༧མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་བཀའ་སློབ།

མཁན་ཆེན་ཀུན་དགའ་དབང་ཕྱུག
1
གང་ཞིག་སངས་རྒྱས་སྐྱབས་འགྲོ་བ།།
དེ་ནི་ཡང་དག་དགེ་བསྙེན་ཏེ།།
ནམ་དུའང་ལྷ་ནི་གཞན་དག་ལ།།
སྐྱབས་སུ་འགྲོ་བར་མི་བྱའོ།།
ཞེས་གསུངས།
དེས་ན་གང་ཟག་གང་ཞིག་གིས་རྫོགས་པའི་སངས་རྒྱས་ལ་སྐྱབས་འགྲོ་བྱས་ནས་སྐྱབས་འགྲོའི་སྡོམ་པར་གྱུར་པ་དེ་ནི་ཡང་དག་པའི་དགེ་བསྙེན་ནམ་སྐྱབས་སུ་འཛིན་པའི་དགེ་བསྙེན་ཞེས་བྱ་བ་ཡིན་པས་དུས་ནམ་དུ་ཡང་ལྷ་གཞན་ཚངས་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་སོགས་འཇིག་རྟེན་པའི་ལྷ་རྣམས་ལ་སྐྱབས་སུ་འགྲོ་བར་མི་བྱ། དེ་ལྟར་སྐྱབས་སུ་སོང་ན་སངས་རྒྱས་ལ་སྐྱབས་སུ་སོང་བའི་བསླབ་བྱ་དང་འགལ་བར་འགྱུར་བ་དང་།
2
དམ་པའི་ཆོས་ལ་སྐྱབས་འཚོལ་བ།།
གནོད་ཅིང་འཚེ་བའི་སེམས་དང་བྲལ།།
ཞེས་གསུངས་པས་དམ་པའི་ཆོས་དཀོན་མཆོག་ལ་སྐྱབས་འགྲོ་ཞུས་པའི་གང་ཟག་གིས་དེ་ནས་བཟུང་སྟེ་སེམས་ཅན་གཞན་ལ་འཚེ་བ་སྤོང་དགོས་པ་སྟེ། མདོར་ན་སེམས་ཅན་གཞན་ལ་རྡུང་རྡེག་དང་གསོད་བཅོམ་རྐུ་འཕྲོག་ལ་སོགས་པ་བསམ་པ་དང་སྦྱོར་བ་ངན་པའི་བྱ་བ་དེ་རྣམས་ཐབས་ཅན་སྤོང་དགོས་པ་སྟེ། མདོར་ན་ཆོས་ནི་མི་འཚེ་བ།། དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས།། ཞེས་གསུངས་པ་ལྟར་དུ་འཚེ་མེད་ཞི་བའི་ཐབས་ལམ་ཞེས་བྱ་བ་སྟེ་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོའི་བསླབ་བྱ་ཡིན་པས། སེམས་ཅན་ལ་འཚེ་ཞིང་གསོད་པའི་སེམས་དང་རྣམ་པ་ཀུན་ཏུ་བྲལ་ཏེ་སྤོང་དགོས་པ་གསུངས་པ་དང་།
3
དགེ་འདུན་ལ་ནི་སྐྱབས་འཚོལ་ན།།
མུ་སྟེགས་ཅན་ལ་ཕྱག་མི་བྱ།།
ཞེས་བྱ་བས་དགེ་འདུན་དཀོན་མཆོག་ལ་སྐྱབས་འགྲོ་བྱས་ཟིན་པས་གང་ཟག་དེ་ནི་ད་ཕྱིན་ཆད་ནས་བཟུང་སྟེ་ཕྱི་རོལ་མུ་སྟེགས་པའི་ལྟ་བ་དང་ལྡན་པའམ་མུ་སྟེགས་པའི་སྤྱོད་པ་ཅན་གྱི་གང་ཟག་རིགས་དེ་རྣམས་ཐམས་ཅད་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་བ་མི་བྱ་ཞིང་། ཕྱག་འཚལ་ན་དགེ་འདུན་དཀོན་མཆོག་གི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་འགྱུར་བས་ན་དེ་དག་སྤང་དགོས་ཞེས་སངས་རྒྱས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལས་གསུངས། དེ་ལྟར་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ནི། ཕྱི་པ་ནང་པ་སྐྱབས་འགྲོ་ཁྱད།། ཅེས་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པར་བྱེད་པའི་ཆོས་དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ཡིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མི་བྱེད་མཁན་ཆོས་པའམ་གྲུབ་མཐའ་འཛིན་མཁན་ཞིག་ཡིན་ན་དེ་ལ་ཕྱི་པ་མུ་སྟེགས་པ་ཞེས་བྱ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་རྗེས་སུ་འཇུག་པའི་གང་ཟག་ཅིག་ཡིན་ན་དེ་ལ་ནང་པ་སངས་རྒྱས་པ་ཞེས་བྱ་བར་འགྱུར་བ་ཡིན། དེས་ན་སངས་རྒྱས་པའི་བསྟན་པའམ་ཆོས་ལ་འཇུག་པའི་ཐོག་མ་ཡང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་ནས་ཡར་འཇུག་དགོས་པ་ཡིན་པས་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལ་ཤིན་ཏུ་མེད་དུ་མི་རུང་བ་ཡིན་ནོ།།
ཤར་གླིང་ར་སྨྱུག་གིས་སྤེལ།
ནང་དོན་ཚ་ཤོས།

ཡོང་ཁུངས།  འབོ་མི་འཁྱམ་རིག་རྩེད་གླིང་།
ཁྱེད་ཀྱིས་དོ་ཁུར་གནང་འོས་པའི་འཕྲིན་སྟེགས་ཤིག

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*