ཇོ་ནང་གི་ནགས་རྒྱལ་དབེན་གནས།

རྩོམ་པ་པོ། ཀུན་དགའ་སྲི་གཅོད།

དེ་ཡང་གནས་འདི་ནི། ཇོ་ནང་ཀུན་མཁྱེན་དོལ་པོ་བའི་གདན་ས“ནགས་རྒྱལ་དབེན་གནས”རེད། ད་ལྟ་ང་ཚོ་ཐུན་མོང་གི་མཐོང་སྣང་ལྟར་ན། གནས་འདི་ནི་རང་འགར་ཡུལ་ལུང་ཐམས་ཅད་རི་མཐོ་ལུང་ཟབས་ཀྱིས་གྲུབ་ཅིང་། ཕྱོགས་ཀུན་ཏུ་བྱེ་མས་གང་བའི་མྱ་ངམ་གྱི་ཐང་ལྟ་བུ་དེ་ཙམ་བག་བྲོད་པོ་ཞིག་མིན་མོད།  ད་དུང་དེར། བརྗིད་ཆགས་ཀྱི་མཆོད་རྟེན་ཆེན་པོ་ཞིག་ལས། མི་བས་རི་དྭགས་སོགས་ཀྱང་འཚོ་སྡོད་ཨེ་བཟོད་སྙམ་པའི་གནས་སུ། རྡོ་ཡིས་བརྩིགས་པའི་བྲག་ཕུག་མང་བོ་ག་ས་གང་དུ་ཁྱབ་ནས་འདུག་པ་མཐོང་རྒྱུ་དང་མཇལ་རྒྱུ་ཡོད་པ་དེ་ཙམ་མ་གཏོགས།   གཞན། དག་གཙང་ཡངས་པའི་ཁོར་ཡུག་དང་། འདུ་ཁང་ཆེན་པོའི་བརྗིད་ཉམས། རྒྱ་ཕིབས་སེར་བོའི་འོད་མདངས་སོགས་ནི་རྩ་བ་ཉིད་ནས་མིག་ལམ་དུ་མཐོང་རྒྱུ་དང་རིག་རྒྱུ་མེད་ལ།  ཡིན་ནའང་། དེ་དག་ནི་མེད་ཀྱང་ཆོག་སྟེ། ཁོ་བོ་ནི་དུས་དང་དུས་སུ། དུངས་ཞེན་ཞིག་གིས་མིན་ནམ། ཡང་ན། དམ་པའི་གསུང་སྒྲོས་ལས་གནས་འདིའི་ཆེ་བ་མང་བོ་རྣ་བར་ལྷུང་བས་ཡིད་འཕྲོག་པ་མིན་ནམ། གང་ལྟར། གནས་འདིར་ལྷགས་ནས་གནས་མཇལ་ཐེངས་གཅིག་བྱེད་རྒྱུ་བྱུང་ན་སྙམ་དུ་སེམས་གཏིང་ནས་རེ་བ་ཆེན་པོ་སྐྱེས་དང་སྐྱེ་བཞིན་འདུག

