ས་སྐྱ་ཁྲི་འཛིན་མཆོག་གིས་བྱང་ཨ་རིར་བོད་མི་ནང་ཁུལ་མཐུན་ལམ་ཆིག་སྒྲིལ་བྱེད་དགོས་ཚུལ་གསུངས་འདུག

དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་ཆིག་སྒྲིལ་དང་ཡ་རབས་སྤྱོད་བཟང་ལ་འབད་པ་དགོས་པའི་བཀའ་སློབ་གནང་འདུག

དེ་ཡང་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཟླ་འདིའི་སྤྱི་ཚེས་༦་རེས་གཟའ་ཉི་མའི་ཉིན། ཨ་རིའི་རྒྱལ་སའི་མངའ་ཁུལ་ཀྱི་བོད་མི་ཚོར་བཀའ་སློབ་གནང་སྐབས། རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་ཐུགས་མཐུན་ཁྲིམས་གཙང་དགོས་པ་དང་། གནད་དོན་ཆུང་ཙག་རིགས་ལ་མ་འཁོན་པར་ཆེ་ས་བོད་ཀྱི་སྐད་ཡིག་དང་། ལྷག་པར་དུ་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དེ་མི་ཉམས་རྒྱུན་འཛིན་གནང་དགོས་པའི་བཀའ་སློབ་ཕེབས་འདུག ད་དུང་དཔལ་ས་སྐྱ་༸ཁྲི་ཆེན་༸གོང་མ་རིན་པོ་ཆེ་མཆོག་གིས། ད་ལྟའི་བོད་ནང་གི་གནས་སྟངས་དང་། ལྷག་པར་བཙན་བྱོལ་གྱི་གནས་བབ་ལ་གཞི་བཞག་ནས་གཙོ་བོ་བོད་མི་རང་ལ་རྒྱུ་ནོར་ལྟ་བུ་ཡོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དགོས་པ་དང་། ལྷག་པར་དུ་བོད་པའི་ཕ་མ་ཚོས་རང་སོ་སོའི་ཕྲུ་གུ་ཚོར་ཞེ་ས་དང་བོད་སྐད་གཙང་མ་རྒྱབ་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།
དཔལ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཆགས་པའི་ས་སྐྱའི་ཕུན་ཚོགས་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། སྤྱི་ཚེས་༣་ནས་དབུ་འཛུགས་ཀྱིས། སྒྲོལ་མ་ཉེར་གཅིག་གི་བཀའ་དབང་དང། སྒྲོལ་མ་མཎ་ཌལ་བཞི་པའི་ཆོ་ཁའི་ཆེད་འཁྲིད། དེ་བཞིན་ས་གནས་བོད་མིར་གང་བློ་མའི་ལྗགས་ལུང་སོགས་ཆོས་འབྲེལ་ཁག་ལེགས་གྲུབ་རྗེས། རེས་གཟའ་ཉི་མའི་ཕྱི་དྲོ་བོད་མི་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་པ་མི་གྲངས་ ༥༠༠ བརྒལ་བར་གོང་ཞུས་བླང་དོར་གྱི་བཀའ་སློབ་གནང་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*