དེ་རིང་ནི་རྗེ་ས་སྐྱ་པ་ཆེན་པོ་བདག་ཆེན་འཇིིགས་བྲལ་རྡོ་རྗེ་འཆང་མཆོག་འོད་གསལ་ཆོས་སྐུའི་དབྱིངས་སུ་ཞི་བར་གཟིམས་ནས་ལོ་གཉིས་ཏག་ཏག་འཁོར་བའི་ཉིན་མོ་རེད།
རྩོམ་པ་པོ། ཀླུ་སྨྱོན་ཧེ་རུ་ཀ
དཔལ་ས་སྐྱ་པ་ཆེན་པོ་བདག་ཆེན་རིན་པོ་ཆེ་འཇིགས་བྲལ་ངག་དབང་ཀུན་དགའ་བསོད་ནམས་ནི་གུས་པའི་རྩ་བའི་བླ་མ་རྣམ་པའི་གྲས་ནས་ཆོས་དང་ཟང་ཟིང་གཉིས་ཐད་ནས་བཀའ་དྲིན་བསམ་ཡུལ་ལས་འདས་པ་ཞིག་ལགས། གུས་པ་ཨ་རིར་མ་བསླེབས་སྔོན་ཁྲ་རིག་དགོན་པའི་འདུ་ཁང་གི་ཡང་ཐོག་ཏུ་ལན་གཅིག་ཕྱག་དབང་ཞུས་པ་མ་གཏོགས་དེ་སྔོན་མཇལ་མ་མྱོང་། བོད་དུ་ཡོད་དུས་ཨ་ལགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་དེབ་དམར་མཆན་འགྲེལ་ལས་ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཨ་རིར་བཞུགས་པ་ཞེས་པ་ཙམ་ཞིག་མཇལ་བ་མ་གཏོགས། ས་སྐྱའི་གོང་མ་རྣམ་ལྔ་ཡོངས་གྲགས་ཡིན་པ་ལས་གཞན་བདག་ཆེན་ཨ་མེས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལོ་མང་སྔོན་མཇལ་བ་དང་། བལ་ཡུལ་དུ་ཡོད་དུས་ས་སྐྱའི་ཆོས་བརྒྱུད་ངོ་སྤྲོད་ཀྱི་དེབ་ཅིག་རྩོམ་སྐབས་བདག་ཆེན་པོ་ཆེ་དང་ཁོང་གི་གདུང་སྲས་རྣམ་པ་ཨ་རིར་བཞུགས་པའི་སྐོར་ཕྲན་བུ་དེབ་དེའི་ནང་འབྲི་རྒྱུ་བྱུང་། ཡིན་ན་ཡང་སྐབས་དེར་ཨ་རིར་བདག་ཆེན་རིན་པོ་ཆེར་མཇལ་བའི་སྐལ་བ་ལྡན་པ་ཞིག་རྨི་ལམ་དུ་ཡང་འཁོར་མ་མྱོང་།
ཡིན་ན་ཡང་། གུས་པ་ས་སྐྱའི་ཐར་ལམ་དགོན་པར་སྡོད་སྐབས་དགོན་པ་དེའི་བསྟན་བདག་ས་སྐྱའི་མཁས་པ་ཆེན་པོ་སྡེ་གཞུང་རིན་པོ་ཆེ་མཆོག་གི་ཕུན་ཚོགས་ཕོ་བྲང་གི་བདག་མོ་སྐུ་ཞབས་འཇམ་དབྱངས་དཔལ་མོའི་སྐུ་ཞང་ཡིན་པ་དང་། དེར་མ་ཟད་ཐར་ལམ་དགོན་དུ་སྡོད་སྐབས་ཀྱི་ངའི་སློབ་མའི་ཁྲོད་ཀྱི་གྲྭ་པ་ཞིག་བདག་མོ་ལགས་ཀྱི་སྐུ་ཉེ་ཞིག་ཡིན་ལུགས་གོ་ཐོས་བྱུང་། རྗེས་སུ་ཁོ་བོ་ཨ་རིར་བསླེབས་དུས་གྲྭ་པ་དེས་གུས་པ་བདག་མོ་སྐུ་ཞབས་མཆོག་ལ་ངོ་སྤྲོད་བྱས་པ་བརྒྱུད། ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ཆོས་ཚོགས་བརྩེ་ཆེན་ཀུན་ཁྱབ་གླིང་དུ་བསླེབས། འདི་ཡོང་དོན་གཙོ་བོ་ནི་བདག་ཆེན་རིན་པོ་ཆེའི་རྣམ་ཐར་ཞིག་འབྲི་རྒྱུ་དེ་ཡིན་པ་དང་། སྔོན་ཆད་བལ་ཡུལ་ནས་ས་སྐྱའི་ཆོས་འབྱུང་རྩོམ་དུས་བདག་ཆེན་རིན་པོ་ཆེའི་མཛད་རྣམ་བསྡུས་པ་ཞིག་མཇལ་བའི་རྐྱེན་གྱིས་ཁོང་ལ་དད་པ་ཆེན་པོ་ཞིག་ཀྱང་ཡོད་པ་སོགས་རྐྱེན་དུ་མས་བསྐུལ་ཏེ་ཨ་རིའི་ནུབ་བྱང་གི་རྒྱུད་དུ་ཡོད་པའི་བདག་ཆེན་རིན་པོ་ཆེའི་ཆོས་ཚོགས་སུ་འབྱོར།
གུས་པ་འདི་གར་འབྱོར་བའི་ཕྱི་ཉིན་ཞོགས་པར་བདག་ཆེན་པོ་ཆེའི་གཟིམ་ཤག་ཏུ་མཇལ་ཁར་བཅར། སྐབས་དེར་ཁོང་གི་སྐུ་པུས་ལ་གཤགས་བཅོས་གནང་སྟེ་སྐུ་ངལ་གསོ་བཞིན་བཞུགས་པ་དང་། གུས་པས་བལ་ཡུལ་ནས་ཉོས་པའི་སྐུ་ཤམ་དང་སྐུ་གཟན་ཞིག་ཡོད་པ་ཁ་བཏགས་ཤིག་གིས་བཏུམས་ནས་ཕུལ། རྗེ་འདི་ཉིད་ཀྱི་མཐོང་ན་མི་མཐུན་པ་མེད་པའི་གསེར་ཞལ་མཇལ། ཁོང་གིས། ཁྱེད་འདི་གར་ཡོང་རྒྱུ་ཡིན་པ་ཤེས་ནས་ཧ་ཅང་དགའ་ཡོད། ལྷག་པར་དུ་ཁ་སང་ཁེ་ཉིན་ཁྱེད་འདི་གར་ཕེབས་ནས་ངའི་རྣམ་ཐར་འབྲི་རྒྱུ་དེའི་ཕྱོགས་སུ་བསམ་བློ་མང་པོ་བཏང་ནས་སྐབས་རེར་གཉིད་ཀྱང་མ་ཡོང་ཞེས་གསུངས་པ་ཐོས་ནས་དགའ་དད་འཇིགས་གསུམ་གྱི་བ་སྤུ་ཡང་གཡོས། ཉི་མ་དེ་རང་ལ་བདག་མོ་སྐུ་ཞབས་ཀྱི་ཨ་མ་ལྟ་བུའི་བྱམས་བརྩེའི་དྲོད་ཁོལ་ཡང་ཚོར།
ཕྱི་ཉིན་ནས་བདག་ཆེན་རིན་པོ་ཆེའི་མཛད་རྣམ་འབྲི་བའི་མགོ་བརྩམས། དེ་ཡང་ཁོང་གི་རྣམ་ཐར་གོང་གསལ་དེ་གཞིར་བཟུང་ཞིང་། རྗེ་ཉིད་ཀྱི་དྲུང་ཡིག་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་ལོ་ཉི་ཤུ་རྩ་ལྔ་ཙམ་རིང་བདག་ཉར་གནང་བའི་ས་སྐྱ་དགོན་པའི་ལོ་ཐོ་ཁག་དཔྱད་གཞིར་བཞག རྗེ་ཉིད་དང་བདག་མོ་སྐུ་ཞབས་ལ་བཅར་འདྲི་རྒྱུན་དུ་ཞུས། ཁོང་གི་སྐུ་འཁོར་ཁག་ཅིག་ལ་ཡང་བཅར་འདྲི་ཞུས་པ་སོགས་ཀྱིས་རྗེ་འདིའི་རྣམ་ཐར་ཞིག་འགྲུབ་པར་བྱས། ལས་ཀ་ལྟེ་བ་དེ་རྣམ་ཐར་འབྲི་རྒྱུ་ཡིན་པ་གང་ཞིག་ལ། ས་སྐྱ་དགོན་པའི་ཆོས་ཚོགས་ཀྱི་ལས་ཀ་ཟླ་བ་རེ་རེར་ཉིན་བཅོ་ལྔ་ཙམ་ལ་གུ་རུ་རིན་པོ་ཆེ་དང་རྡོ་རྗེ་རྣལ་འབྱོར་མ། སྤྱན་རས་གཟིགས་དང་མགོན་པོ་སོགས་ཀྱི་སྒྲུབ་མཆོད། ས་སྐྱའི་བླ་མ་ཁག་ཅིག་གི་དགོངས་རྫོགས་སོགས་ནུབ་ཕྱོགས་ཀྱི་ཆོས་ཚོགས་ཤིག་ལ་སྒྲུབ་མཆོད་མང་ཤོས་ཡོད་པའི་ཆོས་ཚོགས་ཧ་ཅང་ཡག་པོ་ཞིག་ཡོད། རྗེའི་རྣམ་ཐར་བརྩམས་གྲུབ་རྗེས་ཐེ་ཝན་དུ་བཞུགས་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་ཀ་ཐོག་རིག་འཛིན་ཆེན་པོའི་ཆོས་ཚོགས་ཀྱིས་པར་སྐྲུན་སྦྱིན་བདག་གནང་།
གུས་པ་འདིར་འབྱོར་བའི་རིང་གི་ལོ་མང་པོའི་ནང་དུ། རྗེ་ཉིད་ཀྱིས་ཁོང་གི་ཆིབས་འཁོར་སྤུས་ལེགས་མདོག་ནག་པོ་ཅན་དེ་བཏང་སྟེ་གཟིམ་ཤག་ནས་དགོན་པར་ཕེབས་ཡོང་བ་དང་། སྐབས་རེར་བདག་མོ་སྐུ་ཞབས་དང་དྲུང་ཡིག་གིས་ཆིབས་འཁོར་གཏོང་། ཕལ་ཆེར་ལོ་བཅུ་ཙམ་ཞིག་གི་རིང་རྗེ་ཉིད་ཉི་མ་རྟག་པར་ཞོགས་པའི་ཆུ་ཚོད་དགུ་བ་ཙམ་ལ་དགོན་པར་ཕེབས་ཡོང་ལ། དང་པོར་ལས་ཁུངས་སུ་ཕེབས་ཏེ་གུས་པ་སོགས་ཀྱིས་བཏེགས་པའི་གསོལ་བ་བཞེས། དེ་ནས་ལྷ་ཁང་དང་སྤྱི་ཁང་སོགས་སུ་ཕེབས་ནས་གུས་པ་སོགས་ལ་འདི་དང་དེ་བྱོས་སོགས་ལས་ཀ་འདྲ་མིན་ཐད་བཀའ་སློབ་གནང་། དོན་དག་ཆུང་ཆུང་ཞིག་ཡིན་ཡང་ཧ་ལས་པའི་ཐུགས་ཞིབ་ལྡན། དཔེར་ན་མེ་ཏོག་བུམ་པ་གསུམ་ཅོག་ཙེ་ཞིག་གི་སྟེང་དུ་བསྒྲིགས་པ་ཡིན་ཡང་དེ་ཚོའི་བང་རིམ་རྗེ་ཉིད་ཀྱིས་གཟིགས་པ་ལྟ་བུ་ཞིག་ངེད་ཅག་སླ་ཆོས་པ་ཚོས་ནམ་ཡང་མི་ཡོང་། དགོན་པའི་ཅ་ལག་ཆུང་ཙག་རིགས་སྒམ་འདྲ་མིན་ནང་ཡོད་པ་ཚང་མའིི་སྟེང་དུ་ཡི་གེ་ཞིབ་ཕྲ་བྲིས་ཡོད། སྐབས་ཤིག་ཐེ་ཝན་གྱི་ཆོས་ཚོགས་ཤིག་གིས་ས་དགེ་བཀའ་རྙིང་གི་གསུང་རབ་མང་པོ་ཞིག་རིན་མེད་པར་སྐྲུན་བྱེད་པ་དེ་ཚོས་བསྐུར་པའི་ཆོས་དཔེ་ཤོག་སྒམ་མང་པོ་ཞིག་དགོན་པར་འབྱོར། ཁོང་གིས་ངེད་ཅག་ལ་ཤོག་སྒམ་ལྗིད་ཁོག་ཚ་བོ་དེ་དག་ལྷ་ཁང་ཐོག་ཁ་ཞིག་ལ་དབོར་དུ་བཅུག ཟླ་བ་རེ་ཟུང་གི་རྗེས་སུ་ཡང་བཀའ་གནང་ནས་སྟོན་པའི་བཞུགས་ཁྲིའི་ཟུར་ཞིག་ཏུ་དབོར་ཞེས་གསུངས། ཡང་ཟླ་ཤས་རྗེས་ཤོད་ཀྱི་སྤྱི་ཁང་གི་ཟུར་ཞིག་ལ་དབོར་ཞེས་གསུངས། འདི་དག་ཧོབ་སྟེ་བལྟས་ན་མར་པས་མི་ལ་རས་པར་སྒྲིབ་སྦྱོང་གི་ཐབས་ལམ་འཚོལ་བ་འདྲ་བོ་ཞིག་ཡོད། དོན་ལ་ཤོག་སྒམ་ལྗིད་ཁོག་ཚ་བོ་སུམ་ཅུ་བཞི་བཅུ་སྡེབ་གཅིག་ལ་གནས་གཅིག་ཏུ་ཡུན་རིང་བཞག་ན་རྩིགས་གདན་གྱིས་མི་ལྕོགས་པས་ཡིན་པ་རྗེས་སུ་མ་གཏོགས་མ་ཤེས། གང་ལྟར་ཟླ་བ་དེ་ཚོའི་ནང་ངེད་ཅག་གི་སྡིག་སྒྲིབ་མང་པོ་ཞིག་ཡེ་ནས་དག་ཟིན།
ལན་རེར་རྗེ་འདི་གཅིག་བུར་དགོན་པའི་ཐབ་ཚང་གི་ནང་དུ་ཕེབས་ནས་ཕྱག་ལས་གནང་སྲོལ་ཡོད། ཉིན་གཅིག་རྗེ་ཉིད་དགོན་པར་ཕེབས་ནས་ཆུ་ཚོད་གཅིག་གི་རྗེས་སུ་གུས་པ་བཀའ་འདྲི་ཞིག་ཞུ་ཆེད་ཁོང་གི་ལས་ཁུངས་སུ་བཅར་བར་དེ་རུ་བཞུགས་མི་འདུག ལྷ་ཁང་ནང་དུ་བལྟས་པར་དེ་གར་ཡང་བཞུགས་མི་འདུག ཤོད་དུ་སོང་དུས་ཐབ་ཚང་ནང་གྲག་འགུལ་ཞིག་འདུག དེར་སོང་དུས། རྗེ་རང་ཉིད་ཀྱིས་གད་སྙིགས་བླུགས་སྣོད་འགྱིག་ཁུག་ཆེན་པོ་གད་སྙིགས་ཀྱིས་ཁེངས་པ་ཞིག་འགྱིག་སྣོད་ལས་ཕྱིར་དབོར་བཞིན་འདུག ངས་སྐད་ཆེན་པོས། བདག་ཆེན་རིན་པོ་ཆེས་དེ་ལྟར་མ་གནང་། གད་སྙིགས་བཙོག་པ་རེད། ཁྱེད་ཀྱི་སྤྱན་ལ་གནོད་ཀྱི་རེད་ཞུས་ནས་ཁོང་གི་ཕྱག་ནས་གད་སྙིགས་བླུགས་སྣོད་དེ་འཕྲོག་མ་ལེན་གྱིས་ཐབ་ཚང་གི་སྒོ་ཕྱིའི་གད་སྙིགས་བླུགས་སྣོད་ཆེ་བ་དེའི་ནང་དུ་གཡུགས་པ་ཡིན། སྐབས་དེར་རྗེ་ཉིད་ཀྱི་སྤྱན་ལ་སྙུང་གཞི་ཏོག་ཙམ་བཞེས་ཤིང་། སྨན་པས་དངོས་པོ་ཐལ་རྡུལ་ཅན་དང་བཙོག་པའི་རིགས་ལ་ཕྱག་མ་འཆང་ཞེས་ཞུས་འདུག་ལ། བདག་མོ་སྐུ་ཞབས་ཀྱིས་ངེད་ཅག་ལ་ཡང་དེ་ལུགས་ནན་ཏན་དུ་བདམས་ཡོད། ད་དུང་ཁོང་ལ་མངར་མོའི་སྙུང་གཞི་ཡང་ཡོད་པས་ག་དུས་ཟ་ཁང་ཞིག་ལ་ཕེབས་པ་ཡིན་ཡང་བདག་མོ་སྐུ་ཞབས་དང་དྲུང་ཡིག་གཉིས་ཀྱིས་ཁོང་གི་བཞེས་ལག་ལ་དོ་སྣང་ཆེན་པོ་གནང་གི་འདུག ཡིན་ཡང་རྗེ་ཉིད་ཀྱིས་ཉིན་ཞིག་ང་ལ། ཁོང་ཚོས་ངའི་ཟ་མར་དོ་སྣང་ཆེན་པོ་ཞེ་དྲགས་བྱེད་ཀྱི་འདུག་སྟེ། ང་རང་ཉིད་ཀྱི་སྐྱེ་འཆི་ངས་ཤེས་ནི་རེད་ཅེས་གསུངས་མྱོང་།
དེ་ལྟར་རྗེ་འདི་ལོ་མང་རིང་ཉིན་རྟག་པར་དགོན་པར་ཕེབས་ཏེ་ཕྱག་ལས་འདྲ་མིན་ཞིག་གནང་རྒྱུར་མཉེས་ཤིང་། ཐེངས་མ་ཧ་ཅང་མང་པོ་ཞིག་ལ་རྗེ་འདིས་ངེད་ཅག་དགོན་པའི་ཞབས་ཞུ་བ་ཚོ་ཁྲིད་གནང་སྟེ་ཟ་ཁང་འདྲ་མིན་དུ་ཕེབས་ནས་ཉིན་གུང་བཞེས་ལག་མཆོད། ནམ་ཡང་བརྗེད་མི་སྲིད་པ་ཞིག་སྟེ། དབྱར་ཁའི་ཉིན་ཞིག རྗེ་ཉིད་དང་ཁོང་གི་ཞལ་སློབ་སི་ཁ་སྒྲི་ཞེས་པ་ལོ་མང་སྔོན་འདས་པ་ཞིག ཐེ་ཝན་ནས་ཡིན་པའི་རྒྱ་རིགས་ལོ་གཞོན་རིས་ཆར་སྒྲི་བཅས་ངེད་ཅག་གིས་ཉིན་གུང་ལས་ཀ་གྲུབ་མཚམས། ཁོང་གིས་ད་ང་ཚོ་ཟ་ཁང་ལ་ཟ་མ་ཞིག་བཟའ་རུ་འགྲོ་ཞེས་གསུངས། གལ་སྲིད་ངེད་ཅག་ཞབས་ཞུ་བ་ཁྲིད་ནས་ཟ་ཁང་ལ་ཕེབས་ཚེ་དགོན་པའི་རླངས་འཁོར་ཞིག་ཡོད་པ་དེ་ཞབས་ཞུ་བ་ཞིག་ལ་གཏོང་དུ་འཇུག་གནང་གི་རེད། ཉིན་དེར་རྗེ་ཉིད་ཀྱིས་སི་ཁ་སྒྲི་ལ། ཁྱོད་དང་སྤྲུལ་སྐུ་ཡེ་ཤེས་གཉིས་མགོ་སྒམ་ནང་སྡོད། ང་དང་རིས་ཆིར་སྒྲི་གཉིས་གཞུག་སྒང་ནང་འདུག་གསུངས། སྤྱིར་བླ་མ་རླངས་འཁོར་གྱི་རྐུབ་སྟེགས་རྗེས་མར་བཞུགས་སྲོལ་མེད་ལ་ཁྱད་པར་དུ་བླ་མ་གཞུག་སྒམ་ནང་བཞུགས། སློབ་མ་མགོ་སྒམ་ནས་སྡོད་པའི་ལུགས་སྲོལ་ཞིག་ས་སྟེང་འདིར་ཡོད་པ་གོ་ཐོས་རྩ་བ་ནས་མེད་པས། གུས་པས་ངུ་ངག་དང་འདྲེས་པའི་ཞུ་གསོལ་ཇི་འདྲ་ཞིག་ཞུས་ཀྱང་གསན་འཇོག་རྩ་བ་ཉིད་ནས་མི་གནང་བར་རྒྱ་རིགས་རིས་ཆིར་དང་ལྷན་དུ་གཞུག་སྒམ་ནང་བཞུགས་སོང་། སྤྱིར་ན་ས་སྐྱ་དགོན་པ་ནས་ཟ་ཁང་དེ་བར་སྐར་མ་བཅོ་ལྔ་ཙམ་ཡོད་སྲིད་ཀྱང་ཉིན་དེར་འཇིགས་སྐྲག་འཚབ་གསུམ་བསྡོངས་ནས་རྐུབ་སྟེགས་ལ་ཚེར་མའི་འདུ་ཤེས་མ་གཏོགས་མེད་པའི་ངང་ནས་ཟ་ཁང་དེར་བསླེབས་པར་ཧ་ཅང་འགོར་བའི་སྣང་བ་ཞིག་སྐྱེས། དོན་དག་དེ་དྲན་ན་དེང་སང་ཡང་སེམས་པ་འདི་ཚ་སོབ་སོབ་ཅིག་ཡོང་གིན་འདུག
རྗེ་འདིས་ཞབས་པུས་གཤགས་བཅོས་དེའི་རྗེས་ནས་བཟུང་ཡར་མར་ལ་ཕེབས་དུས་རྟག་པར་ཕྱག་མཁར་ཞིག་བསྣམས་ཀྱི་རེད། དེ་རིང་འདི་ནས་ལོ་ཚིགས་གསལ་བོ་ཞིག་མི་དྲན་ཡང་མེ་ནེ་སོ་ཀྲའི་བོད་རིགས་ཚོགས་པ་དང་མཁན་པོ་བཀྲ་རྒྱལ་གྱི་ཆོས་ཚོགས་ཀྱིས་གསོལ་འདེབས་ཞུས་པ་བཞིན་ཕེབས་ཐེངས་དེ་ཡིན་བསམས། གང་ལྟར་དེར་མ་ཕེབས་སྔོན་གྱི་གཟའ་འཁོར་གཉིས་ཀྱི་སྔོན་ཙམ་ལ་ཉིན་ཞིག་རྗེ་འདིས་ཁོང་གི་ཕྱག་མཁར་དེ་ང་ལ་བསྩལ་བྱུང་། ངའི་སེམས་ནང་ང་ནི་རྒན་རྒོན་ཅང་མིན་པས་རྗེ་འདིས་ཁོང་གི་ཕྱག་མཁར་བསྩལ་དོན་ག་རེ་ཡིན་ནམ་བསམས། ཡིན་ཡང་། ཉིན་ཤས་རྗེས་སུ་ངའི་རྐང་པ་གཡོན་པའི་ཚིགས་རྡོག་སྐྲང་སྟེ་གོམ་པ་སྤོ་རྒྱུར་དཀའ་ངལ་ཆེན་པོ་བྱུང་། མེ་ནེ་སོ་ཀྲར་ཕེབས་དུས་རྗེ་འདིས་ཕྱག་མཁར་གསར་བ་ཞིག་བསྣམས་ཤིང་གུས་པས་རྗེ་ཉིད་ཀྱིས་བསྩལ་པའི་ཕྱག་མཁར་བཙུགས་ནས་འགྲོ་དགོས་བྱུང་།
གཞན་རྗེ་འདིར་ཡར་མ་ཞུས་པར་ཁོང་གི་སྐུ་གཟུགས་ལ་བཞེས་བཞིན་པའི་ན་བཟའ་ཐེངས་གཉིས་ལ་བསྩལ། ཐུགས་དགྱེས་པའི་ཕྱག་དབང་ཡང་གྲངས་ལས་འདས་པ་ཞིག་གནང་། གུས་པའི་ངོས་ནས་ཀྱང་རྗེ་འདིའི་ཞབས་ཞུ་ལོ་བཅུ་གསུམ་ལ་ཞུས། རྗེ་ཉིད་བཞུགས་ཁྲིའི་སྟེང་བཞུགས་དུས་ཞབས་ལྷམ་ཚུར་ཞུས་ཡར་ཕུལ་གྲངས་ཀ་མི་ཟིན་པ་ཞིག་དང་། ཆིབས་ཞབས་སུ་ཧོང་ཁོང་དང་ཐེ་ཝན་རྒྱ་གར་བཅས་སུ་ཡང་བཅར། ཨ་རིའི་ས་གནས་མང་པོ་ཞིག་དང་ཁེ་ན་སྒྲར་ཡང་བཅར། རྗེ་ཉིད་ཀྱི་བཀའ་བཞིན་དགོན་པའི་མགོན་པོ་གཉན་ཆ་ཤིན་ཏུ་ཆེ་བ་འདིའི་སྲོག་ཤིང་གི་ཡི་གེ་བ་ཡང་བྱས། རྗེ་ཉིད་ཀྱི་བཞེས་འཕྲོ་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཡང་ལན་དུ་མར་གནང་། རང་ཉིད་ལ་སེམས་མི་སྐྱིད་པའི་དོན་དག་གང་ཞིག་བྱུང་ཡང་རྗེའི་ཞལ་རས་མཇལ་བ་ཙམ་གྱིས་རྨང་ནས་ཞི་སྟེ་སེམས་ནང་བརྗོད་ལས་འདས་པའི་དགའ་དད་ཚད་མེད་པ་སྐྱེ་བ་མྱོང་གྲུབ་ལགས།
ཉིན་ཞིག་ལས་ཁུངས་གྲོལ་ནས་རྗེ་ཉིད་དགོན་པའི་ཕྱི་སྒོའི་འགྲམ་གྱི་བཞུགས་སྟེགས་སྟེང་བཞུགས་ཤིང་། གུས་པ་ས་རུ་བསྡད་དེ་དྲུང་ཡིག་ལ་བསྒུགས། གློ་བུར་དུ་བཀའ་འདྲི་ཞིག་ཞུ་རྒྱུ་དྲན། དེ་ནི། ལོ་རབས་ལྔ་བཅུ་བའི་ནང་རྗེ་ཉིད་ཁམས་ཕྱོགས་སུ་བཞུགས་དུས་ཁམས་གྲི་ཞིག་ལ་མདུད་པ་གནང་བའི་སྐོར་ནས་ཡིན། རྗེ་ཉིད་ཀྱིས་རལ་གྲི་དེར་མདུད་པ་གནང་བཞིན་སྐབས་སུ་ཐུགས་ལ་ཇི་དགོངས་ཞུས་པར། རྗེའི་ཞལ་ནས། ནམ་རྒྱུན་ང་ཚོར་གཟུང་འཛིན་ཐ་དད་ཀྱི་སྣང་བ་འདི་ཤུགས་ཆེན་པོ་ཞིག་ཡོད་པ་རེད། ཡིན་ཡང་གཟུང་འཛིན་ཐ་དད་དུ་འཛིན་པའི་སྣང་བ་འདི་ཞིག་པའི་སྐབས་སུ་དངོས་པོ་དེ་ཚོ་གང་བྱས་བྱས་འདྲ་བོ་ཞིག་འདུག་ཅེས་གསུངས། གསུང་དེ་ངས་ནམ་ཡང་བརྗེད་མི་སྲིད་པ་ཞིག་བྱུང་། ཡང་རྗེ་ཉིད་ཀྱི་ཡབ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་ཆོས་སྐྱོང་གི་བསྐང་གསོ་གསུང་དུས་རྟག་པར་ཕྱག་རྔ་རྡུང་བའི་བར་ནས་མེ་སྟག་འཚུབ་པ་ལན་དུ་མར་མཇལ་བའི་སྐོར་ཡང་ཡང་གསུངས། དེ་བཞིན་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཞུ་བ་དེ་རྣམ་པ་མི་རུ་བཞུགས་པ་མ་གཏོགས་སངས་རྒྱས་དངོས་ཡིན་གསུངས། དགོན་པ་དང་གཟིམ་ཤག་གང་དུ་ཡང་ཕྱག་ལས་སྣ་ཚོགས་གནང་རྒྱུར་ཐུགས་འཛེམ་ཡེ་ནས་མེད། རྗེ་ཉིད་དང་བདག་མོ་རྣམ་གཉིས་ལ་ཞབས་ཞུ་བ་སུ་ཡང་མེད་པར་གདུང་སྲས་རྣམ་པ་ལྔ་གསོ་སྐྱོང་མཛད། རྗེ་ཉིད་ཀྱིས་བཞེས་ལག་བཟོས་ན་བདག་མོས་སྣོད་སྤྱད་བཀྲུས། བདག་མོས་བཞེས་ལག་བཟོས་ན་རྗེས་སྣོད་སྤྱད་བཀྲུས་པ་ཡིན་གསུངས། རྗེ་ཉིད་ཀྱིས་ཝ་ཤིང་ཁྲོན་མཐོ་སློབ་ནང་བོད་ཀྱི་རིག་གཞུང་ངོ་སྤྲོད་ཆེད་ཞལ་འབག་མང་པོ་ཞིག་བཟོ་སྐབས་འབག་གི་རྒྱུ་ཆ་རྫས་འགྱུར་གྱིས་ཕྱག་མཛུབ་ལ་ཅུང་ཟད་གནོད་དེ། ཟ་ཁང་སོགས་སུ་ཕེབས་དུས་ཕྱག་མཛུབ་ཆུ་གྲང་མོའི་ནང་སྦངས་པ་ཡང་ལན་མང་མཇལ། རྗེ་ཉིད་ཀྱི་ཡབ་དང་ཐུགས་གཤིས་ཧ་ཅང་ཉེ་བ་སྟེ། མི་ཆེན་དཔོན་ཆེན་རྒྱུ་ཆེན་སོགས་ལས་ཉམ་ཐག་གི་རིགས་ལ་ཐུགས་ཧ་ཅང་མཉེས། རྟག་པར་མ་དག་པའི་སྣང་བ་འདི་ཤིན་ཏུ་དབང་བཙན་ཞེས་ཡང་ཡང་གསུངས།
ཅ་ལག་ཆུང་ཆུང་བྱིས་པའི་རྩེད་ཆས་ལྟ་བུའི་རིགས་ལ་ཐུགས་སྣང་ཧ་ཅང་ཆེ། རྩ་ཆེན་མདོག་ཆེན་སོགས་བོར་བརླགས་དང་འབུལ་མཁན་སོགས་ལ་ཐུགས་དབྱིངས་དེ་ཙམ་མི་གནང་། ཉིན་རྟག་པར་ཞོགས་པ་སྔ་བོ་ཆུ་ཚོད་གསུམ་པ་བཞི་པར་བཞེངས་ཏེ་ཐུགས་དམ་གྱི་རིམ་པ་མཛད། ཐུགས་ཧ་ཅང་སྒམ་པས་ཤིན་ཏུ་མཉེས་པ་དང་ཤིན་ཏུ་མི་མཉེས་པ་གང་ཡིན་བློས་མི་དཔོག གསུང་ཆོས་ཀྱི་རིགས་མང་པོ་ཞིག་ཧོབ་སྟེ་ཉན་ན་གྲུབ་ཐོབ་ཀྱི་གསུང་ལྟ་བུ་ཡིན་ཡང་མདོ་སྔགས་གང་ནས་གསུངས་ཀྱང་ཉམས་ལེན་ལ་ཤིན་ཏུ་སྨན་པ་ལགས། ཐེངས་ཤིག་གུས་པ་རིག་བྱེད་མའི་བསྙེན་མཚམས་ཤིག་ལ་བསྡད། དེའི་སྔོན་དུ་རྗེ་འདི་རང་ཉིད་ཀྱི་སྡོད་ཁང་དུ་གདན་འདྲེན་ཞུས་ནས་བྱིན་རླབས་བགེག་སྐྲོད་ཞུས། བསྙེན་མཚམས་དེ་མི་ཚེའི་ནང་ཧ་ཅང་ལེགས་པོ་ཞིག་བྱུང་བ་ཡང་རྗེའི་བཀའ་དྲིན་ཉག་གཅིག་ཡིན། རྗེ་འདིའི་ཞལ་སྔ་ནས་ལམ་འབྲས་ཕུད་གཞན་ས་སྐྱའི་ཡབ་ཆོས་མང་པོ་ཞིག་ཞུ་རྒྱུ་བྱུང་། ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་གསོལ་བ་ཡང་ལན་མང་བཏབ། རྗེ་ཉིད་ཞིང་དུ་མ་གཤེགས་པའི་ཆུ་ཚོད་གཉིས་ཙམ་གྱི་སྔོན་དུ་ཞལ་ཆེམས་ཀྱི་ཡི་གེ་རྗེའི་མཚན་རྟགས་འཁོད་པ་ཞིག་ཀྱང་བདག་མོ་སྐུ་ཞབས་བརྒྱུད་དེ་གནང་། དེའི་ནང་དུ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་སྤེལ་དགོས་པ་དང་། ས་སྐྱ་དགོན་པར་ཡང་ཞབས་ཞུ་བསྒྲུབ་དགོས་ཞེས་གསུངས། ས་སྐྱ་དགོན་པ་འདི་བོད་ཀྱི་ཆོས་དང་རིག་གཞུང་སྤེལ་ཆེད་ཡིན་ཞེས་ལན་མང་གསུངས། རྗེ་ཉིད་ཞིང་དུ་གཤེགས་རྗེས་དགོངས་རྫོགས་དང་སྐུ་གདུང་གི་ཞབས་ཞུ་ཚང་མར་བཅར་རྒྱུའི་སྐལ་བ་ཡང་བྱུང་།
རྗེ་ཉིད་ཀྱི་སྐུ་གདུང་རྒྱ་གར་རྒྱལ་ས་ལྡི་ལིར་ཞུགས་འབུལ་ཞུས་རྗེས་བདག་མོ་སྐུ་ཞབས་ཕྱིར་ཨ་རིར་ཕེབས་པའི་ནངས་མོར་བདག་ལ་རྨི་ལམ་ཧ་ཅང་གསལ་བོ་ཞིག་བཏང་། དེ་ནི་རྗེའི་གདུང་སྲས་འགའ་དང་གུས་པས་ས་སྐྱའི་གཟིམ་ཤག་ནས་སྐུ་གདུང་བཞུགས་སྒྲོམ་ནང་བཞུགས་སུ་གསོལ་ནས་ཕྲག་པར་བཏེགས་ནས་ཡོང་བཞིན་པའི་སྐབས་སུ། གློ་བུར་དུ་ཤར་ཕྱོགས་ནས་ཉི་མ་འོད་ཆེན་པོ་ལྟ་བས་མི་བཟོད་པ་ཞིག་ཤར་བྱུང་ལ། ཉི་མ་དེའི་དཀྱིལ་ནས་རྗེ་ཉིད་སྔགས་འཆང་རིག་པ་འཛིན་པའི་ཆ་ལུགས་ཅན་བཞེངས་སྟབས་སུ་བཞུགས་པ་ཞིག་མཇལ་བས། གདུང་སྲས་རྣམ་པར་གཟིགས་དང་བདག་ཆེན་རིན་པོ་ཆེ་ཉི་མའི་དཀྱིལ་ན་བཞུགས་འདུག་ཅེས་ཞུས། ཉི་མ་དེ་ག་ལེར་ཇེ་ཆུང་དུ་གྱུར་ནས་རིམ་བཞིན་འཇའ་ཚོན་སྒོར་མོ་ཞིག་ཏུ་གྱུར་ཏེ་ལྷོ་ཕྱོགས་ཀྱི་ནམ་མཁར་ཡལ། དངོས་དང་རྨི་ལམ་གཉིས་ཀར་ཉི་མ་དེ་འདྲའི་འོད་ཆེན་པོ་ཤར་བ་ཞིག་ནམ་ཡང་མཐོང་བ་མི་དྲན། རྨི་ལམ་དེ་རི་མོར་ཡང་བྲིས་ནས་དྲ་ལམ་དུ་བཞག་མྱོང་ལ་དེང་སྐབས་ས་སྐྱ་དགོན་པར་ཡོད། རྗེ་འདི་མཇལ་བའི་ལོ་ཟླ་དེ་ཚོའི་ནང་། རྗེ་འདིའི་རྩ་བའི་བླ་མ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་པ་གསུམ་ཡང་འཕྲོ་རིམ་འཕྲོས་རྨི་ལམ་ནང་མཇལ། རྗེ་ཉིད་ཀྱིས་བདག་མོ་སྐུ་ཞབས་ལ་སྤྲུལ་སྐུ་ཡེ་ཤེས་འདི་ས་སྐྱའི་བླ་རྒན་ཞིག་གི་རྣམ་ཤེས་ཡིན་ན་ཅི་ཤེས་ཞེས་ཡང་ཡང་གསུངས། རྗེའི་སློབ་ཚོགས་ཁྲོད་ས་སྐྱ་པ་ལས་གཞན་པའི་རྙིང་མའི་བསྟན་འཛིན་གྱི་སྐྱེས་བུ་ཧ་ཅང་མང་ཞིང་། ཁྱད་པར་དུ་དཔལ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་དགོངས་པ་མ་རྫོགས་བར་དུ་སྤྱི་བྱེའི་སྐུ་རིམ་ཞུ་ས་ཡང་རྗེ་འདི་ཉིད་ཡིན་པ་དང་། ཁོང་གི་ཤུགས་རྐྱེན་ལས་བླ་རུང་གི་མཁན་སྤྲུལ་མང་པོ་ཞིག་རྗེ་འདི་ཉིད་མཇལ་བའི་ཆེད་དུ་ཡང་ཡང་ཕེབས་པ་མཇལ། རྙིང་མའི་ཕྱོགས་ནས་རྗེ་འདི་ཟབ་ཆོས་མང་ཤོས་ཞུ་མཁན་ནི་ཀ་ཐོག་རིག་འཛིན་ཆེན་པོ་མཆོག་ཡིན།
ལོ་ཤས་སྔོན་གུས་པས་འདི་གར་གུ་རུའི་འབུམ་ཚོགས་ཤིག་འཛུག་ཆེད་བལ་ཡུལ་ནས་གུ་རུ་མཚན་བརྒྱད་ཀྱི་ཐང་ཀ་ཆེན་པོ་ཞིག་བླུས་ཤིང་། ས་སྐྱ་དགོན་པར་གསུང་ཆོས་ཤིག་གི་སྐབས་སུ་རྗེ་འདིར་རབ་གནས་ཤིག་གནང་རོགས་ཞུས་པ་ཞལ་གྱིས་བཞེས། ཐང་ཀ་དེ་རྗེའི་བཞུགས་ཁྲིའི་གཡས་ཕྱོགས་དེར་བཤམས་ནས་ཡུན་རིང་ཙམ་འགོར་ཡང་ཁོང་གིས་གསུང་ཆོས་གསུངས་ནས་རབ་གནས་མཛད་རྒྱུ་མ་བྱུང་། སྐབས་ཤིག་བདག་གིས་ད་རབ་གནས་མ་མཛད་ན་ཚོགས་གྲོལ་རྒྱུའི་དུས་ཚོད་ལ་ཉེ་སྙམ་མ་ཐག་ལམ་སེང་རྗེ་འདིས་གསོལ་ཅོག་སྟེང་ནས་ཕྱག་འབྲུ་བསྣམས་ཏེ་རབ་གནས་གསུང་ཞོར་ཐང་ཀའི་ཕྱོགས་སུ་ཐུགས་དམིགས་དང་བཅས་འབྲས་དཀར་ལན་མང་དུ་འཐོར། འདི་འདྲའི་གཞན་སེམས་མཁྱེན་པའི་རྟགས་ཧ་ཅང་མང་། སྤྱིར་ན་ཐུགས་ཧ་ཅང་སྒམ་པས་སྐུ་མདུན་དུ་ངག་འཁྱལ་བཤད་པ་སོགས་མི་ནུས་པའི་གཟི་བརྗིད་མངའ། རྗེ་འདིར་མཁོན་རིགས་སྤྱི་དང་འདྲ་བར་གུ་རུ་རིན་པོ་ཆེར་ཐུགས་དད་ཧ་ལས་པ་ཞིག་ཡོད། ཚོགས་འཁོར་སོགས་བསྐོར་ན་ཐུགས་ཤིན་ཏུ་དགྱེས་ཤིང་། ཚོགས་འཁོར་ནི་ཚོགས་གསོག་སྒྲིབ་སྦྱོང་གི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་ཞེས་རྒྱུན་དུ་གསུངས། ས་སྐྱ་དགོན་པའི་ལྷ་ཁང་གི་གཙོ་སྐུ་སྟོན་པའི་སྐུ་བརྙན་གྱི་ཞལ་རས་ལྷ་བཟོ་བས་བཞེངས་པ་ཐུགས་ལ་དེ་ཙམ་མ་བབས་པར། རྗེ་རང་ཉིད་ཀྱིས་ཕྱག་བསྟར་ནས་བཞེངས་པ་བོད་ཕྱི་ནང་གང་དུ་ཡང་མཇལ་དཀོན་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་བཞུགས། གཟིམ་ཤག་དང་སྤྱིར་ལས་ཁུངས་སུ་ཕེབས་དུས་ན་བཟའ་དཀྱུས་མ་བཞེས་ཤིང་། སྒྲུབ་མཆོད་དང་མཛད་སྒོ་སོགས་སུ་སྔགས་ཆས་བཞེས་དུས་ཕུ་ཐུང་གི་རིགས་རྩ་ནས་བཞེས་རྒྱུར་མི་མཉེས། ཕྱིས་སྐུ་ན་སྨིན་ཅིང་སྐུ་གཟུགས་གྲང་བར་སྙམ་ནས་ཕུལ་ན་ཡང་ཕུ་ཐུང་གི་རིགས་བཞེས་པ་ཧ་ཅང་ཉུང་། སྤྱིར་ཤ་ཟོས་ན་སྡིག་པ་ཡོད་པ་རེད་དེ་དགེ་སྡིག་ཞིབ་ཕྲ་ལ་བསམས་ན་ཤ་དང་སྔོ་ཚོད་ལ་སྡིག་པ་མཉམ་པོར་ཡོད་ཅེས་རྒྱུན་དུ་གསུངས། གུས་རང་ངོས་ནས་མི་ལོ་ཧྲིལ་བོ་བཅུ་གསུམ་ལ་རྗེ་འདིའི་ཞབས་པད་བསྙེན་པའི་རིང་ཉི་མ་གཅིག་ལ་ཡང་གསུང་ཟུར་ཙམ་ཞིག་བཅགས་པ་ཡང་མི་དྲན།
དོ་ནུབ་བདག་ཆེན་རིན་པོ་ཆེའི་དགོངས་རྫོགས་ཉིན་གཉིས་པ་ཡིན་ཞིང་། གུས་པ་ས་སྐྱ་དགོན་པར་བཅར་ཏེ་འཁོན་གདུང་རྣམ་པ་དང་བདག་མོ་སྐུ་ཞབས། མཁན་པོ་བྱམས་པ་དང་བླ་མ་མིག་དམར་དང་བླ་མ་སྐལ་བཟང་། གཞན་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་རྗེའི་ཞལ་སློབ་ཁག་ཅིག་དང་མཉམ་དུ་སྣང་གསལ་མཆོད་མེ་ཐོགས་ཏེ་ལྷ་ཁང་ལ་སྐོར་བ་བྱེད་ཞོར་རྗེའི་གསོལ་འདེབས་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་གིས་མཛད་པ་བྱིན་རླབས་ཀྱི་ཚན་ཁ་འབར་བ་དེ་སྐྱོར། རྗེའི་སྐུ་བརྙན་དེང་རབས་ཀྱི་བཞེངས་ལུགས་སྐུ་གཟུགས་དངོས་དང་ཁྱད་པར་ཆེར་མེད་པ་དེའི་མདུན་དུ་ཕྱག་གསུམ་བཙལ་ཅིང་ཁ་བཏགས་སེར་པོ་སྲིད་ན་རིང་བ་ཞིག་ཕུལ། རྗེའི་ཞལ་རས་ལ་ཡུད་ཙམ་རིང་ཅེར་ནས་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་མཐའ་དག་ཤར་སྒོམ་ཞིག་བྱས། རྗེ་སྐུ་འཚོ་ཞིང་བཞུགས་དུས་ནམ་རྒྱུན་བཞུགས་ཁྲིའི་མདུན་དུ་བསླེབས་ཚེ་ཕྱག་དྲོན་མོ་མགོ་ལ་བཞག་པ་ཤིན་ཏུ་དྲན། སྤྱིར་ང་རང་གིས་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་བཞི་བཅུ་ཞེ་དྲུག་ཙམ་བསྟེན་ཀྱང་རྗེ་ཡོངས་འཛིན་རྡོ་རྗེ་འཆང་དང་བདག་ཆེན་རྡོ་རྗེ་འཆང་གཉིས་བསྟེན་ཡུན་རིང་ཤོས་ཀྱི་བླ་མ་གཉིས་ཡིན་ཞིང་། གཉིས་ཀས་ཆོས་དང་ཟང་ཟིང་གིས་བསྐྱངས་པའི་བཀའ་དྲིན་འཁོར་མཐའ་བྲལ། རྗེ་ཡོངས་འཛིན་རིན་པོ་ཆེས་ལོ་ཉི་ཤུ་རྩ་དགུའི་སྔོན་བདག་ལ་གནང་བའི་ཕྱག་བྲིས་ཀྱི་དེབ་གཅིག་དང་། བདག་ཆེན་རིན་པོ་ཆེས་བསྩལ་པའི་ཕྱག་མཁར་དང་ན་བཟའ། ཆེས་མཐའ་མའི་ཕྱག་ཡིག བདག་གི་སློབ་མ་ཚོར་གསོལ་བ་བཏབ་ངོར་བསྩལ་པའི་བདག་གི་ཚེ་རིང་གསོལ་འདེབས། གསོལ་ཕོར་ཞིག་དང་རྗེའི་ཕྱག་ནས་འཐོར་བའི་གུ་རུ་རིན་པོ་ཆེའི་ཐང་ཀ་སོགས་བླ་མ་དྲན་པའི་རྟེན་དུ་བྱིན་རླབས་ཀྱི་གཟི་བྱིན་འབར་བཞིན་བདག་གི་ཆོས་ཚོགས་ཆུང་ངའི་མཆོད་ཤོམ་དུ་བཞུགས།
རྗེ་འདིའི་ཐུགས་རེ་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་སྤེལ་རྒྱུ་དེ་ཡིན་པས། ད་ནི་རྗེ་བླ་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྙིང་གི་ཟེའུ་འབྲུར་སྒོམ་བཞིན། རང་གི་ཉིན་རེའི་སྤྱོད་ལམ་རྣམ་བཞི་ཆོས་དང་མཐུན་པ་རེ་ཨེ་ཡོང་གི་རེ་བ་དང་། ཡང་རང་ཉིད་ལྟ་བུ་དུག་གསུམ་གྱི་རྫོང་མཐུག་པོར་གྱུར་པ་ལྟ་བུར་ཡང་བོང་བ་གསེར་དུ་སྣང་བའི་ཆོས་ཀྱི་འབྲེལ་ཐོགས་པ་ཚོར་བླ་མ་གོང་མ་བཀའ་དྲིན་ཅན་རྣམས་ལས་བརྒྱུད་པའི་མདོ་སྔགས་ཀྱི་ཟབ་ཆོས་འདི་ཚོའི་ཕྲན་བུ་རེ་ལེགས་སྐྱེས་སུ་འབུལ་ཅི་ཐུབ་ལ་བརྩོན་པར་བྱའོ།། །།
Leave a Reply