དཔལ་ལྡན་ས་སྐྱ་པ་མཁྱེན་ནོ།

རྩོམ་པ་པོ། བྲག་གཡབ་པ་པདྨ་འཕྲིན་ལས། 

ཐོས་པ་ཉི་ཚེའི་མལ་དུ་མ་ལུས་ཤིང་།།
སྒོམ་པ་གཏི་མུག་ཁུང་བུར་མ་འཛུལ་བར།།
ཐོས་སྒོམ་མཁས་གྲུབ་ལུགས་བཞིན་སྐྱོང་མཁས་པ།།
གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ།།
རིག་པས་དཔྱད་པས་ཆད་མཐར་མ་ལྷུང་ཞིང་།།
ཡིན་ལུགས་སྒོམ་པས་རྟག་ལྟར་མ་གྱུར་པར།།
ལྟ་སྒོམ་རྒྱལ་བའི་བཀའ་བཞིན་སྒྲུབ་མཁས་པ།།
གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ།།
བཤད་པས་སྒྲུབ་པའི་སྙིང་པོ་མ་སྤངས་ཤིང་།།
སྒྲུབ་པས་བཤད་པའི་ལམ་བཟང་མ་འདོར་བར།།
བཤད་སྒྲུབ་ཟུང་དུ་འབྲེལ་བར་གནས་མཁས་པ།།
གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ།།
མདོ་འཛིན་ཟོལ་གྱིས་སྔགས་ཀྱི་སྐལ་ཆད་དང་།།
སྔགས་འཛིན་བསྟན་ལས་ཕྱི་རོལ་གྱུར་མིན་པར།།
མདོ་སྔགས་ཐར་ལམ་གཅིག་ཏུ་དྲིལ་མཁས་པ།།
གངས་རིའི་ཁྲོད་འདིར་རྗེ་བཙུན་ས་སྐྱ་པ།།
རྒྱུད་ཀྱི་བཤད་བཀའ་གདམ་པའི་མན་ངག་གནད།།
ཟབ་རྒྱས་སྒྲུབ་ཐབས་ཆོ་གའི་ཕྱག་བཞེས་སོགས།།
རིན་ཆེན་གླིང་དང་ལེགས་བྲིས་བང་མཛོད་བཞིན།།
མ་ལུས་ཡོངས་སུ་རྫོགས་གང་ས་སྐྱ་པ།།
མ་རུང་གདུག་པའི་ཧོར་སོག་དབང་དུ་བསྡུས།།
སིལ་བུར་འཐོར་བའི་བོད་ཁམས་གོང་བུར་བྱས།།
བཅུ་ཕྲག་རིག་པའི་གཏན་ནོར་བསྐྲུན་པ་སོགས།།
བསམ་པ་ཤེས་ན་ས་སྐྱའི་རྗེ་བཙུན་དྲིན།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*