུལ་དུ་བྱེད་དེ། རྫོགས་རིམ་གྱི་ཡེ་ཤེས་དངོས་སུ་འདྲེན་པའི་ཐབས། རང་ལུས་ཟག་བཅས་ཀྱི་རྩ་རླུང་ཐིག་ལེ་རྣམས་ཡུལ་དུ་བྱེད་དགོས་པའི་ཕྱིར་དང༌། བདེ་ཆེན་གྱི་ཡེ་ཤེས་ཐོག་མར་སྐྱེ་བ་ལ་ནི། དེ་འདྲ་དེ་དག་མེད་ན་མི་འབྱུང་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྗེས་ཐོབ་ཀྱི་ཚེ་ཡང་དེ་དང་འདྲ་སྟེ། ཚོགས་ཀྱི་འཁོར་ལོ་སོགས། མཉམ་པར་མ་བཞག་པའི་རྣལ་འབྱོར་དུ་བཤད་པ་རྣམས་ཉམས་སུ་ལེན་པའི་ཕྱིར་དང༌། ཇི་སྲིད་གཟུང་འཛིན་གཉིས་སྣང་གི་བག་ཆགས་མ་སྤངས་པ་དེ་སྲིད་དུ། རྣལ་འབྱོར་པ་རང་སྣང་གི་ཡུལ་ཅན་རྣམ་ཤེས་ལ། ཡུལ་ཀུན་རྫོབ་པའི་སྣང་བ་འཆར་བས་སོ། །རྣལ་འབྱོར་པ་མི་སློབ་པ་ལ་ནི། འབྲས་དུས་ཀྱི་རིམ་པ་གཉིས་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་ཏེ། གཉིས་སྣང་གི་བག་ཆགས་མ་ལུས་པར་སྤངས་པས། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །གཉིས་པ་དངོས་ལན་བཏབ་པ་ནི། ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་པ་དང༌། ལུས་སོ་སོར་བརྟགས་པའི་འགོག་པ་ནི། ལུས་ཀྱི་ཐབས་ལས་བྱུང་བའི་བདེ་ཆེན་ཉིད་ལས་གཞན་དུ་མི་འཆད་དེ། ཇི་སྐད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང༌། ལུས་གནས་ལུས་ལ་མ་སྐྱེས་པ། །ཞེས་གསུངས་སོ། །མ་སྐྱེས་པ་ནི། ལུས་ལ་སྐྱེས་ན་ལུས་ཚོར་བདེ་བ་ཉིད་ཐལ་བས་སོ། །འདོད་ནུས་པ་མ་ཡིན་ཏེ། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་གསུངས་པས་སོ། །ལུས་ཐབས་རྒྱུད་ཀྱི་བཤད་པ་ནི། ལུས་ཀྱི་སྒྲ་འཇུག་པ་ན་ཀུན་རྫོབ་དང་དོན་དམ་པ་གཉིས་ལས། ཕྱི་མ་ནི་ཐབས་རྒྱུད་དུ་ཧ་ཅང་ཐལ་བ་མེད་དེ། ལུས་ཀྱི་དབང་དུ་བྱས་པའི་གཉིས་མེད་ཀྱི་ཡེ་ཤེས་ལ་འདོད་པས་སོ། །དེ་ལྟ་ན་ཡང༌། ལུས་ཐབས་རྒྱུད་ཅེས་པའི་རྩ་ཚིག་གི་སྐབས་འདིར། ཟག་བཅས་ཀྱི་ལུས་ལ་ཐབས་རྒྱུད་དུ་མིང་གིས་བཏགས་པ་ཡིན་ཏེ། འདོགས་པའི་རྒྱུ་མཚན་ནི། དེ་ལ་གནད་དུ་བསྣུན་པས་བདེ་ཆེན་གྱི་ཡེ་ཤེས་འདྲེན་པའོ། །དགོས་པ་ནི། ཡེ་ཤེས་དེ་འདྲེན་པ་ཟག་བཅས་ཀྱི་ལུས་ལ་རག་ལས་པར་ཤེས་པའི་དོན་དུའོ། །དངོས་ལ་གནོད་བྱེད་ནི། ལས་དང་ཉོན་མོངས་པ་ཁོ་ནའི་རྣམ་སྨིན་དང་རྒྱུ་མཐུན་ཉིད་ཀྱི་ཕྱིར་རོ། །གལ་ཏེ། རྣལ་འབྱོར་པས། དེ་ལས་དེ་འདྲེན་པའི་ཚུལ་ཇི་ལྟ་བུ་ཞེ་ན། རང་ལུས་ཟག་བཅས་ཀྱི་དཀྱིལ་འཁོར་རྣམ་པ་བཞི་དང་པོར་དབང་གིས་སྨིན་པ་དང༌། བར་དུ་ལམ་གྱིས་གྲོལ་བ་དང༌། ཐ་མར་འབྲས་བུ་ལ་མཚམས་སྦྱོར་བའོ། །དང་པོ་ནི། རང་ལུས་རྩའི་དབྱིབས་ཅན་ལ་བུམ་པ་དང༌། རྩ་ཡི་གེ་ལ་གསང་བ་དང༌། ཁམས་བདུད་རྩི་ལ་གསུམ་པ་དང༌། སྙིང་པོ་ཡེ་ཤེས་ལ་བཞི་པའི་དབང་བསྐུར་བས། དཀྱིལ་འཁོར་བཞི་པོ་སོ་སོའི་དྲི་མ་འཁྲུད་ཅིང༌། སྦྱངས་པས་གནས་གྱུར་གྱི་ནུས་པ་མཐུ་ཅན་དུ་བྱེད་པའོ། །གཉིས་པ་ནི། ལུས་རྩ་སོགས་བཞི་པོ་ལ། སོ་སོར་གནད་དུ་བསྣན་པས། ཐོག་མར་ལྟ་བ་བཞི་དང༌། དེ་ནས་གྲུབ་མཐའ་བཞི་རྟོགས་པར་འགྱུར་བ་ཡིན་ཏེ། ནང་བསྐྱེད་པའི་རིམ་པ་དང་བདག་བྱིན་གྱིས་བརླབས་པའི་རིམ་པ་གསུམ་པོ་གོམས་པས། ལྟ་གྲུབ་བཞི་འཁོར་འདས་དབྱེར་མེད་ནས། བདེ་སྟོང་རྒྱ་ཆེ་བའི་བར་རིམ་གྱིས་འདྲེན་པས་སོ། །རྫོགས་རིམ་དངོས་ནི། གྲུབ་མཐའ་གཙོ་ཆེ་བ་ཡིན་ཏེ། སྤང་བྱའི་ས་བོན་དྲུང་འབྱིན་པ་ནི། ས་ཐོབ་པ་ལ་རག་ལས་པའི་ཕྱིར། གསུམ་པ་ནི། རྣལ་འབྱོར་པ་ཇི་སྲིད་སློབ་པའི་ས་ལ་གནས་པ་དེ་སྲིད་དུ། རེས་འགའ་ནི། རང་ལུས་ཀྱི་དཀྱིལ་འཁོར་བཞི་པོ། གཟུང་འཛིན་གྱི་ལམ་དུ་ཞུགས་ནས། རང་ལུས་བེམ་པོའི་ཁམས་ཉིད་དུ་སྐྱེད་པར་བྱེད་ཅིང༌། རྣམ་སྨིན་གྱི་སྲོག་འཛིན་པར་བྱེད། རེས་འགའ་ནི། བཞི་པོ་དབུ་མའི་ལམ་དུ་འབད་རྩོལ་གྱིས་བཅུག་ནས། ཟག་མེད་དོན་དམ་པའི་ལུས་སུ་དང༌། འཇའ་ཚོན་ལྟ་བུའི་སྐུ་གྲུབ་པར་བྱེད་དོ། །དེ་ཡང༌། དང་པོ་ནི། སྦྱོར