རྟགས་དང་ཕྱོགས་ཆོས།

རྩོམ་པ་པོ། བླ་རུང་མཁན་ཆེན་ཆོས་ཐོ།

རྟགས་ཀྱི་མཚན་ཉིད་ནི། རྟགས་སུ་བཀོད་པའམ་རྒྱུ་མཚན་དུ་བཀོད་པའོ། །སྒྲུབ་བྱེད་ཀྱི་རྟགས་དང་།རྒྱུ་མཚན། གཏན་ཚིགས་རྣམས་དོན་གཅིག་གོ །གཏན་ཚིགས་ཀྱི་སྒྲ་བཤད་ནི། གཏན་དུ་གནས་པ་ལས་མི་འདའ་བར་བྱེད་པའི་ཚིགས་སོ།།
གཞི་གྲུབ་ན་རྟགས་སུ་འགོད་རུང་བས་ཁྱབ་པའི་རྒྱུ་མཚན་གྱིས་གཞི་གྲུབ་ན་རྟགས་སུ་འགྱུར་རུང་བས་ཁྱབ་ཀྱང་རྟགས་ཡིན་པས་མ་ཁྱབ་པོ།།དེའང་སྐབས་གང་དང་གང་གི་སྐབས་ན་རྟགས་སུ་བཀོད་པ་དེ་དང་དེའི་སྐབས་སུ་རྟགས་ཡིན་པ་ལས་ཤེས་བྱེད་དུ་འཇོག་པའི་སྐབས་མ་ཡིན་པ་གཞན་དང་གཞན་གྱི་དུས་ན་རྟགས་མ་ཡིན་པའང་ཤེས་པར་བྱའོ།།
དེའང་རློམ་ཚོད་ཀྱི་དབང་དུ་བྱས་ནས་དེ་ལྟར་བཤད་རྒྱུ་ཡིན་པ་ལས་སོང་ཚོད་ཀྱི་དབང་དུ་བྱས་ཚེ་དོན་རང་མཚན་ཡིན་ན་རྟགས་མ་ཡིན་པས་ཁྱབ་པོ།།རློམ་ཚོད་ཀྱི་མཚན་ཉིད་ནི། སྣང་བཏགས་སོ་སོར་མ་ཕྱེ་ནས་ཇི་ལྟར་སྣང་བ་ལྟར་དབང་བཙན་དུ་བྱས་ཏེ་བཞག་པའི་ཤེས་བརྗོད་འཇུག་གསུམ་གང་རུང་གི་སྐབས་སོ།།སོང་ཚོད་ཀྱི་མཚན་ཉིད་ནི། སྣང་བཏགས་སོ་སོར་ཕྱེ་ནས་ཐ་སྙད་ཀྱི་ཡིན་ལུགས་དབང་བཙན་དུ་བྱས་ཏེ་བཞག་པའི་ཤེས་བརྗོད་འཇུག་གསུམ་གང་རུང་གི་སྐབས་སོ།།ཕྱོགས་ཆོས་ཀྱི་མཚན་ཉིད་ནི། ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་རྟགས་སུ་དགོད་བྱ་དེ་འགོད་ཚུལ་དང་མཐུན་པར་ཐ་དད་པའི་ཚུལ་དུ་གྲུབ་པའོ།།འགའ་ཞིག་གིས་འདི་ལྟར། རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད་ཡིན་ཡང་རྟགས་ཀྱི་མཚན་ཉིད་རྟགས་སུ་བཀོད་པ་མ་ཡིན་ཞེས་ཟེར་རོ།།
དེ་ལ་སྐབས་འགའ་རེར་འདི་ལྟར། མདུན་གྱི་དམ་བཅའ་བ་མི་ཡིན་མོད་མི་མདུན་གྱི་དམ་བཅའ་བ་མིན་ཞེས་སྤྱི་དང་བྱེ་བྲག་ལ་བསམ་སྟེ་ཕར་ཡིན་ཡང་ཚུར་མིན་པའི་ཞིབ་ཆ་ཕྱེ་ན་གོ་བ་ལེན་བདེ་བ་ལྟར་སྣང་བ་ཡོད་ཀྱང་།རྣམ་པ་ཀུན་དུ་དེ་ལྟར་མི་དགོས་ལ། ལྷག་ཏུ་སྐབས་འདིར་དེ་བས་ཀྱང་མི་འགྲིག་སྟེ།རྟགས་དང་དེའི་མཚན་ཉིད་སྤྱི་བྱེ་བྲག་ཀྱང་མ་ཡིན་ཞིང་། མཚན་མཚོན་ཕན་ཚུན་མ་ཡིན་ཚེ་མཚན་ཉིད་ཀྱི་སྤྱི་སྐྱོན་མ་ཁྱབ་ཁྱབ་ཆེ་མི་སྲིད་པའི་སྐྱོན་དང་ཡང་བྲལ་ཐབས་མེད་དོ།།  