རྩོམ་པ་པོ། ས་དཀར་རྡོ་རྗེ།
གཅིག་དགུ་ཉེར་གཅིག་དབྱར་སྟོད་དུས་བཟང་ལ།།
དཔོན་ཆེན་མ་ཡིན་འུག་ཆུང་བསོད་བསྟན་དང་།།
འབྱོར་ལྡན་མིན་པའི་ཡོ་རུའི་ཨ་ཡག་གི།།
བུ་རུ་སྐྱེས་པའི་བདག་གི་བཤེས་གཉེན་དྲན།།
བྱིས་པའི་དུས་ནས་མཐོན་པོའི་ཁྲི་བདག་མིན།།
རོང་འབྲོག་གཉིས་ཀྱི་ལས་ནག་མ་ལུས་པ།།
ཕ་མའི་དྲིན་དུ་ལོ་ངོ་བཅོ་བརྒྱད་བསྒྲུབས།།
ཡིག་ངོ་ཕ་ཡིས་སྤྲད་པའི་བཤེས་གཉེན་དྲན།།
ཕ་མས་བཙན་གྱིས་གྲྭ་གོས་གཡོག་པ་མིན།།
རང་བསམ་ཐོངས་མཐིལ་ཕོ་ལོ་བཅོ་བརྒྱད་ལ།།
དམ་པའི་ཆོས་ཀྱི་ཆེ་བར་ལེགས་གཟིགས་ནས།།
ངུར་སྨྲིག་ལུས་ལ་གསོལ་བའི་བཤེས་གཉེན་དྲན།།
སྐྲ་ལོ་བྲེགས་ནས་གོས་མདོག་བརྗེས་ཙམ་གྱིས།།
རབ་ཏུ་བྱུང་བའི་སྤྲོ་བ་མ་རྙེད་པར། །
བླ་མའི་མདུན་ནས་དགེ་ཚུལ་ཐོབ་པའི་རྗེས།།
བརྗོད་མེད་དགའ་བ་སྐྱེས་པའི་བཤེས་གཉེན་དྲན།།
ཞི་དྲག་གང་འཕྲོད་ཐབས་ཤེས་སྣ་ཚོགས་ཀྱིས།།
བླ་མས་ཐོག་མར་སྤྱོད་འཇུག་ཆེན་མོ་བསླབས།།
དེ་ཡི་དོན་ལ་བརྩོན་ནས་ཐོབ་པའི་འབྲས།།
ཆོས་ལ་མི་ཕྱེད་དད་པའི་བཤེས་གཉེན་དྲན།།
འཆི་བས་ཡབ་ཆེན་ཞིང་གཞན་ཁྲིད་པའི་རྗེས།།
ཤུལ་ནས་དགེ་བ་ཅི་དྲག་གང་ཐུབ་སྒྲུབ།།
མ་ཚད་ཁམས་ནས་དབུས་ལ་ཇོ་མཇལ་ཕྱིན།།
དྲིན་ལན་ཆོས་ཀྱིས་འཇལ་བའི་བཤེས་གཉེན་དྲན།།
དཔལ་ལྡན་བླ་མའི་གསེར་ཞལ་མཇལ་བ་དང་།།
དམ་པའི་ཆོས་ཀྱི་གདམས་ངག་ཐོབ་པའི་སླད།།
དད་པའི་སེམས་ཀྱིས་ངལ་ཡང་རྐང་ཐང་ངང།།
དབུས་ནས་གཙང་ལ་བྱོན་པའི་བཤེས་གཉེན་དྲན།།
དམ་པའི་ཆོས་ཀྱི་སྙིང་པོ་ཡང་དག་དེ།།
ལམ་དང་འབྲས་བུའི་གདམས་ངག་མ་ལུས་པ།།
ངོར་རུ་ཐར་རྩེ་མཁན་པོའི་ཞབས་དྲུང་ནས།།
ཚུལ་བཞིན་གསན་པར་མཛད་པའི་བཤེས་གཉེན་དྲན།།
འཁོར་བའི་སྡུག་ལས་གྲོལ་ལ་ཐབས་ཀྱི་མཆོག།
