ཚད་མ་རིགས་གཏེར་གྱི་མཆོད་ཚིག་གཉིས་པའི་ཡུལ་ལ་དཔྱད་པ།

རྩོམ་པ་པོ། ཀུན་དགའ་དོན་གྲུབ

བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་ཞལ་སྔ་ནས་བསྩལ་བའི”རྟོག་གེ་འཁྲུལ་བ་འཇོམ”པའི་ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་གཏེར་ཞེས་བྱ་བའི་གཞུང་འདིའི་འཕྲིན་ལས་དང་ཤུགས་རྐྱེན་ནི་བོད་གངས་རིའི་ལྗོངས་འདིར་ངོ་མཚར་ཞིང་། བློས་དཔོག་པར་དཀའ་བ་ཞིག་ཏུ་གྱུར་ཡོད། དེ་ཡང་བདག་ཉིད་ཆེན་པོ་གང་གི་རང་འགྲེལ་དང་བཅས་པར་བརྩམས་ཡོད་ཅིང་། ཀུན་མཁྱེན་འཇམ་དབྱངས་བཤད་པ་སོགས་ཀྱིས་དེ་ཉིད་རང་འགྲེལ་མིན་པར་བཞེད་མོད། རྩ་བ་ནི་གང་དུའང་དཀྱོགས་ཀྱང་སླ་མོད། འགྲེལ་བ་ཁ་གསལ་བས། རང་གི་ལུགས་དང་མི་མཐུན་པའི་རྣམ་གཞག་མང་དུ་བྱུང་བས་ཆོས་ཀྱི་རྗེ་ལ་རྒོལ་བར་མ་ནུས་པས་དེ་ལྟར་སྨྲ་བ་ཙམ་དུ་ཟད་ཀྱི། ལོ་རྒྱུས་དང་གཏན་ཚིགས་ཀྱི་དངོས་དཔང་གང་ཡང་མེད། ཕྱིས་ཀྱི་ས་སྐྱའི་མཁས་པ་རྣམས་ཀྱིས་རང་འགྲེལ་ཡིན་ཤག་ཏུ་བྱེད་པ་ལས་ཡིན་པའི་རྒྱུ་མཚན་གསུངས་པ་མི་སྣང་མོད། ཁོ་བོས་སྒྲུབ་བྱེད་ཤིན་ཏུ་གསལ་བ་མཐོང་བས། དཔྱད་རྩོམ་རྗེས་མར་གླེང་བར་བྱའོ།། དེ་ལྟར་རང་འགྲེལ་དང་བཅས་པས་ཆོས་རྗེ་མཆོག་གི་དགོངས་པ་རྟོགས་པར་མཐུན་རྐྱེན་ཤིན་ཏུ་ཆེ་ཞིང་། “ས་སྐྱའི་པཎྜི་ཏ་ཆེན་པོའི་གསུང་གི་བདུད་རྩིས་བློ་གྲོས་ཀྱིས་ལུས་རྒྱས་པར་བྱས་པ། ཉིང་ཡུལ་འུ་ཡུག་གི་དགེ་སློང་རིག་པའི་སེང་གེས”འགྲེལ་བ་མཛད་པས་རྗེས་འཇུག་རྣམས་ཀྱི་ཆོས་རྗེ་དགོངས་པ་རྟོགས་པར་མཐུན་རྐྱེན་ཕུན་སུམ་ཚོགས་པར་གྱུར་ཡོད། འོན་ཏེ། མཆོད་བརྗོད་ཀྱི་ཚིག་དོན་ནི་འགྲེལ་བ་དེ་གཉིས་ཀས་ཅུང་ཟད་ཙམ་ཡང་མ་འགྲེལ་ཞིང་། འུ་ཡུག་པའི་འགྲེལ་བ་མཛད་པ་ནས། ཀུན་མཁྱེན་གཡག་གི་འགྲེལ་བ་མ་མཛད་བར། རིགས་གཏེར་ལ་འགྲེལ་བ་མ་བྱུང་འདུག་ཅིང་། ཆོས་རྗེ་མཆོག་གི་གསུང་རྒྱུན་ཡང་ཉམས་པ་ཡིན་ནམ། མཆོད་ཚིག་གཉིས་པའི་ཚིག་དོན་ནི་བར་སྐབས་དེ་ནས་ཀུན་ཀྱིས་བརྗེད་པ་ལྟར་གྱུར་ཏེ། ཧ་ལམ་རྩོམ་པོ་རང་གི”ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་གྱུར”འདུག དེའི་སྟབས་ཀྱིས་ཕྱིས་ཀྱི་འགྲེལ་བ་རྣམས་ཀྱི་བཤད་ཚུལ་མི་མཚུངས་པ་དུ་མ་བྱས་ཤིང་། ཕན་ཚུན་དགག་བཞག་ཀྱང་མང་དུ་བྱས་མོད། དོན་གྱིས་ཐམས་ཅད་ཀྱང་ཕྱི་རོལ་དུ་གྱུར་ཏེ་མཆིས་པས། ཁོ་བོས་ཟུར་ཙམ་ཞུ་བར་འདོད།

