ལི་ཐང་དུ་ཐུབ་བསྟན་དར་བའི་འབེལ་གཏམ་འདབ་ལྡན་ཀོ་ཀི་ལའི་རྒྱང་གླུ་ཞེས་བྱ་བ།

རྩོམ་པ་པོ།  མཁན་པོ་ཚུལ་ཁྲིམས་དཔལ་ལྡན།  

ཆོས་དུང་དཀར་པོ་རྩོམ་བསྒྲིག་པས། ཡུལ་ལི་ཐང་དུ་དགོན་པ་ཅི་ཙམ་ཡོད། དེ་དག་གི་བྱུང་རིམ་ཞིག་འབྲི་རོགས་ཟེར། ངས་བཟླས་ནས། ཨ་ཧོ་ལོས་ཡིན། དཀོན་མཆོག་གསུམ་པོ་མཁྱེན། སྔོན་བྱོན་མེས་པོའི་ལོ་རྒྱུས་རིགས་རྒྱུད་ཕྱི་མའི་ལྟད་མོ་དང་མིག་དཔེ་རེད། རང་གིས་ཤེས་ཚོད་ཙམ་ལོས་འབྲི། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ་ཟེར་བ་རེད། ཨོཾ་མ་ཎི་པདྨེ་ཧཱུྃ་ཞིབ་ཆ་ཟེར་བ་དེ་ཕ་རིའི་ལ་མགོ་རེད། གང་ལྟར། ཨོཾ་བདེ་ལེགས་སུ་གྱུར་ཅིག །དེ་ཡང་བཤད་བྱའི་རྣམ་གྲངས་མང་པོ་གླེང་བའི་གཏམ་ལ་འབེལ་གཏམ་ཟེར། དེ་ལ་ཡས་གཏམ་ལྷ་ཆོས་དང་། མས་གཏམ་འཇིག་རྟེན་གཉིས་ཡོད། ཡས་གཏམ་ལ་བླ་མའི་ཆོས་བཤད་པ་ཉམས་ལེན་གཙོ་ཆེ། དགེ་སྐོས་ཀྱི་ཆོས་བཤད་པ་ལོ་རྒྱུས་གཙོ་ཆེ། འདིར་ཡང་དེ་ལྟར་བཤད་ན། ཚོགས་པ་གང་ཞིག །ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་གསུམ་དང་ལྡན་པ་དགོན་པའི་མཚན་ཉིད། རྟེན་གཞི་ཡུལ་སྡེའི་ལོ་རྒྱུས་ཅུང་ཟད་མ་བཤད་ན། བརྟེན་པ་དགོན་པའི་ལོ་རྒྱུས་བཤད་མི་ཤེས། དེས་ན་ལི་ཐང་ཟེར་བའི་ས་ཆ་དེ་གང་ན་ཡོད་ཅེ་ན། མདོ་ཁམས་སྒང་དྲུག་གི་ནང་ནས་ཆུ་བོ་འབྲུ་ཉག་གཉིས་ཀྱི་བར་སྤོ་འབུར་སྒང་ཞེས་དང་། བོད་ཆོལ་ཁ་གསུམ་གྱི་ནང་གསེས་ཁམས་ཡིན། དུས་དེང་སང་ཁམས་འདི་ལ་ཆབ་མདོ། དར་རྩེ་མདོ། སྐྱེ་རྒུ་མདོ་སྟེ་ས་ཁུལ་ཆེན་པོ་གསུམ་ཡོད། དེ་གསུམ་གྱི་ནང་གསེས་དར་རྩེ་མདོའི་ཁུངས་སུ་ཡོད། དེ་ལ་སྡེ་དགེ། དཀར་མཛེས། བྲག་འགོ །རྟ་འུ། ཉག་རོང་སོགས་རྫོང་ཁག་ཆེན་པོ་བཅོ་བརྒྱད་ཡོད་པའི་ནང་གསེས་ལི་ཐང་རྫོང་ཟེར་བ་དེ་རེད། ལི་ཐང་ཞེས་བྱ་བའི་ཡུལ་འདི་སུ་ཞིག་གི་ཡུལ་ཡིན་ཅེ་ན། སྔོན་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་སྟེ། རབ་བྱུང་བཅུ་དྲུག་པའི་བར་དུ་འཇང་གི་ཡུལ་རེད། ཡིན་པའི་རྒྱུ་མཚན་ནི་ལི་ཐང་བཀའ་འགྱུར་ཟེར་བ་ཡོངས་ལ་གྲགས་པ་དེ། བཀའ་འགྱུར་པར་བསྐོ་བ་པོ་ནི་འཇང་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་རེད། བཀའ་འགྱུར་པར་བསྐོས་པའི་དུས་ཚོད་ནི། རབ་བྱུང་བཅུ་བའི་ས་བྱ་ནས་ཤིང་སྟག་གི་(སྤྱི་ལོ་༡༦༠༩་ནས་༡༦༡༤)རེད། བཀའ་འགྱུར་པར་བསྐོས་པའི་གནས་ཨོ་རུང་གཤིས་རེད། དེ་ནི་འཇང་གི་རྒྱལ་ས་རེད། ཚོ་གསུམ་ནས་ལི་ཆུ་ཡར་དེད་པ་དང། ལི་ཐང་ནས་ལི་ཆུ་མར་དེད་པའི་བར་ལ་ཨོ་རོང་གཤིས་ཟེར་བ་དེ་རེད། དེ་རྗེས་རབ་བྱུང་བཅུ་དྲུག་པ་ཙམ་ནས་ཨོ་རོང་གཤིས་ཀྱི་འཇང་གི་སྡེ་ཐམས་ཅད་ཡར་ལི་ཐང་དང། མར་ཚོ་གསུམ་དུ་སོང་ནས་འཇང་གི་ཡུལ་སྟོང་བར་གྱུར། སྟོང་ན་ཡང་རྒྱལ་པོ་བསོད་ནམས་རབ་བརྟན་གྱི་གནས་དེ་ལ་དེང་སང་ཡང་གསོལ་དགོས། རྒྱ་བོད་ཚིག་མཛོད་དུ། འཇང་ཡུལ་ནི་ཏ་ལི་དང་ལི་ཅང་ལ་སོགས་པའི་ཡུལ་གྲུ་སྤྱི་དང༌། ས་དམ་ནི་དེའི་བྱེ་བྲག་ལི་ཅང་ཁོ་ནའི་མིང་ཡིན། རྒྱལ་པོ་དེ་ལ་ད་དུང་ཞིབ་འཇུག་བྱ་དགོས་མོད་སྐབས་དོན་མིན་པའི་ཕྱིར་རེ་ཞིག་བཞག །ལི་ཐང་ཞེས་མིང་འདི་ལྟར་བཏགས་ཏེ། སྤང་རི་སྤང་ཐང་གི་འབྲོག་པའི་ས་ཆ་རྒྱ་ཁྱོན་ཡངས་ཤིང་གཡེར་མོ་ཡིན་པས་ན་གཡེར་མོ་ཐང་ངམ་གཡེར་ཐང་ཟེར། ཕྱིས་སུ་སྒྲ་ཟུར་ཆག་ནས། ཡི་ཐང་ངམ། ལི་ཐང་ཞེས་གྲགས་པ་རེད། འབྲོག་ས་དེ་ལ་ལི་ཐང་དགོན་པ་ཆགས། དགོན་པའི་མཐའ་ལ་ཚོང་ར་ཆགས། ཚོང་རའི་མིང་ལ་ཐི་ར་ཟེར། ཚོང་རའི་མཐའ་ལ་ལི་ཐང་རྫོང་ཆགས་པ་རེད། ལི་ཐང་གི་ཡུལ་དེ་ལ་སྡེ་ཅི་ཙམ་ཡོད་ཅེ་ན། དུས་དེང་སང་ལི་ཐང་དེ་ལ་ནང་གསེས་བཅུ་ཤོག་བརྒྱ་དང་བཅུ་དགུ་ཡོད། དེ་དག་མདོར་བསྡུས་ན་ས་ཁུལ་བརྒྱད་ལ་འདུས་ཏེ། གཡོན་རུ། བཞག་པ། ཇོང་བ། སྒ་བ། ཚོ་གསུམ། མོ་ལ། སྣལ་བོ། དབྲ་བ་དང་བརྒྱད་དོ། །གཡོན་རུ་འབྲོག་པ་རེད། དེ་ལ་རྫོང་ཆགས་ཡོད། གཞན་ཐམས་ཅད་རོང་བ་རེད། དེ་དག་རིམ་པ་བཞིན་དུ་ངོ་སྤྲད་ན། དང་པོ་གཡོན་རུ་ནི། གཡོན་རུའི་ས་འདི་ལ་ལི་ཐང་ཟེར། ལི་ཐང་འདི་ལ་ཝ་ཤུལ་དཔོན་ཁག་གསུམ་ཟེར་བའི་འབྲོག་སྡེ་གསུམ་ཡོད། མིང་ལ་སྡེ་གཞུང་མ། གཡོན་རུ། ཨོ་ཐོག་ཟེར། སྡེ་གཞུང་མ་དུད་ཁ་སུམ་བརྒྱ་ཙམ། གཡོན་རུ་སྟོང་སྡེ་ཁ་ལྷག །ཨོ་ཐོག་དུད་ཁ་ཉིས་བརྒྱ་ཙམ་ཡོད། དེ་གསུམ་ཀའི་སྐད་ནི་ཨ་མདོ་འགུ་ལོག་གི་སྐད་དང་འདྲ། ཨོ་ཐོག་ནི། ཆོས་རྒྱལ་མེས་དབོན་གྱིས་རྒྱ་བོད་གཉིས་ཀྱི་སོ་མཚམས་བསྲུང་བ་ལ་བཞག་པ་ཕྱིས་སུ་བོད་སིལ་བུའི་སྐབས་སུ་ལི་ཐང་དུ་བསྡད་པའི་སྡེ་ཡིན། ཐོག་མར་བི་རི་ཨོ་ཐོག་རུ་བ་ཟེར། ཨོ་ཐོག་འདི་ལ་སྟོད་སྨད་གཉིས་ཡོད། སྟོད་མ་ལ་ལྔ་བཅུ་ཟེར། སྨད་མ་ལ་ཨོ་ཐོག་ཟེར། ཨོ་ཐོག་འདི་ལ་ནང་གསེས། ཡིད་བཞིན་རུ་བ། ཏོ་ནེ་རུ་བ། ཁྱོ་ཁོ། ཧོར་འདྲ་མ། སོག་ལོག་ཟེར་བ་ཡོད། དེའི་ནང་ནས་ཡིད་བཞིན་རུ་བ་སྔོན་དུས་ཆོས་ལུགས་ས་སྐྱ་རེད། མཚམས་ཞིག་ཏུ་གྲྭ་བ་ཆེ་བ་རྣམས་ལོ་གཅིག་ལ་ཤི་བ་ན། ལྷག་ལུས་རྣམས་ཀྱིས་ད་ནས་བཟུང་ས་སྐྱའི་ཀུན་རིག་ཆད་སོང་ཟེར་ནས་ངུས་ཞེས་གྲགས། འདི་ནི་ཨ་ཀར་དར་མ་དཔལ་ཞེས་པ་ཀ་བཞི་བ་རིག་པའི་སེང་གེའི་བླ་མ་དེའི་མི་ཤུལ་གྱི་མི་དང་། ཆུ་ཤུལ་གྱི་རླན་རེད། དེང་སང་ནི་ཨོ་ཐོག་ཉག་ཆུ་རྫོང་གི་ཁུངས་སུ་ཡོད། ཆོས་རྒྱུད་དགེ་ལུགས་རེད། སྡེ་གཞུང་མ་དང། གཡོན་རུ་གཉིས། ཨ་མདོ་ནས་ཡོང་བ་རེད་ཅེས་ངག་རྒྱུན་ལ་ཡོད། དེར་མ་ཟད་བྲག་སྒོམ་པའི་མདོ་སྨད་ཆོས་འབྱུང་དུ་སྤྱི་ལོ་༡༧༢༣ ལོ་ལ་གཡོན་རུ་ལི་ཐང་དུ་སོང་བ་རེད་ཅེས་ཟེར། དེ་ལ་རྒྱུ་མཚན་ཡོད་དེ། སོག་པོ་གུ་ཤྲི་ཧན་གྱི་གདུང་རྒྱུད་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་རྒྱ་ནག་གོང་མ་ལ་ངོ་ལོག་བྱས་པས། གོང་མ་ཡུང་ཀྲི་ཚང་གིས་ཁྲི་དམག་མང་པོ་མཚོ་སྔོན་དུ་བཏང་ནས། ཨ་མདོའི་དགོན་པ་མང་པོ་བསྲེགས། ཆུ་བཟང་རིན་པོ་ཆེ་སོགས་སེར་མ་བདུན་བརྒྱ་ཙམ་བཀྲོངས། སོག་ཇུན་གར་མེད་པ་བྱས། དེ་དུས་གཡོན་རུ་སོག་པོའི་ཁུངས་སུ་གཏོགས་པས་སྡོད་མ་བཟོད་ནས་ལི་ཐང་དུ་བྲོས་ཡོང་བ་རེད། དེ་དུས་གཡོན་རུ་དཔོན་པོ་ཝ་ཤུལ་བསོད་ནམས་ནོར་བུ་ཟེར། དཔོན་པོ་དེ་ལ་སྟག་ལྤགས་ལས་གྲུབ་པའི་སོག་གུར་ད་ལྟའང་ཡོད། གཡོན་རུ་འདི་ལ་ནང་གསེས། ཚེ་མགོན་མ། ལྔ་བཅུ། ཧོར་འདྲ་གསར་རྙིང། གླང་རྐང་། ཁ་ཤུལ་དཔོན་སྐོར་ཟེར་བ་ཡོད། ཚེ་མགོན་མའི་གྲ་ཚང་ལ་ས་བསྟན་འཕེལ་རྒྱས་གླིང་ཟེར། ལྔ་བཅུའི་གྲྭ་ཚང་ལ་དགའ་ལྡན་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་གླིང་ཟེར། འདི་དུས་ནམ་ཡིན་མི་ཤེས་ཀྱང་བླ་མ་ངག་དབང་ནོར་བུ་ཞེས་བྱ་བས་བཏབ་པ་རེད་ཟེར། གཞན་ཡང་ཧོར་འདྲ་གསར་རྙིང། གླང་རྐང་། ཁ་ཤུལ། དཔོན་སྐོར་རྣམས་ཀྱི་གྲ་ཚང་ལ་གཡོན་རུ་དགའ་ལྡན་རབ་རྒྱས་གླིང་ཟེར། འདི་ནི་གཞོག་དོན་ཡོད་མཁས་གྲུབ་(སྤྱི་ལོ་༡༦༧༡ལ་འཁྲུངས་)ཀྱིས་བཏབ་ཟེར་བ་དང་། དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན་(༡༦༧༧་་་༡༧༥༡) གྱིས་བཏབ་ཟེར་བ་ཙམ་ངག་རྒྱུན་ལ་ཡོད། གལ་ཏེ་བཏབ་པ་ཡིན་ན་གཡོན་རུ་དཔོན་པོ་ཝ་ཤུལ་བསོད་ནམས་ནོར་བུའི་སྐུ་ཚེ་ (སྤྱི་ལོ་༡༧༤༧ཙམ་ལ་)རེད། དཔོན་སྐོར་གྱི་ནང་གསེས་ཨ་ཚབ་རུ་བའི་གྲ་ཚང་ལ་རྙིང་མ་གྲ་ཚང་ཟེར་བ་ཡོད། འདི་ནི་གཡོན་རུ་དཔོན་ཚང་གི་སྲས་གཞན་ཕན་མཐའ་ཡས་ཟེར་བ་ཀ་ཐོག་གི་སྤྲུལ་སྐུ་ཡིན་པ་ཞིག་གིས་(སྤྱི་ལོ་༡༨༨༠་ཙམ་ལ་)བཏབ། གྲ་ཚང་འདི་དག་སྔོན་གྱི་དུས་ནས་གུར་ཕུབས་ཏེ་ཚོགས་པ་ཚོགས་ཀིན་ཡོད་ལ། དུས་དེང་སང་ཡང་ལོ་རེ་དབྱར་ཁ་ཟླ་བ་བརྒྱད་པའི་ནང་། ཞག་མ་ཉི་ཤུ་རྩ་གཅིག་རེ་ལ་གུར་ཕུབ་ནས་སྒྲུབ་མཆོད་ཚོགས་པས་ན་གུར་དཀར་པོའི་དགོན་པ་ཟེར། མིང་ཙམ་ལས་རྒྱུན་དུ་མཐོང་རྒྱུ་ཅན་གྱི་དགོན་པ་ནི་མེད། འོན་ཀྱང་ཚེ་མགོན་མ་ནི། རི་བཀྲ་མ་ཞེས་པའི་སར། བློ་བཟང་ཚུལ་ཁྲིམས་སམ་བླ་མ་ཨ་བློ་ཚང་གིས་སྤྱི་ལོ་༡༩༩༠ དགོན་པ་བཏབ་ཡོད། ཡོད་ན་ཡང་སྒྲུབ་མཆོད་ཀྱི་དུས་སུ་སྔོན་གྱི་ལུགས་སྲོལ་ལྟར་གུར་ཕུབས་ནས་སྒྲུབ་མཆོད་ཚོགས་ཀིན་ཡོད། སྒྲུབ་མཆོད་ནི་ངོར་ལུགས་ལྟར་གསང་འདུས། ཀྱེ་རྡོར། མི་འཁྲུགས་པ། ཚེ་དཔག་ལྷ་དགུ། ཀུན་རིག་རྣམས་དགུན་ཁ་ཟླ་བ་གཉིས། སྟོན་ཁ་ཉི་མ་ཉེར་བཞི་ལ་ཚོགས་སྲོལ། སྡེ་གཞུང་མའི་གྲྭ་ཚང་ལ་ནག་སྒར་དགོན་ཟེར། ནག་ཚང་ཕུབ་ནས་སྒྲུབ་མཆོད་ཚོགས་པས་ན་མིང་དེ་ལྟར་བཏགས། སྡེ་གཞུང་མ་ཨ་མདོ་ནས་མ་ཡོང་གོང་། ཞ་ལུ་མཁྱེན་རབ་ཆོས་རྗེའི་ཚ་བོ་ངག་དབང་མཁྱེན་བརྩེའི་རབ་བརྟན་(མེ་སྦྲུལ་(༡༦༧༦)ལ་འཁྲུངས།) ཟེར་བས། སྤང་སེར་སེར་གྱི་ཐོག་ཏུ། གུར་དཀར་དཀར་གྱི་དགོན་པ་བཏབ། བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་གསོལ། ཅེས་ངག་རྒྱུན་ལ་ཡོད། རྒྱུ་མཚན་ཡང་ཡོད་དེ། མཁྱེན་བརྩེའི་རབ་བརྟན་གྱི་བསྟོད་པ། ངག་གི་དབང་ཕྱུག་རྒྱལ་ཀུན་མ་དུས་དེང་སང་ཡང་རྒྱུན་འདོན་རེད། ཕྱིས་སུ་སྤྱི་ལོ་༡༩༠༨ལོ་ཧ་རོས་ཚ་ཁང་སྣ་ཟེར་བའི་ས་ལ། ཕ་ཁ་སྟག་རིན་ཆེན་དང། མ་འ་ཞར་ཨ་གྱོ་གཉིས་ཀྱི་བུ། འ་ཞར་འཇམ་དབྱངས་སྙན་གྲགས་ཀྱིས་དགོན་པ་བཏབ། དེ་རྗེས་(སྤྱི་ལོ་༡༩༤༢)ལ་སྒ་ངག་དབང་ལེགས་པའི་གདུང་རུས་ཀྱི་ཆོས་རྗེ་ས་པཎ་གྱི་སྐུ་འབུམ་ཐེར་བཞེངས། དེ་ནས་བཟུང་འཇམ་དབྱངས་སྐུ་འབུམ་དགོན་པ་ཟེར། གྲྭ་ཚང་ཕྱེད་ཀ་ཕྱེད་ཀ་བྱས་ནས། ཕྱེད་ཀས་དབྱར་སྟོད་ཀུན་རིག་ཉི་མ་བདུན་དང། ཕྱེད་ཀས་ཀྱེ་རྡོར་ཉི་མ་བདུན། ཡང་དབྱར་སྨད་ཕྱེད་ཀས་མཁའ་སྤྱོད་མ་ཉི་མ་ལྔ་དང་ཚར་ལུགས་བསྐང་གསོལ་ཉི་མ་གཉིས། ཕྱེད་ཀས་མི་འཁྲུགས་ལྷ་དགུ་ཉི་མ་ལྔ་དང། ཚེ་དཔག་ལྷ་དགུ་ཉི་མ་གཉིས་ཏེ་ཉི་མ་བདུན་རེ། ལོ་རེ་རེ་ལ་ཉི་མ་བཅུ་བཞི་རེ་ཚོགས་སྲོལ་ཡོད། གྲ་བ་ལྔ་བཅུ་ཐམ་པ་དབྱར་གནས་བཞུགས་དགོས་ཤིང་དེའི་ཚེ་ལ་ཉི་མ་བཞི་ལ་ངོར་ལུགས་བསྐང་གསོ་འདོན་སྲོལ་ཡོད། འཇམ་དཔལ་རྒྱལ་མཚན་ཞེས་པ་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་ཞིག་བྱོན་མོད། དགོན་པ་གསར་བ་བཏབ་པའི་ལོ་རྒྱུས་མེད། གཉིས་པ་བཞག་པ་ནི། བཞག་སར་དང་བཞག་རྙིང་གཉིས་ཡོད། བཞག་རྙིང་ནི་ཉག་རོང་གི་ཁུངས་སུ་གཏོགས། བཞག་སར་ལ། འབོར། སྐྱོ་བ། ཆ་ལ། ཚོ་བཅུ་ཟེར་བའི་སྡེ་ཆེན་པོ་བཞི་ཡོད། འབོར་ལ་ཞི་དག་དགོན་པ་ཟེར་བ་ཡོད། འདི་ནི་ཀ་དམ་པའི་སློབ་མ་ལུང་བསྟན་བུ་བཞིའི་ནང་གསེས་ཨ་བུ་བྱམས་པ་འབུམ་གྱི་དངོས་སློབ་འབྲུ་ཚ་བརྩོན་འགྲུས་བཟང་པོ་ཞེས་པས་བུམ་རོང་བཞག་གསུམ་ཁ་བ་དཀར་པོ་ཡན་ཆད་དུ་དགོན་པ་བརྒྱ་རྩ་བརྒྱད་བཏབ་པའི་ནང་གསེས་རེད། ཆ་ལ་དང་སྐྱོ་བ་གཉིས་ཀའི་གྲྭ་བ་ཡོད་པའི་གངས་དགོན་བཀྲ་ཤིས་ཆོས་གླིང་ཞེས་ས་སྐྱ་དགོན་པ་ཞིག་ཡོད། ཆ་ལ་རུ། མ་ཐང་དགོན་པ་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ཟེར་བའི་དགེ་ལུགས་དགོན་པ་ཞིག་ཡོད། ཚོ་བཅུ་ལ། ཆོས་གྲགས་དགོན་པ་ཟེར་བའི་རྙིང་མ་དགོན་པ་ཞིག་ཡོད། འདི་ནི་དང་པོ་ས་སྐྱ་རེད་ཟེར། བོན་པོ་དགོན་པ་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་ཟེར་བ་ཞིག་ཡོད། འདིའི་ཕྱེད་ཀ་ཚོ་བཅུ་དང་ཕྱེད་ཀ་སྐྱོ་བ་རེད། སྐྱོ་བའི་ཆ་ཤས་འུ་ཤག་ཞེས་པའི་ས་ཆར་མཐའ་དམར་དགོན་པ་ཟེར་བ་རྙིང་མ་ཞིག་ཡོད། སྤྱིར་བཞག་པ་ཟེར་བ་འདི་བོད་ཀྱི་རུས་མིང་ཞིག་ཡིན། གསུམ་པ་ཇོང་བ་ནི། ཇོང་ཁོག་གམ་གྱོང་ཁོག་ན་སྡེ་མང་པོ་ཡོད་ཀྱང་དགོན་པ་ནི་སྐྱིད་འཇོ་དགོན་པ་ཟེར་བའི་དགེ་ལུགས་ཞིག་ཡོད་འདི་དང་པོ་ས་སྐྱ་རེད་ཟེར། བཞི་བ་སྒ་བ་ནི། བོད་ཀྱི་རྩ་བའི་རུས་ཆེན་དབྲ་འབྲི་སྒ་ལྡོང་བཞིའི་ནང་གསེས་སྒ་རིགས་ཡིན་ཟེར། སྒ་བ་འདི་ལ། སྒ་ཕྱི་མ་ནང་མ་ཟེར་བ་གཉིས་ཡོད། སྡེ་མང་པོ་ཡོད་ཀྱང་དགོན་པ་ནི་སྒ་ཨ་ཡིག་དགོན་པ་ཟེར་བའི་དགེ་ལུགས་ཞིག་ཡོད། ལྔ་བ་ཚོ་གསུམ་པོ་ནི། ཚོ་གསུམ་ཟེར་བ་ནི། འཛོམ་པ། ཞོང་པ། འཇའ་བ་ཟེར་བའི་སྡེ་ཁག་གསུམ་ཡོད་པ་ལ་ཚོ་གསུམ་ཟེར། འཛོམ་ཁོག་ན། སྟག་ཉི། སྒར་ཐོག། །ཤིང་བརྩིགས། དགོན་གསར་དགོན་པ་སྟེ། དགོན་པ་ཆུང་ཆུང་བཞི་གཅིག་ཏུ་བྱས་པ་ལ། དེང་སང་ས་སྐྱ་དགོན་བཞི་དགོན་པ་ཟེར། ཤིང་བརྩིགས་དགོན་པ་འདི་ཆོས་རྒྱལ་འཕགས་པས་བཏབ་ཟེར། འཇའ་ཁོག་ན། འཇའ་རི་ནག་དགོན་པ་ས་སྐྱ། གྷི་རི་དགོན་འདི་དང་པོ་རྙིང་མ་རེད་ཟེར་ད་ལྟ་དགེ་ལུགས་རེད། ཞ་མོ་དགོན་ཟེར་བ་ཡོད། ཞྭ་མོ་དགོན་ནི་རྒྱལ་བ་བསོད་ནམས་རྒྱ་མཚོའི་དབུ་ཞྭ་ལུས་ནས་ཞྭ་མོ་དགོན་བཏགས་པ་རེད་ཟེར། ཚོ་གསུམ་པོའི་ཁུངས་སུ་གཏོགས་པ། གེ་མོ་ཟེར་བ་དང། སྐྱབས་ཤུལ་ཟེར་བའི་འབྲོག་སྡེ་