རྩོམ་པ་པོ། མཁན་པོ་ཐུབ་བསྟན་རབ་བསལ།
༡) ཤིས་ཚིག་དང་འབྲེལ་བས་གླེང་སློང་བ།
གྲངས་མེད་དུས་ཀྱི་དཀའ་སྤྱད་མེད་ཀྱང་རྫོཊ་སངས་རྒྱས་བློར་མངོན་དུ་ཕྱོགས།།
གདོད་ནས་གྲོལ་བའི་རྣམ་འཕྲུལ་མིན་ཡང་གྲུབ་པ་མཆོག་གི་རྣམ་འཕྲུལ་སྟོན།།
འདུལ་འཛིན་བྱེ་བའི་མཁན་པོ་ཡིན་ཡང་ཆོས་གོས་རྣམ་གསུམ་དང་བྲལ་ཏེ།།
གྲུབ་མཐའི་ཕྱོགས་འཛིན་ཀུན་ཏུ་བྲལ་ཡང་མུ་སྟེགས་བཅོམ་ལ་ཁྱེད་ཉིད་བྲེལ།
ཞེས་མཆོད་བསྟོད་ཚིག་གི་པདྨ་དཀར་པོས་སྔུན་བསུས་ཏེ་དཔལ་ལྡན་པ་བིརྺ་པ་དང་སློོབ་དཔོན་ཆོས་སྐྱོང་གི་སྐོར་ལ་ཅུང་ཟད་ཅིག་གླེང་ན་འདོད། དེའང་སྔོན་ནས་བདག་ལ་ཨརྱ་དེ་ཝའི་དབུ་མ་བཞི་བརྒྱ་པ་རྣམ་རིག་ཏུ་འགྲེལ་མཛད་མཁན་པོ་སློབ་དཔོན་ཆོས་སྐྱོང་དང་དཔལ་ལྡན་ཆོས་སྐྱོང་བིརྺ་པ་གཉིས་མི་གཅིག་ཡིན་མིན་ཐད་ལ་ཤེས་འདོད་འགོག་མེད་ཅིག་ཡོད་ཀྱང་། རྣམ་གཡེང་དང་ལེ་ལོར་དབྱིངས་ཚུད་པ་ལས་བསམ་པའི་རྗེས་སུ་འགྲོ་བའི་ལག་ལེན་མེད་ཅིང་། ལྷག་པར་དངོས་སྟོབས་ཀྱི་རིགས་པས་གཞལ་དཀའ་བའི་ལོ་རྒྱུས་ལ་དཔེ་ཀློག་བྱེད་པའི་གོམས་གཤིས་དེ་བས་མེད་ལ། བྱུང་བ་འཆད་པར་ཁས་འཆེ་བའི་ལོ་རྒྱུས་སྨྲ་བ་ཚོའི་ངག་སྒྲོས་ཀྱང་དབ་བེ་དིབ་བེ་དང་ནག་གེ་ནོག་གེ་ལས་གོ་ཐོས་མེད་པས། ད་བར་གནད་དོན་འདིའི་ཐད་དཔྱད་ཞིབ་བྱེད་རྒྱུ་མ་བྱུང་བར་ཤེས་འདོད་དང་སོམ་ཉིའི་དྲ་བར་ཡོད་ཐོག་དེ་རིང་གི་འཛིན་གྲྭ་གྲ་སྒྲིག་བྱེད་སྐབས། ཀུན་མཁྱེན་བླ་མས་བསྟན་བཅོས་བཞི་པ་འདི་ནི་སློབ་དཔོན་ཆོས་སྐྱོང་གི་ཆེད་དུ་བརྩམས་པ་རེད་ཅེས་གསུངས་པ་སླར་ཡང་མཇལ་བས་རྐྱེན་བྱས་ནས། ང་ཡི་ཤེས་འདོད་དེ་ཡང་ཀུན་ཏུ་བརྟས་ནས་རྒྱ་བོད་ཀྱི་གཞུང་འགྲེལ་རེ་ཟུང་བསྐྱར་ཀློག་བྱས་པ་ལྟར་མཐོང་ཐོས་འགའ་ཞིག་དཔྱད་གཞིའི་ཚུལ་དུ་འདིར་ཟིན་མཐོར་འགོད་རྒྱུ་ཡིན།
༢) རང་ཉིད་ཀྱི་འཆར་ཡན་སྣ་ཚོགས།
