མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་གི་དགོངས་རྫོགས་བུ་སློབ་ཚོས་ཡུལ་གྲུ་མང་པོ་ནས་སྲུང་བརྩི་གནང་འདུག

བོད་རབ་བྱུང་ ༡༧ པའི་རབ་གནས་ས་ཁྱི་ལོའི་བོད་ཟླ་ ༣ ཚེས་ ༢༠ ཉིན་འཕགས་ཡུལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མཁན་ཆེན་བདེ་བར་གཤེགས་པ་ངག་དབང་ཀུན་དགའ་དབང་ཕྱུག་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་ཞིང་དུ་གཤེགས་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་རྗེས་དྲན་ཉིན་མགོན་པོ་གང་གི་ཐུགས་རྗེའི་གྲིབ་བསིལ་འོག་ཏུ་འཚོ་བཞིན་པའི་མཁན་སློབ་འདུས་མང་ཡོངས་ཀྱིས་དགོངས་རྫོགས་མཆོད་འབུལ་སྐབས་སུ་༧ སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དང་མཁན་པོ་ལུང་རིགས་སེང་གེ། མཁན་པོ་འཇམ་དབྱངས་བློ་གསལ། མཁན་པོ་དཀོན་མཥོག་རྒྱལ་མཚན། མཁན་པོ་ཆོས་དབྱིངས་རྡོ་རྗེ། མཁན་པོ་བསམ་འགྲུབ། མཁན་པོ་ཚེ་རིང་། མཁན་པོ་ནོར་བུ་ཚེ་རིང་། མཁན་པོ་པ་སངས། མཁན་པོ་བསོད་ནམས་སེང་གེ། མཁན་པོ་འཇམ་དབྱངས་མཁྱེན་བརྩེ། མཁན་པོ་ཨ་འཕྲིན། མཁན་པོ་ཀུན་དགའ་ཆོས་གྲགས། མཁན་པོ་ཀ་བྲགཿདངོས་གྲུབ་བསོད་ནམས། མཁན་པོ་རྒྱལ་མཚན། མཁན་པོ་འཇམ་དབྱངས་ཆོས་འཕེལ། མཁན་པོ་དར་རྒྱས། མཁན་པོ་ཀུན་བཟང་། མཁན་པོ་པདྨ་བསམ་པ་བཅས་མཁན་པོ་དང་སྤྲུལ་སྐུ། དགེ་རྒན་དང་སྐྱོར་དཔོན་སོགས་དགེ་འདུན་འདུས་པ་ཡོངས་དང་། དེ་བཞིན་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་བཤད་གྲྭ་འདིའི་བུ་སློབ་མང་པོ་ཕེབས་འདུག བཤད་གྲྭའི་ཆོས་སྦྱིན་པ་ཆོས་དབྱིངས་ལྷ་མོ་གཙོས་ཐེན་ཝ་ནས་ཕེབས་པའི་སྦྱིན་བདག་རྣམ་པ། དད་གཉེར་ཅན་སྦིར་སྡེ་དགེ་དང་ཅོན་ཏ་རའི་བོད་མི་ཡོངས་དང་། སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག ཡུལ་མི་རྒྱ་གར་པ། ཕྱི་རྒྱ་མི་རིགས་སོགས་ཧ་ཅང་ཕེབས་ནས་དགོངས་རྫོགས་དུས་མཆོད་སྲུང་བརྩི་གནང་སོང་། སྤྱི་ཚེས ༤ ཉིན་གྱི་སྔ་དྲོ་བདེ་བར་གཤེགས་པ་མཁན་རིན་པོ་ཆེ་མཆོག་གི་ཚེམས་དང་རིང་བསྲེལ་གཙུག་ལག་ཁང་དུ་གདན་དྲངས་པ་དང་སྦྲགས་ལམ་འབྲས་བླ་མའི་ཆོ་གའི་སྒོ་ནས་དུས་མཆོད་བསུ་བར་བྱས། ཉིན་རྒྱབ་བཟང་སྤྱོད་ལམ་སྨོན་རྒྱས་ཚོགས་གནང་ཞིག སྤྱི་ཚེས ༥ ཉིན་སྔ་དྲོར་ས་པཎ་བླ་མཆོད་ཀྱི་ཆོ་གའི་སྒོ་ནས་དུས་མཆོད་བསུ་བ་དང་ཉིན་རྒྱབ་ཚེམས་དང་རིང་བསྲེལ་མཇལ་ཁ་གནང་བ་དང་། བཟང་སྤྱོད་སྨོན་ལམ་སྔར་བཞིན་རྒྱས་ཚོགས་ཤིག དགོངས་དྲོའི་ཆུ་ཚོད ༦:༣༠ ལ་འཆད་རྩོད་རྩོམ་གསུམ་གྱིས་མཆོད་སྤྱིན་གནང་བ་། དེ་ཡང་མཁན་པོ་པ་སངས་ཀྱིས་མཁན་རིན་པོ་ཆེ་མཆོག་གི་རྣམ་ཐར་སྒྲོས་སྦྱོང་། སྦྱིན་བདག་ཆོས་དབྱིངས་ལྷ་མོས་མཁན་རིན་པོ་མཆོག་དང་འབྲེལ་བ་ཇི་ལྟར་བྱུང་ཚུལ་དང་ཐེན་ཝ་ལ་ཇི་ལྟར་ཕེབས་ཚུལ་སོགས་ཀྱི་ལོ་རྒྱུས་རྒྱས་བཤད་བྱས། དེའི་རྗེས་སུ་ཤེར་ཕྱིན་འཛིན་གྲྭའི་དོན་འགྲུབ་སྤེན་པས་སེམས་བསྐྱེད་བསྐོར་ནས་ཆོས་བཤད་གནང་བ་དང་། སྡོམ་གསུམ་འཛིན་གྲྭ་དམ་བཅའ་བཞུགས་པ་དང་སློབ་དཔོན་འཛིན་གྲྭ་གོང་འོག་གཉིས་ཀྱིས་སྡོམ་གསུམ་བསྐོར་དང་ཁྱད་པར་དུ་སོར་ཐར་སྡོམ་པའི་བསྐོར་རྟགས་གསལ་གཏོང་གནང་བ། དེའི་རྗེ་སུ་ཤེར་ཕྱིར་འཛིན་གྲྭའི་སློབ་མ་རྒྱལ་ཐུབ་ཚེ་རིང་གིས་མཁན་རིན་པོ་ཆེ་མཆོག་གི་རྗེས་དྲན་སྐུ་བསྟོད་རྩོམ་ཡིག་སྒྲོས་སྦྱོངས་ཤིག དེའི་རྗེས་སུ་སློན་ཐོན་པ་ཀུན་བཟང་འཕྲིན་ལས་ཀྱིས་མཁན་རིན་པོ་ཆེ་མཆོག་གི་རྣམ་ཐར་ཚིག་བཅད་ཐོག་ནས་སྒྲོས་སྦྱོངས་ཤིག སྡོམ་གསུམ་འཛིན་གྲྭའི་ཟླ་བ་བཟང་པོས་མཁན་ཆེན་རྣམ་ཐར་ཚིག་བཅད་སྒྲོས་སྦྱོངས་བྱས། དེའི་རྗེས་སུ་འདུལ་བ་འཛིན་གྲྭའི་འཕྲིན་ལས་ཆོས་བཟང་གིས་སོར་ཐར་སྡོམ་པའི་བསྐོར་ཆོས་བཤད་བྱས། དེའི་རྗེས་སུ་རྣམ་འགྲེལ་འཛིན་གྲྭའི་བཀྲིས་རིན་འཛིན་གྱིས་རྣམ་འགྲེལ་ལས་ཡང་དག་པའི་ལྟ་བ་དང་ཡང་དག་པའི