སྐུ་བསྟོད་འཐོར་བུ་རྣམས།

ཆོས་སྤྱོད་དཀར་ཆག

༈ །སྐུ་བསྟོད་འཐོར་བུ་བ་རྣམས་ནི། སྭསྟི། གྲགས་ལྡན་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ། །རྩོད་པའི་དུས་འདིར་ཐམས་ཅད་མཁྱེན་པར་གྲགས། །འཛམ་གླིང་བསྟན་པའི་བདག་པོར་མངའ་གསོལ་བའི། །ཆོས་རྒྱལ་འཕགས་པའི་ཞབས་ལ་གསོལ་བ་འདེབས། ། ཆོས་རྒྱལ་འཕགས་པའི་སྐུ་བསྟོད་ཤློ་ཀ་འདི་རྒྱལ་པོ་གོ་བེ་ལས་ཕུལ་བར་གྲག། ༈ །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང་། །རྒྱལ་མཚན་རྩེར་མཆོད་ནོར་བུ་རིན་ཆེན་ལྟར། །དཔལ་གྱི་འབྱུང་གནས་དགོས་འདོད་ཀུན་གྱི་གཏེར། །བཟང་པོའི་ཞབས་པད་དྲི་མ་མེད་ལ་འདུད། ། དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པ་ཤླཽ་ཀ་འདི་རྒྱལ་སྲས་ཐོགས་མེད་པས་མཛད།། 

༈ །གཡག་སྟོན་སངས་རྒྱས་དཔལ་ལ་བསྟོད་པ། ༈ །སངས་རྒྱས་བསྟན་པའི་གངས་རི་ལ་གནས་ཤིང་། །ལུང་རིགས་སེངྒེ་ང་རོ་རབ་བསྒྲགས་པས། །རྒོལ་བ་གླང་པོའི་ཀླད་པ་འགེམས་མཛད་པ། །ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་ལ་འདུད།།  ༈ །མདོ་རྒྱུད་ཀུན་གྱི་རྒྱ་མཚོ་ལས་བྱུང་བའི། །གསུང་ངག་ཡིད་བཞིན་ནོར་བུའི་དགའ་སྟོན་འགྱེད། །ཕན་བདེའི་དཔལ་འབྱོར་བཟང་པོ་སྩོལ་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། ། ངོར་ཆེན་རྡོ་རྗེ་འཆང་ལ་བསྟོད་པ་མུས་ཆེན་གྱིས་མཛད་པར་གྲག། 

༈ །རོང་སྟོན་ཤཱཀྱ་རྒྱལ་མཚན་ལ་བསྟོད་པ། ༈ །མང་དུ་ཐོས་པའི་ནགས་ཀྱི་ཚལ་གནས་ཤིང་། །སྡེ་བདུན་རལ་ཚོགས་རྣམ་པར་གཡོ་བ་ཅན། །སྒྲུབ་དང་སུན་འབྱིན་རིགས་པའི་སྟོབས་རྒྱས་པ། །སྨྲ་བའི་སེང་གེ་རོང་སྟོན་ཞབས་ལ་འདུད།།

