༸གོང་མ་མཆོག་ལ་བསྔགས་པ་དཀྱུས་ཀྱི་ཚིགས་སུ་བཅད་པ་སོ་གཉིས་པ།

༸གོང་མ་མཆོག་ལ་བསྔགས་པ་དཀྱུས་ཀྱི་ཚིགས་སུ་བཅད་པ་སོ་གཉིས་པ།

རྩོམ་པ་པོ།  མཁན་པོ་ཁྲིཿའགྱུར་མེད་རྡོ་རྗེས།

སྟོད་ན་ས་སྐྱ་༸གོང་མ།།སྨད་ན་རྒྱ་ནག་གོང་མ།།
གོང་མ་གཉིས་ཞེས་གྲགས་པའི།།ས་སྐྱ་༸གོང་མ་རྒྱལ་ལོ།།

སྟོད་ན་ས་བསྐོས་༸གོང་མ།།སྨད་ན་གནམ་བསྐོས་གོང་མ།།
གོང་མ་གཉིས་ཞེས་གྲགས་པའི།།ས་བསྐོས་༸གོང་མ་རྒྱལ་ལོ།།

༸གོང་མ་ལྷ་ཡི་ཞིང་ནས།།འོག་མ་མི་ཡི་ཡུལ་དུ།།
འོད་གསལ་ལྷ་ཡི་གདུང་ལས།།དྲི་མེད་འཁོན་བར་སྐྱེས་ཏེ།།

༸དཔལ་ལྡན་སྐྱའི་གདུང་རྒྱུད།།སྲིད་གསུམ་བསོད་ནམས་བསྐལ་དུ།།
མཚན་མཆོག་གསུམ་གྱིས་སྙན་པའི།།༸ས་སྐྱ་གོང་མ་རྒྱལ་ལོ།།

ཁྱེད་སྐུའི་བཀོད་པ་མེད་ཚེ།།མཚན་མཆོག་གསུམ་ལས་བརྒྱུད་པའི།།
ས་སྐྱའི་སྒྲོལ་མ་ཕོ་བྲང་།།སྔ་ཚེ་བསྡུ་གསོག་བརྒྱབས་ཟིན།།

འོན་ཏེ་འགྲོ་བའི་སྐྱེས་སུ།།དགྱེས་བཞིན་སྲིད་པར་བཞེས་སོ།།
སྲིད་འདིར་མངོན་པར་བཞེས་ཀྱང་།།སྲིད་ལ་ངེས་འབྱུང་འཁྲུངས་ནས།།

རབ་ཏུ་བྱུང་བར་དགོངས་ཏེ།།རིག་མ་ཞལ་བཞེས་མ་གནང་།།
ས་སྐྱའི་གདུང་རྒྱུད་སྤེལ་ཕྱིར།།ངེས་པར་བདག་མོ་བཞེས་ཞེས།།

མང་པོ་ཆེན་པོ་དག་གིས།།ནན་གྱིས་བསྐུལ་བ་བྱས་ཀྱང་།།
ད་དུང་ཐུགས་བཞེས་མ་གནང་།།དེ་ཚེ་༸གོང་ས་ཆེན་པོས།།

བཀའ་ཡི་ཅོད་པན་གསོལ་ཏེ།།གདུང་རྒྱུད་གསེར་གྱི་ཁྲི་ལ།།
ལྷ་ཡི་རྒྱུད་པ་སྤེལ་ཞེས།།གསུང་གི་བཀའ་མཆིད་བསྩལ་ཏོ།།

གང་གསུངས་གནོགས་ཆེན་ཉིད་དུ།།བཀའ་བཞིན་བསྐུར་བ་ཆེན་པོས།།
ཞལ་བཞེས་དང་དུ་བླངས་ནས།།༸གོང་མཚན་མཆེད་གཉིས་ཐུགས་མཐུན།།

རྟེན་འབྲེལ་དེ་ནས་འགྲིགས་སོ།།ངོ་མཚར་ས་སྐྱའི་གདུང་རྒྱུན།།
རྟེན་འབྲེལ་དེ་ནས་འགྲིགས་སོ།།༸གོང་མཚན་རྣམ་གཉིས་རྒྱལ་ལོ།།