་འཇུག་གི་དུས་དང༌། ཕྱི་མ་ནི་དངོས་གཞིའི་དུས་སོ། །གསུམ་པ་ནི། དེ་ལྟར་དཀྱིལ་འཁོར་བཞི་པོ། གཟུང་འཛིན་འཁོར་བའི་ལམ་དང༌། དབུ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་ལྡོག་བྱེད་པ་དེ་ལ་ནི། འགྲོས་ཞེས་བྱ་ལ། བཞི་པོ་དབུ་མའི་ལམ་དུ་སོང་ནས། སླར་མི་ལྡོག་པར་བྱས་པ་དེ་ལ་ནི། འགྲོས་བཞི་ཐིམ་པ་ཞེས་དང༌། རྡོ་རྗེ་འཛིན་པའི་ས་གྲུབ་པ་ཞེས་བྱའོ། །དེའི་ཕྱིར་རྣམ་སྨིན་གྱི་ལུས་འདི་སངས་རྒྱས་ཀྱི་སར་འགྲོ་དགོས་པ་མ་ཡིན་ཞིང༌། འཇའ་ལུས་རྡོ་རྗེའི་སྐུ་དེ་ལ་རྟེན་དང་བརྟེན་པ་མཐའ་དག་གསལ་བ་ཉིད་དུ་མཐར་ཕྱིན་པ་དེ་ལ། སྐུ་དབྱིབས་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་དང༌། དེ་དུས་ཀྱི་བདེ་སྟོང་ཟུང་འཇུག་དེ་ལ། གསུང་ལོངས་སྐུ་དང༌། ཐུགས་ཆོས་སྐུ། རང་བཞིན་ལྷུན་གྲུབ་གནས་གྱུར་མཐར་ཕྱིན་པ་ཞེས་བྱ་བ་དེ་ཡིན་ནོ། །བཞི་པ་ནི། གལ་ཏེ་འོ་ན། བསྐྱེད་རིམ་དངོས་གཞིའི་དུས་སུ་ཀུན་རྫོབ་ཀྱི་སྣང་བ་འགོག་ལ། རྫོགས་རིམ་དངོས་གཞིའི་དུས་སུ་ཀུན་རྫོབ་ཀྱི་སྣང་བ་ཡུལ་དུ་བྱེད་པ་ཅི་ཞེ་ན། དེ་ནི་བསྐྱེད་རིམ་གྱི་ཐོག་མར་ཡེ་ཤེས་ཀྱི་ཚོགས་གསོག་ལ་རྩལ་དུ་འདོན་པ་དང༌། རྫོགས་རིམ་གྱི་དུས་སུ་དེ་ལྟར་བྱེད་པ་མ་ཡིན་པའི་ཁྱད་པར་ལས་སོ། །འོ་ན། རྫོགས་རིམ་དངོས་གཞིའི་དུས་སུ། མཚན་འཛིན་གྱི་རྟོག་པ་འགོག་དགོས་པ་མ་ཡིན་ནམ་ཞེ་ན། དུས་དེར། རླུང་སེམས་དབུ་མར་ཚུད་པ་ཙམ་གྱིས། རྟོག་པ་རང་ཤུགས་ཀྱིས་ཁེགས་པ་ན། རྣམ་ཤེས་ཀྱི་མིང་ཅན་རྟོག་མེད་རྣམས་ཀྱང་ཉེ་བར་ཞི་བ་ཉིད་དོ། །ཡང་གལ་ཏེ། སྦྱང་བྱའི་དྲི་མ་སྤོང་ལ། སྦྱང་གཞི་མི་སྤོང་བའི་ཁྱད་པར་དེ་ལྟར་ན། ལམ་དུ་ཆགས་སོགས་ཆེད་དུ་གཉེར་ནས་སྤོང་མི་སྤོང་གི་ཁྱད་པར་ལས། རྡོ་རྗེའི་ཐེག་པ་འདིར་ཆགས་ལམ་དང་གྲོལ་ལམ་ཞེས་གཉིས་སུ་འབྱེད་པ་མ་ཡིན་ནམ། དེ་ལྟར་འཆད་པ་དེའི་ངོས་འཛིན་ནི། བདག་པོའི་རྐྱེན་རང་བྱིན་གྱིས་བརླབས་པའི་རིམ་པ་ལ། དབང་ཐོབ་པའི་རྣལ་འབྱོར་པས། ལྷན་ཅིག་བྱེད་པའི་དམིགས་རྐྱེན། ཐ་མལ་གྱི་ཆགས་པའི་ཡུལ་མངོན་དུ་བྱས་པ་ན། སྐད་ཅིག་དང་པོར་ལུས་ཚོར་བདེ་བ་སྐྱེས་པ་དེའི་ངོ་བོ། རིག་ཅིང་གསལ་ཙམ་གྱིས། དེ་མ་ཐག་པའི་རྐྱེན་བྱས་ནས། སྐད་ཅིག་ཕྱི་མར་བདེ་བ་ཆེན་པོ་ཉིད་མངོན་དུ་གྱུར་པ་དེ་ལ་ནི། ཆགས་པ་ཆེན་པོ་ཞེས་བྱ་ལ། །དེ་ཉིད་ལམ་དུ་བྱེད་པ་སྟེ། །ཇི་སྐད་དུ། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་གསུངས་སོ། །དེ་བཞིན་དུ་གཏི་མུག་དང་ཞེ་སྡང་ལ་ཡང་སྦྱར་ཏེ་གསུངས་སོ། །གལ་ཏེ། སྦྱང་གཞི་རྣམས་རང་སྟོང་དུ་ཐག་གཅོད་ན། མི་སྤོང་བར་འགལ་བ་མ་ཡིན་ནམ་ཞེ་ན། གནས་སྐབས་ལ་ལྟོས་ཏེ། དེ་སྐད་ཟེར་ན་ནི། དབུ་མ་པ་ཀུན་གྱི་ཐ་སྙད་དང་མི་མཐུན་ལ། མཐར་ཐུག་ལ་ལྟོས་ནས་ནི། བདེན་པ་གཉིས་ཀྱི་དབྱེ་བས་སོ་སོར་འབྱེད་དོ། །ཞེས་བྱ་བ་འདི་གྲུབ་པའོ། །དེ་ལྟར་ན། བསྟན་བཅོས་སུ་བགྱི་བ། འདི་པ་དག་གིས་ཉེ་བར་སྦྱར་བའི་ཡིག་སྣ་བཞི་ཚན་གཅིག་གཟིགས་པ་ལ་བརྟེན་ནས། བཤེས་གཉེན་དམ་པ་མང་པོས་དོགས་པའི་གནས་བཀོད་པའི་དྲི་བ་བཅུ་ཕྲག་གཅིག་མཛད་ནས་སྤྲིངས་འདུག་པ། ལོ་ཤས་བར་སྐབས་སུ་བགྱང་མཆིས་ནའང༌། ལག་ཏུ་སོན་མ་ཐག དོ་གལ་ཆེན་པོས་ལན་འདེབས་ཀྱི་ཡི་གེ ཕོ་ཉ་བའི་ཕྱག་ཏུ་གསལ་བར་སྤྲིངས་པ་འདི་ནི། ཕག་མོ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་གྲུབ་པའོ།། །།སྭསྟི། དེ་ནས་ཡང༌། རང་སྟོབས་ཀྱིས། དྲི་བ་རྣམ་གྲངས་བཞི་མཛད་བྱུང་བ་ལས། དང་པོ་ནི། བྱམས་ཆོས་སྡེ་ལྔའི་སྐབས་སུ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འདུས་བྱས་སུ་བཞེད་ན། དེའི་རྒྱུ་དང་རྐྱེན་གང་ལགས། ཞེས་གསུངས་པ་དེའི་ལན་མདོར་བསྡུས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མིང་ཅན་ལ་གཉིས་ཏེ། རང་བཞིན་རྣམ་དག