སློབ་དཔོན་ཀླུ་སྒྲུབ་རྒྱུད་ལས་ལུང་བསྟན་པ་ལྟར་ལོ་དྲུག་བརྒྱ་བཞུགས་པའི་དགོང་ལོ་ལྔ་བརྒྱ་ལྷག་ཙམ་གྱི་སྐབས་སུ་འཕགས་པ་ཐོགས་མེད་དང་དེའི་སློབ་མ་སློབ་དཔོན་དབྱིག་གཉེན། དེའི་སློབ་མ་ཕྱོགས་གླང་། དེའི་སློབ་མ་སློབ་དཔོན་ཆོས་སྐྱོང་། འདིས་ཟླ་གྲགས་ཀྱིས་རྗེས་སུ་དཔལ་ན་ལནྜའི་མཁན་པོ་མཛད་སྐད་ཡོད་ཀྱང་། ཁོང་ནི་འཇུག་པ་རང་འགྲེལ་དུ་དངོས་སྨྲའི་སློོབ་དཔོན་དུ་བགྲངས་པའི་ཆོས་སྐྱོང་དང་། བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བའི་དཔལ་ལྡན་ཆོས་སྐྱོང་ཡིན་དགོས་ལ། འཇུག་འགྲེལ་དུ་དྲངས་པའི་ཆོས་སྐྱོང་ནི་ཟླ་བས་འཇུག་པ་རྩ་འགྲེལ་མཛད་སྐབས་ཞིང་གཞན་དུ་ཕེབས་ཟིན་ཅིང་། བིརུ་པ་ནི་ཟླ་བའི་རྗེས་སུ་མཁས་གྲུབ་ཀྱི་གོ་འཕང་བརྙེས་པ་ཞིག་སྟེ། དཔལ་ལྡན་ཟླ་བས་ན་ལནྜའི་མཁན་པོ་མཛད་རྗེས་སྙན་ངག་མཁན་སློབ་དཔོན་ཆོས་སྐྱོང་གིས་མཛད་ཅིང་། དེ་རྗེས་རྒྱལ་བའི་ལྷས་ན་ལནྜའི་མཁན་པོ་གནང་སྐབས་དཔལ་ལྡན་ཆོས་སྐྱོང་བསྙེན་པར་རྫོགས་ཤིང་མཁས་པའི་མཐར་སོན་ཏེ། རྒྱལ་བའི་ལྷ་དགོངས་པ་རྫོགས་རྗེས་གཞི་ནས་བླ་མའི་ཞལ་ཆེམས་བཞིན་ན་ལནྜའི་མཁན་ཁྲིར་ཕེབས་ནས་བསྟན་འགྲོའི་དོན་མཛད་པ་སོགས་ཀྱི་བྱུང་བ་བདེན་ཁ་ཆེ་མདོག་གིས་ལོ་རྒྱུས་ཡིག་ཆར་བཀོད་འདུག་པས། ཟླ་བའི་འགྲེལ་ཆེན་གཉིས་ལས་ཕྱོགས་སྔ་དྲངས་པའི་ཆོས་སྐྱོང་དང་རྒྱལ་བའི་ལྷའི་སློབ་མ་དཔལ་ལྡན་ཆོས་སྐྱོང་གཉིས་མི་གཅིག་ཡིན་མི་སྲིད་པ་ལྟ་བུ་འདུག་ཀྱང་། མཁས་པའི་དབང་པོ་ཀུན་མཁྱེན་གོ་རམ་པ་མཆོག་གིས་བདེན་གཉིས་འགྲེལ་བཤད་དང་རྗེ་བླ་མའི་དགོངས་པ་ལྟར་ན་དེ་གཉིས་མི་གཅིག་ཡིན་པ་དོན་དུ་གནས་པར་སྣང་ཞེས་གསུངས་པས། སྔོན་ནས་མག་མོག་ཏུ་གྱུར་ཟིན་པའི་ས་སྲོད་ཀྱི་ནག་ཁུང་ནང་ནས་དཔྱོད་ཤེས་ཀྱི་མིག་གིས་བགྲད་དེ་ཇི་ཙམ་བལྟས་ཀྱང་འདི་ཡིན་གྱི་ངེས་ཤེས་འདྲོངས་པ་ནི་མཁའ་དབྱིངས་ཀྱི་པདྨོའི་མཛེས་སྡུག་དང་ཀུན་ནས་མཚུངས་པས་ངལ་བ་འབྲས་མེད་ལྟ་བུར་གྱུར།