དམ་ཆོས་དོན་གཉེར་དགོས་པའི་ངེས་ཤེས་རྙེད།།
དེ་ཡི་རྩ་བ་རྣམ་དག་ཚུལ་ཁྲིམས་ཏེ།།
དགེ་སློང་སྡོམ་པ་བཞེས་པའི་བཤེས་གཉེན་དྲན།།
སྒྲིབ་གཉིས་སྤོང་བའི་གཉེན་པོ་ཐབས་གཉིས་ཏེ།།
བདེན་གཉིས་ཟུང་འཇུག་དགོས་པའི་གནད་མཁྱེན་ནས།།
དབུས་དང་གཙང་གི་གནས་ཆེན་མ་ལུས་པ།།
ཞབས་ཐང་ངང་ནས་མཇལ་བའི་བཤེས་གཉེན་དྲན།།
སྙིང་དང་འདྲ་བའི་ཡུམ་ཆེན་ཨ་ཡག་མཆོག།
ཞིང་ལ་གཤེགས་རྗེས་ཤུལ་ལུས་མིང་སྲིང་ལྔ།།
ཞང་རྒན་ཚང་གི་བྱམས་སྐྱོང་འོག་ཏུ་བསྐྱལ།།
ནོར་ཀུན་དགེ་རྩར་བཏང་བའི་བཤེས་གཉེན་དྲན།།
ཕྱི་ཡི་གོན་པའི་ཁ་དོག་བསྒྱུར་ཙམ་གྱིས།།
ནང་གི་ཤེས་རབ་འཕེལ་ལ་ཕན་མེད་གཟིགས།།
དེས་ན་ནང་དོན་རིག་པའི་གཞུང་ལུགས་ལ།།
ཐོས་བསམ་སྒོམ་པ་མཛད་པའི་བཤེས་གཉེན་དྲན།།
མདོ་དོན་ཅུང་ཙམ་ཡིད་ལ་འཇགས་པ་དང་།།
རང་ལུགས་གཅིག་པུའི་གོ་བ་ཡོད་ཙམ་གྱིས།།
ཕན་མེད་དགོངས་ནས་རིས་མེད་བསྟན་པའི་རྒྱན།།
ཆོས་ཀྱི་བློ་གྲོས་བསྟེན་པའི་བཤེས་གཉེན་དྲན།།
ས་དགེ་བཀའ་རྙིང་རིས་སུ་མ་ཕྱེད་པ།།
མདོ་སྔགས་གཞུང་ལུགས་ཡོངས་ལ་དོན་གཉེར་ནས།།
རིས་མེད་བླ་མའི་དགོངས་དོན་མ་འཆུག་པ།།
གཉིས་མེད་ཐུགས་སུ་འཐིམ་པའི་བཤེས་གཉེན་དྲན།།
རང་དོན་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཐོག།
གཞན་དོན་འཆད་རྩོད་ལ་རབ་མཁས་པའི།།
མཁས་བླུན་ཀུན་གྱིས་བསྟོད་པའི་ཡུལ་གྱུར་བ།།
མུན་སེལ་སྒྲོན་མེ་འདྲ་བའི་བཤེས་གཉེན་དྲན།།
བོད་ཁམས་ཡོངས་ལ་དུས་འགྱུར་བྱུང་བའི་སྐབས།།
ཉེས་པ་མེད་རུང་ཡུལ་དགོན་བསྐྱུར་ནས་བྲོས།།
ཐེངས་འགར་མེ་མདའི་དྲག་ཆར་འོག་ཚུད་ཀྱང་།།
སྐུ་ལ་བར་ཆད་མེད་པའི་བཤེས་གཉེན་དྲན།།
དམ་པའི་ཆོས་ལ་འཆད་ཉན་བྱས་པ་དེ།།
ཚད་མེད་ནག་ཉེས་ཡིན་པའི་ཞྭ་བསྐོན་ནས།།
མི་ལོ་ཉི་ཤུར་མནར་གཅོད་མྱངས་ན་ཡང་།།