་གི་དང༌། གློ་བུར་རྣམ་དག་གི་ཡེ་ཤེས་སོ། །གཉིས་པོ་ཡང༌། འབྲས་དུས་སུ་ནི་ལྡོག་པ་ཁོ་ནས་འབྱེད་ལ། ལམ་དུས་སུ་དག་པ་ཕྱོགས་རེ་བ་ཙམ་དང༌། གཞི་དུས་སུ་རང་བཞིན་རྣམ་དག་ཁོ་ནར་གནས་པ་ལས། འདི་དག་ལ། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་ཇི་ལྟར་ཚང་ཚུལ་འཆད་པ་ལ་གཉིས་ཏེ། བྱམས་ཆོས་པའི་སྲོལ་འཛིན་སྤྱི་པའི་ལུགས་དང༌། རྣམ་འགྲེལ་མཛད་པའི་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རང་བཞིན་རྣམ་དག་གི་ཆ་ནི། གནས་སྐབས་གསུམ་ཆར་དུ་ཡང༌། འདུས་མ་བྱས་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞེས་པས། སྒྲུབ་བྱེད་དང་འདུས་བྱས་ལ་གནོད་བྱེད་ཀྱང༌། དེ་ལྟར་ན། མི་རྟག་པར་ཐལ་བ་ལས། འདོད་མི་ནུས་པ་ནི། རྒྱུད་བླར། འདུས་མ་བྱས་པའི་དབྱིངས་ལ་ནི། །རྟག་པ་ལ་སོགས་དོན་ཞེས་བྱ། །ཞེས་རྟག་བརྟན་ཞི་བ་གཡུང་དྲུང་ཉིད་དུ་ཚིག་གིས་ཟིན་པ་དང༌། ཁྱབ་པ་ཚད་མས་གྲུབ་པའི་ཚུལ་ཡང༌། མདོ་སྡེ་རྒྱན་དུ། འདུས་བྱས་ཐམས་ཅད་སྐད་ཅིག་མར་སྒྲུབ་པའི་ཚུལ་རྒྱས་པར་གསུངས་སོ། །དབྱིངས་དེའི་མཚན་གཞི་ནི། གཞི་དུས་སུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། རང་བཞིན་དུ་གནས་པའི་རིགས་དང༌། དོན་དམ་པའི་སེམས་ཅན་ཞེས་དང༌། ལམ་དུས་སུ་དོན་དམ་པའི་བྱང་ཆུབ་སེམས་དཔའ་དང༌། འབྲས་དུས་སུ། གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུའོ། །འདི་ཡང༌། ཐོག་མར། སྔར་མེད་གསར་སྐྱེ་དང༌། མཐར་རིགས་འདྲ་རྒྱུན་བཅད་ཀྱི་འཇིག་པ་མི་སྲིད་པས་ན། ཐོག་མཐའ་མེད་པ་དང༌། སྐྱེ་འཇིག་མེད་པ་ཞེས་བྱ་ལ། དེའི་རྒྱུ་མཚན་གྱིས་སུས་ཀྱང་ངོས་འཛིན་པར་མི་ནུས་མོད། གནས་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། རྟག་གནས་དང་ཞེས་འཆད་པའི་ཕྱིར། དེ་ལྟ་ན་ཡང༌། དངོས་པོར་ནི་ཁས་ལེན་དགོས་ཏེ། ཆོས་དབྱིངས་སུ་འཇོག་པའི་སྒྲུབ་བྱེད་ནི། ཇི་སྐད་དུ། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཞེས་གསུངས་པ་ལ། རྒྱུའི་དོན་ནི་འབྲས་བུ་སྐྱེད་བྱེད་དང༌། དེ་ལ་ནི་དོན་བྱེད་ནུས་པ་ཞེས་འཆད་པའི་ཕྱིར། དངོས་པོ་ལ་མི་རྟག་པས་ཁྱབ་པ་ནི། སྲོལ་འདིའི་སྤྱི་ལུགས་ལ་མེད་དོ། །གཉིས་པ་གློ་བུར་རྣམ་དག་གི་ཡེ་ཤེས་ནི། གནས་ཚུལ་གྱི་སྐུ་ལྷག་མ་གསུམ་དང༌། ལམ་དུས་སུ་ཡང་རྣམ་པར་གྲོལ་བའི་ལམ་དག་ལ་ངོས་འཛིན་དགོས་ལ། དེའི་ཉེ་བར་ལེན་པའི་རྒྱུ་ནི། ཐོག་མེད་ནས་རྒྱུན་མ་ཆད་པའི་རིག་པ་སྔ་མ་དང༌། རྐྱེན་བར་ཆད་མེད་ལམ་གྱི་སྟོབས་ལས་སོ། །རང་བཞིན་རྣམ་དག་གི་ཆ་ལའང་རིག་པ་སྔ་མ་ཉིད་རྒྱུར་ཡོད་པ་མ་ཡིན་ནམ་ཞེ་ན། དེ་མ་ཐག་པའི་རྐྱེན་ཡོད་ཀྱང༌། དམིགས་བདག་སོགས་རྐྱེན་གཞན་ལ་ལྟོས་པ་མེད་པའི་རྒྱུ་མཚན་གྱིས། འདུས་མ་བྱས་པའོ། །འོ་ན། སེང་གེ་བཟང་པོས། བཅོས་མ་མ་ཡིན་པའི་དོན་གྱིས་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི། དག་པ་གཉིས་པོ་ལྡོག་པས་སོ་སོར་ཕྱེ་ནས། རྐྱེན་ལ་ལྟོས་མ་ལྟོས་གཉིས་ཀ་འགྲེལ་པ་དེར་གསལ་ལོ། །དེའི་ཕྱིར་གློ་བུར་རྣམ་དག་གི་འགོག་པ་དང་ཡེ་ཤེས་ཀྱི་ཚོགས་དོན་ལ་བཤད་པས་ན། གནས་སྐབས་འདུས་བྱས་སུ་འཆད་དགོས་པའི་ཕྱིར། མི་རྟག་པར་གྲུབ་ལ་དེར་གྲུབ་པ་ན། ཡོད་པ་མ་ཡིན་པ་ཉིད་དུ་གྲུབ་སྟེ། ཇི་སྐད་དུ། མི་རྟག་དོན་ནི་མེད་དོན་དང༌། །ཞེས་པ། ཆོས་འདིའི་སྲོལ་ཡིན་པས་སོ། །དེའི་ཕྱིར་ལུགས་འདིར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་ལ། དབྱིངས་དེ་ཡོད་པ་ཉིད་ཀྱི་ཕྱིར། རྟག་སོགས་བཞི་དང་དོན་དམ་པའི་བདེན་པ་དང༌། བདེན་པར་གྲུབ་པ་ཉིད་དོ། །འོ་ན། འགོག་པའི་བདེན་པ་འདུས་བྱས་སུ་ཁས་བླངས་པ་མ་ཡིན་ནམ་ཞེ་ན། བདེན་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཆ་ནས་ཡིན་ལ། བྲལ་ཆ་ནི། རྐྱེན་ལ་ལྟོས་ཀྱང་གཞན་སེལ་ཉིད་ཀྱི་ཕྱིར། དངོས་པོར་ཡོད་དོ། །འོ་ན། ཆོས་ཀྱི་དབྱིངས་སུ་འགལ་ལོ་ཞེ་ན། ཞིབ་མོར་འགལ་མོད། རགས་པའི་ཚེ། སོ་སོར་བརྟགས་འགོག་དང་བདེན་པ་སོ་སོར་མི་འབྱེད་པའི་སྐབས་ཤིན་ཏུ་མང་བས། འཆད་འཇུག་གི་སྐབས་ནས་ཤེས་དགོས་སོ། །གཉིས་པ་རྣམ་འགྲེལ་མཛད་པའི་ལུགས་ཇི་ལྟར་ཡིན་པ་ལ་གཉིས་ཏེ། གནས་སྐབས་འགལ་བ་ཅན་དང༌། མཐར་ཐུག་དགོངས་པ་གཅིག་པའི་ཚུལ་ལོ། །དང་པོ་ནི། བྱམས་ཆོས་སྤྱི་ལས་དེ་ལྟར་བཤད་ཀྱང༌། རྣམ་འགྲེལ་ངེས་ལས། ཡོད་པ་ཉིད་ལ་མི་རྟག་པས་ཁྱབ་པ་དང༌། མི་རྟག་པའི་དོན་སྐད་ཅིག་མ་གཅིག་ཏུ་ཡང་མི་གནས་པ་ལ་བཤད་པས་ན། དགོངས་པ་དཔྱིས་ཕྱིན་པ་ཤེས་པར་དཀའོ། །རིགས་གཏེར་ལས། མེད་པ་རྟག་ཉིད་གང་ལས་ཡིན། །ཞེས་པའི་ལུང་དྲངས་ནས། རྟག་པ་ཉིད་ལ་དངོས་པོས་ཁྱབ་པ་དང༌། དེ་ལྟར་འདོད་པ་ཡང་རྟག་སྨྲ་བའི་ལུགས་ཡིན་པ་དང༌། ཆོས་ཀྱི་གྲགས་པ་ནི། འཇིག་པ་བཀག་ཙམ་ལ། རྟག་པའི་ཐ་སྙད་འདོགས་ཀྱི། རྟག་པ་མཚན་ཉིད་པ་མི་བཞེད་པ་དང༌། ནམ་མཁའ་དང༌། སོ་སོར་བརྟག་འགོག་དང༌། བརྟགས་མིན་གྱི་འགོག་པ་དང༌། དོན་སྤྱི་དང༌། མེད་པ་གསལ་བ་རྣམས་ཚད་མས་མི་གྲུབ་པ་ཉིད་དང༌། རྣམ་འགྲེལ་མཛད་པའི་དགོངས་པར་བཤད་དོ། །དེ་ལྟར་བཤད་པའི་ཚེ། དངོས་མེད་དང་རྟག་པ་ལྟ་ཅི་སྨོས། དངོས་པོའི་ཆོས་ཀྱང་ཡོད་པར་ཁས་ལེན་རྒྱུ་ཞིག་མ་བྱུང་བས། བྱམས་པའི་ཆོས་ཀྱི་བཤད་སྲོལ་དུ། རྟག་པའི་དངོས་པོ་ཞིག ངེས་དོན་མཐར་ཐུག་ཏུ་བཤད་པ་ལས་བརྒལ་བར་ནུས་ཞེ་ན། རྣམ་འགྲེལ་དུ་དངོས་པོ་དང་དངོས་མེད་རྣམས་རྟག་པ་ཉིད་དུ་མི་སྲིད་པར་བཤད་ཀྱང༌། ཆོས་དབྱིངས་རྟག་བརྟན་སོགས་མ་ཡིན་པར་མ་བཤད་བྱམས་ཆོས་རྩ་བར་ཆོས་དབྱིངས་རྟག་བརྟན་སོགས་སུ་བཤད་ཀྱང༌། གཞན་དབང་གི་དངོས་པོ་ཞིག་དེ་དང་དེར་བཤད་པ་མེད། མདོར་ན། སྡེ་བདུན་དུ་བཤད་པའི་དངོས་པོ་དང་དངོས་མེད་གང་རུང་ཡིན་ན། ཀུན་བཏགས་དང་གཞན་དབང་གི་དངོས་པོ་གང་རུང་ཡིན་དགོས། བྱམས་ཆོས་རྩ་བར་བཤད་པའི་རྟག་དངོས་དེ་ཡིན་ན། ཇི་སྐད་དུ། སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཞེས་གསུངས་པ་ལྟར། སྐྱེ་འཇིག་མེད་པའི་དངོས་པོ་ཞིག་ཡིན་དགོས་པའོ། །འོ་ན། སྐྱེ་འཇིག་ཡོད་མེད་ཀྱི་དངོས་པོའི་ཁྱད་པར་གང་གིས་འབྱེད་ཅེ་ན། ཀུན་བཏགས་དང་ཡོངས་གྲུབ་ཀྱི་དང༌། ཀུན་རྫོབ་དང་དོན་དམ་གྱི་དང༌། ཆོས་ཅན་དང་ཆོས་ཉིད་ཀྱི་དངོས་པོའི་ཁྱད་པར་གང་ཡིན་པ་དག་གོ །འདིར་སྨྲས་པ། ཆོས་འཁོར་གསུམ་པའི་ཆོས་ཀྱི་སྐད། །མཐོང་བ་ལྟ་ཅི་ཐོས་པ་ཡང༌། །བསླབས་པ་ལྟ་ཅི་སློབ་འདོད་ཀྱང༌། །ཉིན་སྐར་ལྟ་ཅི་ནམ་མཁའ་ཡི། །པདྨ་ཇི་བཞིན་པ་དུས་འདིར། །ཉིད་དང་ཉིད་ཅག་དང་འདྲ་བ། །གཞན་ཡང་ད་དུང་གཞན་དག་ཏུ། །སེམས་པས་ངལ་བར་མི་འགྱུར་རམ། །ཁོ་བོ་ཁོ་ནས་ཆོས་འདི་ལ། །ངལ་བས་དེ་རིང་ངལ་བསོ་ཐོབ། །དྲི་བ་གཉིས་པ་ནི། ཁྲོ་ཕུ་ལོཙྪ་བའི་བསྔོ་བ་རིན་ཆེན་ཕྲེང་བ་ན། ཡོད་པའི་དགེ་བ་ཞེས་བཤད་པ་དེ། ཅི་ལ་ཟེར་གསུངས་པ། བཀའ་ཕྱག་པའི་བསྔོ་བ་རྙིང་པ་ཐམས་ཅད་ཀྱི་ནང་ན། བདག་དང་སེམས་ཅན་ཐམས་ཅད་ཀྱིས། དུས་གསུམ་དུ་བསགས་ཡོད་པའི་དགེ་བ་རྣམས། ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་ཞེས་སོགས་འབྱུང་ལ། དེ་ཡང་ཕལ་པོ་ཆེར། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །ཞེས་སོགས་ཀྱི་དགོངས་པར་འཆད་ཅིང༌། ཡོད་པ་དེའི་ངོས་འཛིན། གཤེགས་པའི་སྙིང་པོ་ལ་འཆད་པ་སོགས། དགག་བཞག་རྒྱས་པར་སྡོམ་གསུམ་གྱི་བསྟན་བཅོས་སུ་མཛད་ཟིན་པས། འདིར་མི་སྤྲོ་ལ། རང་གིས་རྣམ་པར་བརྟགས་པ་ནི། སྤྱིར་དགེ་བ་ལ། མ་བྱས་པ་དང་བྱས་པ་གཉིས། །དང་པོ་ནི། རང་བཞིན་དུ་གནས་པའི་རིགས་སོ། །འདིའི་མིང་གི་རྣམ་གྲངས་ལ་ནི། དོན་དམ་པའི་བདག་ཅེས་བྱ་ཞིང༌། སེམས་ཅན་ཀུན་ལ་ཀུན་རྫོབ་པའི་དང༌། དོན་དམ་པའི་བདག་གཉིས་གཉིས་གསལ་བར་ཕྱེ་ནས། གང་གིས་བསྔོ་བར་