ཆུང་ཆུང་གཉིས་ཡོད། གེ་མོ་རོང་སྐད་ཡིན། སྐྱབས་ཤུལ་ཨམ་སྐད་རེད། གེ་མོ་ནི། ཐོག་མར་དབྲ་ཁོག་ན་གེ་མོ་ཟེར་བ་འབའ་བ་རྫོང་གི་ཁུངས་སུ་གཏོགས་པ་ཆོས་ལུགས་རྙིང་མ་ཡིན་པ་ལ། སྐབས་ཤིག་ནས་སྡེ་ཕལ་ཆེ་བ་དགེ་ལུགས་ལ་འགྱུར་བ་ན། དེ་ལས་རྙིང་ཆོས་བློས་གཏང་མ་ཐུབ་པ་དུད་ཚང་དགུ་ལོགས་སུ་བྱོལ་བ། གཡོན་རུ་དཔོན་པོ་ལ་རེ་བ་བཅས་པ་ན། དཔོན་པོ་དེས་འཛོམ་པ་ལ་བཅོལ། ན་བོ་ཁོག་ཏུ་གཞི་ཆགས། རིམ་གྱིས་རྡོ་བསྐོས་རུ་བ་དང་། མགར་བ་རུ་བ་སོགས་སྡེ་འཁྱམས་མང་པོ་ཡོང་ནས་དུད་ཚང་བརྒྱ་དང་ལྔ་བཅུ་ཙམ་དུ་གྱུར། ན་བོ་སྨད་འཛོམ་ཁྲི་ཟེར་བའི་ས་ལ་ཨོ་རྒྱན་བྱང་ཆུབ་གླིང་ཟེར་བའི་རྙིང་མ་དགོན་པ་བཏབ་ཡོད། སྐྱབས་ཤུལ་ཟེར་བ་སྡེ་གཞུང་མ་དང་མཉམ་དུ་ཨ་མདོ་ནས་འོང་བ་རེད་ཟེར། སྔོན་དུས་སྡེ་གཞུང་མ་དང་སྡེ་གཅིག་པ་ལྟ་བུ་རེད་དང། སྐད་ནི་ཅུང་ཟད་མི་གཅིག །སྤྱི་ལོ་༡༩༢༠ སྡེ་གཞུང་མ་དང་སྡེ་འདྲེས་ནས་ཡོད། དེའི་སྔོན་ནས་སྨད་ལ་སོང་ནས་ཡར་ཡོང་ངམ་སྙམ། སྤྱི་ལོ་༡༩༢༠ ད་ལྟ་ཡོད་སའི་ས་ཆ་སྙི་ཆེན་ཁོག་ཟེར་བ་ལ་གཞི་ཆགས། སྤྲུལ་སྐུ་ཀུན་བཟང་གིས་སྙི་ཆེན་སྨད་ལ་དགོན་པ་བཏབ། ཆོས་རྒྱུད་ས་སྐྱའི་ལུགས་རེད། དྲུག་པ་མོ་ལ་ནི། མོ་ལ་གཤིས་ཟེར་བ་འདི་ལ་སྟོད་པ། སྐེད་པ། སྨད་པ་ཟེར་བ་གསུམ་ཡོད། མོ་ལ་སྟོད་ན་དགོན་སར་དགོན་པ་ཟེར་བའི་ཆོས་རྒྱུད་ས་སྐྱ་ཡིན་པ་ཞིག་ཡོད། མོ་ལ་སྐེད་ན། གནས་འཛོམ་ཆོས་སྡེ་ཟེར་བ་ལ། སྒྲ་ཟུར་ཆག་ནས་དམར་འཛོང་དགོན་པ་ཟེར་ཆོས་ལུགས་ས་སྐྱ་རེད། འདི་ནི་གནམ་ཁའུ་བ་ནམ་མཁའ་རྒྱལ་མཚན་གྱིས་ཕྱག་བཏབ་པའི་དགོན་པ་ཡིན་ཟེར་སྲོལ་ཡོད། གནམ་ཁའུ་བ་ས་སྐྱ་ཡིན་མིན་མ་ཤེས་ཏེ། འཁོན་དཀོན་མཆོག་རྒྱལ་པོ་ཡབ་སྲས་ཀྱི་བླ་མ་ཡིན་གྱི་སློབ་མ་མ་རེད། དབྲ་ཀཾ་པོ་གནས་ནང་ན་སྒྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་སྒྲུབ་ཕུག་དང་དབུ་རྗེས། སྟག་དེལ་ལྷ་ཁང་ན་ཞབས་རྗེས་ཡོད་ཟེར། གཅིག་བྱས་ན་དེ་གནམ་ཁའུ་བ་ཡིན་ན་ཅི་ཤེས། མོ་ལ་སྨད་ན། གནས་འཇི་དགོན་པའམ་མི་འགྱུར་དགོན་པ་ཞེས་པ་ཆོས་རྒྱུད་ས་སྐྱ་ཡིན་པ་ཞིག་ཡོད། འདི་ནི་བུ་ཡུང་བཀའ་བཅུ་བ་དཀོན་མཆོག་རྒྱལ་མཚན་(སྤྱི་ལོ་༡༤༤༣་་་༡༥༡༢)ཞེས་བྱ་བ། ཆུང་དུས་མི་ཉག་ཀ་བཞི་དགོན་པ་བསམ་འགྲུབ་ནོར་བུ་གླིང་དུ་བྱོན་ནས། སློབ་དཔོན་གྲགས་པ་ཤེས་རབ་ལ་སོགས་པ་བསྟེན་ནས་སློབ་གཉེར་བྱས། དེ་ནས་དབུས་གཙང་དུ་བྱོན། གསང་ཕུ་ནེའུ་ཐོག་ཏུ་ཆེན་པོ་སངས་རྒྱས་བཟང་པོ་དང་། ངོར་དགོན་པར་མཁས་གྲུབ་དཔལ་ལྡན་རྡོ་རྗེ་དང་། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ལ་སོགས་པ་བསྟེན་ནས་མཁས་པ་ཆེན་པོར་གྱུར། ག་ཟི་ཤཱཀྱ་བློ་གྲོས་རིག་པས་ཚར་བཅད། རང་ཡུལ་དུ་ཕེབས་ནས་དགོན་པ་(སྤྱི་ལོ་༡༥༠༣) འདི་བཞེངས། ཕྱིས་སུ་འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས་ཟེར་བ་ཇོ་ནང་ལ་དགའ་བ་ཞིག་བྱུང་ནས། དགོན་པ་འདི་ཇོ་ནང་ལ་བསྒྱུར། ས་སྐྱ་པའི་བླ་མ་བརྒྱུད་པ་ལ་ཏཱ་ར་ན་ཐ་ལ་སོགས་པ་ཇོ་ནང་གི་བླ་མ་བརྒྱུད་པས་ཁ་བསྐང་ནས་གཏོར་བསྔོ་གསར་དུ་བསྒྲིག་པའི་ཡིག་ཆ་ད་ལྟ་ཡོད། བཀྲ་ཤིས་ཕུན་ཚོགས་ཕར་འདས་ནས། ཚུར་སྐྱེ་བ་བཞེས་པ་ནི་མུ་ལི་རྒྱལ་པོ་རེད། མུ་ལིའི་རྒྱལ་པོ་ནི་མི་སྐྱས་མི་བྱེད་པར། རབ་བྱུང་གིས་རྒྱལ་པོ་བྱེད་པའི་སྲོལ་ཡོད་པ་ལ། བླ་མ་འདིས་རྒྱལ་པོའི་གོ་ས་ཐོབ་པ་རེད། དེ་ཕར་འདས་ནས་ཚུར་སྐྱེ་བ་བཞེས་པ་ནི། ད་ལྟའི་མི་འགྱུར་སྤྲུལ་སྐུ་ངག་དབང་བསྟན་འཛིན་འདི་རེད། དུས་དེང་སང་ཡང་མི་འགྱུར་བཤད་གྲ་གསར་བ་བཙུག་ནས་ཡར་ངོས་ཟླ་བའི་དཔལ་ལ་འགྲན་བཞིན་པ་ཡིན། རླབས་དགོན་སར་དགོན་པ་དང། འདབ་བྲག་ནག་ནོར་བུའི་གླིང་། འགུ་ཀུ་ཞི་བ་དགོན་སོགས་མི་འགྱུར་དགོན་པའི་དགོན་ལག་ཡིན། བདུན་པ་སྣལ་བོ་ནི། སྣལ་བོ། དེས་བོ། ཤེར་བོ་ཟེར་བ་གསུམ་ཡོད། སྣལ་བོའི་ཡུལ་ན། བླ་མ་དགོན་པ་ཟེར་བའི་དགེ་ལུགས་དགོན་པ་ཞིག་དང། རླབས་དགོན་སར་དགོན་པ་ཟེར་བ་ཆོས་རྒྱུད་ས་སྐྱ་ཞིག་ཡོད། འདི་ན་ཆོས་རྗེ་ས་སྐྱ་པཎྜི་ཏའི་རྐང་བའི་སྦུབས་ལ་སྤྱན་རས་གཟིགས་དབང་བྱོན། །ཅེས