༈ །ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་ཤིང་། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཆོས་རྗེ་ཉིད་ཀྱིས་མཛད་པའི་རིགས་གཏེར་རང་འགྲེལ་གྱི་མཆོད་བརྗོད་ལས་འབྱུང་།། ༈ །ཨོཾ་སྭསྟི་སིདྡྷཾ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ།། ༈ །ཆོས་ཀྱི་རྒྱལ་པོ་འགྲོ་བ་དུ་མའི་མགོན། །གདུལ་བྱའི་དོན་དུ་དཔལ་ལྡན་ས་སྐྱ་རུ། །ཆུ་ཕོ་དགེ་བྱེད་དཔྱིད་ཟླ་ར་བ་ཡི། །ཉི་ཤུ་དྲུག་ལ་བལྟམས་པ་ནས་བཟུང་སྟེ། །སྤྲུལ་པའི་གནས་སུ་ལྕགས་ཕག་སྨལ་པོ་ཡི། །བཅུ་བཞིའི་ཐོ་རངས་ཞི་བར་གཤེགས་ཀྱི་བར། །རབ་ཏུ་ངོ་མཚར་རྣམ་ཐར་དཔག་མེད་རྣམས། །མདོར་བསྡུས་འཆད་ལ་གུས་པས་མཉན་པར་གྱིས། །བྱང་ཆུབ་སེམས་ཀྱི་ཀླུ་དབང་སྤྱི་བོའི་སྟེང་། །ཡོན་ཏན་དཔག་མེད་རིན་ཆེན་རྒྱན་གྱིས་མཛེས། །ཤེས་རབ་ཟག་མེད་ཡུམ་གྱི་རྒྱ་མཚོར་ཞུགས། །དབང་འབྱོར་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བལྟམས་པའི་དུས་ན་འོད་ཀྱིས་འཇིག་རྟེན་ཁྱབ། །ཡུམ་ལ་མ་གནོད་བདེ་བའི་རྣམ་པ་རྒྱས། །མཁའ་འགྲོའི་དབང་པོ་དཔག་ཡས་མཁའ་ལ་འདུས། །མི་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱི་མ་མོ་མ་བསླབས་ཁོང་དུ་ཆུད། །གཞོན་ནུའི་དུས་ནས་ཡོན་ཏན་ཐམས་ཅད་རྫོགས། །མཁས་པ་དུ་མས་ཚོགས་ཀྱི་དབུས་སུ་བསྟོད། །བློ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མི་ནས་མིར་གྱུར་སྐྱེ་བ་ཉི་ཤུ་ལྔར། །འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་གྱུར་པས། །བཟོ་དང་གསོ་བ་སྒྲ་ཚད་ནང་དོན་རིག །མཚུངས་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྲིད་པ་ཀུན་ཏུ་ལེགས་པར་སྦྱངས་པས་ན། །རྨི་ལམ་ན་ཡང་ཆོས་ཀྱི་སྒོ་རྣམས་ཀུན། །དགེ་བའི་བཤེས་ཀྱིས་དངོས་སུ་གདམས་པ་མཛད། །རྣམ་དག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟབ་མོའི་ལམ་གྱིས་བྱིན་གྱིས་བརླབས་པའི་ཚེ། །རྗེ་བཙུན་བླ་མ་འཇམ་པའི་དབྱངས་སུ་གཟིགས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཐུགས་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཐབས་ཀྱི་ལམ་གྱིས་འབྱུང་བཞི་རབ་ཏུ་སྦྱངས། །ངག་གིས་བཟླས་པས་ཁྲོ་རྒྱལ་དངོས་སུ་གཟིགས། །བླ་མའི་དྲིན་གྱིས་རྟོགས་པ་མཆོག་ཏུ་གྱུར། །སྐྱོན་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྟོག་གེ་ངན་པའི་རྒོལ་བ་ཐམས་ཅད་བཟློག །རློམས་པས་ཁེངས་པའི་རྟོག་གེ་ཟིལ་གྱིས་གནོན། །མཁས་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ། །འཇིགས་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཡོངས་སུ་འཛིན་པའི་རྟོག་པ་ཀུན་ཏུ་སྤོང་། །ཆོས་ཀྱི་སྦྱིན་པ་རྟག་ཏུ་ལྷུག་པར་གཏོང་། །གཞན་གྱི་དོན་ལ་བསྙེལ་བ་མི་མངའ་བའི། །བརྩེ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གདུལ་བྱའི་དོན་དུ་སྙུང་བའི་ཚུལ་བསྟན་ཚེ། །འཇམ་པའི་དབྱངས་དང་བྱམས་མགོན་བློ་ལྡན་དང་། །ཞི་བ་ལྷ་དང་འཕགས་པ་ཀླུ་སྒྲུབ་ཀྱིས། །བསྙུང་གསོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བསམ་པ་དག་པའི་གདུལ་བྱ་འགའ་ཞིག་གིས། །འཇམ་པའི་དབྱངས་སུ་མིག་གིས་མཐོང་གྱུར་ཅིང་། །འཕགས་པའི་ཡུལ་ནའང་གཏམ་དུ་དེ་ལྟར་གྲགས། །ལྷུན་གྲུབ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཤིང་མོ་སྦྲུལ་གྱི་དབྱར་ཟླ་འབྲིང་པོ་དང་། །ལྕགས་ཕོ་ཁྱི་ཡི་