བྱེད་པ་པོ་དང༌། གང་དུ་བསྔོ་བར་བྱ་བའི་ཡུལ་དང༌། གང་བསྔོ་བར་བྱ་བའི་དངོས་པོ་རྣམས་སོ་སོར་ངོས་བཟུང་ནས། སྨོན་ལམ་ལ་ཡང་དེ་བཞིན་དུ་སྦྱར་ནས། བསྔོ་བའི་ཚེ། གང་གིས་བསྔོ་བར་བྱེད་པ་པོ་ནི། ཀུན་རྫོབ་པའི་གང་ཟག་དང༌། བྱེད་པ་པོ་ལས་སོག་པ་སྟེ། ཇི་སྲིད་ལྷག་མེད་ཀྱི་མྱང་འདས་དང༌། སངས་རྒྱས་མ་ཐོབ་ཀྱི་བར་དུ། ལྷན་ཅིག་སྐྱེས་པའི་མ་རིག་པས་ཀུན་ཏུ་སྒྲོ་བཏགས་པའི་ངའོ་སྙམ་པའི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཉིད་དོ། །གང་དུ་བསྔོ་བར་བྱ་བའི་ཡུལ་ནི། བློའི་བྱེ་བྲག་གིས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་གཉིས་སོ། །ཕྱི་མ་ལ་ཡང༌། དམན་པའི་ལྷག་བཅས་དང༌། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་གཉིས་སོ། །སོ་སོ་སྐྱེ་བོས་ནི་ལྷག་མེད་དུ་བསྔོ་བར་མི་བྱ་སྟེ། བདག་ཆད་ཀྱིས་དོགས་པའི་ཕྱིར་རོ། །དོན་དམ་གྱི་བསྔོ་བའི་ཚེ། བསྔོ་བ་པོ་དོན་དམ་པའི་བདག་དང༌། བསྔོ་ཡུལ་སངས་རྒྱས་ཀྱི་ཆོས་སྐུ་དང༌། བསྔོ་བྱ་ཡེ་ཤེས་ཀྱི་ཚོགས་རང་གིས་བསགས་པ་དང༌། གཞན་ལ་རྗེས་སུ་ཡི་རང་བ་སོགས་སོ། །དེ་བཞིན་དུ་སྨོན་ལམ་ལ་ཡང༌། བསྔོ་བ་ཇི་ལྟ་བ་བཞིན་དུ། ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་སྨོན་ལམ་ལ་ཡང་སྦྱར་ནས། ཐུན་མོང་དུ་ཤེས་པར་བྱ་ཞིང༌། ཐུན་མོང་མ་ཡིན་པ་ནི། བསྔོ་བྱ་དང་སྨོན་བྱའི་རྫས་ཀྱི་ཁྱད་པར་ལས་ཏེ། ཀུན་རྫོབ་ཀྱི་ང་སོགས་སྐྱེས་བུ་བཅུ་གཉིས་པོ་ཉིད། མངོན་པར་མཐོ་བ་དང༌། ལྷག་བཅས་དང༌། གཟུགས་ཀྱི་སྐུ་གཉིས་སུ་གྱུར་ཅིག་པའི་སྨོན་ལམ་སོ་སོར་འདེབས་པ་ཡིན་ལ། དོན་དམ་པའི་སྨོན་ལམ་གྱི་ཚེ་ནི། སྨོན་པར་བྱ་བའི་དངོས་པོ། དོན་དམ་པའི་བདག་གམ། གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་སམ། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཉིད། བློའི་བྱེ་བྲག་གིས་ལྷག་མེད་ཀྱི་མྱང་འདས་སམ། སངས་རྒྱས་ཀྱི་ཆོས་སྐུ་ཉིད་དུ་གྱུར་ཅིག་པའི་སྨོན་ལམ་འདེབས་པར་བྱེད་དོ། །དམ་པའི་བདག་འདི་ལ་དགོངས་ནས། ཇི་སྐད་དུ། ང་དེའི་ཚེ་དེའི་དུས་ན་ཞེས་སོགས་དང༌། ང་ལུང་བསྟན་པར་གྱུར་ཅེས། རྒྱལ་བ་དེ་སྐད་གསུང༌། ཞེས་བཤད་དོ། །དེའི་ཚེ། ང་དང་བདག་སོགས་སངས་རྒྱ་བར་གྱུར་ཅིག་ཅེས་པ་ནི། སྨོན་ལམ་དུ་མི་རུང་ན་ནི། སྨོན་ལམ་རྒྱུན་ཆད་པར་འགྱུར་ལ། བསྔོ་བྱའི་རྫས་སུ་ནི་མི་རུང་སྟེ། བསགས་པའི་དགེ་བ་མ་ཡིན་པའི་ཕྱིར་དང༌། མ་བསྔོས་ཀྱང་ལོག་ལྟ་སོགས་ཀྱིས་གཞོམ་མི་ནུས་པའི་ཕྱིར་དང༌། མ་བསྔོས་ཀྱང་སངས་རྒྱ་རུང་ཉིད་དུ། ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་དང༌། དགེ་རྩ་ཆད་པའི་གང་ཟག་ཀུན་ལའང་ཡོད་པའི་ཕྱིར་དང༌། སྨོན་ལམ་ལ་ནི། གནས་དང་གནས་མ་ཡིན་པ་གཉིས་སུ་གསུངས་མོད། བསྔོ་བ་ནི། གནས་ཀྱི་བསྔོ་བ་ཁོ་ན་ཉིད་དུ་མདོ་ལས་གསུངས་པའི་ཕྱིར་རོ། །འོན་ཀྱང་བདེ་གཤེགས་སྙིང་པོའི་ངོས་འཛིན་སྟོང་ཉིད་མེད་དགག་གི་ཆ་ལ་འཆད་པ་ལྟར་ན། དགེ་བར་ཡང་མི་རུང་ལ། འཁོར་ལོ་གསུམ་པའི་དགོངས་པས། མ་ཡིན་དགག་གི་ཆ་ནས་ངོས་འཛིན་པ་ལྟར་ན། དགེ་བར་བཤད་པའི་རྣམ་གྲངས་མང་ཡང༌། གང་ཞིག་བསྔོ་བར་བྱ་བའི་དངོས་པོ་ཉིད་དུ་མི་འཆད་པ་ནི། རྗེ་བཙུན་ས་སྐྱ་པ་དག་གི་བཞེད་པའོ། །སྨྲས་པ། རང་དང་གཞན་གྱི་ཕྱོགས་དག་ལ། །ཆགས་དང་སྡང་བས་མ་ཡིན་པར། །ལུང་དང་རིགས་པས་སྦྱང་འདི་ལ། །ཁྱེད་དང་འདྲ་བ་གཞན་དག་ཀྱང༌། །དགའ་དང་གུས་པ་མང་བར་མཛོད། །དྲི་བ་གསུམ་པ་ནི། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་སོགས། འཇིག་རྟེན་མཐུན་འཇུག་ལ་དགོངས་ན། དགའ་ལྡན་གནས་ནས་འཕོ་བའི་ཚེ། གླང་པོ་ཆེའི་གཟུགས་སུ་བྱོན་པ་ཇི་ལྟར་ཡིན་གསུང་བ་འདི་ལ་ནི། མཛོད་ཀྱི་འགྲེལ་པར། དྲིས་ལན་གྱི་སྒོ་ནས་ལན་བཏབ་ཟིན་པར་འདུག་ལ། དེ་ཡང