གཞན་ཡང་། སྐབས་འདིར་ཕན་ཚུན་ཡིན་མིན་བཤད་པ་མ་ཡིན་པར། ཚིག་མགོ་རྔ་བརྗེ་ཡང་དོན་མགོ་རྔ་བརྗེས་མེད་པར།རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད་ཅེས་པ་དེ་དང་། རྟགས་ཀྱི་མཚན་ཉིད་རྟགས་སུ་བཀོད་པ་ཞེས་པ་ནི་དོན་གྱིས་རྟགས་ཀྱི་མཚན་ཉིད་ངོས་བཟུང་བ་ལས་གཞན་པ་གང་ཡང་མ་ཡིན་ནོ།།གཞན་ཡང་། རྟགས་ཀྱི་མཚན་ཉིད་དེ། རྟགས་སུ་བཀོད་པ་མ་ཡིན་ན་དེ་ལས་གཞན་པ་ཡང་རྟགས་ཀྱི་མཚན་ཉིད་ཡིན་མི་རིགས་པས་རྟགས་ཀྱི་མཚན་ཉིད་མེད་དགོས་སོ།།དེ་ཡང་འདོད་ན་མཁས་པས་གསུངས་པའི། ཤེས་བྱ་ཀུན་ལ་ཆོས་གསུམ་གྱིས། །ཁྱབ་ཕྱིར།ཞེས་པའང་མི་འགྲུབ་པར་འགྱུར་རོ། །
ཁོ་ན་རེ། རྟགས་ཀྱི་མཚན་ཉིད་རྟགས་སུ་བཀོད་པ་མ་ཡིན་ཡང་དེ་མེད་མི་དགོས་ཤིང་།རྟགས་ཀྱི་མཚན་ཉིད་ནི་མཚོན་བྱ་ཡིན་པ་ལས། མཚན་ཉིད་མ་ཡིན་པའི་ཕྱིར་དང་རྟག་པ་ཡིན་པའི་ཕྱིར་ཟེར་རོ།།འོ་ན་ཤེས་བྱ་ཆོས་ཅན། གཞི་གྲུབ་ན་ཁྱོད་ཁྱོད་ཡིན་པའི་མ་ཁྱབ་པར་ཐལ། རྟགས་ཀྱི་མཚན་ཉིད་གཞི་གྲུབ་ཀྱང་ཁྱོད་ཁྱོད་ཡིན་མི་དགོས་པའི་ཕྱིར།འདོད་ན། རྟགས་ཀྱི་མཚན་ཉིད་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་ཁྱོད་མ་ཡིན་པའི་ཕྱིར། མ་ཁྱབ་ན།ཤེས་བྱ་ཆོས་ཅན། ཁྱོད་ཁྱོད་མ་ཡིན་ན་ཁྱོད་མེད་པར་ཐལ། དེ་ལྟར་ཐལ་བ་དེའང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་གསུངས་པའི་ཕྱིར་ཏེ།དེ་ཉིད་ཀྱིས་མཛད་པའི་རྩོད་རིག་སྨྲ་བའི་སྒོ་འབྱེད་ལས། ཁྱོད་ཁྱོད་རང་མ་ཡིན་ན་ཁྱོད་གཞི་མ་གྲུབ་དགོས།ཞེས་གསུངས་པའི་ཕྱིར་རོ། །རྟགས་མ་གྲུབ་པའི་མཚན་ཉིད་ནི། རྟགས་སུ་བཀོད་པ་ལྟར་མ་གྲུབ་པའོ།ཕྱོགས་ཆོས་མ་གྲུབ་པའི་མཚན་ཉིད་ནི། ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་རྟགས་སུ་དགོད་བྱ་དེ་འགོད་ཚུལ་དང་མཐུན་པར་ཐ་དད་པར་མ་གྲུབ་པ་དེའོ།།དེའང་འགོད་ཚུལ་དང་མཐུན་པར་ཐ་དད་པར་གྲུབ་མ་གྲུབ་ཀྱི་དོན་ནི། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་དེ་སྒྲུབས་ཀྱི་རྟགས་སུ་དགོད་བྱ་ལ་རྫས་དང་ལྡོག་པ་ཐ་དད་ཡོད་མེད་ཀྱི་དོན་ཡིན་པ་ལས།ཐ་དད་པའི་ཚུལ་དུ་བཀོད་མ་བཀོད་ཀྱི་དོན་མ་ཡིན་པའི་ཕྱིར་རོ།  དེས་ན་འགོད་ཚུལ་དང་མཐུན་པར་ཞེས་པ་ཡོད་འགོད་དང་ཡིན་འགོད་ལྟར་གྲུབ་མ་གྲུབ་ལ་ལྟ་དགོས་ཀྱང་།འགོད་ཚུལ་ཐ་དད་དང་ཐ་མི་དད་གང་རུང་དུ་འགོད་དགོས་པ་ཡང་མ་ཡིན་ལ་དེ་ལྟར་ཐ་དད་མི་དད་ཀྱི་དབང་གིས་རྟགས་གྲུབ་མི་གྲུབ་ཀྱང་ལྟ་དགོས་པ་མ་ཡིན་ནོ།།དེ་ལྟར་ན་ཕྱོགས་ཆོས་མ་གྲུབ་ཀྱང་རྟགས་གྲུབ་པ། དཔེར་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ།སྒྲ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ།། དེ་ལ་སྦྱོར་ངག་དེས་དེ་སྒྲུབ་ཀྱི་རྟགས་སྒྲ་སྒྲ་ཡིན་པར་བཀོད་པ་གང་ཞིག་བཀོད་པ་ལྟར་དོན་ལ་ཡང་དེ་ལྟར་གྲུབ་པའི་ཕྱིར་ན་རྟགས་གྲུབ་པ་ཡིན་ཞིང་།ཡིན་ནའང་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་སྟེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་རྟགས་གཉིས་ལ་རྫས་ཐ་དད་མེད་པར་མ་ཟད་ལྡོག་པ་ཙམ་ཡང་ཐ་དད་དུ་གྲུབ་པ་མེད་པའི་ཕྱིར་རོ།།ཕྱོགས་ཆོས་ཀྱང་མ་གྲུབ་ལ་རྟགས་ཀྱང་མ་གྲུབ་པའི་གཏན་ཚིགས་ནི། སྒྲ་ཆོས་ཅན།མི་རྟག་སྟེ། མིག་གིས་གཟུང་བྱ་ཡིན་པའི་ཕྱིར། ཞེས་པའོ། །འདི་ནི་རྟགས་སུ་བཀོད་པ་ལྟར་དུའང་མ་གྲུབ་ལ།ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རྟགས་ཐ་དད་པའི་ཚུལ་དུ་ཡང་མ་གྲུབ་པས། རྟགས་དང་ཕྱོགས་ཆོས་གཉིས་ཀ་མ་གྲུབ་པའོ།།དེ་ལ་ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར།ཞེས་བཀོད་པའི་དེ་སྒྲུབ་ཀྱི་རྟགས་མ་གྲུབ་པ་ཡིན་པར་ཐལ། རྟགས་སུ་བཀོད་པ་ལྟར་དུ་མ་གྲུབ་པའི་ཕྱིར།།མ་གྲུབ་ན། དེ་སྒྲུབ་ཀྱི་རྟགས་ཆོས་ཅན། རྟགས་སུ་བཀོད་པ་ལྟར་དུ་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་།དེ་སྒྲུབ་ཀྱི་རྟགས་ཐ་དད་པའི་ཚུལ་དུ་མ་གྲུབ་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། ཕྱོགས་ཆོས་གྲུབ་པ་ལ་རྟགས་དང་ཤེས་འདོད་ཐ་དད་པའི་ཚུལ་དུ་གྲུབ་དགོས་ཀྱང་རྟགས་གྲུབ་པ་ཙམ་ལ་དེ་མི་དགོས་པའི་ཕྱིར་རོ།།
