མ་ཡུམ་གྱི་དུས་ཆེན་ནམ་ཞིག་དར་བ་ཡིན་ནམ།

འཛམ་གླིང་གཅིག་གྱུར་གྱི་མ་ཡུམ་དུས་ཆེན་དུས་ནམ་ཞིག་ནས་དར།

རྩོམ་པ་པོ། རྨེ་གྲྭ ཚེ་རིང་བསམ་འགྲུབ།

ལན། ད་སྐབས་འཛམ་གླིང་རང་བཞིན་གྱི་མ་ཡུམ་དུས་ཆེན་འདི་ནི། དང་ཐོག་ཡོ་རོབ་གླིང་གི་གནའ་བོའི་གྷི་རི་སི་རྒྱལ་ཁབ་ཀྱིས་ལོ་རེའི་ཟླ་༡་༨ཉིན་མ་ཡུམ་དུས་ཆེན་ལ་གཏན་ཁེལ་བྱས་པ་ནས་བཟུང་རོ་མ་རྒྱལ་ཁབ་སོགས་ཡུལ་ཕྱོགས་མང་པོ་ཞིག་ནས་མ་ཡུམ་དུས་ཆེན་འདི་ལ་རོལ་བའི་སྲོལ་དར། དུས་རབས་༡༧པར་དབྱིན་ཇི་རྒྱལ་ཁབ་ལ་སྲོལ་དེ་དར་ནས་རྒྱལ་ཁབ་དེས་ལོ་ལྟར་ཟླ་༢ པའི་གཟའ་འཁོར་བཞི་པའི་རེས་གཟའ་ཉི་མའི་ཉིན། ཕྱི་སྡོད་བུ་ཕྲུག་རྣམས་ཕྱིར་ཕ་མའི་ཁྱིམ་དུ་ལོག་སྟེ་མ་ཡུམ་ལ་ལེགས་སྐྱེས་མང་ལགས་ཕུལ་བ་དང་། མ་བུ་མཉམ་འཛོམས་བྱེད་པའི་དུས་ཚིགས་གསར་བ་ཞིག་བསྐྲུན། དེ་རྗེས་དུས་རབས་ ༡༩ ནང་དུ་ཨ་རི་ནས་ཟླ་ ༦ པའི་ཟླ་དཀྱིལ་ལ་མ་ཡུམ་དུས་ཆེན་རོལ་སྲོལ་དར། དེ་མིན་ཐེ་ལན་དི་རྒྱལ་ཁབ་ནས་ཟླ་ ༡༠་༥ དང་། ཕོར་ཐུ་གལ་རྒྱལ་ཁབ་ནས་ཟླ་ ༡༢་༨ དང་། རྒྱ་གར་ནས་ཟླ་ ༡༢་༢༢ ལ་རོལ་བ་སོགས་མ་ཡུམ་དུས་ཆེན་འདི་ལ་དུས་ཚིགས་མི་འདྲ་བ་མང་དུ་དར། མཐར་ཨ་རིའི་རྒྱལ་ཁབ་ཀྱི་སྤྱི་དོན་ལ་ཚེ་སྲོག་ཕུལ་བའི་རླབས་ཆེན་གྱི་མ་ཡུམ་ཝེའུ་སིའི་རྗེས་དྲན་དེ་ལོ་རེའི་ཟླ་ལྔ་བའི་གཟའ་འཁོར་གཉིས་པའི་རེས་གཟའ་ཉི་མའི་ཉིན་ནི་མོའི་དྲན་གསོའི་དུས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་གཞིར་བཟུང་ནས་༡༩༡༣་༥་༡༠ ཉིན་ཨ་རིའི་སྲིད་གཞུང་གིས་ལོ་ལྟར་ཟླ་ལྔ་བའི་གཟའ་འཁོར་གཉིས་པའི་རེས་གཟའ་ཉི་མའི་ཉིན་མོ་འདི་ནི་མ་ཡུམ་ཡོངས་ལ་རྗེས་དྲན་བྱེད་པའི་ཉིན་མོ་བྱེད་རྒྱུར་གཏན་ཁེལ་བྱས་ཏེ་ཁྱབ་བསྒྲགས་བྱས་པ་རེད།