འོན་ཀྱང་དེ་དག་གིས་མིན་ནའང་། གནས་འདི་ནི། “སྒྲུབ་གནས་བྱེ་བའི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མཐོ་བ། གངས་ཅན་གྱི་ཤམྦྷ་ལ་དཔལ་གྱི་ཇོ་ནང་”ཞེས་རྗེ་ཏཱ་ར་ནཱ་ཐས་ཞལ་གསུང་དྲོན་མོས་གསུངས་ཡོད་ལ།  གནས་འདི་ནི། ཚད་མའི་ལུང་ཟིན་གྱི་སྐྱེས་བུ་ཆེན་པོ་ཞིག་བྱོན་པའི་གདན་ས་ཡིན་པ་དོན་དངོས་རེད་ལ།  གནས་འདི་ནི། སྙིང་བོའི་མདོའི་དགོངས་དོན་གཏན་ལ་ཕབ་པའི་མི་བུ་རྣམ་དཔྱོད་ཅན་ཞིག་གིས་ཤེས་རབ་ཀྱི་གཞིས་ཁྱིམ་སྐྱོང་སའི་ཕ་ས་ཡིན་པ་བསྙོན་མེད་རེད་ལ།  གནས་འདི་ནི། ཀུན་མཁྱེན་དོལ་པོ་བས། ལུང་རིགས་ཡང་དག་གི་ལམ་ནས་རང་གི་གྲུབ་མཐའི་ལྟ་སྒོམ་སྤྱོད་གསུམ་གྱི་ཤིང་རྟའི་སྲོལ་བཏོད་པའི《རི་ཆོས་ངེས་དོན་རྒྱ་མཚོ》ཞེས་ལེགས་བཤད་བླ་ན་མེད་པ་མི་ཡུལ་དུ་བཞག་སའི་གནས་མཆོག་ཡིན་ལ། གནས་འདི་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་དོན་ཇི་བཞིན་མ་རྟོགས་པ་དང་། ཕྱིན་ཅི་ལོག་ཏུ་བཀྲལ་བའི་རྒྱ་བོད་ཀྱི་པཎ་གྲུབ་དུ་མར་དགག་སྒྲུབ་གནད་ལ་ཁེལ་བ་མཛད་པའི《ཕར་ཕྱིན་མདོ་ལུགས་མ》ཞེས་ཐུགས་ཀྱི་གསང་མཛོད་ཕྱུར་བུར་སྤུངས་པའི་རིན་པོ་ཆེ་གཏེར་ལས་བཏོན་སའི་གནས་བྱིན་རླབས་ཅན་ཡིན་ལ།  གནས་འདི་ནི། “གངས་ཅན་མཁས་དང་གྲུབ་པ་ཡོངས་ཀྱི་དབུས། །རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བཞིན་འཕགས”པའི་སྐྱེས་བུ་དམ་པ་མང་བོ་བྱོན་པའི་གནས་ཡིན་ལ། མ་ཟད། སྐྱེས་བུ་དེ་དག་གིས། གསུང་རབ་མདོ་རྒྱུད་ཀུན་ལ་ཕྱོགས་དང་རིས་སུ་མ་སོང་བའི་ཐོས་བསམ་སྒོམ་གསུམ་དང་། བཤད་སྒྲུབ་ལས་གསུམ་གྱིས་དུས་འདའ་བའི་དབེན་གནས་ཁྱད་པར་བ་ཞིག་ཡིན་ལ། དེ་ལྟར་ཡིན་པའི་ཏན་རྟགས་ཀྱང་། དུས་ད་ལྟ་དེར་སླེབས་ཙ་ན། སྒྲུབ་ཕུག་གཅིག་གི་བྱིན་ཆགས་དང་། དེ་རུ་འབབ་པའི་ཆུ་ཐིགས་གཅིག་གི་དྭངས་གཙང་གིས་ཀྱང། སོ་སོའི་མིག་གོང་ལས་དད་པའི་ཆུ་མིག་མི་བརྡོལ་བའི་རང་དབང་ག་ལ་ཡོད།  ལྷག་པར། ཀུན་མཁྱེན་དོལ་པོ་བའི་དྲུང་ནས་ཆོས་རྗེ་ཕྱོགས་རྒྱལ་བས《དུས་འཁོར་རྒྱུད་འགྲེལ》ལན་གྲངས་ཉེར་ལྔ་གསན་བསམ་མཛད་སའི་གནས་དམིགས་བསལ་བ་ཞིག་དང་། ཁོ་བ་ཚོའི་མི་ཚེའི་མཐའ་མཇུག་གི་ཆེས་དག་ཞིང་དང་། ཆེས་ཞི་འཇམ་བག་ཕེབ་དང་། ཀུ་ཡངས་བློ་བདེའི་ངང་སྐུ་ཚེ་མཐའ་འཁྱོལ་གནང་སའི་གནས་ཁྱད་པར་ཅན་ཡང་གནས་འདི་ག་རང་ཡིན་ལ།