༌། ཇི་སྐད་དུ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་པ་ལ། རྒོལ་བ་ནི། དེ་ལྟར་ན། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ། འཛམ་གླིང་དུ་འཕོ་བའི་བར་སྲིད་གླང་པོ་ཆེའི་རྣམ་པས་བྱོན་པ་ལ། ཅི་ཞེས་པ། བར་སྲིད་དངོས་ནི། མིའི་བྱང་ཆུབ་སེམས་དཔའ་གཞོན་ནུ་མཚན་དཔེས་སྤྲས་པ་གཅིག་ལས་འོས་མེད་ཀྱང༌། ཡུམ་ལྷ་མོ་སྒྱུ་འཕྲུལ་གྱི་རྨི་ལམ་དུ་དེ་ལྟར་བསྟན་པ་ནི། དོན་དང་དགོས་པ་འགའ་ཞིག་མཚོན་པའི་ཕྱིར་ཡིན་ཏེ། དཔེར་ན། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལས་འབྱུང་བ་བཞིན་ནོ། །ཞེས་པ་ཉིད་ལན་ནོ། །དྲི་བ་བཞི་པ་ནི། ཤེར་ཕྱིར་གྱི་མདོ་ལས་གཟུགས་སྟོང་པའོ། །ཞེས་དང༌། བསྟན་བཅོས་ལས། གཟུགས་ནི་སྟོང་ཉིད་མི་རིགས་ཏེ། །ཞེས་སོགས་འགལ་བ་ལྟ་བུར་སྣང་བ། ཅི་གསུང་བ་འདི་ལ། གཉིས་ཏེ། དངོས་ལན་བཏབ་པ་དང༌། ཤེས་བྱེད་བཀོད་པའོ། །དང་པོ་ནི། མདོའི་དངོས་བསྟན་ལ་བཤད་ཚུལ་གཉིས་ཡོད་ཀྱང༌། ཁྱད་གཞི་ཉིད་དུ་གཟུང་བྱར་གྱུར་པའི་གཟུགས་སོགས་ཇི་སྙེད་པ། གདོད་མ་ནས་ཡོད་མ་མྱོང་བ་ནི། སྟོང་པའི་དོན་ནོ། །བརྒྱད་སྟོང་དོན་བསྡུར། དེ་སྐད་བཤད་པའི་དགོངས་པ་ནི། ཐོགས་མེད་ཞབས་ཀྱིས་ཕྱེ་བའི་ཤིང་རྟའི་སྲོལ་ལས་བྱུང་བ་སྟེ། གཟུགས་ནི་ཞེས་པ། མཚོན་པ་ཙམ་སྟེ། ཀུན་བཏགས་སུ་གྱུར་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་ཐམས་ཅད་དོ། །སྟོང་ཉིད་ཅེས་པ་ལ། གཟུང་འཛིན་ཀུན་བཏགས་ཁེགས་པའི་མེད་དགག་ནམ་མཁའ་ལྟ་བུ་དང༌། གཉིས་སྟོང་དེས་ཁྱད་པར་དུ་བྱས་པའི་ཡེ་ཤེས་དག་ལ་ངོས་བཟུང་ནས། ཁྱད་གཞི་གཟུགས་སོགས་དེ་དང་དེ་ཐམས་ཅད་ཆོས་ཅན་དུ་གཟུང་ནས། སྟོང་ཉིད་ཅེས་པ་ཁྱོད་ཀྱི་ངོས་འཛིན་དེ་དང་དེ་མ་ཡིན་པའི་ཤེས་བྱེད་དུ། སྟོང་ཉིད་ཅེས་བྱ་གཟུགས་དང་བྲལ། །གཟུགས་ནི་རྣམ་པ་དང་འབྲེལ་ཡིན། །ཞེས་བཀོད་པའོ། །མདོར་ན། ཀུན་བཏགས་དང་ཡོངས་གྲུབ་ཕན་ཚུན་འགལ་བའི་ཤེས་བྱེད་དོ། །འགལ་ཞེས་པ་ཡང༌། རྟོག་གེ་པ་ལྟར། གཉིས་ཀ་ཡོད་མཉམ་དུ་ཁས་ལེན་པ་ནི་མ་ཡིན་ཏེ། ཕྱོགས་ཀྱི་གླང་པོའི་སྲོལ་འདི་ལ། ཀུན་བཏགས་ཇི་སྙེད་པ་རང་སྟོང་དུ་བཤད་པའི་ཕྱིར། འོ་ན། རྣམ་པ་དང་འབྲེལ་བ་ཅི་ཞེ་ན། རྣམ་ཤེས་ལ་དེ་ལྟར་སྣང་བའོ། །འོ་ན། ཀུན་བཏགས་སུ་གྱུར་པའི་སྟོང་ཉིད་དང་རྣམ་མཁྱེན་སོགས་ཇི་ལྟ་བུ་ཞེ་ན། དེ་འཛིན་རྟོགས་པས་དེ་དང་དེར་བཟུང་བ་ལ། དེ་དང་དེ་ཉིད་དུ་སྒྲོ་བཏགས་པའོ། །གཉིས་པ་ཤེས་བྱེད་བཀོད་པ་ནི། སྟོང་ཉིད་བཞི་སྦྱོར་གྱི་འགྲེལ་ཚུལ་ལ། ཤིང་རྟའི་སྲོལ་སྔ་ཕྱི་གཉིས་ལས། དང་པོ། བྱམས་ཆོས་ཀྱི་ལུགས་ལྟར་ན། ཀུན་བཏགས་དང་གཞན་དབང་གི་ཆོས་ཐམས་ཅད་ནི་སྟོང་པའོ། །དེ་ཡང་དང་པོ། རང་སྟོང་ནམ་མཁའི་མེ་ཏོག་ལྟ་བུ་དང༌། གཉིས་པ། གཞན་སྟོང་སྒྱུ་མ་ལྟ་བུ་སྟེ། དེ་དག་ནི། ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བྱེད་དོ། །མེད་པར་སྐུར་འདེབས་ཀྱི་མཐའ་སེལ་བྱེད་ནི། སྟོང་པ་ཉིད་གཟུགས་སོ་ཞེས་པ། སྟོང་ཉིད་ཀྱི་ངོས་འཛིན། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད། གཟུགས་སོ་ཞེས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་ཀྱི། དབང་དུ་བྱས་པའི་ཆོས་ཉིད་གཟུགས་ལ་སོགས་པ་ཡིན་ལ། དེ་ནི་རྟག་པ་དང་བདེན་པའོ། །དེ་ལྟར་སྒྲོ་སྐུར་གྱི་མཐའ་གཉིས་བསལ་བའི་དོན་བསྡུ་བ་ནི། གཟུགས་ལས་ཀྱང་ཞེས་དང༌། སྟོང་པ་ཉིད་ལས་ཀྱང་ཞེས་པའོ། །ལུགས་འདི་ལ་ཆོས་ཀྱི་དབྱིངས་དང་སྟོང་པ་ཉིད་ལས་མ་གཏོགས་པའི་ཆོས་གཞན་མེད་ལ། དབྱིངས་དེ་དག་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དང༌། བདེན་པའི་དངོས་པོར་གྱུར་པའོ། །སྲོལ་འབྱེད་གཉིས་པ་ནི། དབུ་མ་ངོ་བོ་ཉིད་མེད་པ་དག་གི་སྲོལ་ཏེ། གཟུགས་སྟོང་པའོ་ཞེས་པ། བློའི་ཡུལ་དུ་བྱར་རུང་བ་