དེ་རྗེས་རིམ་བཞིན་ཉིན་དེ་ནི་འཛམ་གླིང་ཡོངས་ཀྱི་མ་ཡུམ་དུས་ཆེན་དུ་གཅིག་གྱུར་བྱུང་བ་རེད། ༡༩༨༨ལོར་རྒྱ་ནག་གི་ལྷོ་ཕྱོགས་ནས་དར་དེ་རིམ་བཞིན་རྒྱལ་ནང་ཡོངས་ལ་དར་ཁྱབ་ཏུ་གྱུར། ཡིན་ནའང་ད་དུང་བོད་ཁུལ་སོ་སོ་ན་མ་ཡུམ་དུས་ཆེན་འདི་ཐུན་མོང་གི་དུས་ཆེན་གལ་ཆེ་ཤོས་ཞིག་ལ་ངོས་འཛིན་བྱེད་པའི་གོམས་སྲོལ་ཉུང་ཙམ་དུ་འདུག དུས་ཆེན་འདི་ནི་འཛམ་གླིང་གི་རྒྱལ་སྤྱིས་ཆེད་དུ་རང་རང་གི་དྲིན་ཆེན་མ་ཡུམ་ཚོར་ལེགས་སྐྱེས་ཕུལ་བའི་ཉིན་མོ་ཞིག་དང་། ཡང་ན་མ་བུ་ལྷན་འཛོམས་ཀྱི་གོ་སྐབས་ཆེས་བཟང་བའི་དུས་ཚིགས་ཤིག་སྤྲད་པ་ཡིན་ཟེར་ནའང་ཆོག

གང་ལྟར་ཉིན་མོ་འདིར་ཕྱི་གླིང་སོགས་ཡུལ་ཁམས་གཞན་དག་ཏུ་སོང་བའི་བུ་ཕྲུག་ཚོ་ཆེད་དུ་ཕྱིར་ཕ་མའི་ཁྱིམ་དུ་ལོག་སྟེ་ལེགས་སྐྱེས་སྣ་ཚོགས་ཕུལ་བ་དང་། ལྷག་པར་དུ་རྒྱའི་སྐད་དུ་ཁང་ནེ་ཤེན་དཔའ༼康乃馨༽ཟེར་བའི་མེ་ཏོག་དེ་མ་ཡུམ་དུས་ཆེན་ལ་ཆེད་དུ་ཕུལ་བའི་ལེགས་སྐྱེས་ཤིག་དང་། མ་ཡུམ་དུས་ཆེན་མཚོན་བྱེད་གཅིག་པུར་གྱུར་ཡོད་པ་ཡིན། ཉིན་འདིར་མ་བུ་ཚོ་མཉམ་དུ་དགའ་སྟོན་གྱི་འཚོ་བ་གསར་བ་ཞིག་ལ་རོལ་བའི་གོམས་སྲོལ་དེ་ད་ལྟ་འཛམ་གླིང་ཡོངས་ལ་དར་ཁྱབ་ཏུ་སོང་ཡོད་པ་ཞིག་ཡིན།