་པའི་ས་པཎ་གྱི་གདུང་རུས་ཡོད། བརྒྱད་པ་དབྲ་བ་ནི། བོད་ཀྱི་རྩ་བའི་རུས་ཆེན་དབྲ་འབྲི་སྒ་ལྡོང་བཞིའི་ནང་གསེས་དབྲ་རིགས་ཡིན་ཟེར། དབྲ་ཁོག་ཏུ། དབྲ་གནས་སྒོ་དགོན་པ་དང། དབྲ་ཁོལ་རི་དགོན་པ་ཟེར་བ་ཡོད། གནས་སྒོ་དགོན་པ་འདིའི་གནས་ཀྱི་ཕུ་ན་ཀཾ་ཡིག་ཡོད་པས་ན། ཀཾ་པོ་གནས་ཟེར། འདི་ཐོག་མར་ཀརྨ་དུས་གསུམ་མཁྱེན་པས་གདན་ས་ཡིན། ཕྱིས་སུ་དགེ་ལུགས་པར་འགྱུར་བ་རེད། གཞན་ཡང་དབྲ་བཟང་སྤྱོད་དགོན་པ་ཟེར་བ་དགེ་ལུགས་ཞིག་ཀྱང་ཡོད། དབྲ་ཁོལ་རི་དགོན་པ་འདི་ཆོས་རྒྱུད་རྙིང་མ་ཡིན། འདི་ཐོག་མར་འབྲུ་ཚ་བརྩོན་འགྲུབ་བཟང་པོས་ཕྱག་བཏབ། (སྤྱི་ལོ་ལ་༡༡༥༩)ལ་ཀ་དམ་པས་ཀ་ཐོག་དགོན་པ་བཏབས་པ་ལས་ལོ་ཁ་ཤས་ཀྱིས་འདི་ཕྱི་ཙམ་ཡིན། དེ་རྗེས་གཏེར་སྟོན་རིག་འཛིན་ཀློང་གསལ་སྙིང་པོ་ཞེས་བྱ་བས་ (སྤྱི་ལོ་༡༦༨༥་་་༡༧༥༢)དར་ཞིང་རྒྱས་པར་མཛད། ཁོང་འཁྲུངས་ཡུལ་དབྲ་ཁོག་རེད། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་སྐུ་འཁྲུངས་པའི་གནས་དབྲ་ཤོག་དྲུག་ཅེས་པ་དང་འདབ་ཉེ་བར། འགྲོ་མགོན་འཕགས་པས་ཕྱག་བཏབ་པའི་ཤོག་དྲུག་ལྷག་ཚང་དགོན་པ་ཟེར་བ། སྒྲ་ཟུར་ཆག་ནས་ལ་ལས་ལྷ་ཚང་དགོན་པ་ཟེར། ལ་ལས་བསླབ་གསུམ་དགོན་པ་ཟེར། དེང་སང་ཕྱ་ཕྲེང་གི་ཁུངས་སུ་ཡོད། ལི་ཐང་དུ་ས་དགེ་བཀའ་རྙིང་དར་བའི་སྔ་ཕྱིའི་བྱུང་རིམ་ནི། ཐོག་མར་བོན་པོ་དར་བ་གཞིར་བཞག་ལ། ས་དགེ་བཀའ་རྙིང་བཞིའི་ནང་ནས་ཐོག་མར་རྙིང་མ་དར། དེ་ནས་(སྤྱི་ལོ་༡༡༦༤) བཀའ་བརྒྱུད་པ་དར། དེ་ནས་ལོ་བརྒྱ་དང་བཅུ་དྲུག་ན་(སྤྱི་ལོ་༡༢༨༠ཙམ་)ས་སྐྱ་པ་དར། དེ་ནས་ལོ་སུམ་བརྒྱ་ན་(སྤྱི་ལོ་༡༥༨༠)དགེ་ལུགས་པ་དར་བ་ཡིན་ཏེ། དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ་བཞེངས་པའི་མཆོད་རྟེན་གཉིས་ཡོད་དེ། གཡེར་ཐང་ངམ་ལི་ཐང་གི་ཐང་འདི་ལ་སྟོད་སྨད་གཉིས་ཡོད། འབུམ་ཡག་སྟོད་སྨད་ཀྱང་ཟེར། སྟོད་དུ་རིང་མོ་མཆོད་རྟེན་དཀར་པོ་ཟེར་བ་དང། སྨད་དུ་མཆོད་རྟེན་དཀར་པོ་ཟེར་བ་ཡོད། རིང་མོ་མཆོད་རྟེན་དཀར་པོ་ནི་རིང་མོ་ཟེར་བའི་ལུང་བའི་མདའ་ལ་ཡོད་པས་ན་རིང་མོ་མཆོད་རྟེན་ཟེར། མཆོད་རྟེན་འབུམ་པ་ནག་པོ་ཞེས་བྱ་བ་རེད་ཟེར་སྲོལ་ཡང་ཡོད། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཞེངས་ཟེར། པདྨ་འབྱུང་གནས་མིན་ཀྱང་པདྨ་འབྱུང་གནས་ལྟ་བུ་ཞིག་གིས་བཞེངས་པའི་མཐོང་ཆོས་ཡོད། གཅིག་ཤོས་ནི་མཆོད་རྟེན་དཀར་པོ་ཟེར་ཞིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཨ་མ་གྱིམ་ཤང་ཀོང་ཇོས་བཞེངས་པ་རེད་ཟེར། བསྟན་པ་ཕྱི་དར་གྱི་སྐབས་སུ། རྙིང་མ་བའི་བླ་མ་ཀ་དམ་པ་བདེ་གཤེགས་ཤེས་རབ་སེང་གེའི་(༡༡༢༢་་་་༡༡༩༢ལ)བླ་མའི་ཡང་བླ་མ་གྲུབ་ཐོབ་ཅོག་རོ་བསྒོམ་ཆེན་ལ་སོགས་པས་ཀཾ་པོ་གནས་ནང་དུ་སྒྲུབ་པ་མཛད་ཅེས་བཤད་པས་ན་རྙིང་མ་དར། དེ་རྗེས་རྗེ་བཙུན་མི་ལ་རས་པའི་སློབ་མ་དྭགས་པོ་ལྷ་རྗེ་ཡིན། དྭགས་པོའི་ལྷ་རྗེའི་སློབ་མ་ཀརྨ་དུས་གསུམ་མཁྱེན་པ་(སྤྱི་ལོ་༡༡༡༠)ལ་འཁྲུངས་ནས་དགུང་ལོ་༥༥ཤིང་སྤྲེལ་(སྤྱི་ལོ་༡༡༦༤)ལོར་ཀཾ་པོ་གནས་ནང་དུ་ཕེབས་ཏེ་གནས་གཞི་བཟུང་མཛད། དགུང་ལོ་༧༧པ་ཤིང་སྦྲུལ་ལ་དགོན་པ་ཕྱག་བཏབ། དུས་གསུམ་མཁྱེན་པའི་སློབ་མ་རྟོགས་པའི་བཀའ་བབས་དབྲ་སྒོམ་ཆོས་བརྩོན་ཅེས་པ་འཁྲུངས་ཡུལ་ས་ཆ་དབྲ་ཁོག་འདི་ཉིད་ཡིན། འདིས་གདན་ས་ཡུན་རིང་དུ་བསྐྱངས། དུས་མཁྱེན་གྱི་སློབ་མ་བཀའ་བབ་བུ་ལྔའི་ནང་གསེས་མངོན་ཤེས་ཀྱི་བཀའ་བབས་ལྡེ་ཆུང་སངས་རྒྱས་དང། རྫུ་འཕྲུལ་གྱི་བཀའ་བབས་འབལ་ཚ་སྟག་དེལ་གཉིས་ཀ་འཁྲུངས་ཡུལ་དབྲ་བ་ཡིན། འགྲོ་དོན་གྱི་བཀའ་བབས་འགྲོ་མགོན་རས་ཆེན་ནམ་གྲུ་གུ་རས་པ་ཞེས་པ་འཁྲུངས་ཡུལ་དབུས་ཕྱོགས་ཡར་ཀླུངས་རེད་དང། ཕ་ཡུལ་སྤངས་ནས་བྱ་བྲལ་ཏེ་ཁམས་སུ་ཕེབས་པ་ན་དུས་གསུམ་མཁྱེན་པ་ཀཾ་པོ་གནས་ནང་དུ་མཇལ་ཏེ་དེར་བཞུགས། དེར་མ་ཟད་དྭགས་པོའི་སློབ་མ་གདམས་པའི་བུ་བཞི་ཞེས་པའི་ནང་གསེས། གྲུབ་ཐོབ་ཉག་རེ་སེ་བོ་འཁྲུངས་ཡུལ་བྲག་ཡབ་ཡིན་ན་ཡང་གནས་འདི་རུ་བཞུགས། སྤྱིར་བཏང་ཉག་རེ་སེ་འདིས་དྲེད་མོ་ཞོན་ནས་ཀླུ་མི་མགོན་དཀར་པོ་རོལ་དུ་ཁྲིད་པར་བཤད། དུས་འདི་ཙམ་ན་བཀའ་གདམས་པ་དར་བའི་སྒང་རེད་དང་ལི་ཐང་གི་ཕྱོགས་སུ་བཀའ་གདམས་པ་དར་བའི་ལོ་རྒྱུས་མཐོང་ཐོས་མ་བྱུང་། ཀརྨ་དུས་གསུམ་མཁྱེན་པའི་རྗེས་ནས་ས་སྐྱ་པ་དར་བ་རེད། ཡིན་ན་ཡང་དཀར་པོ་གསུམ་དང་ས་པཎ་གྱི་དུས་སུ་དར་ཡོད་མེད་མ་ཤེས། འགྲོ་མགོན་འཕགས་པའི་དུས་སུ་དར་ཏེ། འགྲོ་མགོན་འཕགས་པ་(སྤྱི་ལོ་༡༢༣༥)འཁྲུངས་ནས། དགུང་ལོ་ཉི་ཤུ་ནས་ཞེ་དྲུག་གི་བར་ལོ་ཉི་ཤུ་རྩ་ལྔའི་རིང་ལ་ཁོང་གི་ཕྲིན་ལས་རྒྱས་པ་དང་། དེ་ལས་དགུང་ལོ་བཞི་བཅུའི་གང་རུང་ཞིག་ལ་ས་ཕྱོགས་འདི་དང། ཁྱད་པར་དུ་དབྲ་ཤོག་དྲུག་ལྷག་ཚང་དགོན་པར་ཕེབས། ཆོས་རྒྱལ་འཕགས་པས་དགོན་པ་བརྒྱ་དང་བཅུ་གསུམ་བཏབ་པའི་ཐ་མ་ལྷག་ཚང་དགོན་པ་འདི་རེད་ཟེར། གང་ལྟར་འཕགས་པའི་སྐུ་དུས་ནས་བཟུང་ཤོག་དྲུག་དང། ཀཾ་པོ་གནས་ནང་དང། ཐང་དཀར་མ་ལ་སོགས་པ་ས་ཕྱོགས་འདི་ལ་ས་སྐྱ་པ་དར་བ་རེད། གཏམ་འདི་ལ་ཁུངས་ཡོད་དེ། མི་ཉག་མཁས་དབང་ལྔའི་ཡ་གྱལ། ཆོས་རྗེ་ས་པཎ་གྱི་སློབ་མའི་སློབ་མ་བཀའ་བཞི་བ་རིག་པའི་སེང་གེ་(སྤྱི་ལོ་༡༢༨༧་་་༡༣༧༥)ཞེས་པ་འདི་དགུང་ལོ་སུམ་ཅུ་ཙམ་ན། (སྤྱི་ལོ་༡༢༡༧)ཐང་དཀར་དུ་ཚད་མ་རིག་གཏེར་སྦྱངས་པར་བཤད་པ་དེ་རེད། དེང་སང་ཁྱ་ཆེན་ཐང་དཀར་མ་ཟེར་བ་དེ་མ་ཡིན་པ། ཐང་དཀར་ནོར་བུ་གླིང་ཟེར་བ་ཆོས་རྒྱལ་འཕགས་པས་བཏབ་པ། བྲག་ཁ་བླ་མ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བསྐྱང་བ་ཞིག་ལི་ཐང་གི་ཁུངས་སུ་ཡོད་ཅེས་ཐོས། དེ་ཡང་ཆོས་རྒྱལ་འཕགས་པའི་བླ་མཆན་བི་རི་པཀྵི་ཚང་། ཐོག་མར་ཤོག་དྲུག་ལྷག་ཚང་དགོན་པ་ལ་འགྲོ་མགོན་འཕགས་པས་བཏང་བ་དང་། དེའི་བླ་རབས་ཕྱི་མ་རྣམས་ཚེ་མགོན་རུ་བའི་བླ་མ་རེད། བེར་ཚང་མཁས་གྲུབ་རྒྱ་མཚོ་ནི། བློ་གཏེར་དབང་པོའི་སློབ་མ་དང་། སྡེ་གཞུང་མཆོག་སྤྲུལ་གྱི་བླ་མ་རེད། བློ་གཏེར་དབང་པོས་མངོན་པ་མཛོད་ལ་འགྲེལ་བ་མཛད། དེའི་པར་བྱང་དུ་བློ་གཏེར་གྱི་ཞལ་ནས། བེར་ཚང་པཀྵུའི་རིགས་འཁྲུངས་ཤིང། །མཁས་བཙུན་བཟང་པོའི་དཔལ་མངའ་བ། །ཆོས་རྗེ་མཁས་གྲུབ་རྒྱ་མཚོ་ཡིས། །དགེ་བའི་བཤེས་ལ་དྲིན་གཟོ་དང། །དམ་པའི་ཆོས་ལ་བཀུར་སྟིའི་ཕྱིར། །ཆོས་སྦྱིན་མི་ཟད་པར་དུ་བསྒྲུབས། །ཞེས་དང། སྡེ་གཞུང་མཆོག་སྤྲུལ་ཚང་གི་ཞལ་ནས། འཇམ་དཔལ་དཔའ་བོའི་བྱིན་རླབས་སྙིང་ལ་ཞུགས། །རྣམ་མང་རྒྱུད་སྡེའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །སྨིན་གྲོལ་གདམས་པའི་གཏེར་མཛོད་ཆོས་ཀྱི་རྗེ། །མཁས་གྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཞེས་པའི་བསྟོད་ཡུལ་དེ་ཡིན། དེ་དག་གི་རྒྱུ་མཚན་ནམ་ཁུངས་ལུང་བཤད་ན། འདབ་ཡང་སྟེང་དགོན་པའི་ལོ་རྒྱུས་སུ། དྭགས་པོ་ལྷ་རྗེའི་སློབ་མ་ཁམས་པ་མི་གསུམ་ཞེས་པ་ས་འདི་ཕྱོགས་སུ་ཕེབས་ཤིང། དུས་མཁྱེན་གྱིས་སྤང་ཕུག་དགོན་པ་དང། ཕག་གྲུས་འབྲུག་བཞི་དགོན་པ། གསལ་སྟོང་སྒོམ་ཤེས་ཀྱིས་ས་གནོན་ལྷ་ཁང་རྣམས་བཏབ་པ་ཡིན་ཅེས་དང་། འདབ་ཁོག་སྔོན་དུས་ལི་ཐང་གི་ཁུངས་གཏོགས་ཡིན། ཅེས་འཛེམ་སྨད་བློ་བཟང་དཔལ་ལྡན་གྱིས་བཤད། ད་དུང་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི། ཤར་ཀཾ་པོ་གངས་ཀྱི་རྭ་བའི་གནས་ཡིག་ཅེས་པ་ལས། འགྲོ་མགོན་ཆོས་རྒྱལ་འཕགས་པ། དབྲ་ཤོག་དྲུག་ལྷག་ཚང་དགོན་པ་ཕ་གིར་ཕྱག་ཕེབས། དེ་དུས་འཕགས་པ་རིན་པོ་ཆེ་ལུགས་གཉིས་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་པ་ཡིན་པས། དབྲ་སྒོམ་ཆོས་བརྩོན་གྱིས། ཇ་འདྲེན་དང་འབུལ་བ་རྒྱ་ཆེན་པོ་བྱས། དགོན་གནས་ལ་བདག་རྐྱེན་མཛད་དགོས་པའི་ཞུ་བ་ཕུལ་བས། དཔོན་ཆེན་པོ་གནས་ནང་དུ་བྱོན་ནས་ལྷ་ཁང་རྣམས་རྩིས་བཞེས། དེབ་ཡིག་འཕགས་པ་རིན་པོ་ཆེའི་ཕྱག་ཏུ་ཕུལ། དེ་ནས་བཟུང་ས་སྐྱའི་ཆོས་རྒྱུད་འཛིན་པར་གྱུར་ཅིང་། སྤྱིར་མཚན་ཉིད་ཀྱི་བཤད་གྲྭ་དང། ཁྱད་པར་དུ་རིག་གཏེར་རྩ་འགྲེལ་ལ་འཆད་ཉན་ཤིན་ཏུ་དར་བས། ཀ་བཞི་བ་རིག་པའི་སེང་གེ་སོགས་མང་པོ་ཡང་། གནས་ནང་དང་། ཐང་དཀར་དུ་རིག་གཏེར་ལ་སྦྱངས། ཞེས་རྣམ་ཐར་དུ་ཐེབ་པ་དེ་ཡིན། ཅེས་དང། དགོན་སར། སྟག་དེལ་གོང་འོག །ཐང་འབོར་ཕན་ཚུན། མཚོ་སྔས་གོང་འོག་དང་བཅས་པ་འདི་རྣམས་སུ། ས་སྐྱ་པའི་མདོ་ལུགས་ཀྱི་བཤད་པ་དང། སྔགས་ལུགས་ཀྱེ་རྡོར་སོགས་ཡི་དམ་ཆོས་སྐྱོང་གི་དཀྱིལ་འཁོར་ཕྱག་བཞེས་དར་རྒྱས་བསམ་གྱིས་མི་ཁྱབ་པ་བྱུང་བར་གདའ། ཞེས་གསུངས་པ་ལ། ཕལ་ཆེ་བ་ཡང་དག་པར་མཐོང། འོན་ཀྱང་དེ་ལ་དཔྱད་པ་འདི་ཡོད་དེ། དུས་མཁྱེན་གནས་ནང་དུ་ཕེབས་དུས་(སྤྱི་ལོ་༡༡༦༤)རེད། འཕགས་པ་གནས་ནང་དུ་ཕེབས་ལོ་གསལ་བོར་མི་ཤེས་ཀྱང་འཁྲུངས་ལོ་(སྤྱི་ལོ་༡༢༣༥)རེད། དེ་གཉིས་ཀྱི་བར་ལ་ལོ་༧༡འདུག །དུས་མཁྱེན་ལས་ཆོས་བརྩོན་གྱི་ཆོས་ཞུ་དུས་ལོ་ནར་སོན་པ་ཞིག་ཡིན་ངེས། འཕགས་པ་ས་འདིར་ཕེབས་དུས་དགུང་ལོ་ཉི་ཤུའི་ཕྱིས་སུ་ཡིན་ངེས། དེ་ལྟར་ན་ཆོས་བརྩོན་དགུང་ལོ་བརྒྱ་ཐམ་པ་ཅིས་ཀྱང་ཡིན་དགོས་པས་དཔྱད་འཚལ། དུས་མཁྱེན་གནས་ནང་དུ་ཕེབས་པ་སོགས་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཀཾ་ཚང་ཆོས་འབྱུང་གི་སྐབས་སུ་དོན་འདི་དག་ཅི་རིགས་ཡོད། ད་དུང་བཀའ་བཞི་བ་རིག་པའི་སེང་གེའི་རྣམ་ཐར་དུ་འདི་ལྟར་བཤད་དེ། སྤུ་འབུར་སྒང་ཆེན་ཐང་དཀར་དུ། ཨ་ཀར་དར་མ་དཔལ་ཚང་གིས་གདན་དྲངས་པ། ཁ་རག་བྱང་གཞོན་གྱི་སློབ་མ། ༼བུ་སྟོན་དགུང་ལོ་ཉི་ཤུའི་ཐོགས་ཁ་རག་བྱང་གཞོན་དང་ཤག་གཞོན་སོགས་རིགས་པས་ཚར་བཅད་ནས་ཕ་སྟོན་བུ་སྟོན་ཞེས་གྲགས་སོ།།༽ ལྷ་སྟོན་ཟླ་བ་བཟང་པོ་ལས་རིགས་གཏེར་དང་ཕར་ཕྱིན་གསན། ཅེས་དང། དབུས་གཙང་དུ་ཕེབས་ནས་དགུང་ལོ་བཞི་བཅུ་(༡༣༢༧)་ཙམ་ན་སླར་ཁམས་ཕྱོགས་སུ་བྱོན་པ་ན། སྤུ་འབོར་སྒང་དུ་ཐང་དཀར་དང་། གནས་ནང་དུ་འཆད་ཉན་ཅུང་ཟད་མཛད། ཅེས་ཀ་བཞི་བའི་དངོས་སློབ་སེངྒེ་བཟང་པོས་བཤད་དོ། །དེ་རྗེས་ས་སྐྱ་གོང་མ་སྒར་ཆེན་མཐུ་སྟོབས་དབང་ཕྱུག་ཅེས་བྱ་བ། དགུང་ལོ་ཉེར་གསུམ་པ་(སྤྱི་ལོ་༡༦༠༩) ལ་དར་རྩེ་མདོར་ཕེབས་ལམ་དུ། ལི་ཐང་དུ་ཞག་ཤས་བཞུགས་ཚེ། བི་རི་རུ་ཐོག་ནས་བརྒྱ་འབུལ་བྱུང། རིམ་གྱིས་རྩ་མདོ་དཔལ་འབར་དུ་ཕེབས། ཞེས་དང་། དགུང་ལོ་སོ་བདུན་པ་ལ། ཀ་བཞི་དགོན་པས་སྐྱེལ་ཐུང་དང་བཅས་ཉག་རོང་གྲུ་བརྒྱུད། ལི་ཐང་དུ་ཉེ་བའི་ཚེ། སྒར་ཧོར་ཆུ་ཚུར་ཁ་ཐང་དཀར་དུ་བསྡད། ཞེས་དང། ཐང་དཀར་བླ་མ་འཕྲིན་ལས་པས་གསོལ་བ་བཏབ་པའི་ངོར་ཆོས་འཁོར་མང་དུ་བསྐོར། དེ་ནས་འཇང་རྫོང་དཀར་པོར་ཕེབས། དེ་ནས་བཀང་ཕུར་(ཀཾ་པོ་གནས་)ཕེབས། ཞེས་ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ལས་བཤད། དེ་ལྟར་རྙིང་མ་བཀའ་བརྒྱུད་ས་སྐྱ་རྣམས་དར་བའི་རྗེས་སུ་དགེ་ལུགས་དར་ཏེ། དེ་ཡང་རྒྱལ་བ་བསོད་ནམས་རྒྱ་མཚོ་(༡༥༤༣་་་༡༥༨༨) དགུང་ལོ་སོ་བདུན་པར་ལི་ཐང་གི་ས་ཆ་འདི་ལ་ཕེབས་ནས། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་(སྤྱི་ལོ་༡༥༨༠) བཏབ། དགོན་པ་འདི་ཐོག་མར་ཨོ་ཐོག་གཅིག་པུའི་དགོན་པ་ཡིན་ན་ཡང། ཕྱིས་སུ་ཨོ་ཐོག་དང་གཡོན་རུ་གཞིར་བཞག་ལ། སྒ་བཞག་ཇོང་གསུམ། ཚོ་གསུམ་མོ་ལ། སྣ་དེའུ་ཤེ་གསུམ། གངས་དཀར་གླིང། འདབ། ཆ་ཕྲེང་། དབྲ། ཤོག་དྲུག་སོགས་སྤྱིའི་དགོན་པ་ལྟ་བུར་འགྱུར་ནས། ཕྱི་ཁང་ཚན་བརྒྱད། ནང་མི་ཚན་བཅུ་དྲུག་དང། གྲྭ་སུམ་སྟོང་བདུན་བརྒྱ་ཙམ་ཆགས་སྐད། ས་བཅད་ཕྱག་ལེན་ཆོས་འཁོར་རྒྱལ་གྱི་ལུགས་སྲོལ་འཛིན། དགོན་པ་འདིའི་ཚོགས་ཆོས་རའི་སྐོར་ནི། ཟླ་བ་དང་པོ་ལ་སྨོན་ལམ། ཟླ་བ་གཉིས་པ་ལ་མི་འཁྲུགས་པ། གསུམ་པ་ལ་སྨན་བླ་སྔ་ཆོག་ཕྱི་ཆོག །བཞི་བ་ལ་གསང་འདུས་འཇིག་རྟེན་དབང་ཕྱུག །ལྔ་བ་ལ་གསང་འདུས་དང་འཇིགས་བྱེད་རབ་གནས། དྲུག་པ་ལ་བདེ་མཆོག་དང་འཇིགས་བྱེད། དབྱར་གནས། བདུན་པ་ལ་གསང་འདུས་དང་ལྷ་མོའི་གཏོར་ཆེན། བརྒྱད་པ་ལ་བསེ་ཁྲབ་དང་འཇིགས་བྱེད། དགུ་བ་ལ་ཆོས་མཚམས། བཅུ་བ་ལ་དམིགས་བརྩེ་མ་དང་དགའ་ལྡན་ལྔ་མཆོད། བཅུ་གཅིག་པ་ལ་སྨན་བླ་དང་བདེ་མཆོག །བཅུ་གཉིས་པ་ལ་དབྱངས་ཞག་དང་འཇིགས་བྱེད་དྲུག་ཅུའི་དགུ་གཏོར། དུས་རྒྱུན་གསོ་སྦྱོང་དང། གནམ་གང་ཚང་མ་ལ་དུས་བཟང་ཚོགས། རྒྱལ་བ་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ལི་ཐང་དགོན་པའི་བཅའ་ཁྲིམས་ཀྱི་ཡི་གེ་ཡོད། བཅའ་ཡིག་དེ་བཞིན་དུ་སྤྱི་དང་བྱེ་བྲག་དགོན་པའི་ནང་དུ་གཟན་ཤམ་ཚུལ་དང་ལྡན་པ་ནབ་དགོས་པ་དང་མོ་ཁྲིམས་ཡིན། གལ་ཏེ་དགོན་པའི་ནང་དུ་གཟན་མེད་པ་དང་ཞྭ་མོ་གོན་པ། བུད་མེད་བསྡད་པ་སོགས་དགེ་སྐོས་ཀྱིས་མཐོང་ན་ལུགས་སྲོལ་དང་མཐུན་པའི་ཆད་པ་ཡོད། དེ་ལྟར་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་བཏབ་ནས་ལོ་ཉི་ཤུ་རྩ་དགུ། མོ་ལ་མི་འགྱུར་དགོན་བཏབ་ནས་ལོ་བརྒྱ་དང་བཞི། དབྲ་ཀཾ་པོ་གནས་སུ་ཀཾ་ཚང་བཀའ་བརྒྱུད་བཏབ་ནས་ལོ་བཞི་བརྒྱ་བཞི་བཅུ་ཞེ་ལྔ། དབྲ་ཁོལ་རི་དགོན་བཏབ་ནས་ལོ་བཞི་བརྒྱ་ལྔ་བཅུ་ཙམ་ནས། རབ་བྱུང་བཅུ་བའི་ས་བྱ་ནས་ཤིང་སྟག་གི་བར་ལོ་དྲུག་ལ་(༡༦༠༩་་་༡༦༡༤)ལོར། འཇང་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱིས། བཀའ་འགྱུར་པར་བསྐོས་ནས་(སྤྱི་ལོ་༡༦༠༩)ལ་ཀརྨ་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་(འཁྲུངས་འདས་༡༥༨༤་་་་༡༦༣༠) གདན་དྲངས་ནས། བཀའ་འགྱུར་ཞུ་དག་མཛད། དེའི་དུས་སུ་ཆོས་ཀྱི་དབང་ཕྱུག་དགུང་ལོ་ཉེེར་དྲུག་པ་(སྤྱི་ལོ་༡༦༠༩)ས་བྱ་ལ། དབྲ་ཀཾ་པོ་གནས་ནང་དུ་ཕེབས་ནས་དུས་གསུམ་མཁྱེན་པའི་གདན་ས་ཉམས་གསོ་མཛད། མཛད་ན་ཡང་དེ་ནས་ལོ་སུམ་ཅུ་ཁ་གྲངས་ཙམ་ནས་དགེ་ལྡན་པར་འགྱུར་བ་རེད། འཇང་རྒྱལ་པོའི་བཀའ་འགྱུར་དེ་ཕྱིས་སུ་གུ་ཤྲི་ཧན་གྱི་ཚ་བོ་མཁའ་འགྲོ་བསྟན་སྐྱོང་གིས་བྱམས་ཆེན་ཆོས་འཁོར་གླིང་དུ་བཞག་པ་རེད། དེར་མ་ཟད་གངས་དཀར་རྣམ་རྒྱལ་གླིང་སོགས་བཀའ་བརྒྱུད་པའི་དགོན་པ་དེ་དག་མཁའ་འགྲོ་བསྟན་སྐྱོང་གིས་དགེ་ལྡན་པར་བསྒྱུར་བ་རེད། བཀའ་བརྒྱུད་པ་ནི་དེ་ནས་བཟུང་སོས་ཀའི་ཆབ་རོམ་ལྟར་མ་གྱུར་ཏམ། མདོར་ན་ལི་ཐང་གི་ཡུལ་འདི་ན་དགེ་ལུགས་པ་ནི། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང། གཡོན་རུ་རབ་རྒྱས་གླིང། གཡོན་རུ་ལྔ་བཅུ་གྲྭ་ཚང་། སྐལ་བཀྲ་གྲ་ཚང། འབྱོ་ཐར་གྲ་ཚང། ས་ཀོར་གྲ་ཚང། ཁ་ཤུལ་གྲ་ཚང། གླང་རྐང་གྲ་ཚང། ཧོར་རྙིང་གྲ་ཚང། གྲ་ཚང་ཟེར་བ་དེ་ཚོ་ཤོག་ཁ་ཆུང་ཆུང་རེ་རེའི་སྤྱི་སྲུང་རེད། མགོན་དཀར་ཆོས་ཀྱི་ཕོ་བྲང་། རྩེ་རི་ཁྲོད། བྲག་དཀར་རི་ཁྲོད། སྨན་ལུང་རི་ཁྲོད། གནས་ཕུ་རི་ཁྲོད། ཚ་ཁ་རི་ཁྲོད། སྒ་ཨ་ཡིག་དགོན། གྱོང་བ་སྐྱིད་འཇོ་དགོན། བཞག་མ་ཐང་དགོན། དབྲ་གནས་སྒོ་དགོན། དབྲ་བཟང་སྤྱོད་དགོན་པ། སྣ་བོ་བླ་མ་དགོན། ཡར་སྟོད་དགོན། འཇའ་གྷི་རི་དགོན། ལྷ་ཁང་སུམ་མདོ། འཇའ་ཞྭ་མོ་དགོན། མོ་ལ་ཝ་ཁུར་དགོན། ས་སྐྱ་ནི། མི་འགྱུར་དགོན། གནས་འཛོམ་ཆོས་སྡེ། མི་ལ་དགོན་སར་དགོན། ཚོ་གསུམ་འཛོམ་པ་ན་དགོན་བཞི་དགོན། ཚོ་གསུམ་འཇའ་རི་ནག་དགོན། སྐྱབས་ཤུལ་དགོན། བཞག་ས་སྐྱ་དགོན། སྣ་བོ་རླབས་དགོན་སར་དགོན། སྟོང་པདྨོ་དགོན། ཐང་དཀར་དགོན། སྡེ་གཞུང་ནག་སྒར་དགོན། གཡོན་རུ་ཚེ་མགོན་གྲ་ཚང་ས་བསྟན་འཕེལ་རྒྱས་གླིང་། རྙིང་མ་ནི། གཡོན་རུ་རྙིང་མ་གྲ་ཚང། ཞི་དུལ་དགོན། མཐའ་དམར་དགོན། བོན་མགོ་དགོན། བཞག་ཆོས་གྲགས་དགོན། དབྲ་ཁོལ་རི་དགོན། གེ་མོ་དགོན་པ། བཞག་བོན་པོ་དགོན་པའོ། །དེ་དག་ལས་ཐང་དཀར་ནོར་བུ་གླིང་ཞེས་པ་འགྲོ་མགོན་འཕགས་པས་བཏབ་ཅིང་མཁན་རབས་བྲག་ཁ་བླ་མ་གྲགས་པ་རྒྱལ་མཚན་ལ་སོགས་པས་མཛད་ཅེས་པའི་ཡི་གེ་མཐོང་མོད། གར་ཡོད་ངོས་མ་ཟིན་ལ། ལེ་ལོའི་དབང་གིས་ངལ་བ་བརྟེན་མ་ཐུབ་པས་རེ་ཞིག་དེ་ཙམ་ལགས་སོ།

མེས་པོའི་ལོ་རྒྱུས་ནོར་བུའི་མེ་ལོང་འདི། །མེས་པོའི་རྗེས་ཤུལ་མཚོན་པའི་ལྟད་མོ་ཡིན། །མེས་པོའི་བྱས་རྗེས་གསེར་གྱི་བྱེ་མ་རེད། །མེས་པོའི་རྒྱུད་འཛིན་དག་གིས་གཟིགས་ན་འཚལ། ། ཚུལ་འདི་བླ་མའི་ཚོགས་རྣམས་ལ། །དད་པའི་བློ་གྲོས་རབ་བརྟན་ཞིང༌། །ཚུལ་ཁྲིམས་རྒྱལ་མཚན་ལེགས་འཛིན་པའི། །དཔལ་ལྡན་སྐལ་པ་བཟང་པོས་བསྡེབས། །ཚུལ་ཁྲིམས་རྒྱ་མཚོ་བཞིན་དུ་ཟབ་པ་དང༌། །ཚུལ་ཁྲིམས་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང༌། །ཚུལ་ཁྲིམས་རྒྱལ་མཚན་རྟག་ཏུ་འཛིན་པ་ཡི། །འགྲོ་ཀུན་ཚུལ་ཁྲིམས་དཔལ་དང་ལྡན་པར་ཤོག །དགེའོ།། །།སརྦ་མངྒ་ལྃ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*