བློ་གྲོས་སྤྱི་གཙུག་ཡོན་ཏན་ནོར་བུའི་རྒྱན་གྱིས་སྤྲས།། བདེན་གཉིས་རོ་འཛིན་སྟོང་ཉིད་ཕུད་སྒྲའི་སྒྲ་སྒྲོགས་ཤིང་།། མཁྱེན་བརྩེ་ལྟ་ཟེར་ཕས་རྒོལ་སྐྱེ་བོས་མི་བཟོད་པ།། བློ་གསལ་རྒྱ་མཚོའི་རྒྱ་མཚོའི་རྒྱན་གྱུར་དཔལ་ལྡན་ཀླུ་དབང་རྒྱལ་།།

འདིའི་མཆོད་ཡུལ་ནི་ཀུན་མཁྱེན་གཡག་པ་དང་། དར་མ་རིན་ཆེན་སོགས་ནས་བརྩམས་ཏེ། འགྲེལ་བ་མཁན་པོ་ཐམས་ཅད་ཀྱིས་ཕྱོགས་གླང་ཡབ་སྲས་ཡིན་པར་འདོད་མོད། མཁས་པ་རྣམས་ཀྱིས་ཐུགས་མཉམ་མ་བཞག་ཟེར་ཡང་ཆོག ཕྱིར་རྟོག་མ་བྱས་པ་ཙམ་དུ་ཟད་མོད། འདིའི་མཆོད་ཡུལ་ཕྱོགས་གླང་ཡབ་སྲས་མིན་པ་ནི་ཤིན་ཏུ་རྟོག་སླ། འོ་ན་འདིའི་མཆོད་ཡུལ་སུ་ཡིན་ཞེ་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཡིན་ནོ།། དེ་ཡང་གཞན་གྱི་སྒྲུབ་བྱེད་གཞིག་ནས་མ་ངེས་པར་བསྟན། རང་གི་སྒྲུབ་བྱེད་བསྟན་ནས་འཐད་ལྡན་དུ་སྨྲ་བའོ།།
འདིའི་མཆོད་ཡུལ་ལ། ཚད་མའི་སློབ་དཔོན་རྣམ་གཉིས་འཇོག་དགོས་པའི་རྒྱུ་མཚན་ལ། འདིར་ཚད་མ་འཆད་པའི་སྐབས་ཡིན་པས་སོ་སྙམ་པ་ཁོ་ནར་ཟད་ཅིང་། རྒྱུ་མཚན་དེས་མཆོད་ཚིག་ལས་བསྟན་པའི་ཁྱད་ཆོས་རྣམས་རིགས་པའི་སློབ་དཔོན་གཉིས་ལ་ཅི་འབྱོར་འདི་འབྱོར་མེད་བཞིན་དུ་བཙན་སྒྲིག་བྱས་སོ།། གཏན་ཚིགས་དེར་ནི་ཁྱབ་པ་ཡང་མ་ངེས་ཏེ། རྒྱ་གར་ཡིན་ན་ཤེས་རབ་འཕེལ་རིམ་གྱིས་དང་པོ་ཐེག་པ་འོག་མའི་གཞུང་བརྩམས། དེ་ནས་གྲུབ་མཐའ་འགྱུར་ཏེ། གོང་མའི་ལུགས་ཀྱི་གཞུང་བརྩམས་པ་ཡོད་ཀྱི། རང་ཉིད་གྲུབ་མཐའ་གཞན་ཞིག་ལ་གནས་ནས། གྲུབ་མཐའ་གཞན་གྱི་གཞུང་རྩོམ་པའི་སྲོལ་མེད་པས། སྒྲུབ་བྱེད་དེ་ཅུང་ཙམ་བདེན་དུ་འོས་པ་ཞིག་ཡིན་མོད། བོད་འདིར་ནི། ཤཱཀྱ་མཆོག་ལྡན་པས། བོད་ཡུལ་དུ་སེམས་ཙམ་པར་ཞལ་གྱིས་བཞེས་མཁན་གྱི་སློབ་དཔོན་གཅིག་ཀྱང་མ་བྱུང་ཞེས་གསུངས་པ་བཞིན། ཐམས་ཅད་ཀྱི་དབུ་མ་པར་ཞལ་གྱིས་བཞེས་ཤིང་། དབུ་མའི་སློབ་དཔོན་རྣམས་ལ་གུས་བརྩི་བླ་ལྷག་ཏུ་བྱེད་པས། སོ་སོས་གཞུང་གཞན་རྩོམ་དུས་ཀྱང་། དེ་དག་ལ་མཆོད་པར་བྱས་པ་ཤིན་ཏུ་མང་བས་མ་ངེས་སོ།།