ད་དུང་། དག་པའི་སྣང་ངོར། གནས་འདི་ནི། གྲུབ་ཆེན་རྟ་ར་བས་མི་ལོ་ཉི་ཤུ་ལྷག་རིང་ལ། མི་ཟས་ཁམ་གང་མ་གསོལ་བར་མཉམ་བཞག་རྣམ་པར་མི་རྟོག་པའི་ངང་དུ་བཞུགས་གནས་དང་། རི་ལུང་ཕར་ཚུར་དུ་བྱ་ལྟར་འཕུར་ཞིང་། ཉམས་ཀྱི་འཕར་གཡོ་གཅིག་གིས། མཆོད་རྟེན་མཐོང་གྲོལ་ཆེན་མོའི་ཆོས་འཁོར་ནས་སྐོར་བ་ལན་མང་བྱས་མྱོང་བའི་གྲུབ་ཆེན་དབུས་པ་སོགས་ཀྱི་བཞུགས་གནས་ཀྱང་རེད།  དེ་ལས་ཀྱང་། ཆེས་རྗེས་སུ་ཡི་རང་བ་ཞིག་ནི། གནས་འདི་རུ་བྱོན་པའི་དམ་པ་ཚོས། ཆོས་བརྒྱུད་ཅིག་གི་བསྟན་བདག་དང་། དེའི་སྟོན་འཁོར་ཕུན་སུམ་ཚོགས་པར་རློམ་པ་ཚོ་ལྟར། ཆོས་བརྒྱུད་ག་གེ་མོ་ཞིག་གི་དབུ་འཕངས་དགུང་དུ་སྟོད་དགོས་ཞེས་ཆོས་གྲོགས་ནང་ཕན་ཚུན་ལ་དམག་འཁྲུག་གིས་ཁྲག་གི་ལུང་ཆུ་རྒྱུག་པའི་ལོ་རྒྱུས་བསླངས་མྱོང་མེད་ལ།  གནས་འདི་ནས། རྒྱུ་འབྲས་བློ་མིག་གཙུག་ཏུ་བཀུར་བའི་རང་བྱུང་གི་འཁོར་བ་པ་ཚོར། ཕན་ཚུན་དགྲ་འདུལ་གཉེན་སྐྱོང་གི་ཆགས་སྡང་གི་རྦ་རླབས་འཕྱུར་དུ་བཅུགས་ཏེ། ཁོ་ཚོར་ཁ་འཛིན་སྡོང་གྲོགས་བྱེད་སའི་དཔོན་ཚང་ཞིག་གི་རྒྱ་སྒོ་ཡོད་པའི་གཏམ་བརྒྱུད་ཙམ་ཡང་བྱུང་མྱོང་མེད་ལ།   སྤྱིར་སྡེ་བ་གཅིག་དང་། དུད་ཁྱིམ་གཅིག ཐ་ན་མི་སྒེར་ཞིག་གི་གཉའ་བར་རྐང་ལག་བརྐྱངས་ཐུབ་པའི་བླ་གྲྭ་འཇོན་པོ་བྱུང་མྱོང་མེད་ལ། དེ་དག་མ་ཡོད་པའི་རྐྱེན་སོགས་ཀྱིས། ཉིན་རེ་ནས་ཟླ་རེར། ཟླ་རེ་ནས་ལོ་རེར། གནས་འདིའང་རིམ་བཞིན་དུས་ཀྱི་ཀློང་དུ་སྐྱ་ཆད་སྔོ་སྡུག་གི་གནས་མལ་འདི་ལྟ་བུ་ཞིག་ཏུ་གཟིམ་དགོས་བྱུང་བ་མ་ཡིན་ནམ།    ཞོར་དུ། སེམས་ཀྱི་ཟུར་ཞིག་ནས་འདི་ལྟར་དོགས་ཏེ། གནས་འདི་ནས། རང་གི་རྒྱུ་འབྲས་བླང་དོར་གྱིས་རང་གི་འཕྲལ་ཡུན་གྱི་ལམ་སྟོན་བྱེད་རྒྱུ་ལས། ཆོས་ཉིད་དང་གནས་ལུགས་ལ་རྡོག་རོལ་ཚད་མེད་པ་བཏང་ཡང་། ཁོ་ཚོ་ད་དུང་གཞན་ཞིག་གིས་བསྐྱོབ་འོང་བ་དང་། གཞན་ཞིག་ལ་རེ་བའི་སྟོང་བསམ་མཁན་མང་བོ་བྱུང་ཨེ་ཡོད་དམ།  གནས་འདི་ནས། རྔ་བརྡུང་སྦུབ་བརྡུང་གིས་གནམ་ས་འགེངས་ལ། གཏོར་རྒྱག་ཟོར་འཕེན་གྱིས་རི་ལུང་བསྒུལ་ཞིང་། འབག་འཁྱམ་སེང་འཁྱམ་གྱིས་ཉི་མ་བསྐྱལ་ནས། དེ་ག་རང་གིས་སངས་རྒྱས་ཀྱི་བསྟན་པ་བཟུང་ཡོད་སྙམ་པ་ཐུགས་ལ་དགོངས་མཁན་འདྲ་བྱུང་ཨེ་ཡོད་དམ།   གནས་འདི་ནས། དམར་ལོག་གོས་ལྷག་དེ་ལུས་ལ་བགོས་ཤིང་། ཆོས་ཚིག་སྐམ་པོ་རང་ངག་ནས་བཟློ་བ་ལས། མཆོག་གསུམ་གྲངས་འདྲེན་ཙམ་ཐུགས་ལ་མེད་ནའང་། ཡིན་མདོག་ཡིན་རློམ་གྱིས་ཆོས་ཚུགས་རྐྱང་རྐྱང་གིས་ནང་བའི་བསྟན་སྒོར་ཞུགས་ཡོད་སྙམ་པའི་མངོན་བློ་ཅན་མང་བོ་བྱུང་ཨེ་ཡོད་དམ། དོགས་པ་ནི་དོགས་པ་རང་སྟེ་མཐའ་མེད་པས་བཞག  དྲང་མོར་བཤད་ན། གནས་འདི་རུ་བྱོན་པའི་ཀུན་མཁྱེན་ཡབ་སྲས་ཀྱིས་བཏོད་པའི་ལམ་ཁ་དེ། ད་ལྟ་ང་ཚོའི་ལམ་ཁ་ཡང་དག་པ་ཞིག་ཏུ་གྱུར་མ་ཐུབ་ཅིང་། རྣམ་པ་ཀུན་ཏུ། ང་ཚོ་ལམ་ཁ་དེ་ལས་རིང་དུ་བཀྱེད་དེ། ཆེས་རྒྱང་རིང་རྒྱང་རིང་གི་མག་མོག་ཞིག་གི་གནས་སུ་ཡོད་པ་མ་ཡིན་ནམ། ད་དུང་། ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་དེ་དག་གི་མཛད་སྤྱོད་སོགས་དང་འགལ་བ་ལྟག་སྤྲོད་ཤ་སྟག་བྱེད་ཀྱིན་མི་འདུག་གམ།

ཡོང་ཁུངས།  ལུང་ཚང་འཕྲིན་སྟེགས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*