༈ །ཨོཾ་སྭསྟི། སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །རྡོ་རྗེ་འཆང་ཆེན་དཔལ་ལྡན་འཇམ་པའི་དབྱངས། །ཀུན་མཁྱེན་བསྟན་པའི་སྒྲོན་མེ་སྐྱེ་དགུའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །སྔོན་སྦྱངས་སྟོབས་ཀྱིས་བློ་གྲོས་མཚུངས་མེད་ཅིང་། །མཁྱེན་བརྩེའི་རྒྱལ་མཚན་སྐྱེ་དགུ་ཀུན་གྱི་དཔལ། །བཟང་པོའི་སྤྱོད་པ་མཛད་པ་ཁྱོད་ཉིད་ལ། །གུས་པས་བསྟོད་དོ་བདག་རྒྱུད་བྱིན་གྱིས་རློབས། །དགེ་ཚོགས་ལྷུན་པོའི་སྤོ་ལ་བརྟན་བཞུགས་ཤིང་། །དལ་འབྱོར་སྐུ་བརྗིད་བསླབ་གསུམ་རྒྱན་ཕྲེང་ཅན། །བློ་གྲོས་སྤྱན་སྟོང་རྟོགས་པའི་རྡོ་རྗེ་ཡིས། །ལོག་རྟོག་ལྷ་མིན་དཔུང་རྣམས་འཇོམས་ལ་འདུད། །མཁྱེན་པའི་སྤྲིན་ཚོགས་རྣམ་དཔྱོད་མཁའ་ལ་འཁྲིགས། །སྤོབས་པའི་གློག་ཕྲེང་སྙན་པའི་འབྲུག་སྒྲ་ཅན། །དྲི་མེད་ལེགས་བཤད་བདུད་རྩིའི་ཆར་རྒྱུན་གྱིས། །བློ་གྲོས་ལོ་ཏོག་རྒྱས་པར་མཛད་ལ་འདུད། །ཆོས་ཁྲིམས་ཆབ་སྲིད་འཛིན་པ་སྐྱེ་དགུའི་མགོན། །གདུལ་བྱ་བློ་གསལ་དཔའ་བོའི་བུ་སྟོང་དང་། །དད་སོགས་འཕགས་ནོར་རིན་ཆེན་བདུན་ལྡན་པའི། །བདུད་ཀྱི་དཔུང་རྣམས་འཇོམས་པར་མཛད་ལ་འདུད། །བློ་གྲོས་དཀྱིལ་འཁོར་དྲི་མེད་མདངས་མཛེས་ཤིང་། །འཆད་རྩོད་རྩོམ་པའི་འོད་ཟེར་བྱེ་བས་བརྒྱན། །འགྲོ་བློའི་མུན་སེལ་གདུལ་བྱའི་དགེ་ཚོགས་ཀྱི། །ཆུ་སྐྱེས་ཚལ་རྣམས་རྒྱས་པར་མཛད་ལ་འདུད། །ཆོས་རྗེ་ཉི་མ་འདས་རྗེས་མཚུངས་མེད་ཅིང་། །ལྷག་བསམ་དཀར་པོའི་ཆ་ཤས་ཡོངས་རྫོགས་ལ། །ལེགས་བཤད་གསུང་གི་བསིལ་ཟེར་སྟོང་འཕྲོ་བས། །སྐྱེ་དགུའི་བློ་མིག་ལེགས་པར་སྦྱོང་ལ་འདུད། །སྡེ་བདུན་གངས་རིའི་ཁྲོད་དུ་ལེགས་གནས་ཤིང་། །རྣམ་དཔྱོད་སྟོབས་ཆེ་ལུང་རིགས་མཆེ་སྡེར་ཅན། །སྒྲ་དང་སྙན་དངགས་སྡེབ་སྦྱོར་ཚིག་གི་རྒྱན། །རལ་པའི་ཚོགས་རབ་དུ་མས་མཛེས་ལ་འདུད། །ཚད་མེད་ལུས་བརྗིད་བྱང་ཆུབ་སེམས་སྟོབས་ཆེ། །བསྡུ་དངོས་གསེར་གྱི་དྲྭ་བས་རབ་སྤྲས་པ། །ཕ་རོལ་ཕྱིན་དྲུག་སྤྱོད་པའི་མཆེ་རྣོ་ཞིང་། །ཉེས་སྤྱོད་འདམ་བུའི་ཚལ་རྣམས་འཇོམས་ལ་འདུད། །རྒྱུད་སྡེ་རྒྱ་མཚོར་དམ་ཚིག་པད་སྡོང་གཏམས། །བསྐྱེད་རྫོགས་འདབ་རྒྱས་ཏིང་འཛིན་མདངས་གསལ་ཞིང་། །གདམས་པའི་ཟེའུ་འབྲུར་ཕྲིན་ལས་དྲི་བསུང་ཅན། །གདུལ་བྱའི་བུང་བས་ལེགས་པར་བསྟེན་ལ་འདུད། །དེ་ལྟར་ལྷ་དབང་ཀླུ་རྒྱལ་འཁོར་ལོས་སྒྱུར། །རྟ་བདུན་རི་བོང་ཅན་དང་རི་དྭགས་དགྲ། །གླང་པོ་ཆུ་སྐྱེས་ཚལ་འདྲའི་བླ་མ་ལ། །གུས་པས་ཐལ་སྦྱར་དད་པས་གསོལ་བ་འདེབས། །བླ་ཆེན་ཆོས་ཀྱི་རྒྱལ་པོ་འཕགས་པ་ལ། །ཤུགས་ཆེན་དད་པས་གསོལ་བ་བཏབ་པའི་མཐུས། །རྒྱ་ཆེན་བདེ་བར་གཤེགས་པའི་གསུང་རབ་ལ། །རླབས་ཆེན་བློ་གྲོས་དཀྱིལ་འཁོར་རྒྱས་པར་ཤོག །ཅེས་པ་འདི་ནི་འཕགས་པ་རིན་པོ་ཆེ་ལ་གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱིས་བསྟོད་པའོ།།

 

 

Be the first to comment

Leave a Reply

Your email address will not be published.


*