བཟོད་པའི་དཀའ་ཐུབ་བཞེས་པའི་བཤེས་གཉེན་དྲན།།
ཆོས་མེད་སྨྲ་བའི་གནོད་ཤུགས་ལྕི་ན་ཡང་།།
རང་གིས་ཆོས་ལ་དད་འདུན་མ་འགྱུར་བ།།
སྐབས་འགར་ལྐོག་ཏུ་བཙོན་ཁང་ནང་ནས་ཀྱང་།།
གཞན་ལ་དམ་ཆོས་འཆད་པའི་བཤེས་གཉེན་དྲན།།
སྡུག་རྩུབ་ཅན་གྱི་བཙོན་སྲུང་བསམ་མེད་ཚོས།།
ཉིན་ལ་མཚན་མཐུད་ཡང་ཡང་བརྡུངས་ན་ཡང་།།
ཆོས་ཀྱི་སྙིང་པོ་བྱམས་དང་སྙིང་རྗེ་སྒོམ།།
དགྲ་ཡང་གྲོགས་ལ་གཟིགས་པའི་བཤེས་གཉེན་དྲན།།
མུན་ནག་བཙོན་ལས་རེ་ཞིག་གྲོལ་བ་དང་།།
མཁྱེན་བརྩེ་མཆོག་གི་བཀའ་བཞིན་བོད་ཡུལ་ནས།།
འཕགས་པའི་ཡུལ་ཞབས་ཐང་ཕེབས་མཛད་མཁན།།
ཕོ་ལོ་རེ་གཉིས་བརྒལ་བའི་བཤེས་གཉེན་དྲན།།
མ་རུང་གཅན་གཟན་གཏུམ་པོའི་འཚེ་བ་དང་།།
བཟོད་དཀའ་འགག་འཕྲང་དུ་མའི་འཇིགས་སྣང་སོགས།།
བླ་མའི་ཡང་སྤྲུལ་མཇལ་ཆེད་ཁྱད་གསད་པའི། །
དམ་ཚིག་ཉམས་པ་མེད་པའི་བཤེས་གཉེན་དྲན།།
ཡང་སྤྲུལ་མཁྱེན་བརྩེ་ཐུབ་བསྟན་རྒྱ་མཚོ་ཡི།།
ཟབ་མོ་བཀའ་དགོངས་ཕྲག་ལ་བཞེས་པ་དང་།།
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཕྲིན་ལས་རྒྱུན།།
རིས་མེད་བསྟན་པ་སྐྱོང་བའི་བཤེས་གཉེན་དྲན།།
བསྟན་པའི་རྩ་བ་འཆད་ཉན་ཡིན་པ་ལྟར།།
མོས་ལྡན་སློབ་མ་མང་ཉུང་མི་གཟིགས་པར།།
མདོ་སྔགས་གཞུང་ལུགས་མ་ལུས་སློབ་པ་པོ།།
རིས་མེད་མེ་རོ་གསོ་བའི་བཤེས་གཉེན་དྲན།།
ཆོས་ལྡན་ཞིང་གི་རིས་མེད་ཆོས་ཀྱི་སྒར།།
རྫོང་སར་སྐལ་བཟང་ཆོས་ཀྱི་འབྱུང་གནས་ཀྱང་།།
འཕགས་པའི་ཡུལ་ལ་གསར་བཞེང་མཛད་པ་པོ།།
རིས་མེད་བསྟན་པའི་སྲོག་ཤིང་བཤེས་གཉེན་དྲན།།
རྫོང་སར་བཤད་གྲྭ་ལེགས་གྲུབ་མ་བྱུང་གོང་།།
སྐུ་ལ་སྙུང་གཞི་ལྗིད་པོས་མནར་ན་ཡང་།།
ད་ལྟར་འཆི་བའི་དུས་ལ་བབས་མེད་ཅེས།།