༣) ལོ་རྒྱུས་ལས་བཤད་པའི་སློབ་དཔོན་ཆོས་སྐྱོང་།
སློབ་དཔོན་ཆོས་སྐྱོང་ནི་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྙན་ངག་མཁན་གྱི་རིགས་སུ་སྐུ་འཁྲུངས་ཤིང་། ཕྱི་ནང་གི་གཞུང་ལུགས་ཕལ་ཆེར་མཁྱེན་པའི་སྙན་ངག་མཁན་དགེ་བསྙེན་ཞིག་ཡིན་ཞིང་། དེས་ཐོགས་མེད་སྐུ་མཆེད་ཀྱི་དངོས་སློབ། སློབ་དཔོན་ཆོས་འབངས་ལས་རབ་ཏུ་བྱུང་ཞིང་འདུལ་བ་ཉན་ནས་མཁས་པར་གྱུར་པ་ན་ཡུལ་དབུས་སུ་བྱོན། ཕྱོགས་གླང་ལས་སྡེ་སྣོད་གསུམ་ག་མཉན་ཏེ་ཟླ་མེད་པའི་མཁས་པ་ཆེན་པོར་གྱུར་ཅིང་། དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བསྒྲུབས་པས་ཞལ་གཟིགས། དེ་ཕྱིན་ཆད་ནམ་མཁའི་སྙིང་པོ་ལས་རྟག་ཏུ་ཆོས་གསན་ཞིང་རྡོ་རྗེ་གདན་དེ་ཉིད་དུ་ལོ་སུམ་ཅུ་ལྷག་ཅིག་ཆོས་སྟོན་པར་མཛད་ཅིང་། དཔལ་ལྡན་ཟླ་གྲགས་ཀྱི་རྗེས་སུ་དཔལ་ན་ལནྜའི་མཁན་པོ་མཛད། སྐབས་དེ་དག་ཏུ་སློབ་མ་བྱང་སེམས་ཀྱི་རྩ་ལྟུང་བྱུང་བ་ལ་འང་དངོས་སམ་རྨི་ལམ་གང་ཡང་རུང་བར་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་ལྟུང་བ་བཤགས་སུ་འཇུག་ནུས་ཤིང་། འཕགས་པ་ནམ་མཁའི་མཛོད་ལས་ནོར་བླངས་པས་རང་ཉིད་དགེ་འདུན་དང་བཅས་པའི་འཚོ་བ་སྦྱིན་བདག་ལས་མི་འཚོལ་བར་ནམ་མཁའ་ནས་སློང་བར་མཛད། སྔར་རྡོ་རྗེ་གདན་ལ་བཞུགས་སྐབས་སུ་བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བའི་འགྲེལ་བ་སོགས་བརྩམས་ཤིང་མཐར་ཤར་ཕྱོགས་གསེར་གླིང་དུ་བྱོན་ནས་བཅུད་ལེན་གྱི་དངོས་གྲུབ་བསྒྲུབས་རྗེས་ལུས་དེ་ཉིད་ཀྱིས་ལྷ་ཡི་གནས་སུ་བཞུད་དོ་ཞེས་པ་ནི་མཁས་པ་ཆེན་པོ་ཏ་ར་ན་ཐའི་གསུངས་ལས་བཏུས་སོ། །
༤) ལོ་རྒྱུས་ནང་གི་དཔལ་ལྡན་བིར་ཝ་པ།