ཁྱེད་ཅག་གིས་གཞུང་གི་མཆོད་ཡུལ་ལ། རིགས་པའི་དབང་ཕྱུག་གཉིས་ཀ་ཡོད་པ་གང་གིས་མཁྱེན་པ་ལགས། ཚིག་རྐང་དེ་དག་གིས་ཁོང་རྣམ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡང་མི་སྟོན་བཞིན་དུ་མཆོད་ཡུལ་ཁོང་རྣམ་གཉིས་ཡིན་པ་ཁྱེད་ཅག་གིས་ཇི་ལྟར་ཤེས་པ་ཡིན། མོ་བཏབ་པ་དང་འདྲ་བའི་ཚུལ་འདིར་ཡིད་རྟོན་པར་མི་བྱའོ།།

གཞན་ཡང་ཁྱེད་ཅག་ལྟར་ན། ཆོས་ཀྱི་རྗེས་མཛད་པའི་སྒྲ་འཇུག་གི་མཆོད་བརྗོད་དུ། བདེན་པ་བརྙེས་པ་འཕགས་པ་རྒྱ་མཚོའི་འཁོར།། འདུས་པའི་གཙུག་ན་སྟོང་ཉིད་སེང་གེ་སྒྲ།། རྡུལ་བྲལ་དཔག་ཡས་འཇམ་པའི་ཡན་ལག་གི། སྒྲ་དབྱངས་སྒྲོག་པ་དེ་ལ་ཕྱག་འཚལ་ལོ།། ཞེས་པའི་མཆོད་ཡུལ་ཡང་གཞོན་ནུ་གདོང་དྲུག་དང་། ཙནྡྲ་གོ་མི་སོགས་ཡིན་པར་འགྱུར་ཏེ། འདིར་སྒྲ་འཆད་པའི་སྐབས་ཡིན་པས་སོ།། དེ་ལྟར་ན་ཆོས་རྗེས་བྲམ་ཟེ་ཨ་ནུ་ཤུ་ཏི་དང་ཆོས་གྲགས་སོགས་སུ་ལ་བསྟད་ཀྱང་སྟོང་ཉིད་སྒྲོག་པ་འདི་ཁོ་ནས་མཆོད་པས། མཁས་པ་རྣམས་ཀྱི་རྣམ་དབྱེ་འབྱེད་མི་ནུས་པའི་ཆོས་རྗེ་ས་པཎ་དེ་ཡ་མཚར་ཨང་།

གཉིས་པ །མཆོད་ཡུལ་ཀླུ་སྒྲུབ་ཡིན་པའི་རྒྱུ་མཚན་གསུམ་བཀོད་པ་ནི།
དང་པོ། ཆོས་རྗེ་མཆོག་གི་དགོངས་པ་མཐར་ཐུག་ནི་དབུ་མ་ཐལ་འགྱུར་པའི་ལྟ་བར་གནས་ཤིང་། དེ་ཡང་ཀླུ་སྒྲུབ་ཡབ་སྲས་ཁོ་ན་གཙིགས་སུ་འཛིན་པ་ནི་ཐུབ་པ་དགོངས་རྒྱན་སོགས་ལས་ཤེས་ལ། དེ་ལྟར་ན་འཕགས་པ་ཀླུ་སྒྲུབ་ནི་ཁོང་གི་ཆེ་ཆུང་བྱ་བ་གང་བྱས་ཀྱང་སྐྱབས་ཀྱི་དྭངས་མར་ཀླུ་སྒྲུབ་ཡབ་སྲས་འཛིན་པ་ནི་གདོན་མི་ཟ་བས་སོ།།

གཉིས། འཕགས་ཡུལ་པཎ་གྲུབ་རྣམས་ནི་དེང་གི་རིགས་གཅིག་རྐང་འཛིན་ཟེར་བ་ལྟར། སོ་སོར་ཐུན་མིན་འབུར་དོད་ཀྱི་ཆེད་ལས་སམ། ནུས་པ་རེ་མངའ་ཞིང་། ཕྱོགས་གླང་ཡབ་སྲས་ནི་ཐ་སྙད་ཀྱི་རྣམས་གཞག་གམ། རྟོག་གེ་ཚུལ་ལ་ཤིན་ཏུ་རིགས་པ་ཞིབ་ཅིང་། ཕྲ་བས། ཀུན་ཀྱིས་རིགས་པ་མཁྱེན་པ་ཞེས་དང་། ཐ་སྙད་དཔྱོད་པའི་ཚད་མ་ཡིས།། བླངས་དོར་འཇུག་ལྡོག་མི་ནོར་ཞིང་།། ཁྱད་པར་སྟོན་དང་བསྟན་པ་ལ།། ཡིད་ཆེས་རྙེད་པའི་སྒོ་གཅིག་པུ།། ཞེས་པ་ལྟར་བསྔགས་པ་ལས། སྟོང་ཉིད་སྒྲོག་པའི་ཆ་ནས། ཆེ་བསྟོད་དང་མཆོད་པར་བརྗོད་པ་མེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་དེ་ལས་ལྡོག་སྟེ། སྟོང་ཉིད་ཕུད་སྒྲའི་སྒྲ་སྒྲོག་པ་ཁོ་ནས་ཡོངས་སུ་བསྔགས་པར་མཛད་པ་ཡིན་ནོ།། ཁོང་ཉིད་ཀྱིས་ཇི་ལྟར་སྟོང་ཉིད་ཕུད་སྒྲའི་སྒྲ་བསྒྲགས་པ་དང་། ཕས་རྒོལ་སྐྱེ་བོས་མ་བཟོད་པའི་ཚུལ་ནི་རྩ་ཤེས་དང་རིག་པ་དྲུག་ཅུ་པ་སོགས་དང་འབྲེལ་ཏེ་རྒྱ་གར་དུ་ཐེག་ཆེན་དར་ཚུལ་དང་། ཐེག་ཆེན་བཀའ་ཡིན་མིན་གྱི་རྩོད་པ་སོགས་བྱུང་རབས་ལས་ཤེས་དགོས་པས་རྒྱས་པར་འདིར་མི་སྤྲོ། བདེན་པ་གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་དགོངས་པ་བཀྲལ་བའང་། ཁོང་གི་ཐུན་མིན་ཁྱད་ཆོས་ཏེ། ཁོང་གི་སྔོན་དུ་བདེན་པ་བཞིར་ཕྱེས་ནས་སངས་རྒྱས་ཀྱི་དགོངས་པ་འཚོལ་བ་ཡོངས་རྒྱུག་ལྟ་བ་ཡིན་ན་འང་། ཁོང་གིས་དེ་ཉིད་ཟུར་དུ་བཞག་ནས། བདེན་གཉིས་གཙོ་བོར་བྱས་ནས་སངས་རྒྱས་ཀྱི་དགོངས་པ་གསར་བ་ཞིག་བླངས་པས་སོ།།
དེ་ལྟར་བྱས་ན་གོང་གི་མཆོད་ཚིག་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་ཞིག་ཡིན་པ་མིག་ཅན་གྱིས་གཟུགས་ཅན་ལྟ་རྒྱུ་ཡོད་པ་འདི་ཡིན་པས་ཚམ་ཚོམ་ཅི་ཡང་མ་དགོས།