སྐུ་ཚེ་རྒྱུན་སྲིང་མཛད་པའི་བཤེས་གཉེན་དྲན།།
རྒྱུན་དུ་ཤར་བྱངཡུལ་གྲུ་གང་ཞིག་ལ།།
དམ་པའི་ཆོས་འཁོར་བསྐོར་ཡོན་ཕུལ་བ་རྣམས།།
མ་ཡིས་བུ་ལ་ཡོད་ཚད་སྦྱིན་པ་ལྟར།།
ཕངས་མེད་སློབ་འབངས་གནང་བའི་བཤེས་གཉེན་དྲན།།
དམ་ཆོས་དོན་གཉེར་འདོད་པའི་གང་ཟག་ལ།།
རིགས་དང་རུས་ཀྱི་ཁྱད་པ་མ་གཟིགས་ནས།།
ཕྱི་ནང་མཐུན་རྐྱེན་གང་དགོས་མ་ལུས་པ།།
ཀུན་ལ་མཉམ་པར་སྦྱར་བའི་བཤེས་གཉེན་དྲན།།
བྱེས་ཀྱི་རྫོང་སར་རྟེན་དང་བརྟན་པ་བཅས།།
ལེགས་པ་གྲུབ་རྗེས་འཆི་ཡང་མི་འགྱོད་ཅེས།།
མི་འཇིགས་གསུང་གིས་གདུལ་བྱའི་སེམས་གསོས་ནས།།
ཞིང་ཁམས་གཞན་ལ་བྱོན་པའི་བཤེས་གཉེན་དྲན།།
སྤྱིར་ན་རྒྱལ་བསྟན་དར་ཞིང་རྒྱས་ཕྱིར་དང་།།
སྒོས་སུ་རིས་མེད་བསྟན་པ་འབར་བའི་ཆེད།།
སྐུ་ཚེ་ཧྲིལ་བོ་ཆོས་ཀྱི་དོན་མཛད་པའི། །
ཆོས་ཀྱི་མ་མ་ལྟ་བུའི་བཤེས་གཉེན་དྲན།།
རླབས་ཆེན་གང་གི་ཡང་སྲིད་ཁྱེད་མ་ཡིན།།
སྤྲུལ་སྐུ་སུ་ཡི་ཡང་སྤྲུལ་དེ་བས་མིན།།
ཐོས་བསམ་ལམ་ནས་དམ་པའི་སར་གཤེགས་པ།།
འགྲོ་དྲུག་མ་རུ་ཤེས་པའི་བཤེས་གཉེན་དྲན།།
ཞེས་པ་འདི་ཡང་ཞི་བར་གཤེགས་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་ལོ་ངོ་ཧྲིལ་བོ་བཅུ་འཁོར་བའི་རྗེས་དྲན་མཆོད་འབུལ་སྐབས། མགོན་པོ་ཉིད་ཀྱིས་གནང་བའི་ཆོས་མིང་དུ་ཆོས་ཀྱི་ཡེ་ཤེས་ཞེས་བགྱི་ཞིང་། དྲྭ་མིང་ལ་ས་དཀར་རྡོ་རྗེར་འབོད་པ་དེས་སེམས་གཏིང་ནས་བཤེས་གཉེན་ཉིད་རྗེས་སུ་དྲན་ཚུལ་ཞིག་མཆོད་པའི་དོད་དུ་ཡིག་ངོར་ཕབ་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་བླ་མ་དམ་པས་རྗེས་སུ་འཛིན་པའི་རྒྱུ་རུ་འགྱུར་བར་ཤོག་ཅིག་གུ། །
ཡོང་ཁུངས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་གི་འཕྲིན་སྟེགས།
Leave a Reply