དཔལ་ལྡན་ཆོས་སྐྱོང་ངམ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིརྺ་པ་ནི། རྒྱ་གར་ཤར་ཕྱོགས་བྷི་ཤན་ཏྲའི་རྒྱལ་པོ་མུ་ཁྱུད་འཛིན་སྲས་སུ་འཁྲུངས། མཚན་ལ་གསེར་གྱི་འཁོར་ལོ་ཅན་ཞེས་བྱ་ཞིང་ཡུམ་གྱི་ལྷུམས་སུ་ཞུགས་སྐབས་ངོ་མཚར་གྱི་ལྟས་དུ་མ་དང་ལྡན་པས། རྒྱལ་པོ་ཆེན་པོའི་མདུན་ན་འདོན་བྲམ་ཟེ་མཚན་མ་ཅན་ཞེེས་པ་ལ་བསྟན་པས། སྲས་ཁྱད་པར་དུ་འཕགས་པ་གཅིག་འཁྲུངས་ཤིང་འཚོ་སྟེ། རྒྱལ་སྲིད་མི་འཛིན་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ། མཁས་བཙུན་བཟང་གསུམ་ཉམས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་ནས། མཐུ་སྟོབས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་འགྱུར་ཞེས་ལུང་བསྟན་པས། རྒྱལ་པོས་ཀྱང་འདིས་རྒྱལ་སྲིད་གཟུང་བའི་ཐུགས་རེ་མ་གནང་བར་། དེའི་ཕྱི་ལོ་སྲས་མོ་གཅིག་སྐྱེས་པ་བུ་རུ་བརྫུས་ཏེ་ཕོ་ཆས་སྤྲས་ཤིང་ལྕགས་ཀྱི་འཁོར་ལོ་ཅན་དུ་མཚན་གསོལ། དུས་ལ་བབ་པ་ན་རྒྱལ་སར་བསྐོས་པས་སྐུ་བསོད་མངའ་ཐང་ཤིན་ཏུ་རྒྱས་ཀྱང་ལོ་བདུན་ནས་བུད་མེད་ཀྱི་རང་མཚན་མངོན་ནས་མངའ་ཐང་ཉམས། རྒྱལ་སྲས་གསེར་གྱི་འཁོར་ལོ་ཅན་ཤར་ཕྱོགས་སོ་མ་ཙ་རའི་གཙུག་ལག་ཁང་ན་ཉན་ཐོས་རྩ་བའི་སྡེ་བཞི་ཡོད་པ་ལས་ཐམས་ཅད་ཡོད་སྨྲའི་སྡེ་པའི་མཁན་པོ་དུལ་བའི་ལྷ་དང་། སློབ་དཔོན་རྒྱལ་བ་གྲགས་པ་ལས་རབ་ཏུ་བྱུང་། མཚན་ཤྲཱི་དྷརྨཱ་པ་ལར་གཏགས། སློབ་དཔོན་དེ་ལས་སྒྲ་ཚད་གཉིས་དང་མངོན་པ་ཕར་ཕྱིན་དབུ་མ་ལ་སོགས་སློབ་གཉེར་ཕལ་ཆེར་གྲུབ་ནས། དེ་རྗེས་དཔལ་ན་ལེནྜར་བྱོན་ཏེ་ཐམས་ཅད་ཡོད་སྨྲའི་སྡེ་པའི་མཁན་པོ་རྣམ་པར་རྒྱལ་བའི་ལྷ་ལ་སོགས་པའི་དྲུང་དུ་བསྙེན་པར་རྫོགས་པར་མཛད། འདུལ་བའི་སྡེ་སྣོད་ཆ་ཚང་བ་ལ་ཤིན་ཏུ་མཁས་པར་མཛད་ནས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར་པས། མཁན་པོའང་ཤིན་ཏུ་མཉེས་ཏེ་སངས་རྒྱས་མྱུར་དུ་འགྲུབ་པར་བྱེད་པ་གསང་སྔགས་ཡིན་པས། ང་འཁོར་ལོ་སྡོམ་པ་ལ་མཁས་པས་དད་ན་སྦྱིན་ནོ་གསུངས། རྗེས་སུ་འཛིན་པར་ཞུས་པས་ཤིན་ཏུ་གསང་ནས་དབང་བཞི་རྫོགས་པར་བསྐུར་ཞིང