གསུམ། དེ་ལས་སྒྲུབ་བྱེད་ཀྱི་ཚད་རིམ་སྤར་ན། དཔལ་ལྡན་ཀླུ་དབང་རྒྱལ་ཞེས་ཀླུ་སྒྲུབ་ཀྱི་མཚན་དངོས་སུ་ཐོན་འདུག་པས་ད་དུང་ཡང་གཞན་དུ་འཐེན་པ་ནི་མངོན་སུམ་ལ་བསྙོན་འདིང་བ་མིན་ནམ་ཀྱེ། ཀླུ་དབང་ལས་ཀླུ་སྒྲུབ་མ་གསུངས་སོ་སྙམ་ན། ཁོ་བོས་ཁྱེད་ཅག་ལ་དོགས་གཅོད་འདི་ལྟར་བྱ་སྟེ། ཆོས་རྒྱལ་འཕགས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས།། གཞུང་ལུགས་མི་འདྲའི་ཆུ་བོ་བརྒྱ་འགྱེད་ཅིང་།། རིག་ཚོགས་སྤོབ་པའི་རྦ་རླབས་སྟོང་འཕྲོ་བ།། ཡོན་ཏན་རིན་ཆེན་ཁྲི་ཕྲག་གིས་བརྒྱན་པའི།། ཀླུ་སྒྲུབ་ཀླུ་ཡི་དབང་པོ་ལ་ཕྱག་འཚལ།། ཞེས་ཀླུ་སྒྲུབ་ལ་དངོས་སུ་ཀླུ་དབང་གི་མཚན་གྱིས་བསྙད་འདུག་པས་ཀླུ་སྒྲུབ་ལ་ཀླུ་དབང་དུ་འབོད་པ་ནི། ཆོས་རྗེ་ཡབ་སྲས་ཀྱི་སྲོལ་དུ་འདུག་གོ།

ཀུན་དགའ་རྒྱལ་མཚན་གཞུང་ལུགས་པད་མོ་ཡི།།
ཆ་ཤས་ཟེའུ་འབྲུ་རིང་ནས་ཉམས་པ་ཞིག།
ཀུན་དགའ་དོན་གྲུབ་བློ་ཡིས་གསོས་གྱུར་པས།།
ཀུན་མཁྱེན་གཞན་རྣམས་རེ་ཞིག་མི་སྨྲར་ལུས།།

ཞེས་པ་འདི་ཡང་ཀུན་དགའ་དོན་གྲུབ་ཏུ་འབོད་པས2018.3.31ལ་སྦྱར།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

1 Comment

Leave a Reply

Your email address will not be published.


*