༸གོང་མ་གསང་སྔགས་རྡོར་འཛིན།།༸གོང་ས་ངུར་སྨྲིག་རྣམ་རོལ།།
ངུར་སྨྲིག་ལྕང་ལོའི་གཙུག་ཕུད།།རྟེན་འབྲེལ་དེ་ནས་འགྲིགས་སོ།།

༸གོང་མ་ཁྱེད་ཀྱི་གཟི་འོད།།འོག་མ་འགྲོ་བ་ཀུན་ལ།།
དགྲ་གཉེན་ཉེ་རིང་མེད་པར།།ཀུན་སྙོམས་བདེ་དྲོད་བཀྱེ་འོ།།

༸གོང་མའི་འཁྲུངས་སྐར་ཉིན་འདིར།།༸གོང་མའི་ཐུན་མིན་ཁྱད་ཡོན།།
མ་བཅོས་མངོན་སུམ་མཇལ་བའི།།ཡོན་ཏན་ཆ་འགའ་འབྲི་འོ།།

མི་ཚེར་ཁྱེད་དྲུང་བསྙེན་པའི།།འཁོར་འབངས་འདྲ་མིན་ཚོགས་ཀྱིས།།
ཞལ་ནས་ཁྲོ་ཙམ་མ་མཇལ།།གསུང་ནས་ངག་འཁྱལ་མ་ཐོས།།

ཐ་མའི་གཡོ་དང་ཟོལ་སྒྱུ།།ཐུགས་ལ་སླད་པ་མ་མཐོང་།།
མདོར་ན་ཕལ་གྱི་སྐྱོན་གཅིག།ནམ་ཡང་མ་མཐོང་ཟེར་ནས།།

བདག་གི་རྣ་བའི་བུ་གར།།ལན་མང་དེ་སྐད་ཐོས་སོ།།
ཕལ་གྱི་སྤྱོད་ལས་འདས་པའི།།ཡོན་ཏན་བརྗོད་ཀྱིས་མི་ལོངས།།

ད་དུང་ཐུན་མིན་ཡོན་ཏན།།དད་ལྡན་དྭངས་བའི་གསོས་སུ།།
མ་བསྐུལ་དྭངས་བའི་ཁུར་གྱིས།།དེ་རིང་འདི་རུ་འདྲེན་ནོ།།

ས་སྐྱའི་གསེར་ཆོས་བཅུ་གསུམ།།རྙིང་མའི་དངུལ་ཆོས་ཕུར་ཚོགས།།
དགེ་ལྡན་ནོར་ཆོས་དབང་བརྒྱ།།བཀའ་རྒྱུད་ཕ་ཆོས་དབང་ལུང་།།

ཇོ་ནང་བུ་ཆོས་སྦྱོར་དྲུག།ཕ་ཆོས་བུ་ཆོས་སྙན་བརྒྱུད།།
གསེར་ཆོས་དངུལ་ཆོས་ནོར་ཆོས།།བརྒྱུད་པའི་བང་མཛོད་ཁྱེད་ཉིད།།

གསར་རྙིང་དབང་ལུང་མན་ངག།སྒོམ་སྒྲུབ་ཉམས་བཞེས་བཟང་པོའི།།
བརྒྱུད་པ་ནོར་བུའི་ཕྲེང་བ།།སྙན་བརྒྱུད་སྲད་བུ་ཁྱེད་ཉིད།།

སྐུ་ཚེ་ཆོས་ཀྱི་བུམ་བཟང་།ཆབ་སྲིད་ཐིགས་པས་མ་ཉོགས།།
ཡིད་ངག་བྱེད་གཟུགས་ཕུང་ཚོགས།།ཞི་དུལ་བག་ཡོད་གོང་བུ།།

ཁྱེད་ནི་སངས་རྒྱས་ཀུན་འདུས།།ཁྱེད་ནི་འགྲོ་ཀུན་དེད་དཔོན།།
འཇམ་དབྱངས་རྣམ་པར་རོལ་བས།།སངས་རྒྱས་ཀུན་འདུས་ལོས་ཡིན།།

འགྲོ་བ་ཀུན་གྱི་དོན་དུ།།གཞན་ཕན་གཡར་དམ་བཅས་ཤིང་།
གཞན་དོན་ཁུར་ཆེན་སེམས་དཔའ།།འགྲོ་ཀུན་དེད་དཔོན་ལོས་ཡིན།།

ཆུ་མོ་གངྒ་གྱེན་བཟློག།ཉི་མ་ཕྱག་ཏུ་བཟུང་ཞིང་།
འབྱུང་བཞིར་རང་དབང་བརྙེས་པའི།།བིར་ཝའི་རྒྱལ་ཚབ་གོང་མ།།

བརྗོད་པ་འགྲོས་གཙང་གོ་བདེ།།རྩོམ་པ་སྡེབས་ལེགས་སྙན་འཇེབས།།
རྩོད་པ་ཐལ་སྒྲུབ་རིག་འབྱུང་།།ཆོས་རྗེའི་རྒྱུད་འཛིན་གོང་མ།།

ཐོས་པས་སྒྲོ་འདོགས་རྒྱ་གཅོད།།བསམ་པས་གནད་ཀུན་བཅིངས་གྲོལ།།
སྒོམ་པས་གསང་བའི་རྒྱ་གྲོལ།།རྣམ་གསུམ་ཕུལ་ཕྱིན་གོང་མ།།

དག་སྣང་དད་པ་མིན་པར།།སངས་རྒྱས་དངོས་ཀྱི་ཡོན་ཏན།།
མཚན་དང་དཔེ་བྱད་སྤྲས་པ།།ཉེ་བར་བསྙེན་དུས་གསལ་ལེར།།

ཞལ་ནི་མཛོད་སྤུས་བརྒྱན་ཅིང་།།རོ་སྟོད་སེངྒེ་འདྲ་བ།།
ཚེམས་ཕྲེང་ཤིན་ཏུ་དཀར་བའི།།གསུང་སྙན་ཚངས་པའི་དབྱངས་ཅན།།

ཞབས་ནི་འབུར་དུ་མི་མངོན།།སྙན་མཉམ་རིང་དུ་དཔྱངས་བ།།
སྐུ་ནི་ནྱ་གྲོ་ལྟར་དུ།།ཆུ་ཞེང་གབ་པའི་ངང་ཚུལ།།

སྤྱན་ཡངས་རྫི་མ་སྟུག་པ།།སྨིན་ཚུགས་རིང་ཞིང་འཇམ་པ།།
དེ་སོགས་ཞིབ་ཀྱིས་དཔྱད་ན།།ངོམས་མེད་མཚན་དཔེ་མཇལ་ངེས།།

ཆེ་བསྟོད་གཉེན་བསྟོད་མ་ཡིན།།ཆེ་བའི་ཡོན་ཏན་བརྗོད་དུས།།
ཆེ་ཐལ་དྲན་པ་ཡོང་སྲིད།།ཆེ་ཐལ་ཆུང་ཐལ་དྲགས་མེད།།

མཚམས་སྦྱོར།

༸གོང་མའི་ཡོན་ཏན་ཆུ་ཐིགས་ཙམ་ཞིག་མ་བཅོས་ཕལ་ཚིག་བརྡ་རུ་སྤྲོས།།
༸གོང་མའི་ཡོན་ཏན་མཇལ་བར་འདོད་ན་༸གོང་མའི་དྲུང་དུ་ཉེ་བར་བསྙེན།།
དེ་ལྟར་ཉེ་བར་མ་བསྙེན་གོང་དུ་རང་སེམས་མ་དག་བྱི་དོར་ཕྱིར།།
དག་བྱེད་ཟེགས་མའི་རླབས་ཀྱི་རྒྱུན་ལས་སྙིང་ལ་བརླན་པའི་ཐིགས་པ་ཙམ།།
ཞེས་༸གོང་མ་མཆོག་དགུང་གྲངས་༦༩ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བླ་མའི་བྱིན་རླབས་རང་གི་ཡིད་ལ་འབྱོངས་ཕྱིར་དུ་ཁྲིཿའགྱུར་མེད་རྡོ་རྗེས།། །།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*