རྟགས་ཙམ་ཡང་མ་གྲུབ་པའི་ཚེ། མ་གྲུབ་པ་དང་། མ་ཁྱབ་པ་དང་། འགལ་བ་གསུམ་ལས།དང་པོ་མ་གྲུབ་པར་ལན་གདབ་དགོས་ཀྱང་རྟགས་གྲུབ་ཅིང་ཕྱོགས་ཆོས་མ་གྲུབ་པ་ལ་མ་ཁྱབ་པར་ལན་གསབ་དགོས་པ་ལས་མ་གྲུབ་པར་ལན་གདབ་རྒྱུ་མིན་ནོ།།མ་ངེས་པའི་གཏན་ཚིགས་ལ་ཡང་ཕྱོགས་ཆོས་ངེས་པར་གྲུབ་མི་དགོས་སོ། །དེའི་ཚུལ་ཡང་འདི་ལྟར། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །མི་འདོད་འདོད་པའི་དོན་སྒྲུབ་བྱེད།།ཅེས་པའི་སྐབས་ནས་བསྟན་པའི་ཕྱོགས་སམ་བསྒྲུབ་བྱ་སྒྲུབ་པ་ལ་ཐེ་ཚོམ་ཙམ་ཡང་བསྐྱེད་མི་ནུས་པ་མ་གྲུབ་པའི་གཏན་ཚིགས་དང་།ཚེ་ཚོམ་ཙམ་བསྐྱེད་པ་མ་ངེས་པའི་གཏན་ཚིགས། བསྒྲུབ་བྱ་དང་འགལ་བ་འཛིན་པའི་ལོག་རྟོག་བསྐྱེད་པ་འགལ་རྟགས་དང་།བསྒྲུབ་བྱའམ་འདོད་དོན་སྒྲུབ་པར་བྱེད་པ་རྟགས་ཡང་དག་ཡིན་པར་གསུངས་ན། ཕྱོགས་ཆོས་མ་གྲུབ་པ་ཙམ་གྱིས་ཐེ་ཚོམ་ཙམ་ཡང་མི་བསྐྱེད་པ་མ་ཡིན་པའི་ཕྱིར་ཏེ།རྟགས་གྲུབ་པས་ཚེ་ཚོམ་ཙམ་བསྐྱེད་སྲིད་པའི་ཕྱིར་རོ། །
ཕྱོགས་ལ་མཐུ་མེད་ཅེས་པའི་ཚིག་དོན་ཕྱོགས་ཆོས་མ་གྲུབ་པ་ལ་སྦྱར་ནས་བཤད་པའི་དགོངས་དོན་ནི་རྟགས་ཙམ་ཡང་མ་གྲུབ་ཚེ་ཕྱོགས་ཆོས་གྲུབ་པ་མི་སྲིད་པས་དེའི་དབང་དུ་བྱས་ནས་དགོངས་པ་ལེན་དགོས་སོ།།

ཞེས་པ་འདི་ནི། བློ་གསར་འགའ་ཞིག་རྟགས་རིགས་ཀྱི་ཐད་ནས་བགྲོ་གླེང་དང་དཔྱད་རྩོམ་གྱིས་རྒྱུགས་སྤྲོད་ལ་ཞུགས་པའི་སྐབས་སུ་བྱུང་བའི་རང་གི་མྱོང་ཚོར་ཙམ་ཡིག་ཐོག་ཏུ་ཕབ་སྟེ།རང་དང་འབྲེལ་བའི་དྲྭ་བའི་གྲོགས་འགའ་རེ་སྲོལ་རྒྱུན་གྱི་སློབ་སྦྱོང་ལ་དགའ་ཞིང་། མཚན་ཉིད་རིག་པར་བརྩོན་བཞིན་པ་དག་ལ་ལེགས་སྐྱེས་དོད་ཙམ་གྱི་ཕྱིར་དུ་དམིགས་ནས་མདུན་འཚོལ་བས་ཕུལ་བའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*