༸རཏྣ་བཛྲ་རིན་པོ་ཆེའི་ཞབས་བརྟན།

ཆོས་སྤྱོད་དཀར་ཆག

༈ །༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེའི་༧ཞབས་བརྟན་དྲང་སྲོང་གྲུབ་པའི་བདེན་ཚིག་ཞེས་བྱ་བ་བཞུགས་སོ།། 

༈ །ཕུན་ཚོགས་ཚེ་ཡི་གཟི་བྱིན་དཔག་མེད་མགོན། །ཕུན་ཚོགས་ཚེ་སྦྱིན་ལྷ་མོ་རྣམ་རྒྱལ་མ། །ཕུན་ཚོགས་ལྷ་དང་གྲུབ་པ་རིག་འཛིན་གྱིས། །ཕུན་ཚོགས་རྟག་པ་དམ་པའི་དངོས་གྲུབ་སྩོལ། །ངག༷་དབང་དབ༷ང་བཅུ་ལྡན་པའི་སར་དབང་བསྒྱུར། །མཁས་ཀུན༷་ཀུན་དག༷འི་བློ༷་གྲོས༷་ཀུན་གྱི་རྗེ། །སྲིད་ཞིའི་རྣམ་འདྲེན་འདྲེན་མཆོག་འདྲེན་པའི་གཙོ། །དབང་རྒྱལ་རྒྱལ་བའི་དབང་ཕྱུག་ཞབས་བརྟན་གསོལ། །ཕྱོགས་དུས་རྒྱལ་བའི་གསང་གསུམ་རིན༷་ཆེན༷་མཛོད། །གཅིག་བཟླུམ་འཇིག༷ས་མེད༷་རྡོ་རྗེའི་འོད་རྣོན་འགྱེད། །ཕྲིན༷་ལས༷་སྣང་བས་ས་གསུམ་ཀུན་ཁྱབ་ཕྱིར། །འཇམ་མགོན་བསྟན་པའི་ཉི་མ་ཞབས་བརྟན་གསོལ། །མཐའ་ཀླས་ཤེས་བྱར་མ་ཐོགས་མཁྱེན་པའི་འཕྲུལ། །རྗེ་བཙུན་འཇམ་དཔལ་དབྱངས་དང་མགོན་པོ་ཁྱེད། །མཆོག་དམན་སྐལ་བས་སྣང་དང་སྣང་མིན་ལས། །དབྱེར་མེད་སྨྲ་བའི་སེངྒེ་ཞབས་བརྟན་གསོལ། །བསླབ་གསུམ་དྲི་མེད་མཁྱེན་པའི་ཆ་ཤས་རྫོགས། །འགྲོ་བའི་སྐྱབས་མགོན་ཐུགས་རྗེའི་བསིལ་ཟེར་ཅན། །དམ་པའི་ཚུལ་དགུའི་ནུས་སྟོབས་བདུད་རྩིའི་གཏེར། །ཐུབ་བསྟན་དབང་ཕྱུག་གཙུག་ཏུ་ཞབས་བརྟན་གསོལ། །འཇམ་མགོན་གྲུབ་རིགས་གསེར་གྱི་འཁྲི་ཤིང་རྩེར། །འགྲོས་བཞིའི་ལམ་གྱིས་སྐུ་བཞིའི་རྒྱལ་ཐབས་ལ། །དབང་བསྒྱུར་ནོར་བུའི་མེ་ཏོག་འཁོར་ལོའི་མགོན། །རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་ཞབས་བརྟན་གསོལ། །ཆོས་སྲིད་མཛད་ཕྲིན་གསེར་གྱི་འཁོར་བསྒྱུར་ལ། །མངའ་འོས་རིན༷་ཆེན༷་བདུན་གྱི་ཁ་ལོ་སྒྱུར། །བླ་མ་རྡོ༷་རྗེ༷་སྲུང་མའི་གྲོགས་དན་གྱིས། །བཀྲ་ཤིས་དགེ་མཚན་ཡུན་དུ་འབར་གྱུར་ཅིག །      ཅེས་བསྟན་པའི་མངའ་བདག་དཔལ་ས་སྐྱ་པ་ཆེན་པོ་སྒྲོལ་ཕོའི་༧སྐྱབས་མགོན་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གདུང་སྲས་རིན་པོ་ཆེ་མཚན་དཔེ་གསར་བཞད་ལ་ཞལ་བཀོད་དང་བསྟུན་པའི་གོ་རིམ་བསྒྲིགས་ཏེ་མཚན་གྱི་མངའ་གསོལ་ཞུས་ཐོག་ཞབས་བརྟན་ཤླཽ་ཀ་བདུན་ཞིག་གསར་རྩོམ་གྱིས་ཞེས་རྟེན་བཅས་བཀའ་སྩལ་གསེར་ལྟར་ལྕི་བ་དྭང་དུ་བླངས་ཏེ། ཤིང་ཡོས་བོད་ཟླ་ ༢ ཚེས ༡༢ རྡོར་འཛིན་བྱེ་བའི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཅན་གྱི་དུས་ཆེན་བཟང་པོར་བཅོ་བརྒྱད་པ་ལེགས་བཤད་རྒྱ་མཚོའམ་འཇམ་དབྱངས་དབྱངས་ཅན་དགྱེས་པའི་བློ་གྲོས་ཀྱིས་གནས་ཆེན་ལུམྦི་ནིའི་གཙུག་ལག་ཁང་དུ་བླ་མཆོད་མཆོད་སྤྲིན་བསྟར་འབུལ་དང་འབྲེལ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།དགེའོ།།  །།

 

Be the first to comment

Leave a Reply

Your email address will not be published.


*