ཨ་སངྒ་རིན་པོ་ཆེ་མཆོག་རྡོར་གླིང་གུམ་དགོན་པའི་དབུ་བླར་གཏན་ཁེལ་ཡོད་འདུག

དཔལ་ས་སྐྱ་༸ཕུན་ཚོགས་ཕོ་བྲང་གི་༸གདུང་སྲས་ཨ་སངྒ་རིན་པོ་ཆེ་མཆོག་རྡོར་གླིང་གུམ་དགོན་པའི་དབུ་བླར་གཏན་ཁེལ་ཡོད་འདུག

 

དེ་ཡང་རྡོར་གླིང་གུ་རུ་དགོན་པའང་གུམ་དགོན་པ་ནི་རྒྱ་གར་ནང་བརྟེང་བཞེང་བྱས་པའི་ས་སྐྱ་པའི་དགོན་སྡེ་རྙིང་ཤོས་གྲལ་ཡིན་པ་དང་། བོད་ནས་ཕེབས་པའི་ས་སྐྱ་པའི་དགེ་འདུན་བགྲེས་པ་མང་པོའི་བཞུགས་གནས་ཞིག་ཀྱང་ཆགས་ཡོད། དེང་སྐབས་དགེ་འདུན་བགྲེས་པ་མང་པོ་ཞིག་དགོངས་པ་རྫོགས་ཟིན་པ་དང་། ལྷག་པར་ལོ་མང་སྔོན་དགོན་དེའི་བསྟན་པའི་བདག་པོ་མཁན་ཆེན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དགོངས་པ་རྫོགས་པ་ནི་ཆེས་བློ་ཕམ་པའི་གནས་སུ་གྱུར་ཡོད། རིམ་བཞིན་དགོན་པར་གནས་བཞུགས་ལས་ཐོག་མཁན་པོ་དང་མཁན་ཆེན་ཡང་སྲིད་སོགས་དགེ་འདུན་བགྲེས་གཞོན་ཚོས་དགོན་པའི་ཕྱི་ནང་གི་འཛིན་སྐྱོང་ཡོད་ཚད་ཉམས་ཆགས་སུ་མ་ཤོར་བའི་ཐུགས་འགན་བཞེས་ཡོད་པ་དང། སྐབས་སྐབས་སུ་དཔལ་ས་སྐྱའི་༸གོང་མ་ཡབ་སྲས་རྣམས་ཀྱི་དབུས་མཁན་ཞབས་རྣམ་པ་ལན་མང་ཞབས་སོར་བཀོད་ནས་བཀའ་ཆོས་བདུད་རྩིའི་རྒྱུན་བཞིན་འཇོ་བ་ནི་མཐོང་ཆོས་སུ་ལགས། དེ་ལྟར་ནའང་དགོན་པའི་དབུ་བླ་ཟེར་བ་གཏན་ཁེལ་མེད་སྟབས་མཐོང་བརྒྱུད་ཀྱི་ཕྱག་ལེན་སོགས་ཉམས་ཆགས་ཤོར་ངེས་གཟིགས་ནས་དགོན་པའི་མཁན་བླ་ལས་སྣེ་རྣམ་པས་ཕྱི་ལོ་ ༢༠༡༨ ཟླ་ ༠༢ ཚེས་ ༠༩ ཉིན་༸སྐྱབས་མགོན་༸གདུང་སྲས་ཨ་སངྒ་རིན་པོ་ཆེའི་མཚན་ཐོག་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་དང་། ངོ་བཤུས་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ལའང་འབུལ་ཡོད་འདུག ། གོང་གསལ་ཞུ་སྙན་འབྱོར་རྗེས་༸སྐྱབས་མགོན༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་ཡིག་ཕེབས་དོན་བཞིན་དཔལ་ས་སྐྱ་༸ཕུན་ཚོགས་ཕོ་བྲང་གི་༸གདུང་སྲས་ཨསངྒ་རིན་པོ་ཆེས་བསྟན་དོན་ལ་དགོངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༡༧ དགེ་བར་བཀའ་ཡིག་ཅིག་གནང་ནས་དགོན་པའི་དབུ་བླ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་འདུག་པའི་གནས་ཚུལ་དུ། 

གཤམ་དུ་དགོན་པའི་གསོལ་འདེབས་ཞུ་ཡིག་དང་། བཀའ་ཡིག་གནང་བ་བཅས་ཡོད། 

 

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*