ཀུན་མཁྱེན་བསོད་ནམས་སེངྒེ་ལ་བསྟོད་པ་ཁག་གཉིས།

ཆོས་སྤྱོད་དཀར་ཆག

༈ །ཀུན་མཁྱེན་བསོད་ནམས་སེང་གེ་ལ་བསྟོད་པ་ནི།     ༈ །རྒྱ་ཆེན་བསོད་ནམས་ལུས་སྟོབས་རབ་རྒྱས་ཤིང་། །བདེ་གཤེགས་གསུང་རབ་སེང་གེའི་ང་རོ་ཡིས། །ལོག་སྨྲ་རི་དྭགས་མཐའ་དག་སྐྲག་མཛད་པ། །ཐུབ་བསྟན་གངས་རི་སྐྱོང་བ་དེ་ལ་འདུད། །བསོད་ནམས་ཡེ་ཤེས་ནགས་ན་རྣམ་རོལ་ཞིང་། །བདེ་གཤེགས་གསུང་རབ་རལ་པའི་ཁུར་གྱིས་བརྗིད། །དངོས་སྟོབས་རིགས་པའི་གད་རྒྱངས་མཆེ་བ་ཅན། །འཇིགས་མེད་སྨྲ་བའི་སེང་གེ་ལ་ཕྱག་འཚལ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་གཟི་འབར་བ། །ལྷག་བསམ་ཤར་རིའི་ཕྲག་པ་ལ་འཛེགས་ཏེ། །རྒྱལ་བའི་རིང་ལུགས་མ་ལུས་གསལ་མཛད་པ། །མཚུངས་མེད་བསྟན་པའི་ཉི་མ་ལ་ཕྱག་འཚལ། །རྣམ་དག་རིགས་པས་ལོག་སྨྲ་ཚར་གཅོད་ཅིང་། །གཞུང་བརྒྱ་འཆད་པས་སྐལ་ལྡན་རྗེས་སུ་འཛིན། །སྡེབ་ལེགས་བརྩམས་པས་མཁས་པ་མགུ་བ་སྐྱེད། །སྨྲ་བ་ཀུན་གྱི་གཙུག་རྒྱན་ལ་ཕྱག་འཚལ། །ཆོས་མངོན་རྒྱ་མཚོའི་མཐར་སོན་མཁས་པའི་རྗེ། །ལེགས་གསུང་འདུལ་བ་ལྷུར་ལེན་བཙུན་པའི་མཆོག །ཟབ་མོའི་མདོ་སྡེའི་དོན་གཟིགས་བཟང་པོའི་ཕུལ། །མ་ཕམ་ཆོས་ཀྱི་སྤྱན་ལྡན་ལ་ཕྱག་འཚལ། །གྲུབ་པ་མཆོག་གི་རིང་ལུགས་གཟིངས་ཆེན་གྱིས། །མཐའ་ཡས་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་སོན། །རིམ་གཉིས་ནོར་བུའི་གླིང་ལ་དབང་འབྱོར་བའི། །རིག་པ་འཛིན་པའི་དེད་དཔོན་ལ་ཕྱག་འཚལ། །ལུས་ཀྱི་གདུང་བས་གྲོལ་བར་ལྟ་བ་དང་། །ཚིག་ལ་ལྷུར་ལེན་བྲམ་ཟེའི་ཚུལ་སྤངས་ནས། །ཟབ་ཡངས་ནང་གི་དེ་ཉིད་ལེགས་གཟིགས་པའི། །རྒྱལ་བ་དགྱེས་པའི་བཤེས་གཉེན་ལ་ཕྱག་འཚལ། །སྲས་བཅས་རྒྱལ་བའི་ཡོན་ཏན་དྲན་པའམ། །མགོན་མེད་འགྲོ་བའི་སྡུག་བསྔལ་གཟིགས་པའི་ཚེ། །དད་དང་སྙིང་རྗེའི་རྦ་རླབས་ཆེར་གཡོ་བའི། །མཆོག་ཏུ་དུལ་བའི་མགོན་ལ་ཕྱག་འཚལ་ལོ། །མཆོད་སྤྲིན་རྒྱ་མཚོ་རབ་འབྱམས་རྣམས་ཀྱིས་མཆོད། །རང་བཞིན་བཅས་པའི་ནོངས་པ་མཐའ་དག་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བ་དང་། །བསྟན་དང་འགྲོ་བའི་དཔལ་དུ་རྟག་བཞུགས་གསོལ། །དགེ་བས་སྟོན་མཆོག་རི་དབང་ཁྱོད་ཞབས་བརྟན། །མདོ་སྔགས་བསྟན་པ་ཉི་ཟླ་འོད་གསལ་ལ། །ཁྱོད་ཀྱི་བསྟན་འཛིན་རྐང་འཐུང་ཕྲེང་བ་ཡིས། །རྒྱ་མཚོའི་གོས་ཅན་མཆོག་ཏུ་མཛེས་གྱུར་ཅིག །ཅེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེང་གེ་ལ་བསྟོད་པ་འདི་ཉིད་ཤར་མི་ཉག་པཎྜི་ཏ་གྲགས་པ་རྡོ་རྗེས་རྩེད་གདོང་ཟིལ་གནོན་རི་ཁྲོད་དུ་སྦྱར་བ་དགེ་ལེགས་འཕེལ།།  