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བའོ། །སྟོང་པ་ཉིད་གཟུགས་སོ་ཞེས་པ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་བཤད་པ་ལྟར། གནས་ཚུལ་སྟོང་པ་ཉིད་དུ་མི་རུང་ན། སྣང་ཚུལ་རྟེན་འབྲེལ་སྣ་ཚོགས་འཆར་བ་ཡང་མི་རུང་ཞེས་པའོ། །གཟུགས་ལས་ཀྱང་ཞེས་པའི་མདོ་གཉིས་ནི། གཟུགས་སོགས་ཀུན་རྫོབ་པ་དང༌། དེའི་ཆོས་ཉིད་སྟོང་པ་ཉིད་དུ་ཐ་སྙད་བྱས་པ་རྣམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའོ། །འདིར་ནི་སྒྲོ་སྐུར་ལ་སོགས་པའི་སྤྲོས་པ་ཐམས་ཅད། སྟོང་པ་ཉིད་དམ་རྟེན་འབྲེལ་ཁོ་ནས་སེལ་ནུས་པ་ཡིན་ཏེ། སྤྱིར་བཏང་དུ། ཡིན་མིན་དང་ཡོད་མེད་ལ་སོགས་གང་དུ་ཁས་བླངས་ཀྱང༌། སྟོང་ཉིད་དང་རྟེན་འབྲེལ་དུ་འཆད་མི་ནུས་པའི་ཕྱིར། དེང་སང་པ་དག་ན་རེ། ཆོས་གང་ཡང་ཡོད་པ་མ་ཡིན་ན། ལས་འབྲས་སོགས་ལ་སྐུར་པ་བཏབ་ཟེར་མོད། ཁོ་བོ་ཅག་ནི། དེ་དག་མེད་པར་ཡང་ཁས་མི་ལེན་པའི་ཕྱིར་དང༌། ལྟོས་གྲུབ་ཏུ་ཁས་ལེན་པའི་ཕྱིར་དང༌། ཀུན་རྫོབ་ཏུ་ཡོད་པར་ཁས་ལེན་པའི་ཕྱིར། སྤྲོས་པའི་མཐར་ལྷུང་བ་མེད་དོ། །ལུགས་འདི་ལ་ཡང་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མི་སྲིད་ལ། དབྱིངས་དེ་ནི། ཡོད་པ་ལྟ་ཞོག མེད་པ་སོགས་གང་ཡང་རུང་བ་གཅིག་ཏུ། གནས་པ་མེད་ཅིང༌། ཁས་ལེན་དུ་ཡང་རུང་བ་མ་ཡིན་པ་ལ་དགོངས་ནས། ཚིག་གསལ་དུ། འཕགས་པ་རྣམས་ཀྱི་དོན་དམ་ནི། །ཅང་མི་གསུང་བ་ཡིན་ནོ་ཞེས་དང༌། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །དེ་ལྟ་ན་ཡང༌། ཤེས་པར་བྱ་བ་ནི་ཡིན་ཏེ། འཇིག་རྟེན་པའི་ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཤེས་དགོས་པའི་ཕྱིར་དང༌། ཡབ་སྲས་མཇལ་བའི་མདོར། ཤེས་པར་བྱ་བ་ཡང་གཉིས་པོ་འདི་ཙམ་ཁོ་ན་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའོ་གསུངས་པ་ཡིན་ནོ།། །།སྭསྟི། འདི་ན་བདེན་དང་བདེན་པ་མིན་པའི་གཏམ་གང་གསལ་བར་སྨྲ་ནུས་གང་ཡིན་བཅོམ་ལྡན་ཐུབ་པ་དེ་ནི་རིང་དུ་གཤེགས། །དེ་གསུང་བདུད་རྩི་མང་པོར་གྱུར་པའི་བཀའ་དང་བསྟན་བཅོས་དིང་སང་འདི་ན་དཔང་པོར་བཞུགས་སྙམ་བྱེད་པ་ཡིན་མོད་ཀྱང༌། །གླེགས་ཐག་འཁྲིལ་ཤིང་མང་པོས་དམ་པར་འཁྱུད་པའི་གླེགས་བམ་དཔག་བསམ་དབང་པོ་མུན་པའི་ཁྲི་ལ་བཞུགས་པར་གྱུར་མིན་ནམ། །དེ་དོན་འབྱེད་པའི་ཉིན་བྱེད་བགྲང་ཡས་སྤྲོ་བྱེད་མཁན་ནི་དེང་འདིར་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ། །འདྲི་བར་འདོད་ན་ཤེས་ལ་འདྲི། །གོ་བར་འདོད་ན་གཟིགས་པས་གོ །མཁས་ལ་བསླབས་ན་ཀུན་ལ་མཁས། །འཆད་པོ་མང་ཡང་ཆོས་མི་འཆད། །འཆད་མཁས་གཅིག་པུས་འདི་ན་འཆད། །རྩོད་པར་དགོངས་ནས་མཁས་ལ་རྩོད། །རྩོམ་པ་པོ་ནི་གཞུང་བཞིན་རྩོམ། །ད་ལན་འདི་ཙམ་སྤྲིངས་སོ་ད། །བཞེད་པ་ཡོད་ན་འདིར་ཡང་བཞེད། །སྤྲོ་བར་ནུས་སོ་རང་སེམས་སྤྲོ། །དགེ་བའི་བཤེས་ཀྱིས་མཛད་འདི་དགེ །ལ་ལ་མཁས་མཁས་འདོད་འདོད་ནས། །མང་མང་ཐོས་ཐོས་བྱེད་བྱེད་པོ། །སྐབས་དོན་སྐབས་ལས་མ་ཉམས་སམ། །འགའ་འགའ་བཙུན་བཙུན་བཟང་བཟང་པོ། །ཅང་མི་སྨྲ་འགའ་ཅང་ཡོད་དམ། །མཁས་པར་མཁྱེན་ནས་འདིར་དྲིས་སམ། །སོམ་ཉི་བསལ་ཕྱིར་དྲིས་ཀྱང་རུང༌། །རང་གཞན་གཞུང་ལུགས་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་ནས་འདི་སྤྲིངས་སོ། །དེ་ཡི་དགེ་བ་རྣམ་དཀར་པོ། །མཚན་མར་འཛིན་ཀུན་ལས་གྲོལ་བ། །མཐའ་ཡས་གདུལ་བྱའི་ཚོགས་རྣམས་དང༌། །ཐམས་ཅད་མཁྱེན་མཚོར་རོ་གཅིག་ཤོག །ཅེས། གཟི་བསམ་གྲུབ་ཆོས་སྡེ་ནས། མང་དུ་གསན་ཞིང་སྒྲུབ་པ་ལ་གཞོལ་བའི་བཤེས་གཉེན་དམ་པ་དགེ་འདུན་དཔལ་གྱིས་དུལ་ཞིང་དགེ་བར་དྲིས་པའི་ལན། ཡ་མཚན་བཅུ་བདུན་པ་ཞེས་བྱ་བ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཆུ་མོ་ཕག་གི་ལོ་ཁྲུམས་ཀྱི་ཉ་བའི་ཡར་ཚེས་བཅོ་ལྔ་ལ། གཙང་གསེར་མདོག་ཅན་གྱི་ཆོས་གྲྭ་ཉིད་དུ། ལྷག་པའི་བསམ་པས་སྦྱར་ཏེ་སྤྲིངས་པའི་ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ།། །།ཤུ་བྷཾ།། །། ༄༅། །སྭསྟི། དྲིས་ལན་འདི་མདང་སང་དར་ནས་ཡ་མཚན་བཅུ་བདུན་པོ་གང་ཡིན་གསུང་བྱུང་བ། སྔོན་བྱོན་བོད་ཡུལ་གྱི་ཐེག་ཆེན་པ་རྣམས་བདེན་པ་གཉིས་ཀྱི་འཇོག་ཚུལ་མཐུན་པས་རང་རང་གི་ཆོས་བརྒྱུད་འཛིན་ནུས་པའི་ཡོན་ཏན་ཕྱིས་བྱོན་ཀུན་རྫོབ་ཚད་གྲུབ་ཀྱི་གཞུང་བཙུགས་པའི་རྗེས་སུ་ཕལ་ཆེ་བ་དག་འབྲངས་པས་རང་རང་གི་ལུགས་འཁྲུགས་པའི་སྐྱོན་ཅན། རྣལ་འབྱོར་སྤྱོད་པའི་དབུ་མ་དང༌། ཐལ་རང་གི་དབུ་མ་དང༌། སྔགས་ཀྱི་དབུ་མ་གསུམ་གྲུབ་མཐའ་བཞི་རྩེ་མོར་གཞུང་ཚུགས་ཤིང༌། ནང་ཚན་གྱི་དབྱེ་བ་སོ་སོར་འབྱེད་པའི་ཚུལ་གསུམ་དང༌། ཉན་རང་གི་ལྟ་བ་ཡང་དབུ་མར་ཚུད་པས་མཐར་མ་ལྷུང་བའི་ཡོན་ཏན་དང་བཞི་ཚན་གཅིག་སྔ་མ་གཉིས་དང་དྲུག་གོ །དཔལ་ལྡན་ཆོས་སྐྱོང་སྔགས་ཀྱི་དབུ་མར་ཞུགས་པའི་ཡོན་ཏན་གྱིས། ཐལ་རང་བའི་དབུ་མར་མ་ཞུགས་པའི་ཚུལ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་ནས་སྔགས་ཀྱི་དབུ་མར་འཇུག་པ་བདེ་ཞིང༌། དངོས་གཞིའི་ཉམས་ལེན་མཐུན་པའི་ཚུལ། ཐལ་རང་གི་དབུ་མ་ནས། སྔགས་ཀྱི་དབུ་མར་འཇུག་པ་མི་བདེ་ཞིང༌། དངོས་གཞིའི་ཉམས་ལེན་མི་མཐུན་པའི་ཚུལ། དེའི་ཤེས་བྱེད། སྔགས་ཀྱི་གཞི་ལམ་འབྲས་གསུམ་གྱི་ངོ་བོ་དོན་དམ་དང་ཡེ་ཤེས་སུ་མཚུངས་ཤིང༌། ཐལ་རང་གི་གཞི་ལམ་འབྲས་གསུམ་གྱི་གཙོ་བོ་ཕལ་ཆེར་མེད་དགག་ཏུ་མཚུངས་པའི་ཚུལ། དེ་ལྟ་ན་ཡང་ཕར་ཕྱིན་ཐེག་པ་རྐྱང་པས། སངས་རྒྱ་བ་ལ་དེ་ཙམ་གྱིས་ཆོག་ཅིང༌། སྔགས་སུ་མཐའ་གཉིས་པོ་ལ་ཚུལ་དེ་དང་མཚུངས་པ་ཡོད་ཀྱང་དེ་ལས་ལྷག་པ་གཞན་མེད་པར་བསྟན། དེ་ལྟར་འཆད་པ་རྗེ་བཙུན་ས་སྐྱ་པའི་དགོངས་པར་གྲུབ་པ་སྟེ། དྲུག་ཚན་གཅིག ཀུན་གཞི་རྒྱུ་རྒྱུད་ཀྱི་ངོས་འཛིན་ཀུན་གཞི་ཡེ་ཤེས་སམ་ཟག་པ་མེད་པའི་སེམས་རྒྱུད་ལ་བཤད་ནས། སྦྱང་གཞིའི་མཐར་ཐུག་སྒྲིབ་བཅས་སེམས་ཀྱི་ཆོས་དབྱིངས་ལ་འཆད་དགོས་པ་དང༌། སྦྱོང་བྱེད་རིམ་པ་གཉིས་པོ། རློམས་ཚོད་ལ། དོན་དམ་པའི་བདེན་པ་ཁོ་ནར་ངེས་ཀྱང༌། ལས་དང་པོ་པས་ཐོག་མར་རྣམ་ཤེས་ཀྱིས་ཞུགས་ཤིང༌། ས་ཐོབ་ནས་ཡེ་ཤེས་ཁོ་ནའི་རྣམ་རོལ་གྱིས་འཇུག་པར་བསྟན་པ་དང༌། ཤེས་བྱའི་རྣམ་པ་རེ་རེ་ལ་ཡུལ་བདེན་པ་གཉིས་གཉིས་སུ་ཕྱེ་ཞིང༌། ཡུལ་ཅན་རྣམ་ཤེས་དང་ཡེ་ཤེས་གཉིས་གཉིས་སུ་འབྱེད་པ། ཐེག་པ་ཆེན་པོའི་ཉམས་ལེན་མཐའ་དག་ལ་དགོས་པར་བསྟན་པ་དང༌། དེ་ཡང་རྗེས་ཐོབ་དང་རྗེས་འཇུག་གི་ཚེ་ཡུལ་ཅན་རྣམ་ཤེས་དང་ཡུལ་ཀུན་རྫོབ་དབང་བཙན་ཞིང༌། མཉམ་གཞག་དང་ཉམས་ལེན་དངོས་གཞིའི་ཚེ་ཡུལ་ཅན་ཡེ་ཤེས་དང༌། ཡུལ་དོན་དམ་དབང་བཙན་པ་བསྟན། གཞི་ལམ་དུ་དོན་དམ་པའི་སེམས་ཅན་གྱིས། ཡེ་ཤེས་ཀྱི་ཚོགས་བསགས་པས། འབྲས་དུས་སུ་ཆོས་སྐུར་སངས་རྒྱ་བ་དང༌། གཞི་ལམ་དུ་ཀུན་རྫོབ་པའི་སེམས་ཅན་གྱིས། བསོད་ནམས་ཀྱི་ཚོགས་བསགས་པས་འབྲས་དུས་སུ་གཟུགས་སྐུར་སངས་རྒྱ་བ་རྣམས་སོ། །དེ་ལྟར་ཡ་མཚན་བཅུ་བདུན་པོ། །ལུས་རྣམ་གཞག་ཡིན་དེ་ལས་ཀྱང༌། །གྱེས་པའི་ཡ་མཚན་བཅུ་བདུན་པོ། །ཡན་ལག་རྒྱས་བཤད་དེ་ལས་ཀྱང༌། །ཉིང་ལག་ཡ་མཚན་བཅུ་བདུན་པོ། །ཡོད་དོ་ཤེས་རབ་ཅན་གྱིས་སྦྱོར། །དེ་ལྟར་ཡ་མཚན་བཅུ་བདུན་ཕྲག །གསུམ་གྱིས་བསྐོར་བའི་སྐྱེད་ཚལ་ནས། །དགོས་འདོད་དཔག་བསམ་འདོད་འཇོ་ནི། །ཤེས་རབ་སྤྱན་ཡངས་སྟོང་འཛིན་པའི། །བརྒྱ་བྱིན་ཉེ་དབང་དང་བཅས་ཀྱི། །འཆི་མེད་བདུད་རྩིའི་འབབ་སྟེགས་མཆོག །ཐོག་མར་འདི་བཟུང་དེ་ནས་ནི། །བོད་ཆེན་སྔོན་མའི་གསུང་རབ་གཟིགས། །དེ་ནས་ཐེག་པ་ཆེན་པོ་ཡི། །བཀའ་དང་བསྟན་བཅོས་མཐའ་དག་གི །ངེས་པའི་དོན་ལ་གདེང་ཐོབ་ནས། །ཕྱིས་བྱོན་གཏམ་གྱི་རོལ་མོ་མཁན། །ཀུན་གྱི་དེ་ཉིད་མཐོང་བར་གྱུར།། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply