ན་མོ་གུ་རུ། རོང་སྟོན་ཆེན་པོས་མ་ལ་འཕོ་བ་འདེབས་པའི་གདམས་པ་འདི་གསུངས་སོ།
རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྱིས་གྲུབ། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་གཟུང་དུ་གསོལ། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །སྙིང་བརྩེ་བས་ཡང་ཡང་བསྐྱངས་པའི་མ། །སྒོས་ཚེ་འདིའི་དལ་འབྱོར་མི་ལུས་འདི། །ཆོས་བྱང་ཆུབ་བསྒྲུབ་པའི་རྟེན་དུ་བྱིན། །དྲིན་འཁོར་ཐབས་མེད་པའི་ཨ་མ་ལ། །བུ་སྒྱུ་ལུས་ཀྱི་ཞབས་ཏོག་མ་འགྲུབ་ཀྱང་། །ད་དྲིན་ལན་དམ་པའི་ཆོས་ཀྱིས་འཇལ། །འདི་མ་བརྗེད་ཐུགས་ཀྱི་དཀྱིལ་དུ་ཞོགས། །ལར་སྐྱེས་པའི་ཐ་མ་འཆི་བ་ཡིན། །འདི་རྒན་གཞོན་ཁྱད་པར་མེད་ན་ཡང་། །སྒོས་ཚེ་ཞབས་ནུབ་རིའི་ཉི་མ་བཞིན། །དུས་འཆི་བས་གཏུགས་པ་རྒས་པའི་ཆོས། །དུས་ད་ལོ་ཙམ་གྱི་ཚེ་མཇུག་ལ། །ལས་ཆགས་སྡང་བསོག་ལོང་མི་འདུག་པས། །རྗེ་བླ་མས་གསུངས་པའི་མན་ངག་དང་། །དོན་རང་སེམས་གཅིག་ཏུ་བསྲེས་མཛོད་ཅིག །ནོར་སྡིག་དང་འདྲེས་པའི་བསོག་འཇོག་ལ། །རང་ལུས་ངག་ཡིད་གསུམ་འབད་སྟོན་ནས། །སེམས་ཡིད་གཏད་ས་བོན་འདེབས་པ་ཡིན། །འདི་སྤྱིར་དུ་སྤོང་བ་ཉུང་བ་གདའ། །ད་བསོག་ན་སྒོ་གསུམ་དགེ་བའི་ལས། །ཚེ་ཕྱི་མའི་ནོར་སྐལ་བསོག་པ་ཞུ། །མི་མཐོ་དམའ་འབྲིང་གསུམ་ཀུན་ལ་ཡང་། །རང་འགྱོད་པ་མེད་པར་བསྟུན་ན་ཡང་། །དེ་མགུ་བ་ཉུང་ལ་འཁང་བ་མང་། །ད་མི་སེམས་འཛིན་པའི་སྤྲོས་པ་བཞོགས། །བློ་ནང་དུ་ཁུག་ལ་རང་གི་སེམས། །དོན་ལྷན་ཅིག་སྐྱེས་པའི་རྒྱལ་ས་ཟུངས། །རང་ལྟོ་གོས་སྡུག་བསྔལ་ཁྱད་བསད་ནས། །དུས་ཡུན་རིང་བསྐྱངས་པའི་བུ་ཚ་ཡང་། །ལུས་རང་མགོ་ཐོན་ནས་དྲིན་བཤགས་བྱེད། །འདི་སྡུག་བསྔལ་ཡིན་གྱི་རྒྱབ་ཏུ་སྐྱུར། །ལས་གྲུབ་དང་མ་གྲུབ་ཅི་གདའ་ཡང་། །བློ་རྣམ་རྟོག་ཆགས་སྡང་ལིང་གྱིས་སྐྱུར། །རང་མོས་པའི་བླ་མ་རིན་པོ་ཆེ། །དེ་མདུན་གྱི་ནམ་མཁར་ཡང་ཡང་སྒོམས། །ཡིད་རྩེ་གཅིག་གདུང་པས་གསོལ་བ་འདེབས། །ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། །དེ་མ་གྲུབ་གཞོགས་གཡས་འོག་ཏུ་ཆུག །གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། །རྩ་དབུ་མ་ཁོག་སྟོང་སྦ་ལྕག་ཙམ། །སྟེང་སྤྱི་གཙུག་དཀར་ཁུང་ཐལ་ལེ་བ། །སྒོ་མ་འགགས་གསལ་ལེ་ཡོད་པ་ལ། །སེམས་འོད་ཀྱི་གོང་བུ་དཀར་ལ་གྲིམས། །ཚད་སྲན་རྡོག་ཙམ་ཞིག་སྙིང་ཁར་སྒོམས། །དེ་སོག་སྦུགས་ཡུངས་ཀར་ཕུ་བཏབ་བཞིན། །དེ་ཐེ་ཚོམ་མེད་པ་རྒྱང་སྟེ་འཐོན། །དེ་བླ་མའི་ཐུགས་ཁར་ཐིམ་དུ་ཆུག །དེ་ལན་གཅིག་མ་ཡིན་ཡང་ཡང་སྐྱོར། །ལུས་སེམས་དང་བྲལ་དུས་དགོས་པ་ཡིན། །དུས་ད་ལྟ་དམིགས་པ་གོམས་སུ་ཆུག །ཆོས་ཁྱད་པར་འཕགས་པའི་མན་ངག་འདི། །མ་དྲིན་ཅན་སེམས་ཀྱི་སྐྱོ་གྲོགས་ལགས། །བཀའ་མདོ་རྒྱུད་སྙིང་པོ་བསྡུས་ནས་བཞག །བུ་ཡིད་ལ་དྲན་ཚེ་འདི་ལ་གཟིགས། །ང་མདུན་ན་ཡོད་ཀྱང་འདི་ལས་མེད། །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། །སེམས་དག་སྣང་ངང་དུ་ཡང་ཡང་མཇལ། །ཅེས་པ་འདི་ཤཱཀྱའི་དགེ་སློང་རོང་སྟོན་པ་ཤཱཀྱ་རྒྱལ་མཚན་གྱི་མ་ལ་བརྩེ་བའི་སྒོ་ནས་གདམས་པའོ། །འདིའི་ལུང་སྤྱན་སྔ་རིན་པོ་ཆེའི་དྲུང་དུ། ས་སྐྱ་པ་ངག་དབང་ཀུན་དགས་ཐོས་ནས། དེ་འཕྲལ་རྗེའི་གསུང་བཞིན་དཔེ་མ་དག་པ་ཞུ་དག་ཡང་དག་བགྱིས་པ་ཡིན་པས་ཕྱིན་ཆད་དཔེ་འདི་འབྲི་འདོད་རྣམས་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཞུ་དག་བྱས་པའི་མ་དཔེ་འདི་ཁོ་ན་ལ་མ་ཕྱི་མཛད་པ་ཞུ། སརྦ་མངྒ་ལཾ།། །།
Leave a Reply