 

༈ །ཀུན་མཁྱེན་གོ་རམ་པ་ཆེན་པོ་བསོད་ནམས་སེང་གེ་ལ་བསྟོད་པ།     ༈ །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་ནས། །བཅོམ་ལྡན་ཤཱཀྱ་སེང་གེའི་བསྟན་པ་ཉིད། །འཕེལ་ཞིང་རྒྱས་པར་མཛད་པའི་འཕྲིན་ལས་ཅན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ས་མོ་བྱ་ལ་མདོ་ཁམས་ཕྱོགས་སུ་བལྟམས། །གཞོན་ནུ་ཉིད་ནས་དམ་པའི་མགོན་གྱིས་བཟུང་། །ཤེས་བྱའི་གནས་ཀུན་འབད་པ་ཆུང་ངུས་མཁྱེན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །འགྲོ་ཀུན་དགའ་མཛད་འདྲེན་པ་བཟང་པོ་དང་། །དཀོན་མཆོག་བསྟན་པའི་རྒྱལ་མཚན་འཛིན་མཛད་པའི། །རྗེས་བཟུང་ཡོངས་རྫོགས་བསྟན་པའི་བདག་པོར་གྱུར། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བོད་ཡུལ་བསྟན་པའི་མངའ་བདག་ས་སྐྱ་པའི། །བཞེད་གཞུང་སྐྱོང་མཛད་མཁས་གྲུབ་མང་བྱོན་ཡང་། །ཐུན་མོང་མིན་པའི་དགོངས་པ་འགྲེལ་མཁས་པའི། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བསྟན་པའི་བྱ་བ་རྣམ་གསུམ་མཐར་ཕྱིན་ནས། །མཁས་པའི་བྱ་བ་གསུམ་ལ་རབ་བརྩོན་ཞིང་། །བསླབ་གསུམ་ལྡན་པའི་ཆོས་གྲྭ་སྤེལ་མཁས་པའི། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །མདོ་རྒྱུད་གཞུང་དོན་འཆད་ལ་ང་མཁས་ཞེས། །ཆེར་རློམ་མང་ཡང་ཀུན་གྱིས་འགྲན་བྲལ་བའི། །བསོད་ནམས་གཏེར་ཆེན་སྨྲ་བའི་སེང་གེ་མཆོག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །གཟུགས་སྐུ་བསྡུ་ཚེ་བརྩེ་ཆེན་བླ་མ་བཞིན། །སྐལ་ལྡན་འགའ་ལ་སྐུ་ཡི་བཀོད་པའི་ཚོགས། །དུ་མ་བསྟན་ནས་བདེ་བ་ཅན་དུ་གཤེགས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །དེ་ལྟར་རྣམ་པ་ཀུན་མཁྱེན་ཆོས་ཀྱི་རྗེར། །རབ་དད་གུས་པའི་ཡིད་ཀྱིས་གསོལ་བཏབ་པས། །ས་སྐྱའི་རྗེ་བཙུན་དགོངས་དོན་ཟབ་མོ་ལ། །ཁྱོད་ལྟར་འཇིགས་མེད་སྨྲ་བའི་སེང་གེར་ཤོག །དུས་ངན་སྐྱེ་བོའི་སྤྱོད་པས་ཡིད་དུབ་བདག །བདེ་གཤེགས་བསྟན་པའི་ཁུར་ཆེན་ཁྱེར་བ་ལ། །དམ་ཅན་མཁའ་འགྲོའི་ཚོགས་ཀྱིས་ཉེར་བསྐྱངས་ཏེ། །སྔར་བཞིན་ཡིད་ལ་རེ་བ་ཀུན་འགྲུབ་ཤོག །མདོར་ན་བདག་དང་གདུལ་བྱར་བཅས་པ་རྣམས། །དུས་འདིར་ཚེ་རིང་ནད་མེད་བསྟན་པ་རྒྱས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་པའི། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །སྲིད་པ་ཀུན་ཏུ་ཀུན་མཁྱེན་ཆོས་ཀྱི་རྗེ། །བསོད་ནམས་སེང་གེའི་ཞབས་པད་གུས་བསྟེན་ཅིང་། །དངོས་པོ་ཀུན་གྱི་རབ་ཏུ་མཉེས་བྱས་ནས། །རྟག་ཏུ་གསུང་གི་བདུད་རྩིས་འཚོ་བར་ཤོག །བསོད་ནམས་འདི་ཡིས་ཤཱཀྱ་སེང་གེ་ཡི། །བསྟན་པ་དྲི་མེད་ཕྱོགས་བཅུར་དར་བ་དང་། །ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མ་ཡི། །ཐུགས་ཀྱི་དགོངས་པ་མ་ལུས་འགྲུབ་པར་ཤོག།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*