༸གོང་མ་ཡབ་སྲས་ཞལ་འཛོམས་དང་བླ་ཆེན་རྣམ་པའི་མཛད་རིམ་སྙིང་བསྡུས།

དེ་རིང་བྱང་ཨ་རིའི་དཔལ་ས་སྐྱའི་གདན་ས་ཆེན་མོ་བརྩེ་ཆེན་ཀུན་ཁྱབ་གླིང་དུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་ཡབ་སྲས་དང་དཔལ་རྒྱལ་ཡུམ་ཆེན་མོ་བཅས་ཞལ་འཛོམས་གནང་འདུག་པ་དང་། དེ་ཡང་༧ སྐྱབས་མགོན་ཁྲི་འཛིན་རིན་པོ་ཆེ་མཆོག་འདིའི་ཟླ་བའི་ཚེས་༡༡ དགོངས་དྲོ་རྒྱ་གར་རྒྱ་ས་ལྡི་ལིའི་མཁའ་ལམ་བརྒྱུད་དེ་སྤྱི་ཚེས ༡༢ དགོངས་དྲོའི་ཆུ་ཚོད ༥ ཙམ་ལ་ནེའུ་ཡོག་ས་གནས་སུ་ཕེབས་འབྱོར་དང་སྦྲགས་ཝལ་ཌན་དཔལ་ལྡན་ས་བརྩེ་ཆེན་ཀུན་ཁྱབ་གླིང་ལ་ཆིབས་བསྒྱུར་གནང་འདུག 

ཁེ་ན་ཊ་ཁྲོ་རོན་ཀྲོར་ས་སྐྱ་ཆོས་འཁོར་གླིང་གིས་གོ་སྒྲིག་འོག་སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་འཛིན་༤༢ པ་མཆོག་མི་འགྱངས་པར་ཁེ་ན་ཊ་རོན་ཀྲོར་ཕེབས་འཆར་དང་མཛད་རིམ་སྔོན་སོང་ལྟར་ན་སྤྱི་ཟླ་ ༤ པའི་ཚེས་ ༢༡ སྔ་དྲོའི་ཆུ་ཚོད་༡༠ ནས་༡༢ བར་དུ་མི་དམངས་མཇལ་བཅར་གནང་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད ༡ ནས་འགོ་བརྩམས་ཏེ་འཕགས་པ་སྤྱན་རས་ཀྱི་བཀའ་དབང་དང་མ་ཎིའི་ལྗགས་ལུང་གནང་རྒྱུ་བཅས་རེད་འདུག

དེ་བཞིན་དུ་དཔལ་རྫོང་གསར་བཤད་གྲྭའི་མཁན་སློབ་འདུས་མང་ནས་སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་སྐུ་གེགས་མཚན་མ་ཐམས་ཅད་ཉེ་བར་ཞི་ནས་བསྟན་འགྲོའི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དང་། བཤད་གྲྭའི་མཁན་ཆེན་རྣམ་པ་དང་གཉུག་མ་གནས་པའི་རབ་བྱུང་ཚོས་དབུ་བཞུགས་ཐོག་འཕགས་ཡུལ་རྫོང་གསར་བཤད་གྲྭའི་འདུས་མང་ཡོངས་ནས་གཙུག་ལག་ཁང་ཆོས་ཀྱི་འབྱུང་གནས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོགས་སོགས་ཀྱི་སྐུ་རིམ་ཚོགས་གནང་འདུག

འདིའི་ཟླ་བའི་ཚེས ༥ ཉིན་རྗེ་བླ་མ་ལམ་འབྲས་པ་ཆེན་པོ་མཁན་ཆེན་འཇམ་དབྱངས་སེང་གེ་མཆོག་ཨ་མདོའི་ཡུལ་གྱི་དགོན་སྡེ་ཁག་ལ་ཕེབས་གནང་འདུག དེ་ཡང་ཨ་མདོ་དྷིཿཕུ་ཆོས་རྗེ་དགོན་དུ་ཞབས་སོར་འཁོད་ནས་བླ་གྲྭ་ཡོངས་ལ་ཀྱེ་རྡོར་ལམ་དབང་རྒྱུ་དབང་མགོན་པོ་གུར་ལྷ་བརྒྱད་ས་འཇམ་སྦགས་སྒྲུབ་བཅས་ཀྱི་རྗེས་གནང་དང་། འདུས་ཚོགས་ཡོངས་ལ་ཞེན་པ་བཞི་བྲལ་གྱི་སྒོ་ནས་བཀའ་སློབ་ལམ་སྟོན་དང་འཕོ་བ་ཚེ་འགུགས་བཅས་བཀའ་དབང་གནང་བ་དང་། དེ་བཞིན་དུ་ཨ་མདོ་ཀི་རྟི་དགོན་དང་ཇོ་ནང་སྣང་ཞིག་དགོན་པ། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་བཅས་ལ་ཆོས་མཇལ་ཕེབས་པ་དང་། སྤྱི་ཚེས ༨ ཉིན་ལ་ས་སྒང་དགོན་དུ་ཕེབས་ནས་བླ་གྲྭ་རྣམས་ལ་མགོན་པོའི་བཀའ་བབས་བཞིའི་དབང་དང་། འདུས་པ་ཡོངས་ལ་བྱམས་དང་སྙིང་རྗེའི་ལམ་སྟོན་དང་སྤྱན་རས་གཟིགས་ལྷ་གསུམ་གྱི་རྗེས་གནང་འཕོ་བ་ཚེ་འགུགས་བཅས་གནང་་བ་དང་། སྤྱི་ཚེས ༩ ཉིན་རག་ཚ་དགོན་དུ་བྱོན་ནས་འདུས་མང་ཡོངས་ལ་བཀའ་སློབ་དང་འཕོ་བ་ཚེ་དབང་བཅས་གནང་།   སྤྱི་ཚེས ༡༠ ཉིན་དྷིཿཕུ་དགོན་དུ་བླ་གྲྭ་རྣམས་ལ་ཀྱེ་རྡོར་རྒྱུ་དབང་མགོན་པོ་གུར་ལྷ་བརྒྱད་ཁྲོ་བཅུ་བཅས་ཀྱི་རྗེས་གནང་དང་། དེར་འདུས་པའི་སྐྱ་སེར་ཡོངས་ལ་འདི་ཕྱིར་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་དང་འཇམ་ཕྱག་སྤྱན་གསུམ་རྗེ་བཙུན་སྒྲོལ་མའི་རྗེ་གནང་འཕོ་བ་ཚེ་དབང་བཅས་སྩལ་གནང་འདུག ༢༠༡༨/༤/༡༣ སྤེལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*