དེ་བཞིན་མཁན་པོ་ཀུན་དགའ་དབང་ཕྱུག་རིག་གསར་གྱི་གོང་ཞིག་ནས་ཁོང་བཙོན་ཁང་དུ་ལོ་ངོ་ཉི་ཤུ་འགོར། བཙོན་གྲོལ་བྱས་རྗེས་རྒྱ་གར་དུ་ཕེབས་པ་རེད། ལོ་རབས་དེར་བཙོན་ཁང་ནས་མྱངས་པའི་མནར་གཅོད་དེ་བསམ་ཡུལ་ལས་འདས་པ་ཞིག་སྟེ། ང་ཚོ་བཙོན་ཁང་དུ་འགྲོ་མྱོང་མེད་ནའང་། བཙོན་པ་རྡུང་རྡེག་བྱེད་པའི་སྣང་ཚུལ་མང་པོ་ཐོབ་མྱོང་ཞིང་། རབ་བྱུང་བ་དང་ཁྱིམ་པ་སུ་ཡིན་ཡང་དམྱལ་བ་ནས་མི་ཡུལ་དུ་ལོག་པ་ལྟ་བུའི་འཇིགས་རུང་ཞིག་ཏུ་བརྩི་བ་རེད། ཁོང་རྒྱ་གར་དུ་སླེབས་རྗེས། སྐྱེས་ཆེན་དམ་པ་ཞིག་གིས་ཁོང་ལ། ཁྱེད་ཀྱིས་བཙོན་ཁང་ནས་མནར་གཅོད་མྱོང་བའི་ལོ་ངོ་ཉི་ཤུའི་ནང་དུ་ཆེས་དངངས་སྐྲག་ཆེ་བ་དེ་ཅི་རེད་ཅེས་འདྲི་སྐབས། ཁོང་གིས་ལན་དུ། ཆེས་དངངས་སྐྲགས་ཆེ་བ་དེ་སྙིང་རྗེ་མེད་པར་གྱུར་ནས་ངའི་མི་ཚེར་གནོད་སྐྱོན་བཟོ་མཁན་དག་ལ་ཞེ་སྡང་སྐྱེས་བར་དོགས་པ་ཡིན་ཞེས་ལབ་པ་རེད། སྐབས་དེར་ཁོང་མུ་གེར་འཆི་བ་དང་བརྡུང་ནས་གསོད་པ་སོགས་ལ་ལར་ནས་མ་སྐྲག་པར། སྙིང་རྗེ་མེད་འགྱུར་བར་སེམས་ཁྲལ་སྐྱེས་པ་དེ་སྒོམ་སྒྲུབ་བྱེད་སྟངས་ཡང་དག་པ་དེ་རེད། ཁོང་གི་རྟོགས་པ་དེ་སྤྱིར་བཏང་གི་མི་ཕལ་བ་ཞིག་མ་ཟད། ང་ཚོས་ཆོས་གོས་གྱོན་ཞིང་རྟག་ཏུ་དགོན་པར་ཐོས་བསམ་སྒོམ་གསུམ་བྱེད་མཁན་དག་གིས་ཀྱང་རྗེས་ཆོད་ཀྱིན་མེད་པ་རེད། གལ་ཏེ་ང་ཚོ་ཡུལ་དུས་དེ་འདྲ་ཞིག་ཏུ་ཡོད་རྒྱུ་ན་གང་འདྲ་བྱེད་རྒྱུ་རེད། མི་ཞིག་གིས་མནར་གཅོད་བྱེད་ཚེ། ངས་དེ་རིང་གི་མི་འདི་སུ་ཡིན་པ་སེམས་ལ་བཟུང་ནས། ནམ་ཞིག་གོ་སྐབས་ཤིག་འཁོར་ཚེ་ལས་སླ་མོར་མི་གཏོང་སྙམ་རྒྱུ་རེད་དམ། འོན་ཀྱང་། ཐེག་ཆེན་སྙིང་རྗེའི་འདུ་ཤེས་རྒྱུད་ན་མངའ་བའི་གང་ཟག་གིས་དེ་ལྟར་བྱ་སྲིད་ཀྱི་མ་རེད།
མཁན་ཆེན་བསོད་ནམས་དར་རྒྱས་མཆོག་གིས་མཛད་པའི་མི་ཚེའི་རྨི་ལམ་ཞེས་པའི་ཕྱག་དཔེ་ཟུར་བཏོན་བྱས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།