་གསང་མཚན་རིན་ཆེན་རྡོ་རྗེར་བཏགས། དབང་ཆོས་རྣམས་ཚར་བ་དང་། བྱིན་བརླབས་དང་བསྐྱེད་རྫོགས་རྣམས་ཟུང་འཇུག་གི་གདམས་པ་གནང་ནས། གྲངས་རྟགས་དུས་ཀྱི་བསྙེན་པ་བསྐྱལ། དེའི་སྐབས་ཤིག་ནས་ལྷོ་ཕྱོགས་དཔལ་གྱི་རིར་ཕེབས་ནས་ཀླུ་སྒྲུབ་ཀྱི་དངོས་ཀྱི་སློབ་མ་ཀླུ་ཡི་བྱང་ཆུབ་ལས་གཤིན་རྗེ་གཤེད་ཀྱི་གདམས་པ་རྗོགས་པར་ནོད་ཅིང་བསྒོམས་པས་འཇམ་དཔལ་གཤིན་རྗེ་གཤེད་ཞལ་དངོས་སུ་མཇལ། དེ་ནས་ཡང་སླར་ན་ལནྜར་ཕེབས་ནས་སྔར་བཞིན་སྒོམ་སྒྲུབ་ལ་གཞོལ། དེའི་དུས་སུ་མཁན་པོ་རྒྱལ་བའི་ལྷའི་འདའ་ཁའི་ཞལ་ཆེམས་ལ། ཤྲཱི་དྷཱརྨཱ་པ་ལ་ང་བས་ཀྱང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས། སྤྱིར་ན་ལེནྡྲའི་ཚོགས་དཔོན། སྒོས་ངའི་གདན་ས་བྱེད་པར་ཞུས། བླ་བྲང་འཁོར་ཐམས་ཅད་གཏོད། བཀུར་བར་འོས་པ་ཡིན་པས་ཐམས་ཅད་ཀྱིས་ང་བས་ཀྱང་ལྟག་པར་ཁུར་ལ་གུས་པ་གྱིས་ཤིག་གསུངས་ནས་འདས་པས། རྒྱལ་པོ་ཡོན་མཆོད་དང་བཅས་པས་མཁན་པོའི་ཞལ་ཆེམས་ལྟར་སློབ་དཔོན་ཤྲཱི་དྷརྨཱ་པ་ལའམ་དཔལ་ལྡན་ཆོས་སྐྱོང་ལ་ཞུ་རྟེན་ཆེན་པོ་མཛད་དེ་ན་ལེནྜའི་མཁན་པོར་མངའ་གསོལ། རིགས་མཆོག་ཏུ་གྱུར་པས་ཡུལ་དེ་གའི་རྒྱལ་པོ་ཡབ་ཡུམ་ལྕམ་སྲིང་འཁོར་བཅས་ཐམས་ཅད་ཀྱིས་ཆོས་ཞུས་པས། ལེནྡྲའི་བླ་མ་དགེ་འདུན་པ་ཙམ་མ་ཟད་རྒྱལ་ཁམས་ཀྱི་གོང་གི་དཔོན། འོག་གི་གཡོག་བུ་ལག་འབངས་དང་བཅས་པ་ཆོས་གནང་སར་འཛོམས་ནས་མཁན་པོའི་གསུང་ལྟར་གྱུར་པས། ཉིན་མོ་འཆད་རྩོད་རྩོམ་པ་ལ་སོགས་པ་གཞན་དོན་དང་། མཚན་མོ་སྒོམ་སྒྲུབ་ལ་ཤིན་ཏུ་བརྩོན་པར་མཛད་པས། རྡོ་རྗེ་བདག་མེད་མས་དགྱེེས་བརྩེའི་དབུགས་དབྱུང་དང་། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དངོས་སུ་བྱོན་ནས་དབང་བཞི་རྫོགས་པར་བསྐུར་བ་བཞིན་ཉམས་སུ་བཞེས་པས། ཉིན་ཞག་བཅུ་ཕྲག་གི་རིང་ལ་དྲོད་ནས་ས་དྲུག་པའི་བར་གྱི་ས་ལམ་བགྲོད་དེ་མཆོག་གི་དངོས་གྲུབ་བརྙེས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པས། ས་ལྷག་མ་རྣམས་བགྲོད་ཕྱིར་གསང་བ་ཀུན་བརྡར་གྱི་སྤྱོར་པར་རོལ་བས་ན་ལནྜའི་དགེ་འདུན་པ་བྱིང་དད་པ་ལོག་ནས་གནས་དབྱུང་བཏང་བ་དང་ལེན་གནང་སྟེ་ན་ལནྜ་ནས་ཕེབས་ཀྱང། དགེ་འདུན་ཡོན་མཆོད་རྣམས་མ་དད་པ་བཟློག་པ། བསྟན་པ་ལ་སྨོད་པ་སྤང་བ། བདག་གི་ནུས་མཐུ་བསྟན་པའི་ཕྱིར་དང་། ཝ་ར་ཎ་སིའི་རྒྱལ་པོ་འདུལ་དུ་གཤེགས་པའི་ལམ་དུ་གངྒ་ལ་སྡིགས་མཛུབ་བསྟན་ནས་ལམ་ཕྱེས་གསུངས་པས། ཆུ་བོ་གྱེན་ལ་ལོག་ཏེ་ལམ་ཕྱེ་བས་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་གོ་སྟེ། ཞབས་ལ་ཕྱག་འཚལ་ཞིང་ལོག་པར་བཏགས་པ་རྣམས་བཟོད་པར་གསོལ། དགེ་འདུན་རྣམས་ཀྱིས་བཞུགས་པར་ཞུས་ཀྱང་བཞུགས་སུ་མ་གནང་། དེ་ནས་དཔལ་བིརྺ་པ་ཞེས་གྲགས་ཤིང་རྒྱལ་པོ་གོ་མ་ཙཎྜའི་མངའ་རིས་ཝ་ར་ཎ་སི་ཐམས་ཅད་མུ་སྟེགས་པ་ཡིན་པས་དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་གཟུད་པའི་ཕྱིར་ཕྱོགས་སུ་བཞུད་པ་ནས་བཟུང་མཐར་སྐུ་ཡི་བཀོད་པ་དབྱིངས་སུ་མ་བསྡུས་བར་རྫུ་འཕྲུལ་གྱི་མཐུ་སྟོབས་ཀྱིས་བདུད་དང་མུ་སྟེགས་ཀྱི་སྡེ་བཅོམ་ཞིང་བསྟན་འགྲོའི་དོན་བླ་ན་མེད་པ་བསྐྱངས་པའི་ཚུལ་ཤིན་ཏུ་མང་ཡང་ཡི་གེའི་འཇིགས་ཏེ་འདི་ནས་མཇུག་བསྡུས་སོ། །
༥ རེ་སྐུལ་གྱི་འབོད་སྒྲའི་ཀློང་དུ་མཇུག་བསྡུ་བ།
སྤྱིར་ལོ་རྒྱུས་ཞེས་པ་ནི་མི་དམིགས་པའི་དབྱིངས་སུ་སྔོན་ཞིག་ནས་ནུབ་ཟིན་པའི་འདས་དོན་ཉག་གཅིག་ཡིན་སྟབས། ང་ཚོས་ཇི་ཙམ་གྱིས་ཤེས་རབ་བསྐྱེད་ནས་དབྱེ་ཞིབ་བགྱིས་ཀྱང་གཞན་གྱི་བཤད་སྒྲོས་གང་དག་དང་ད་ཡོད་ཀྱི་མཚན་མ་སྣ་ཚོགས་ལས་ཚོད་དཔག་བྱེད་རྒྱུ་ལས་འདས་པས། ལོ་རྒྱུས་སྨྲ་བ་རྣམས་མགྲིན་དབྱངས་གཅིག་གྱུར་ཡོང་མི་སྲིད་ལ། གང་ཞིག་འདས་དོན་དངོས་མ་ཡིན་པའི་དན་རྟགས་ཀྱང་ཤིན་ཏུ་རྙེད་དཀའ་བས་ལོ་རྒྱུས་གླེང་བ་ནི་སྔོན་གྱི་བྱུང་རབས་ལ་རྗེས་དྲན་བྱས་པ་ལས་འདི་ཡིན་འདི་མིན་གྱི་གཏན་འབེབ་ཡོང་བ་ཧ་ཅང་དཀའ་བ་ནི། རྟོག་པས་བཏགས་པའི་གྲུབ་མཐའ་ལ་བྱེའུའི་མཆུ་བཞིན་དུ་གར་བཙུགས་འདིར་བཙུགས་མེད་པ་རྟེན་འབྲེལ་གྱི་ཆོས་ཉིད་དོ་ཞེས་གསུངས་པ་དང་གནད་གཅིག་ཏུ་འཁུམས། ལྷག་པར་བདག་ལ་མཚོན་ན་འཕགས་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་མང་པོ་བཀླགས་པའི་མཐོང་ཐོས་མེད་ལ། འདས་པའི་དངོས་རྫས་སྣ་ཚོགས་ལ་དཔྱད་ཞིབ་བྱས་པའི་དཔྱོད་ཤེས་ནི་དེ་བས་མེད་པས་ལོ་རྒྱུས་ཀྱི་གནད་དོན་ཞིག་ག་ལ་གླེང་ནུས། དེས་ན་ཀློག་པ་པོ་རྣམས་ཀྱིས་དགོངས་ཆུབ་དགོས་ཡ་ཞིག་ལ་ངས་གོང་དུ་དཔལ་ལྡན་ཆོས་སྐྱོང་དང་འབྲེལ་བའི་ལོ་རྒྱུས་ཅུང་ཟད་འབྲི་འགོད་ཀྱི་ངལ་བ་བགྱིས་པ་ནི། ལོ་རྒྱུས་བཤད་པ་མིན་པར་ལོ་རྒྱུས་ཀྱི་དཔྱད་གཞི་འགའ་ཞིག་བཀོད་པ་འདི་དག་གིས་དམིགས་རྐྱེན་བྱས་ནས་ཁྱེད་རྣམས་ཀྱིས་ལོ་རྒྱུས་དངོས་ལ་དབྱེ་ཞིབ་མཐིལ་ཕྱིན་མཛད་ནས་དངོས་བྱུང་གི་འདས་དོན་ནོར་འཕྱུག་མེད་པའི་དཔྱད་གླེང་ཞིག་གནང་བའི་རེ་འབོད་ཀྱི་ཚུལ་དུ་བྲིས་པ་ཙམ་ཡིན་པས། མཁྱེན་ལྡན་ཀློག་པ་ཡོངས་ཀྱིས་དེ་བཞིན་ཐུགས་ལ་འཇོག་པའི་འབོད་སྐུལ་དང་བདག་གི་རེ་འབྲས་གཡུར་དུ་ཟ་བའི་སྨོན་འདུན་བཅས། བརྡ་དག་རིག་པའི་བཏགས་མིང་ལ་རིག་སྨྱུག་ཅེས་འབོད་པ། བཙུན་གཟུགས་ཐུབ་བསྟན་རབ་བསལ་པས་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ནས་བོད་རྒྱལ་ལོ་༢༡༤༡ གྲོ་བཞིན་ཟླ་བའི་ཡར་ཚེས་དགེ་བའི་ཉིན་སྤེལ་བ་དགེའོ། །དགེའོ། །
སོམ་ཉི་དྲ་བའི་རྒྱ་ལ་འགོངས་ཏེ་བདེན་དོན་གཤའ་མ་མཐོང་བའི་ཕྱིར། །
གཞན་གྱི་བཤད་སྒྲོས་ཡམ་ཡམ་ཞིག་དང་མ་ངེས་མཚན་མ་དཔུང་ལ་སྒྲིལ། །
བྱུང་རབས་གསེར་གྱི་ཁང་བཟང་མྱུལ་ཡང་བདེན་དོན་ནོར་བུ་མ་རྙེད་པར། །
མིང་ཚིག་ཡི་གེའི་འདུ་བྱེད་ཁྲོད་ནས་སླར་ཡང་སོམ་ཉིའི་རྒྱ་ལ་ཚུད། །ཅེས་ཀྱང་སྨྲས་སོ། །
Leave a Reply