སྟོན་ཟླ་ཐ་ཆུང་ཚེ། །ལྕགས་མོ་ཕག་ལ་གཞན་དོན་འགྲོ་ཞེས་གསུངས། །དུས་མཁྱེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མིག་འཕྲུལ་ལྟ་བུའི་ཏིང་འཛིན་ལ་གནས་ནས། །བསྙུང་མི་མངའ་ཡང་གདུལ་བྱ་འགའ་ཞིག་གི། །སྒྲིབ་པ་སྦྱང་ཕྱིར་བསྙུང་བའི་ཚུལ་བསྟན་པའི། །བསམ་ཡས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་བརྩོན་པ་བསྐྱེད་པ་དང་། །སྐལ་དམན་རྣམས་ལ་དགེ་བ་སྤེལ་བའི་ཕྱིར། །སྐུ་ཚེའི་འདུ་བྱེད་ཡང་ཡང་བྱིན་གྱིས་བརླབས། །མངའ་བརྙེས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གཞན་དོན་གཤེགས་པ་ཐུགས་ལ་འཁྲུངས་པའི་ཚེ། །སེམས་མེད་ས་ཡང་རྣམ་པ་དྲུག་ཏུ་གཡོས། །བྱ་རྣམས་ཀུན་ཀྱང་ཅ་ཅོ་དུ་མ་སྒྲོགས། །བྱམས་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དཀྱིལ་འཁོར་སྒྲུབ་པའི་ཆོ་ག་མཛད་པའི་ཚེ། །བླ་མ་རྣམས་དང་ཀྱེ་ཡི་རྡོ་རྗེ་ཡི། །དཀྱིལ་འཁོར་ལྷ་རྣམས་མངོན་སུམ་གཟིགས་པར་གྱུར། །དབང་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྤྱན་རས་གཟིགས་ཀྱི་ཕྱག་གིས་དབུ་ལ་བྱུགས། །རྗེ་བཙུན་སྒྲོལ་མ་ནམ་མཁའི་མཐོངས་སུ་བྱོན། །འཇམ་དབྱངས་མགོན་པོ་ཡང་དང་ཡང་དུ་གཟིགས། །ཁྱུ་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྒྲ་དབྱངས་མི་ཟད་སྒྲོགས་པའི་རྒྱལ་པོ་དང་། །ཤཱཀྱ་སེངྒེ་སློབ་མར་བཅས་པ་སོགས། །སྤྲུལ་པའི་དཀྱིལ་འཁོར་དུ་མ་ཡང་ཡང་གཟིགས། །མི་ཕུལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྗེ་བཙུན་མཐུ་སྟོབས་ནག་པོའི་ཞལ་སྔ་ནས། །ཁྱོད་ནི་ཉི་མ་རྒྱལ་པོའི་བུར་གྱུར་ཚེ། །དྲི་མ་མེད་དཔལ་སངས་རྒྱས་ཉིད་འགྱུར་ཞེས། །ལུང་བསྟན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གསང་བའི་གནས་ནི་ལྟ་བས་མི་མངོན་ཞིང་། །དབུ་ཡི་གཙུག་ཏོར་མཆོག་ཏུ་གསལ་པོར་འཕགས། །སྨིན་མཚམས་མཛོད་སྤུ་ཁ་བ་དུང་ལྟར་འཁྱིལ། །མཚན་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རོལ་མོའི་སྒྲ་རྣམས་མཁའ་ལས་ཡང་ཡང་གྲགས། །འཇའ་འོད་རྣམ་པའི་གདུགས་དང་བ་དན་འཕྱར། །ལྷ་རྣམས་ཤུགས་ཀྱིས་ས་ཡང་རབ་ཏུ་གཡོས། །ཉེར་ཞི་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བྱམས་པའི་སྟོབས་ཀྱིས་སྐྱེ་བོ་དཔག་མེད་འདུས། །ལྷ་མིའི་མཆོད་པ་ཕུལ་དུ་བྱུང་བ་བརྙེས། །སྐུ་གདུང་རིང་བསྲེལ་དད་ལྡན་རྟེན་དུ་བཞག །ཕན་དགོངས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བླ་མ་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་པར་ཐར་པ་མདོར་བསྡུས་ཏེ། རིགས་པར་སྨྲ་བ་ཡར་ཀླུངས་པ་ཡིས་སྦྱར། རྒྱས་པ་རྣམ་ཐར་གྱི་ཡི་གེ་ཆེན་མོར་བལྟ་བར་བྱའོ།། ༈ སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང་། །མཁས་པ་མཁས་པའི་ཚོགས་ལ་སྔོན་སྦྱངས་པས། །ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་ན། །གཞུང་ལུགས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ།། ༈ དེ་བཞིན་གཤེགས་པ་མི་འཁྲུགས་རྒྱལ་པོའི་ཞིང་། །ས་སྐྱ་པཎ་ཆེན་བྱང་ཆུབ་བརྙེས་པའི་གནས། །མངོན་དགའི་ཞིང་དུ་བདག་ཅག་དཔོན་སློབ་རྣམས། །ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །དེ་ནས་བདེ་བ་ཅན་སོགས་ས་སྐྱ་པའི། །རྗེ་བཙུན་གོང་མ་བཞུགས་པ་དག་པའི་ཞིང་། །མང་དུ་བགྲོད་ནས་སྤངས་རྟོགས་མྱུར་རྫོགས་ནས། །སྤྲུལ་པའི་ས་སྐྱའི་བསྟན་པ་རྒྱས་བྱེད་ཤོག།
Leave a Reply