་ཤེས་པའི་བསྐོར་ཆོས་བཤད་བྱས། དེའི་རྗེས་སུ་སྡོམ་གསུམ་འཛིན་གྲྭའི་ཨུ་རྒྱན་བསྟན་འཛིན་གྱིས་སྡོམ་གསུམ་བསྐོར་དང་བསྐྱེད་རིམ་དང་རྫོགས་རིམ་བསྐོར། ཞི་གནས་དང་ལྷག་མཐོང་བསྐོར། སྔགས་བླ་མེད་ཀྱི་བསྐོར། ཐེག་ཆེན་དང་ཐེག་དམན་གྱི་སྡོམ་པའི་བསྐོར་སོགས་ཐད་ནས་ཆོས་བཤད་བྱས། དེའི་རྗེས་སུ་ཚད་མ་འཛིན་གྲྭའི་དམ་བཅའ་དང་རྣམ་འགྲེལ་འཛིན་གྲྭའི་སློབ་མ་ཚོས་བུམ་འཛིན་རྟོགས་པའི་དངོས་པོའི་བསྐོར་དང་གཞན་སེམས་བསྐོར་རྟགས་གསལ་གཏོང་གནང་བ། དེའི་རྗེས་སུ་རིགས་གཏེར་འཛིན་གྲའི་བཀྲ་ཤིས་ཀྱིས་མཁན་ཆེན་མཆོག་ལ་སྐུ་བསྟོད་དང་བཤད་གྲྭའི་ཁོར་ཡུག་གི་བསྟོད་པའི་རྩོམ་ཡིག་སྒྲོས་སྦྱོངས་བྱས། དེའི་རྗེས་སུ་རིག་གནས་འཛིན་གྲྭའི་སློབ་མས་མཁན་རིན་པོ་ཆེ་མཆོག་ལ་ཆེད་རྩོམ་སྐུ་བསྟོད་རྩོམ་ཡིག་སྒྲོས་སྦྱོངས་བྱས། དེའི་རྗེས་སུ་སློབ་ཐོན་པ་གཡང་དྲུང་དབང་རྒྱལ་གྱིས་མཁན་རིན་པོ་ཆེ་མཆོག་གི་རྣམ་ཐར་ཚིག་བཅད་རྩོམ་ཡིག་སྒྲོས་སྦྱོངས་བྱས། དེའི་རྗེས་སུ་བཀྲ་ཤིས་པའི་མཚམས་སྦྱོངས་དང་འབྲེལ་ལེགས་པར་གྲུབ་པར་བྱས། དེ་བཞིན་དུ་བལ་ཡུལ་རྒྱལ་ཡོངས་ས་ཆེན་གསུང་རབ་སློབ་གཉེར་ཁང་དུ་༸འཁོན་གདུང་༸ཨ་ཀཱ་ཤ་བཛྲ་རིན་པོ་ཆེ་མཆོག་དབུར་བཞུགས་ཐོག    མཁན་སྤྲུལ་སོགས་ལྷན་འཛོམས་ཀྱིས་བདེ་བར་གཤེགས་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་དགོངས་རྫོགས་མཆོད་འབུལ་ཐེངས་བཅུ་པ་བརྩི་སྲུང་གནང་འདུག དེ་བཞིན་དུ་བོད། ཨ་རི་དང་ཁ་ན་དྲ། ཧྥན་རན་སི་དང་བེ་ལྗམ། ཡོ་རབ་ཡུལ་ཁག་བཅས་ནས་མཁན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་བརྩི་སྲུང་གལ་པོ་ཆེར་འཛིན་ཐོག་ནས་གྲ་སྒྲིག་རྒྱས་སྤྲོས་གནང་འདུག་ལ་བུ་སློབ་ཁ་ཤས་ཤིག་གིས་རང་རང་སོ་སོའི་བཞུགས་སར་དགོངས་རྫོགས་བརྩི་སྲུང་གནང་འདུག ༢༠༡༨/༥/༦

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*