ཨ་མ་བཀའ་དྲིན་ཆེ་ཚུལ་ནི།

སྤྱིར་ན་དྲིན་ཆེན་གྱི་ཕ་མ་གཉིས་ཀ་བཀའ་དྲིན་ཆེན་པོ་ཡིན། དེའི་ནང་ནས་ཨ་མ་དྲིན་ཆེ་བ་ཡིན། མས་ཟླ་བ་བཅུ་མངལ་དུ་འཁུར། འགྲོ་འདུག་འགུལ་སྐྱོད་ཚུན་ལ་གཟབ་ནན་བྱས། ཟས་ཀྱིས་ཕོག་དོགས་བྱས་ཏེ་འཛེམས་བྱ་བྱས། ཕྲུ་གུར་གནོད་དོགས་བསམ་ནས་སྐེད་རགས་ལྷོད་པོར་བཅིངས། བཙའ་དུས་ཤ་རུས་འགས་འདྲའི་སྡུག་བསྔལ་མྱོང། བརྩེ་སེམས་དང་བཅས་ལག་ཏུ་བླངས་ཏེ་བྱམས་པའི་འཛུམ་གྱིས་བསུས། དགའ་དགའ་ཟེར་ཞིང་ནུ་ཞོ་བླུད། ཟས་གཡོས་ནས་བྱིན། ཤ་ཡི་དྲོད་ཀྱིས་གསོས། སྣབས་ལུད་ཁ་ཡིས་ཕྱིས། སྐྱག་གཅིན་ལག་པས་གཙང་མ་བཟོས། ཞིམ་པའི་ཟས་དང་འཇམ་པའི་གོས་སྐོན། ངའི་ནོར་བུ་ཞེས་ཁ་བསྐྱལ། མགོ་བྱུགས། འགྲོ་ལུགས་འགྲོ་སྟངས་བསླབ། གཙང་བཙོག་ངོ་སྤྲོད་བྱས། ཨོ་ཨོ་ཟེར་ཞིང་གཉིད་འགུག་བྱས། བུ་ཕྲུག་ན་བའི་སྐབས་ཚབ་ཏུ་རང་ཉིད་ན་ན་སྙམ། ཕྲུ་གུར་ཛ་དྲག་གི་གནས་ཚུལ་བྱུང་བའི་སྐབས་གསོལ་བ་སྨོན་ལམ་བཏབ་ནས་ལམ་སེང་ཕན་འབྲས་སོན་མིན་ཇི་ལྟར་ཡང། ཨ་མར་སེམས་ཁྲལ་དངངས་སྐྲག་དང་བཅས་ཨ་ཙི་ཟེར་ཞིང་བྲེལ་བྲེལ་ཟིང་ཟིང་ངུ་འབོད་དང་། དེ་སྐྱོབ་པའི་ཐབས་ཤེས་ཡོད་རྒུ་བྱས་པ་དེ་མའི་བརྩེ་སེམས་ཀྱི་རྣམ་པ་མཚོན་པ་ཡིན། མདོར་ན་བུ་ཕྲུག་གི་ཆེད་དུ་རང་ཉིད་ཀྱི་སྲོག་དོར་དགོས་ཀྱང་ཨང་སར་བྱེད་པ་སོགས་ཕྲུ་གུའི་ཆེད་དུ་མ་ལ་བདེ་དུས་མེད་པས། སྐྱེས་པའི་བཀའ་དྲིན་ཚོར་ནས་དྲིན་ལན་ལོག་འཇལ་དུ་མ་སོང་བ་ཅིས་ཀྱང་དགོས་གལ་ཆེ།
ཨ་མ་བཀའ་དྲིན་ཆེ་ཚུལ་སྡོམ།
༡། མས་ཟླ་བ་བཅུ་མངལ་དུ་འཁུར་བ།
༢། འགྲོ་འདུག་འགུལ་སྐྱོད་ཚུན་ལ་གཟབ་ནན་བྱས་པ།
༣། ཟས་ཀྱིས་ཕོག་དོགས་བྱས་ཏེ་འཛེམས་བྱ་བྱས་པ།
༤། ཕྲུ་གུར་གནོད་དོགས་བསམ་ནས་སྐེད་རགས་ལྷོད་པོར་བཅིངས་པ།
༥། བཙའ་དུས་ཤ་རུས་འགས་འདྲའི་སྡུག་བསྔལ་མྱོང་བ།
༦། བྱམས་པའི་འཛུམ་གྱིས་བསུས་པ།
༧། ནུ་ཞོ་བླུད་པ།
༨། ཟས་གཡོས་ནས་བྱིན་པ།
༩། ཤ་ཡི་དྲོད་ཀྱིས་གསོས་པ།
༡༠། སྣབས་ལུད་ཁ་ཡིས་ཕྱིས་པ།
༡༡། སྐྱག་གཅིན་ལག་པས་གཙང་མ་བཟོས་པ།
༡༢། ཞིམ་པའི་ཟས་དང་འཇམ་པའི་གོས་སྐོན་པ།
༡༣། འགྲོ་ལུགས་འགྲོ་སྟངས་བསླབ་པ།
༡༤། གཙང་བཙོག་ངོ་སྤྲོད་བྱས་པ།
༡༥། གཉིད་འགུག་བྱས་པ།
༡༦། ཛ་དྲག་གི་གནས་ཚུལ་བྱུང་བའི་སྐབས་གསོལ་བ་སྨོན་ལམ་བཏབ་པ།
༡༧། ན་བའི་སྐབས་སེམས་ཁྲལ་དང་དངངས་སྐྲག་བྱས་པ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*