ཡོངས་འཛིན་དྲན་པའི་གདུང་འབོད།

འདྲེན་མཆོག་ཡོངས་འཛིན་དམ་པའི་ཡེ་ཤེས་འཕྲུལ།།
མ་ཉམས་འཕྲིན་ལས་ཉི་ཟེར་འཛུམ་རླབས་ཀྱིས།།
བརྩེ་མཁྱེན་རྟ་བདུན་འགྲོས་ཀྱིས་ལེགས་དྲངས་པའི།།
འཛམ་གླིང་ཁྱོན་དུ་ཆོས་དུང་དབྱངས་སུ་གྱེར།།

གླིང་ཕྲན་ཤར་ནུབ་ཀུན་ཏུ་བུ་སློབ་ཚོར།།
སྔོན་མེད་ལེགས་བཤད་ཟབ་དོན་མན་ངག་བཅུད།།
གཉིས་འཛིན་འཁྲུལ་བའི་བློ་རྨོངས་ཀུན་སེལ་བ།།
ཡོངས་འཛིན་ཀུན་དབང་ཉིད་ཀྱིས་བཀའ་དྲིན་ཉིད།།

རྒྱལ་བསྟན་ཕྱོགས་མཐར་སྤེལ་བའི་སེམས་དཔའ་ཅན།།
ཡང་དག་མདོ་སྔགས་བསྟན་པའི་ཁུར་ཆེན་བཞེས།།
བརྩེ་བས་སྒྲུབ་བཙུན་གདུལ་བྱ་ཁྲི་སྟོང་གཉེར།།
ངེས་དོན་ཐར་པའི་དད་དཔོན་ཁྱེད་ཉིད་དྲན།།

རྣལ་འབྱོར་ལུང་རྟོགས་བསྟན་པའི་ཁུར་བོ་ཆེ།།
ལྟ་སྒོམ་སྤྱོད་གསུམ་མ་བྲལ་དངོས་གྲུབ་ཚོམས།།
གྲུབ་པའི་དབང་ཕྱུག་རྒྱལ་སྲས་སེམས་དཔའ་ཆེན།།
སླུ་མེད་ཡོངས་འཛིན་དམ་པ་སྙིང་ནས་དྲན།།

ཟོལ་མེད་རྒྱུད་བཟང་ཞི་སྤྱོད་སེམས་དཔའ་ཉིད།།
བཙུན་པའི་ཁྱུ་མཆོག་རྒྱལ་མཚན་མངའ་བར་རྙེད།།
ཚངས་པར་སྤྱོད་པས་དྲི་བཟང་ཕྱོགས་ཀུན་ཁྱབ།།
བསླབ་ཁྲིམས་གཙུག་རྒྱན་ཡོངས་འཛིན་ཁྱེད་ཉིད་དྲན།།

དུས་ཀྱི་འགྱུར་འགྲོས་ནར་འགྱངས་ཡུད་ཙམ་འདས།།
ཡོངས་འཛིན་དམ་པའི་དགོངས་རྫོགས་དུས་མཆོད་འདིར།།
རྡོ་རྗེའི་ཐ་ཚིག་བུ་སློབ་ལྷན་འཛོམས་ཐོག།
དུས་ཚིགས་མཆོད་པའི་གདུང་དབྱངས་མཉམ་དུ་གྱེར།།

ཡོངས་འཛིན་འཛུམ་པའི་ཞལ་རས་དྲན་ཙམ་གྱིས།།
དད་གུས་དྲན་པའི་མཆི་མས་དལ་གྱིས་རླན།།
བདག་སོགས་བུ་སློབ་ལོ་ཟླ་རིང་པོ་འདིར།།
ཡང་སྤྲུལ་ཟླ་གཞོན་གསར་པ་ཕེབས་པར་སྒུག།།

ཁོ་བོའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བདེ་བར་གཤེགས་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཀྱི་སྔ་ཉིན་ལ་མགོན་པོ་གང་གི་སློབ་བུའི་གྲལ་མཐའ་རུ་གནས་པ་རྫོང་གསར་བཤད་གྲྭའི་སློབ་ཐོན་པ་མཁན་མིང་ཀཿབྲག་དངོས་གྲུབ་བསོད་ནམས་སམ་གདོང་མཁན་པས་མ་ཡུམ་རྫོང་གསར་བཤད་གྲྭ་ནས་ཁོ་བོའི་སྔོན་མའི་རང་ཤག་ཉེ་འགྲམ་B3/4 གྲྭ་ཤག་ནང་དུ་གང་དྲན་ཤར་མར་སྦྱར། ༢༠༡༨/༥/༣

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*